Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཤེས་རབ་དང་སེམས་བཟང་ཟུང་འབྲེལ་ཐོག་ནས་ཤེས་ཡོན་གྱི་སློབ་གསོ་སྤེལ་དགོས།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི  St. Stephen མཐོ་རིམ་སློབ་གྲྭ་གསར་འཛུགས་གནང་བའི་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་དང་སྒྱུ་རྩལ་རིག་གནས་ཐོག་རྒྱ་གར་ནང་སྙན་གྲགས་ཡོད་པའི་མཐོ་རིམ་སློབ་གྲྭའི་མཛད་སྒོ་ཐོག་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པའི་སེམས་ཅན་ཞིག་ཡིན་སྟབས། དུས་རབས་ཉེར་གཅིག་གི་གཞོན་སྐྱེས་ཚོས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བཅས་སུ་བྱུང་བའི་གོད་ཆག་དང་། དེང་སྐབས་ཀྱང་ཆོས་ལུགས་ཕན་ཚུན་དང་།    ས་མཚམས། རྒྱལ་ཞེན་རིང་ལུགས་བཅས་ཀྱིས་བསམ་བློའི་འོག་མི་གསོད་ཁྲག་སྦྱོར་སོགས་ཡོང་གི་ཡོད་པ་བཅས། འདས་པའི་ཉམས་མྱོང་དེ་དག་ལ་གཞིགས་ཏེ་མ་འོངས་པའི་དུས་རབས་དེ་ཞི་བདེ་ལྡན་པ་ཞིག་ཡོང་ཐབས་འབད་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག དེ་ལྟར་ཡོང་བར་ཤེས་རབ་ཀྱི་རིག་སྟོབས་དང་སེམས་པ་བཟང་པོའི་སློབ་གསོ་གཉིས་ཟུང་འབྲེལ་ཐོག་ཤེས་ཡོན་གྱི་སློབ་གསོ་སྤེལ་ཐབས་གནང་གནད་ཡིན་པར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད།ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པའི་སེམས་ཅན་ཞིག་ཡིན་སྟབས་མི་བྱེ་བྲག་པ་གཅིག་ཁྱེར་རྐྱང་གྱི་འཚོ་གནས་ཐུབ་ཐབས་མེད་པ་སོགས་ངོ་སྤྲོད་མཛད་པ་དང་། ལྷག་དོན་སྤྱི་ཚོགས་ནང་རྒྱལ་ཞེན་རིང་ལུགས་དང་། ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱེད་བཞིན་པ་བཅས་ནི་ཧ་ཅང་བློ་ཕམ་གྱི་གནས་ཡིན་སྐོར་སོགས་འགྲེལ་བརྗོད་བཀྲིན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ད་དུང་སྙན་གྲགས་ཅན་གྱི་མཐོ་རིམ་སློབ་གྲྭ་འདི་ནས་བསླབ་པ་མཐར་སོན་ནས་ད་ལྟ་སྤྱི་ཚོགས་ནང་ཞབས་འདེགས་ཞུ་བཞིན་པ་ཁག་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་།ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོར་ལའང་དེང་དུས་ཀྱི་ཤེས་ཡོན་དང་སེམས་བཟང་པོ་ཟུང་དུ་འབྲེལ་ཐོག་དུས་རབས་ཉེར་གཅིག་གི་གཞོན་སྐྱེས་ཤིག་ཡོང་ཐབས་གནང་དགོས་པར་ལམ་སྟོན་དང་།ལྷག་པར་དུ་ཆོས་ཁས་ལེན་གནང་མིན་ལ་ལྟོས་མེད་སེམས་པ་བཟང་པོ་གནང་ན་རང་ཉིད་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་དང་། རིན་ཐང་ལྡན་པའི་བདེ་སྐྱིད་ཀྱི་རྩ་བ་དེའི་ཐོག་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ངེས་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་སོང་། དེ་རིང་རྒྱལ་ས་ལྡི་ལིའི་ St. Stephenམཐོ་སློབ་དབུ་བརྙེས་པའི་དུས་ཆེན་གྱི་མཛད་སྒོའི་ཐོག མཐོ་རིམ་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྡི་ལིའི་ཡེ་ཤུའི་སྤྱི་ཁྱབ་མཁན་པོ་དང་།       དགེ་རྒན་ལས་བྱེད། ཕྲུ་གུའི་ཕ་མ་སོགས་མི་གྲངས་ ༡༠༠ ལྷག་ཙམ་ཞིག་འདུ་འཛོམས་གནང་འདུག   སྐབས་དེར་སློབ་གྲྭའི་སློབ་སྤྱི་སློབ་དཔོན་ John Verghese མཆོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བསྩལ་ཁག་ལ་ཡི་རང་བསྔགས་བརྗོད་ཞུས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ལ་ College Christ ཞེས་པའི་ཆེ་བསྟོད་ཀྱི་ལས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་པ་རེད།

༸གོང་ས་མཆོག་ནས་ལྷ་བབས་གནས་སུ་བཀའ་ཆོས་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཁག་ལེགས་གྲུབ་དང་བསྟུན་དེ་རིང་ཉིན་དགུང་ཚོུད་ ༡༢ ཙམ་ལ་རྒྱ་གར་ཨུ་ཏར་མངའ་སྡེའི་ལྷ་བབས་གནས་ Sankisa ཁུལ་ནས་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་སོང་།  རྒྱ་གར་གྱི་ནང་པའི་གཞོན་ནུའི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཁ་ཉིན་ཕྱི་ཚེས་ ༣  ཉིན་ནས་དེ་རིང་བར་མགོན་པོ་༸གང་ཉིད་མཆོག་གིས་ས་གནས་ཀྱི་རྒྱ་གར་ནང་པའི་ཆོས་ཞུ་བ་དང་།   རྒྱ་གར་གྱི་མངའ་སྡེ་གཞན་ཁག་བཅས་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ། དེ་བཞིན་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ཁྲི་ཚོ་འགའ་ཞིག་ལ་ནང་ཆོས་ངོ་སྤྲོད་ཀྱི་སྤྱི་བཤད་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་བསྩལ་ཡོད་པ་རེད།དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་དངོས་གཞི་ལེགས་གྲུབ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཆེད་དུ་གཉེར་བའི་དད་ལྡན་རྒྱ་གར་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ལྟ་བུའི་ཕྱག་དཔེ་ཁག་ལ་རྒྱུན་དུ་སློབ་སྦྱོང་བྱེད་དགོས་པ་དང་། ཕྱག་དཔེ་དེ་དག་ནི་ང་ཚོའི་སློབ་སྟོན་པ་དང་། དགེ་རྒན་གཉིས་ཀ་ཆགས་ཡོད་སྐོར་སོགས་བཀའ་བསྩལ་བ་དང་སྦྲགས། ཕྱག་དཔེ་དེ་ཚོར་སློབ་སྦྱོང་གནང་ཐུབ་ཚེ་སེམས་ལ་ཕན་ཐོགས་ཆེན་པོ་ཡོད་པ་སོགས་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད།ལྷ་བབས་གནས་སུ་བསྩལ་བའི་བཀའ་ཆོས་དེའི་ཐོག་ས་གནས་ཀྱི་རྒྱ་གར་ནང་པ་ཙམ་མིན་པར་རྒྱ་གར་གྱི་བི་ཧཱར་དང་། རཱ་ཇིས་ཐཱན། མ་ཧཱ་རཱཤཋ་སོགས་མངའ་སྡེ་གཞན་ཁག་གཅིག་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན། བོད་མི། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ་སོགས་ཁྱོན་ཆོས་ཞུ་བ་ཁྲི་ཚོ་འགའ་ཞིག་འདུ་འཛོམས་བྱུང་ཡོད་པ་ལྟར། ཆོས་ར་ནས་ཕྱོགས་ཐོན་མ་གནང་ཙམ་ལ་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཆོས་ཞུ་ཚོ་རང་ཉིད་སོ་སོའི་སྡོད་གནས་སུ་ཕེབས་ཏེ་ལུས་པོ་འདི་ནས་བྲལ་གྱི་ཡོད་ཀྱང་། བསམ་བློའི་ནང་ཕན་ཚུན་བྲལ་ཐབས་མེད་པ་དང་། ཆོས་ཞུ་བ་ཚོས་ངེས་པར་དུ་༸གང་ཉིད་མཆོག་གིས་ལམ་སྟོན་མཛད་ཁག་མ་བརྗེད་པར་ཉམས་ལེན་དང་སློབ་གཉེར་གནང་དགོས་པར་ལམ་སྟོན་རྒྱ་ཆེ་བསྩལ་ཡོད།

༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་ཛ་དྲག་གི་ལས་གཞི་སྤེལ་དགོས་པའི་བཀའ་བསྩལ་བ།

ཡོ་རོབ་པོ་ལེན་ཌའི་རྒྱལ་ས་ Katowice ནང་ united nation framework on climate change འམ་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཐད་འཚོགས་བཞིན་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༢༤ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་འདུག གསུང་འཕྲིན་དེའི་ནང་འབྱུང་འགྱུར་གྱི་མི་རབས་ཚོ་ཁམས་བཟང་པོ་དང་མི་ཚེ་སྐྱིད་པོ་ཞིག་ཡོང་ཐབས་ལ་དམིགས་ཏེ་གོ་ལ་འདིའི་མ་འོངས་ཁོར་ཡུག་བཟང་དུ་འགྲོ་རྒྱུའི་ཆེད་དུ་རང་དོན་བློས་བཏང་ནས་སྐུ་ངལ་མཛད་མེད་ཐོག་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་མཁན་གྱི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་བསྩལ་བ་དང་ཆབས་ཅིག ངོས་རང་ལ་མཚོན་ན་འབྱུང་བའི་ཁམས་ལ་བརྩེ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། ༸གང་ཉིད་མཆོག་གི་༸སྐུ་ཚེའི་ནང་གི་ཐུགས་བསྐྱེད་དམ་བཅའ་གཅིག་ནི་ཁོར་ཡུག་སྐྲུང་སྐྱོབ་གནང་རྒྱུ་དེ་ཡིན་སྟབས། ༸གོང་ས་མཆོག་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་དེ་འབྲེལ་བཀའ་སློབ་བསྩལ་གྱི་ཡོད་སྐོར་བཀའ་ཕེབས་འདུག དེང་རབས་ཀྱི་འཛམ་གླིང་འདིའི་ནང་འཕྲུལ་ཆས་ཡར་རྒྱས་ཤུགས་ཆེར་ཕྱིན་པའི་དབང་གིས་དཀའ་ངལ་མང་དག་ཞིག་འཕྲད་བཞིན་པའི་ཁྲོད་མཁས་དབང་ཚོས་ Global Warming འམ་གོ་ལ་སྤྱིའི་ཚ་དྲོད་འཕེལ་བ་དང་གནམ་གཤིས་འགྱུར་ལྡོག་འབྱུང་བཞིན་པ་ནི་འཛམ་གླིང་ནང་གི་མི་རྣམས་ལ་འགན་འཁྲི་ཡོད་པ་གསུངས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་དཀའ་ངལ་དེ་དག་སེལ་རྒྱུའི་འགན་ཁྲི་དེ་མི་རྣམས་ལ་ཡོད་པར་བཀའ་བསྩལ་བ་དང་འབྲེལ། དཀའ་ངལ་དེ་དག་རྒྱལ་ཁབ་གཅིག་དང་གཉིས་ཀྱི་དཀའ་ངལ་ཞིག་མིན་པར་འགྲོ་བ་སྤྱི་ཡོངས་ཀྱི་ངལ་བ་ཞིག་ཡིན་སྟབས། ང་ཚོས་དེ་དང་འབྲེལ་བའི་དོན་ཕན་ཅན་གྱི་ཐབས་ཤེས་ཤིག་འཚོལ་དགོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་དུ་ང་ཚོའི་ངོས་ནས་ཛ་དྲག་གི་ལས་གཞི་སྤེལ་དགོས་པར་བཀའ་ནན་མཛད་འདུག རྩ་བའི་ཡོ་རོབ་པོ་ལེན་ཌའི་རྒྱལ་ས་ Katowice ནང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐོག་འཚོགས་བཞིན་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༢༤ དེའི་སྐབས་རྒྱལ་ཁབ་ཁག་མི་འདྲ་བ་ ༢༠༠ ཙམ་གྱི་འཐུས་མིས་མཉམ་ཞུགས་གནང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་ཀྱང་མཉམ་ཞུགས་གནང་གི་ཡོད་པ་དང་། ཁོང་གི་ངོ་དེབ་སྟེང་ལྷ་ཚོགས་ཐོག་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་༸གོང་ས་མཆོག་གི་དམིགས་བསལ་གསུང་འཕྲིན་དེ་ཡིག་ཐོག་ནས་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་། ལྷ་ཚོགས་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནད་དོན་དེ་གོ་ལ་སྤྱི་ལ་གལ་གནད་ཇི་ཙམ་ཆགས་སྐོར། ལྷག་དོན་༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་སྤྱིའི་ཁོར་ཡུག་བདེ་དོན་སླད་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ངོ་སྤྲོད་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི་ངོས་ཀྱི་རེ་འབོད་གལ་ཆེན་སོགས་ལ་རྒྱག་གཅིག་མཆོངས་གཅིག་གནང་མཁན་ཞིག་ཡིན།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་སྐུ་ཞི་བར་གཤེགས་པར་ཤིན་ཏུ་ཕངས་སེམས་དང་ཐུགས་སྐྱོ་སྣང་བྱུང་ཡོད་སྐོར་བཀའ་བསྩལ་དང་འབྲེལ། རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་ཐུགས་སྨོན་གསོལ་འདེབས་མཛད་འདུག དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། ངོས་ནས་དགེ་རྩེ་རིན་པོ་ཆེ་ཐོག་མར་གནས་མཆོག་རྡོ་རྗེ་གདན་དུ་མཇལ་བ་ནས་སེམས་ཐག་ཉེ་བའི་ནང་ཚགས་སུ་གྱུར་ཞིང་། ངས་ཁོང་ལ་ཀུ་རེ་དང་སྦྲགས་གཟིམ་འགག་བླ་མ་ཞེས་འབོད་ཀྱི་ཡོད། ཡང་ནས་ཡང་དུ་ཁོང་དང་ལན་མང་མཇལ་ཞིང་། མཇལ་རེས་བཞིན་བཀའ་མོལ་ལྷུག་པོ་དང་ཀུ་རེ་ཤོད་རེས་བྱེད་ཀྱི་ཡོད། འཚོ་བཞུགས་སྐབས་བསྟན་སྲིད་སྤྱི་དོན་ལ་ཀ་ཀོར་དང་། སྒེར་ཐབ་ཟུར་འཛུགས་ལ་དམིགས་པའི་ཐབས་བཀོད་བཅས་གང་ཡང་མི་མཛད་པར་ངོས་ཀྱིས་རེ་འབོད་གལ་ཆེན་སོགས་ལ་རྒྱག་གཅིག་མཆོངས་གཅིག་གནང་ཡོད་ཅེས་བཀའ་བསྩལ་བ་སྦྲགས། མགོན་པོ་༸གང་ཉིད་མཆོག་ལ་རིན་པོ་ཆེ་དགོངས་རྫོགས་ཀྱི་གཤེགས་མཆོད་ཐད་དམིགས་བསལ་འགན་བབ་པ་ལྟ་བུར་གྱུར་བརྟེན་ཡང་སྤྲུལ་མྱུར་བྱོན་གྱི་སྨོན་ལམ་འདི་འཕྲལ་མར་བྲིས་ཡིན་ཞེས་བཀའ་བསྩལ་འདུག༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་དུ་ཆོས་འབྲེལ་གྱི་མཛད་འཆར་སྐྱོང་བཞིན་སྐབས། རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་ཞི་བར་གཤེགས་པའི་གནས་ཚུལ་གསན་མ་ཐག་ཐུགས་ཤིན་ཏུ་ཕངས་སེམས་དང་སྐྱོ་སྣང་བྱུང་ཞིང་། བསྟན་འགྲོ་སྤྱི་དང་སྒོས་གངས་ཅན་པའི་བསྟན་སྲིད་སླད་རང་རེའི་བསྟན་འཛིན་རྣམས་སྐུ་ཚེ་ཞབས་པད་རིང་པོར་བརྟན་དགོས་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཡང་བྱ་ཐབས་བྲལ་སྐོར་བཀའ་བསྩལ་བ་དང་སྦྲགས་ཏེ། མགོན་པོ་༸གང་ཉིད་མཆོག་ཉི་ཧོང་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་རྒྱལ་ས་ལྡི་ལིར་ཕྱིར་༸ཞབས་སོར་བདེ་བར་འཁོད་སྐབས་སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་དང་། སྔ་འགྱུར་ཀཿ་ཐོག་ཨ་འཇོམ་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་དགོན་གཉིས་ཀྱི་འཐུས་མི་རྣམ་གཉིས་ཆེད་བཅར་ཞུས་ཐོག་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་ཚུལ་དང་། སླད་མར་ཡང་སྤྲུལ་ཇི་དགེ། ཡང་སྤྲུལ་མྱུར་བྱོན་གྱི་སྨིན་ཚིག་མཛད་གནང་ཡོང་བའི་༸སྐྱབས་འཇུག་སྐབས་བྱུང་སྐབས་སུའང་། འབྲེལ་ཡོད་སློབ་མ་ལྟོས་བཅས་ཚོའི་ངོས་ནས་བློ་ཕམ་དང་ཞུམ་སྟེ་མི་སྡོད་པར་མ་འོངས་པར་དམིགས་དགོས་པར་ལམ་སྟོན་མཛད་ཡོད་སྐོར་བཀའ་བསྩལ་བ་བཞིན། སློབ་མ་དང་འབྲེལ་ཐོགས་རྣམས་ནས་ཀྱང་རིན་པོ་ཆེའི་དམ་པ་དམ་པ་དེ་ཉིད་ཀྱི་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་ཆེད་དུ་འཇམ་དཔལ་མཚན་བརྗོད་དང་ཚིག་བདུན་གསོལ་འདེབས་ཆག་མེད་དུ་གསོགས་དགོས་པའི་བཀའ་བསྩལ་མཛད་འདུག གཞི་རྩའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཟླ་བ་སྔོན་མའི་ཚེས་ ༡༩ ཉིན་བལ་ཡུལ་ཡང་ལ་ཤོད་ཀྱི་ཉེ་འདབས་སུ་ཡོད་པའི་སྐུ་མཚམས་བཞུགས་ཡུལ་ནས་ཞབས་ཐང་ཐོག་ཕྱིར་ཕེབས་སྐབས་ལམ་འཕྲང་མི་བདེ་སར་ཞབས་སྣེ་འདྲེད་པའི་དབང་གིས་གློ་བུར་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།

འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གནང་ཐབས་མཛད་བཞིན་ཡོད་པ་བཀའ་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་བྱང་ཕྱོགས་སན་ཀི་སའམ་ལྷ་བབས་ཀྱི་གནས་སུ་ཉིན་གཉིས་པའི་ཆོས་འབྲེལ་དབུ་འཛུགས་མ་གནང་གོང་བཞུགས་གནས་ Royal Residency ཞེས་པའི་གསོལ་མགྲོན་ཁང་དུ་རྒྱ་གར་གསར་འགོད་པ་ཁག་གཅིག་གི་བཅར་འདྲི་དང་ལེན་མཛད་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་དེང་གི་དུས་འདིར་འཛམ་བུ་གླིང་འདིའི་ནང་དཀའ་ངལ་རིགས་མང་དག་ཅིག་འཕྲད་བཞིན་ཡོད་པ་ནི་ཆོས་ལུགས་དང་རྒྱལ་ཞེན་སོགས་མིས་བཟོས་པ་ལས་བྱུང་བ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་མེད་པ་བཟོ་རྒྱུའི་ཆེད་དུ་འཛམ་གླིང་འདིའི་ནང་ཡོད་པའི་མི་ཐེར་འབུམ་བདུན་པོ་དེ་དག་ནས་ང་ཚོ་ཚང་མ་མི་གཅིག་མཚུངས་ཡིན་པའི་བསམ་བློ་གཏིང་ཟབ་ཞིག་གཏང་དགོས་པར་བཀའ་བསྩལ་བ་དང་། ༸གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོའི་རིང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་ཐོག་ཐུགས་བརྩོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད།༸གོང་ས་མཆོག་ནས་དེང་དུས་ཀྱི་རྒྱ་གར་སྤྱི་ཚོགས་ནང་ཨིན་ཇིས་དར་སྤེལ་བྱས་པའི་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ཕྱིའི་དངོས་པོ་འགྲེལ་བཤད་རྒྱག་པ་ཙམ་ལས་ནང་གི་བསམ་བློའི་སྐོར་ལ་འགྲེལ་བཤད་རྒྱག་པ་ཞིག་མེད་པ་དང་། འཛམ་གླིང་འདིའི་ནང་ནང་ཆོས་མ་དར་བའི་སྔ་རོལ་དུ་རྒྱ་གར་གྱི་གནའ་བོའི་རིག་གནས་ཁྲོད་ནང་བསམ་བློའི་སློབ་གསོ་དེ་དར་སྤེལ་ཟིན་པ་ཞིག་ཡིན་པ་རེད། ལྷག་པར་དུ་དུས་རབས་བདུན་པའི་ནང་རྒྱ་གར་དུ་ཆོས་ལུགས་འདྲ་མིན་སྣ་ཚོགས་པ་ཞིག་བྱུང་ཡོད་ཀྱང་ཆོས་ལུགས་དེ་དག་རྐྱེན་པས་མི་གསོད་ཁྲག་སྦྱོར་སོགས་ཀྱི་གནད་དོན་ཅི་ཡང་མེད་པར་འཆམ་མཐུན་ངང་གནས་ཐུབ་པ་ནི་མིག་དཔེ་འོས་པ་ཞིག་དང་ཆེས་བསྟོད་འོས་པ་ཞིག་ཡིན་སྟབས། འཛམ་གླིང་འདིའི་ནང་གི་རྒྱལ་ཁབ་གཞན་ཚོས་ཀྱང་འཆམ་མཐུན་ངང་གནས་ཐུབ་ཀྱི་རེད་ཅེས་བཀའ་གནང་བ་དང་འབྲེལ། རྒྱ་གར་གྱི་གནའ་བོའི་རིག་གནས་འཚེ་བ་མེད་པའི་ལྟ་གྲུབ་ལས་ཆས་པའི་ཆོས་ལུགས་མཐུན་སྒྲིལ་དང་བཟང་སྤྱོད་ནི་དེང་གྱི་དུས་འདིར་ཉེར་བ་མཁོ་བ་ཞིག་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུགསྐབས་དེར་གསར་འགོད་པ་ཞིག་ནས་ད་ལྟའི་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དེར་ངོས་ལེན་གནང་ཕྱོགས་ཀི་ཡོད་ཐོག་བཀའ་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་དཀར་ནག་གཉིས་ཀྱི་དབར་ལ་གནད་དོན་ཆུང་ཚགས་རིགས་འབྱུང་བཞིན་ཡོད་པ་ནི་བྱུང་སྲིད་པ་ཞིག་ཡིན་པར་བཀའ་བསྩལ་བ་དང་སྦྲགས། རྒྱ་གར་ལ་རྒྱ་ནག་དེ་དགོས་ངེས་ཤིག་ཡིན་པ་ལྟར་རྒྱ་ནག་ལ་ཡང་རྒྱ་གར་དེ་དགོས་པ་ཞིག་ཡིན་སྟབས། ལོ་རྒྱུས་དང་དཔལ་འབྱོར། ཆོས་ལུགས་སོགས་ཕྱོགས་གང་གི་ཆ་ནས་མཉམ་གནས་བྱ་ཚེ་བདེ་སྐྱིད་ཡོང་ངེས་ཡིན་པ་ལས་རྒྱ་གར་གྱིས་རྒྱ་ནག་དང་འཐབ་ནས་རྒྱ་ཁ་བླངས་རྒྱུ་དེ་མི་སྲིད་པ་ཞིག་དང་། ཕྱོགས་མཚུངས་རྒྱ་ནག་གིས་རྒྱ་གར་ལ་འཐབ་ནས་རྒྱལ་ཁ་བླངས་རྒྱུ་དེ་མི་སྲིད་པ་ཞིག་ཡིན་སྟབས། དེ་ལས་ལྡོག་ནས་རྒྱ་དཀར་ནག་གཉིས་ཞི་བདེ་དང་འཆམ་མཐུན་ངང་ནས་གནས་ཚེ་པ་ཀིས་ཏན་གྱི་དཀའ་ངལ་དེའང་ཆུང་དུ་འགྲོ་ངེས་རེད་ཅེས་བཀའ་བསྩལ་འདུགཡང་གསར་འགོད་པ་གཅིག་ནས་བཟང་སྤྱོད་ཞེས་པ་དེ་རྩོད་ལན་བྱ་རྒྱུའི་བསམ་བློ་ཞིག་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་བཟང་སྤྱོད་ཞེས་པ་དེ་མ་འོངས་པའི་ལམ་བུ་ཞིག་ཡིན་པ་དང་། བཟང་སྤྱོད་ཀྱི་ཐོག་ནས་མིའི་རིན་ཐང་ཞེས་བརྗོད་སྐབས་འཛམ་བུ་གླིང་གི་མི་ཐེར་འབུམ་བདུན་པོ་དེ་དག་ཚང་མ་ཚུད་ཀྱི་ཡོད་པ་དང་། ཤེས་ཡོན་སློབ་གསོའི་ནང་དུ་ཕྱིའི་ལུས་པོ་བདེ་ཐང་ཡོང་རྒྱུའི་ཆེད་དུ་སློབ་གསོ་འདྲ་མིན་ཡོད་པ་ལྟར། ཤེས་ཡོན་སློབ་གསོའི་ཁྲོད་ནང་བསམ་བློའི་བདེ་ཐང་ཡོང་ཆེད་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོ་དེ་དགོས་ངེས་ཅན་ཞིག་ཡིན་པར་བཀའ་ནན་མཛད་འདུག

ཆོས་ལུགས་ཚང་མའི་རྗེས་འབྲང་པ་ཚོས་སེམས་རྒྱུད་འདུལ་ཐབས་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉིན་གཉིས་པའི་ཆོས་འབྲེལ་ཐོག་འཛམ་གླིང་ནང་མིའི་བཟོས་པའི་དཀའ་ངལ་དེ་དག་གི་གཞི་རྩ་གཙོ་བོ་དེ་སེམས་མ་འདུལ་བའི་དབང་གིས་ཡོང་གི་ཡོད་པ་དང་། ཆོས་ལུགས་ཚང་མར་རྩ་བའི་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་དེ་མིའི་སེམས་རྒྱུད་ཞི་ཞིང་འདུལ་བ་ཞིག་ཡོང་ཐབས་ཡིན་པ་དང་། ལྷག་པར་དུ་ང་ཚོའི་སྒོ་གསུམ་གྱི་སྤྱོད་པ་ལས་ཡིད་ལ་དགེ་བའི་ཀུན་སློང་ཡོད་པ་ཞིག་གནང་གལ་ཡིན་པ་སོགས་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད།མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་གྱི་ཡུ་པི་མངའ་སྡེའི་ Sankisa  ལྷ་བབས་གནས་སུ་ཉིན་གཉིས་པའི་སྤྱོད་འཇུག་གི་བཀའ་ཆོས་དང་འབྲེལ། ང་ཚོ་ནང་པ་ཚོས་རང་ཉིད་རང་གི་མགོན་ཡིན་པ་བཤད་སྲོལ་ཡོད་པ་ལྟར།  སོ་སོའི་བདེ་སྡུག་དེ་སོ་སོ་རང་ལ་རག་ལུས་ཡོད་པ་དང་། རྒྱུན་དུ་ནས་སེམས་རྒྱུད་འདུལ་ཐབས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། འཛམ་གླིང་འདིའི་ནང་མིའི་བཟོས་པའི་དཀའ་ངལ་དེ་དག་གི་གཞི་རྩ་གཙོ་བོ་དེ་ཡང་སེམས་མ་འདུལ་བའི་དབང་གིས་ཡོང་གི་ཡོད་པ་སོགས་ལམ་སྟོན་བསྩལ་བ་དང་སྦྲགས། ད་ཆ་ཆོས་ལུགས་ཚང་མའི་རྗེས་འབྲང་པ་ཚོས་ལྷ་ཁང་ནང་སྨོན་ལམ་རྒྱག་པ་ཙམ་མིན་པར་ཆོས་ཆོས་སུ་སོང་བར་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པར་ལམ་སྟོན་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ང་ཚོས་ལས་བཟང་ངན་གྱི་སྐད་ཆ་བཤད་སྲོལ་ཡོད་པ་ལས།   ལུས་དང་ངག་གཉིས་ཕལ་པ་ཞིག་ཡིན་པ་མ་གཏོགས་གཙོ་བོ་ཡིད་ལ་ཐུག་ཡོད་པ་དང་། ཡིད་ལ་དགེ་བའི་སྐུལ་སློང་ཡོད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད། དེ་ལྟར་བྱུང་ན་ལུས་ངག་གཉིས་ཀའི་བྱ་བ་དགེ་བར་འགྲོ་རྒྱུ་ཡིན་པ་མ་ཟད། འགྲོ་བ་མིའི་རིགས་ལ་དགེ་སྡིག་བླང་དོར་གྱི་ནུས་པ་ལྡན་ཡོད་སྟབས། འཕྲལ་ཕུགས་གཉིས་ཀྱི་བདེ་སྡུག་དབྱེ་འབྱེད་བྱས་ནས་རང་ཉིད་ལ་སྡུག་བསྔལ་མི་འདོད་པ་དེ་རྒྱུ་མཚན་དུ་བྱས་ནས་རྒྱུན་དུ་སྡུག་བསྔལ་ནས་སེམས་ཐག་རིང་ཙམ་ཡོང་ཐབས་ཐོག་འབད་དགོས་པ་སོགས་ལམ་སྟོན་ཡང་བཀྲིན་བསྩལ་ཡོད།གཞི་རྩའི་རྒྱ་གར་ནང་པའི་གཞོན་ནུའི་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ད་རེས་ལྷ་བབས་གནས་སུ་ཆོས་འབྲེལ་བསྩལ་རྒྱུ་དེ་ས་གནས་ཀྱི་རྒྱ་གར་རང་ལ་དམིགས་པ་ཞིག་ཡིན་པ་དང་། ཉིན་གྲངས་གསུམ་གྱི་ཆོས་འབྲེལ་དེའི་སྐབས་ཁ་སང་མགོན་པ་༸གང་ཉིད་མཆོག་ནས་ནང་ཆོས་ཀྱི་སྤྱི་བཤད་དང་། སྤྱོད་འཇུག་ཆེན་མོའི་ཤེས་རབ་ཀྱི་ལེའུ་ཆོས་འབྲེལ་བསྩལ་ཡོད་པ་དང་། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་བྱང་ཆུབ་སེམས་ཡོངས་སུ་བཟུང་བའི་ལེའུ་གསུམ་པ་བར་ཆོས་འབྲེལ་བཀྲིན་བསྩལ་ཡོད་པ་རེད།

བྱམས་བརྩེ་གཞི་རྩར་འཛིན་པའི་ཞི་བདེ་ནི་དེང་སྐབས་འཛམ་གླིང་འདིར་ཉེར་བ་མཁོ་བ་ཞིག་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པ་ Youth Buddhist Society ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་མཆོག་ནས་དེ་རིང་རྒྱ་གར་བྱང་ཕྱོགས་སན་ཀི་སའམ་ལྷ་བབས་ཀྱི་གནས་སུ་རྒྱ་གར་གྱི་དད་ལྡན་གཙོས་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ཁྲི་ཚོ་འགའ་ཞིག་ལ་ཉིན་གྲངས་གསུམ་རིང་བསྩལ་རྒྱུའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དེ་དབུ་འཛུགས་མཛད་ཡོད་པ་རེད།དེའང་ཆོས་འབྲེལ་དེའི་ཐོག་མར་མགོན་པོ་༸གང་ཉིད་མཆོག་ནས་ད་རེས་སླར་ཡང་གནས་མཆོག་ཁྱད་པར་ཅན་འདིར་ཆོས་འབྲེལ་གནང་རྒྱུ་བྱུང་བ་དེ་སྐལ་པ་བཟང་པོ་ཞིག་ཡིན་སྟབས། གོ་སྒྲིག་ཞུ་མཁན་ཆོས་གྲོགས་རྣམ་པ་དང་འབྲེལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འདས་པའི་དུས་རབས་འགའི་ནང་ཚན་རིག་དང་འཕྲུལ་ཆས། དེ་དང་བསྟུན་དེ་སྤྱི་ཚོགས་ཀྱི་དགོས་མཁོའི་མཐུན་རྐྱེན་སོགས་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། ད་ལྟའི་དུས་རབས་ ༢༡ འདིའི་ནང་ལའང་མུ་མཐུད་ཡར་རྒྱས་ཧ་ལས་པ་ཞིག་ཕྱིན་ཡོད་ཀྱང་། གོ་མཚོན་སྤྱོད་ནས་མི་གསོད་ཁྲག་སྦྱོར་དང་དབང་ཤེད་སོགས་ཀྱི་དུས་རབས་སྔོན་མའི་བག་ཆགས་ངན་པ་དེ་དག་ད་དུང་ཡང་བསྡད་ཡོད་སྟབས། དཀའ་ངལ་དེ་དག་གི་གཞི་རྩ་གཙོ་བོ་དེ་སེམས་འཁྲུག་པའི་ཉོན་མོངས་དབང་གིས་ཡོང་གི་ཡོད་པས་དེང་སྐབས་ཚན་རིགས་པ་ཚོས་ཀྱང་མིའི་ལྷན་རྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཏུ་ངོས་འཛིན་གནང་བ་མ་ཟད། ལྷག་དོན་སེམས་ཅན་གཞན་དང་མི་འདྲ་བར་འགྲོ་བ་མིའི་རིགས་ལ་ཡག་ཉེས་དབྱེ་འབྱེད་ཐུབ་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ནུས་པ་ལྡན་ཡོད་པ་རེད། དེང་གི་དུས་ཚོད་འདིར་ཤིན་ཏུ་དགོས་མཁོ་ཡོད་པའི་བྱམས་བརྩེ་གཞི་རྩར་འཛིན་པའི་ཞི་བདེ་ནི་དེང་སྐབས་འཛམ་གླིང་འདིར་ཉེར་བ་མཁོ་བ་ཞིག་ཡིན་པ་ལྟར། ཇི་ཙམ་གྱིས་སེམས་ལ་བྱམས་བརྩེ་ཡོད་པ་དེ་ཙམ་གྱིས་ཞི་བདེ་ཡོང་ངེས་ཡིན་པ་སོགས་ལམ་སྟོན་བཀྲིན་བསྩལ་ཡོད།༸གོང་ས་མཆོག་གིས་ད་དུང་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མས་མིའི་རིན་ཐང་ཆེ་ཤོས་དེ་བྱམས་བརྩེར་ངོས་འཛིན་གནང་གི་ཡོད་སྟབས། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་སུ་འདྲ་ཞིག་ཡིན་ནའང་། ལྟ་གྲུབ་འདྲ་མིན་ལ་མ་ལྟོས་པར་ཕ་གཅིག་གི་བུ་ལྟ་བུར་ཚང་མ་མཐུན་འབྲེལ་དམ་ཟབ་གནང་དགོས་པ་དང་། ལྷག་པར་དུ་བྱམས་བརྩེ་གོང་འཕེལ་ཡོང་ཐབས་གནང་གནད་ཡིན་པ་སོགས་ལམ་སྟོན་བསྩལ་སོང་།ཁྱད་པར་དུ་རྒྱ་གར་གྱི་གནའ་རབས་ནས་བྱུང་བའི་  Ahimsa  འམ་འཚེ་བ་མེད་པའི་ལྟ་གྲུབ་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་འགྲེལ་བཤད་གནང་ཐུབ་པའི་གུ་ཡངས་དང་ཡ་རབས་བཟང་པོའི་བསླབ་བྱ་ཡིན་སྟབས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་རྒྱ་གར་གྱི་བསླབ་བྱ་དེ་ཤིན་ཏུ་ནས་རྒྱ་ཆེ་བ་དང་དགོས་མཁོ་ལྡན་པ་ཞིག་ཡིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནས་སྲོལ་རྒྱུན་བཟང་པོ་དེ་དག་ཆོས་དང་མ་འབྲེལ་བའི་ཐོག་ནས་བསྐྱར་གསོ་ཡོང་ཐབས་གནང་གི་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག རྒྱ་གར་བ་ཚོས་ཀྱང་དེའི་ཐོག་འགན་ཆེ་ཙམ་བཞེས་དགོས་གལ་ཡིན་པར་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་ཡང་། འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་ནང་ཆོས་ཁྱབ་སྤེལ་གནང་རྒྱུའི་ཀུན་སློང་དང་འདུ་ཤེས་རྩ་བ་ནས་མེད་སྐོར་གསལ་བཤད་བཀྲིན་བསྩལ་བ་མ་ཟད། ཆོས་གང་འདྲ་བྱེད་མིན་གང་ཟག་སྒེར་སོ་སོའི་རང་དབང་ཡིན་སྐོར་སོགས་ལམ་སྟོན་རྒྱ་ཆེ་བཀྲིན་བསྩལ་ཡོད་པ་རེད།

༸གོང་ས་མཆོག་Sankisa འམ་ལྷ་བབས་ཀྱི་གནས་སུ་༸ཞབས་སོར་བདེ་བར་འཁོད་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཉིན་དགུང་ཆུ་ཚོད་ ༡༢ ཙམ་ལ་འདི་ག་རྒྱ་གར་གྱི་ཡུ་པི་མངའ་སྡེའི་རྒྱ་གར་ཚོས་སང་ཀི་ས་ཞུ་བའི་ལྷ་བབས་ཀྱི་གནས་འདིར་༸ཞབས་སོར་བདེ་བར་འཁོད་གནང་སོང་། རྒྱ་གར་གྱི་ནང་པའི་གཞོན་ནུའི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། མགོན་པོ་༸གང་ཉིད་མཆོག་དེ་རིང་སྔ་དྲོ་བཞུགས་སྒར་ནས་མཁའ་ལམ་ཐོག་རྒྱ་གར་རྒྱལ་ས་ལྡི་ལི་དང་དེ་ནས་ཡང་བསྐྱར་མཁའ་ལམ་ཐོག་ནས་འདི་ག་ལྷ་འབབ་ཀྱི་གནས་ཕྱོགས་སུ་༸ཞབས་སོར་འཁོད་གནང་བ་ཞིག་ཡིན་པ་དང་། གནམ་ཐང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ས་གནས་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Mukesh Sharma མཆོག་གི་དབུས་པའི་ཐེངས་འདིའི་གསུང་ཆོས་གསོལ་འདེབས་ཞུ་མཁན་གྱི་ཚོགས་གཙོ་སྐུ་ཞབས་ Ashok Sakya དང་གཞན་ཡང་ས་གནས་ཀྱི་རྫོང་དཔོན་དང་སྐོར་སྲུང་བའི་དཔོན་པོ་བཅས་ནས་སྣེ་ལེན་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་མ་ཟད། མགོན་པ་༸གང་ཉིད་མཆོག་ Royal Residency བཞུགས་གནས་སུ་༸ཞབས་སོར་འཁོད་སྐབས་གསུང་ཆོས་དྭང་ཞུ་བ་ཚོར་དམིགས་བསལ་མཇལ་ཁ་དང་། ལྷག་པར་མགོན་པོ་༸གང་ཉིད་མཆོག་ནས་ད་རེས་སླར་ཡང་གནས་མཆོག་འདིར་༸ཞབས་སོར་འཁོད་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ། རྒྱུན་དུ་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཐབས་དགོས་པ་དང་། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་རིང་ཚེ་མེད་ཞི་བའི་སྤྱོད་པ་སྲ་བརྟན་གནས་ཡོད་སྟབས། འཛམ་གླིང་མི་མང་ཀུན་གྱི་དགོས་མཁོ་དེ་ཚེ་མེད་ཞི་བ་ཡིན་སྟབས། ཆོས་མཁས་ལེན་བྱེད་ཀྱི་ཡོད་མེད་ལ་མ་བལྟོས་པར་ཚེ་མེད་ཞི་བའི་སྤྱོད་པ་རྒྱུན་འཛིན་དང་གོང་འཕེལ་ཡོང་བར་སྙིང་རྗེ་རྩ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་ཡང་བཀྲིན་བསྩལ་གནང་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་ནང་པའི་རྒྱ་གར་གཞོན་ནུའི་མཐུན་ཚོགས་ནས་གོ་སྒྲིག་ཞུས་པ་གཞི་བཟུང་འདི་ག་ Sankisa ལྷ་འབབ་ཀྱི་གནས་སུ་ནང་ཆོས་ཀྱི་སྙིང་པོ་ངོ་སྤྲོད་དང་། རྒྱལ་སྲས་ཞི་བ་ལྷའི་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པར་འཇུག་པའི་བཀའ་འཁྲིད་བཀྲིན་བསྩལ་གནང་རྒྱུ་དང་། ཆོས་འབྲེལ་གོ་སྒྲིག་ཚོགས་ཆུང་ངོས་ནས་འགྲེལ་བརྗོད་གནང་པ་གཞི་བཟུང་བྱས་ན་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་དེར་རྒྱ་གར་གྱི་མངའ་སྡེ་ཁག་འདྲ་མིན་ནས་རྒྱ་གར་བའི་ཆོས་ཞུ་བ་དང་། གཞན་ཡང་བོད་རིགས་ཕྱི་རྒྱལ་བ་སོགས་ཁྱོན་ཆོས་ཞུ་བ་མི་གྲངས་འབུམ་གཅིག་ཙམ་ཡོང་རྒྱུའི་ཚོད་དཔག་གནང་གི་འདུག གཞི་རྩའི་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Sankisa ལྷ་འབབ་ཀྱི་གནས་སུ་ཆིབས་བསྒྱུར་གནང་བ་་ཐེངས་གསུམ་པ་དེ་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༡༩༦༠ ལོར་ཐེངས་དང་པོ་དང་། དེ་ནས་ཕྱི་ལོ་༢༠༡༥ ལོར་སླར་ཡང་ཆིབས་བསྒྱུར་ཐེངས་གཉིས་པ་གནང་སྟེ། སྐབས་དེར་དམིགས་བསལ་གྱི་ས་གནས་ཀྱི་རྒྱ་གར་མང་ཚོགས་རྣམས་ལ་ཆོས་འབྲེལ་སོགས་བཀྲིན་བསྩལ་གནང་མཛད་ཡོད་པ་དང་། གོ་སྒྲིག་ཚོགས་ཆུང་གི་འགྲེལ་བརྗོད་གནང་པ་གཞི་བཟུང་བྱས་ན་ས་གནས་ཀྱི་རྒྱ་གར་བ་ཚོས་སྔོན་མ་དང་བསྡུར་ན་ད་ཐེངས་དམིགས་བསལ་གྱི་དོ་སྣང་ཆེ་བ་གནང་གི་ཡོད་སྐོར་གསུང་གི་འདུག  

༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George H.W Bush མཆོག་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George W Bush མཆོག་གི་ཡབ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག ཁ་སང་ཟླ་ ༡༡ ཚེས་ ༣༠  ཉིན་ཨ་རིའི་སྲིད་འཛིན་ ༤༣ པ་སྐུ་ཞབས་ George W Bush མཆོག་གི་ཡབ་ཨ་རིའི་སྲིད་འཛིན་ ༤༡ པ་སྐུ་ཞབས་ George H. W. Bush མཆོག་དགུང་གྲངས་ ༩༤ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George W Bush མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་མགོན་པོ་༸གང་ཉིད་མཆོག་ནས་སྐུ་ཞབས་དམ་པ་ George H. W. Bush མཆོག་ནི་མགོན་པོ་༸གང་ཉིད་མཆོག་དང་ཆེས་ཐོག་མར་མཇལ་འཕྲད་བྱུང་བའི་ཨ་རིའི་སྲིད་འཛིན་དེ་ཡིན་པ་དང་། ཁོང་གིས་རྒྱུན་དུ་བོད་དོན་དང་བོད་མིའི་ཐོག་ཐུགས་ཚོར་ཆེན་པོས་ཐུགས་ཁུར་གནང་ཁག་རྒྱུན་དུ་ཐུགས་དྲན་གསོ་བཞིན་ཡོད་ཅེས་བཀའ་བསྩལ་འདུག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་ཨ་རིའི་སྲིད་འཛིན་ ༤༣ པ་སྐུ་ཞབས་ George W Bush མཆོག་གི་ཡབ་ཨ་རིའི་སྲིད་འཛིན་ ༤༡ པ་སྐུ་ཞབས་ George H. W. Bush མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་གསན་པར་ཐུགས་ཕམ་ཆེན་པོ་དང་བཅས་འདས་པོ་ཁོང་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་ཀུན་ལ་ཐུགས་གསོ་མཛད་འདུག དེ་བཞིན་མགོན་པོ་མཆོག་གིས་སྲིད་འཛིན་མཆོག་གི་ཡབ་དམ་པ་ཁོང་ད་བར་དགུང་གྲངས་ ༩༤ བར་བཞུགས་ཐུབ་པ་ནི་ཡིད་སྨོན་བྱ་ཡུལ་ཞིག་དང་། དམ་པ་ཁོང་ནས་སྐུ་འཚོ་བཞུགས་རིང་ཨ་རིའི་མི་སེར་ཆེད་དུ་ཕྱག་ལས་གནང་སྟེ་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་པར་བཀའ་བསྩལ་བ་དང་འབྲེལ། ལྷག་དོན་སྐུ་ཞབས་ཁོང་ནས་རང་ཉིད་ཀྱི་ཕྲུ་གུ་ཚོ་ལའང་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུའི་སྐུལ་ལྕག་གནང་བ་བཅས་ལ་ཆེ་བསྟོད་ཀྱང་མཛད་འདུག གཞི་རྩའི་སྐུ་ཞབས་དམ་པ་ George H. W. Bush མཆོག་ཕྱི་ལོ་ ༡༩༢༤ ལོར་ཨ་རིའི་ Massachusetts མངའ་སྡེའི་ནང་སྐུ་འཁྲུངས་ཡོད་པ་དང་། དགུང་ལོ་ ༦༥ ཐོག་ཨ་རིའི་སྲིད་འཛིན་ ༤༡ པའི་ཐུགས་འགན་བཞེས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༡ ལོར་དམ་པ་ཁོང་ནས་ཨ་རིའི་ཕོ་བྲང་དཀར་པོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།

Latest news