Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རང་སྲེག་གནང་མཁན་ཚོའི་མངོན་འདོད་གཞིར་བཟུང་བོད་རྒྱའི་དབར་གྲོས་མོལ་གནང་དགོས་པའི་དགོས་འདུན་བཏོན་འདུག

དེ་རིང་ཟླ་ ༨ ཚེས་ ༡༩ ཉིན་སྔ་དྲོ་རྒྱལ་ས་ལྡི་ལིའི་ནང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་མི་ལས་འགུལ་བ་མི་གྲངས་བརྒྱ་སྐོར་ཞིག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རཱམ་ལི་ལཱ་ཐང་ཆེན་ནས་ཇནྟར་མནྟར་བར་ངོ་རྒོལ་སྐད་འབོད་ཀྱི་རྔམ་སྟོན་གནང་སོང་བ་དང་། སྐབས་དེར་ལས་འགུལ་བ་ཚོས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ། རྒྱ་གར་དང་བོད་དབར་གྱི་མཛའ་འབྲེལ་རྒྱས་གྱུར་ཅིག་ཞེས་སོགས་ཀྱི་སྐད་འབོད་གནང་ཡོད་པ་མ་ཟད།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མི་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཚད་ལྡན་དགོས་པ། རང་བཙན་རྩོད་ཀྱི་མེད་ཀྱང་འཕྲལ་མར་ཞི་མོལ་གནང་དགོས། གཉིས་སྨན་དབུ་མའི་ལམ་ནི་ངོ་ལྐོག་རྒྱབ་མདུན་མེད་པའི་སྲིད་བྱུས་ཤིག་ཡིན་སོགས་ཀྱི་ཡིག་བྱང་བསྣམས་ཏེ་ཀི་ལོ་མི་ཊ་བཞི་ལྷག་སར་རྔམ་སྟོན་གནང་ཡོད་པ་རེད། ཐེངས་འདིའི་ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུས་པའི་རྒྱལ་སྤྱིའི་ཁྱོན་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དང་། ལྷག་དོན་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་གཞན་ཁག་གི་དབུ་ཁྲིད་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་རྒྱའི་དབར་ཞི་མོལ་ཡོང་ཐབས་བཅས་ཡིན་པ་རེད་འདུག རྩ་བའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དེ་རིང་འཛམ་གླིང་འགྲོ་བ་མིའི་བདེ་རྩའི་ཉིན་མོ་དང་བསྟུན་རྒྱལ་ཚོགས་དབུས་པའི་རྒྱ་ནག་གཞུང་ཚབ་དང་། རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ཏུ་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྙན་ཞིག་ཀྱང་འབུལ་རྒྱུ་ཡིན་པ་རེད་འདུག ལས་འགུལ་དེའི་ནང་ལྡི་ལིར་གནས་བཞུགས་བོད་མི་ཁག་ཅིག་གཙོས་པའི་དྷ་རྨ་ས་ལ་དང་། སྦིར།  ལྡེ་ར་ལྡུན།    ཌལ་ཧོ་སི་སོགས་ཀྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་མི་ཚོས་མཉམ་ཞུགས་གནང་འདུག་པ་མ་ཟད། དབུ་མའི་ལམ་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་གི་སྐུ་ཚབ་ཀྱང་ལྷན་ཞུགས་གནང་འདུག

བྷོ་རྩ་ཝ་ན་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱང་རྒྱ་རེ་བ་ཡོད་ཅེས་གསུངས་འདུག

བྷོ་རྩ་ཝ་ན་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་གིས་ཁ་སང་ཁུལ་དེའི་གྲོང་ཁྱེར་ Gaborone ནང་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་ནང་གི་མཁས་པ་དང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་པ་ལས་ཐེངས་འདིའི་ལྷན་ཚོགས་ཐོག་༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་རྐྱེན་པས་དབུ་བཞུགས་མཛད་ཐུབ་མེད་པར་བརྟེན། ཚོགས་འདུའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་གཟུགས་གང་མྱུར་གསལ་བཞེས་ཡོང་བར་སྨོབ་ལམ་ཞུས་འདུག་པ་མ་ཟད། ལྷག་དོན་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་གིས་མ་འོངས་པར་བྷོ་རྩ་ཝ་ན་ནང་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་འཆར་ཡོད་པ་ལྟར་དེའི་སྐབས་སུ་༸གོང་ས་མཆོག་ཆིབས་སྒྱུར་བསྐྱང་ཐུབ་རྒྱུ་རེ་བ་ཡོད་ཅེས་གསུངས་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༡༧ ཉིན་ཨ་ཕི་རི་ཀའི་རྒྱལ་ཁབ་བྷོ་རྩ་ཝ་ན་ནང་ཚོགས་པའི་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་སྒྱུར་མཛད་མ་ཐུབ་པར་བརྟེན། ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་གཙོས་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུ་མཁན་དང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུད་པའི་ནང་། ཐེངས་འདིའི་ལྷན་ཚོགས་ཐོག་ངོས་རང་ལྷན་བཅར་ཞུ་མ་ཐུབ་པར་ཧ་ཅང་བློ་འགྱོད་ཡོད། དེའང་ཕལ་ཆེར་ལོ་གཅིག་གོང་ནས་ངོས་ལ་ལྷན་ཚོགས་སུ་ཡོང་རོགས་ཞེས་མགྲོན་བརྡ་འབྱོར་སྐབས་སྤྲོ་སྣང་གི་ཚོར་ཤུགས་ཆེན་པོ་ཞིག་བྱུང་། གང་ཡིན་བརྗོད་ན་ཨ་ཕི་རི་ཀའི་གླིང་ཆེན་ནི་ཧ་ཅང་ཆེ་ཞིང་ནུས་པའང་ཧ་ཅང་ལྡན་ཡོད་པ་རེད། འོན་ཀྱང་འདས་པའི་ཟླ་བ་གཉིས་ཙམ་རིང་ངོས་རང་མཛད་རིམ་སྔོན་སྒྲིག་ལྟར་ཧ་ཅང་བྲེལ་བ་ཆེ་རྐྱེན་ཐང་ཆད་པོ་བྱུང་ཞེས་གསུངས་པ་མ་ཟད། ལྷག་དོན་མགོན་པོ་མཆོག་ལ་དྭགས་ནང་ཟླ་བ་གཅིག་ཙམ་རིང་མཛད་འཕྲིན་སྐབས་ས་བབས་ཀྱི་ཆ་ནས་མཐོ་བ་དང་དེ་བཞིན་༸སྐུ་ནའི་བབས་ཀྱི་ཆ་ནས་ཀྱང་༸སྐུ་ཐང་ཆད་ཀྱི་ཡོད་པ་གསུངས་འདུག ད་ལན་༸གོང་ས་མཆོག་རྒྱ་གར་ནས་བྷོ་རྩ་ཝ་ནར་མཁའ་ལམ་བརྒྱུད་ནས་ཆུ་ཚོད་མང་པོ་འགྲུལ་བཞུད་གནང་དགོས་སྟབས། ༸གང་ཉིད་མཆོག་ཆིབས་སྒྱུར་མཛད་རྒྱུར་ཐུགས་འདོད་ཆེན་པོ་ཡོད་ཀྱང་༸སྐུ་གཟུགས་ཀྱིས་མ་ལྕོགས་པས་ཆིབས་སྒྱུར་གྱི་ལས་རིམ་དེ་ཐུགས་འགྱོད་དང་སྦྲགས་ཏེ་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་གིས་མཛད་དཀའ་ཡོད་ཀྱང་དེར་མ་འཛེམས་པར་༸གང་ཉིད་མཆོག་ལ་ལྷག་བསམ་བཟང་པོ་དང་འདུན་པ་ཆེན་པོའི་ཐོག་ནས་ཡུལ་དེའི་ནང་མགྲོན་འབོད་གནང་པར་ཐུགས་རྗེ་ཆེ་ཞེས་དང་། ད་ལན་༸གང་ཉིད་མཆོག་ཡུལ་དེའི་ནང་ཆིབས་སྒྱུར་མཛད་མ་ཐུབ་པར་དགོངས་སེལ་དང་སྦྲགས། སླད་མར་གོ་སྐབས་དེ་འདྲ་ཞིག་བྱུང་ཚེ་མགོན་པོ་༸གང་ཉིད་མཆོག་ངེས་པར་དུ་ཆིབས་སྒྱུར་མཛད་ངེས་ཡིན་པ་ཞལ་བཞེས་གནང་འདུག དེ་བཞིན་༸གོང་ས་མཆོག་གིས་བྷོ་རྩ་ཝ་ན་ནང་ཚོགས་བཞིན་པའི་བགྲོ་གླེང་གི་ཚོགས་འདུ་དེ་དང་འབྲེལ་བཀའ་སྩལ་བར་འཛམ་གླིང་འདིའི་ཐོག་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་བཞིན་ཡོད། འདི་ནི་ངོས་ཀྱིས་རྒྱུན་དུ་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད། ཁྱེད་ཅག་གི་སྲོལ་རྒྱུན་ནང་དུའང་ Ubuntu ཞེས་པའི་ཐ་སྙད་དེའི་གོ་དོན་ཡང་འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེ་ཡིན་པ་བརྗོད་ཀྱི་ཡོད་པ་ལྟར། དེང་དུས་ཀྱི་འཛམ་གླིང་ཐོག་རན་པོ་ཞེ་དྲག་ཡོད་པ་རེད་ཅེས་སོགས་ལམ་སྟོན་བཀའ་སློབ་བསྩལ་འདུག མཐའ་དོན་དུ་༸གོང་ས་མཆོག་གིས་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུ་མཁན་དང་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གསུངས་པ་མ་ཟད། ང་ཚོ་ཕན་ཚུན་དབར་གཟུགས་པོའི་ཆ་ནས་བར་ཐག་ཡོད་ཀྱང་དུས་རྟག་ཏུ་ཁྱེད་རྣམས་དང་སེམས་ཐག་ཆེས་ཉེས་པོ་ཡོད་གསུངས་འདུག རྩ་བའི་ཁ་སང་ཚེས་ ༡༧ ཉིན་ཨ་ཕི་རི་ཀའི་རྒྱལ་ཁབ་བྷོ་རྩ་ཝ་ན་ནང་ཚོགས་པའི་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་གཙོས་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུ་མཁན་དང་། ༸གོང་ས་མཆོག་གི་དབྱིན་སྐད་གསུང་སྒྱུར་བ་དང་ལྷན་ཚོགས་ཀྱི་ཚོགས་མི་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། དེ་བཞིན་རྒྱལ་ཁབ་འདྲ་མིན་ནས་ཕེབས་བའི་མཁས་དབང་སོགས་ཚོགས་བཅར་བ་དུ་མ་ཕེབས་ཡོད་པ་རེད།

༸གོང་ས་མཆོག་གིས་ཧི་མཱ་ཅལ་ས་རུད་འོག་རྐྱེན་འདས་སོང་མཁན་གྱི་ནང་མི་ཚོར་ཐུགས་གསོ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་རྒྱ་གར་མངའ་སྡེ་གསུམ་ནང་གི་མཛད་འཕྲིན་ཁང་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཚུར་ཆིབས་སྒྱུར་གྲུབ་བསྟུན། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Virbhadra Singh མཆོག་གིས་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཏེ། རེས་གཟའ་ཉི་མའི་སྔ་དྲོ་ Mandi Pathankot གཞུང་ལམ་ཆེན་མོའི་ཁྲོད་ Mandi རྫོང་ཁོངས་ Kotrupi ས་གནས་སུ་ས་རུད་འོག་རྐྱེན་འདས་སུ་སོང་མཁན་གྱི་ནང་མི་རྣམས་ལ་ཐུགས་གསོ་མཛད་འདུག རྩ་བའི་ས་རུད་དེ་རེས་གཟའ་ཉི་མའི་ཐོ་རངས་ཚོུད་དང་པོ་ཡོལ་ཙམ་ལ་བྱུང་འདུག་པ་དང་། དེ་རིང་བར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བར་མི་ ༤༦ གི་ཕུང་པོ་རྙེད་སོན་བྱུང་འདུག ད་ལྟའི་ཆར་ས་གནས་ཉེན་རྟོག་པ་དང་དམག་མི་ཟུང་འབྲེལ་ཐོག་ས་འོག་ཏུ་ཕུང་པོ་འཚོལ་ཞིབ་དང་གཞུང་ལམ་གཙང་བཟོ་བྱེད་མུས་རེད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ས་རུད་ཀྱི་འཇིག་པ་དེའི་འོག་འགྲུལ་བཞུད་རླུངས་འཁོར་ཁ་ཤས་ཚུད་ནས་མི་མང་པོ་རྐྱེན་ལམ་དུ་བཏང་པ་དང་མང་དག་ཞིག་ལ་རྨས་སྐྱོན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོས་རྗེས། ༸སྐུ་ཉིད་མཆོག་ཐུགས་སྐྱོ་སྣང་བྱུང་སོང་ཞེས་བཀའ་བསྩལ་བ་དང་ཆབས་ཅིག ༸གང་ཉིད་མཆོག་ནས་འདས་གྲོངས་སུ་གྱུར་མཁན་གྱི་ཤུལ་ལུས་ནང་མི་ཀུན་ལ་ཐུགས་གསོ་ཡོད་པ་བཀའ་གནང་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་མངའ་སྡེ་འདི་ནི་ལོ་ངོ་ ༥༧ རིང་༸སྐུའི་བཞུགས་སྒར་ཆགས་ཡོད་སྟབས་༸གང་ཉིད་མཆོག་ནས་ས་གནས་མང་ཚོགས་ལ་ཐུགས་ཉེ་ཚོར་ཡོད་པ་བཀའ་གནང་པ་དང་སྦྲགས། སྤྱིར་འབྱུང་བའི་གནོད་འཚེ་རིགས་ལ་སྔོན་འགོག་དང་ཟློག་ཐབས་མེད་ནའང་། ང་ཚོས་དེའི་ཉེན་གཡོལ་སྐོར་གོ་རྟོགས་སྤེལ་ཐུབ་ཚེ་མ་འོངས་པར་ཕན་ངེས་ཡིན་པའི་ཐུགས་བརྩེའི་ལམ་སྟོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Virbhadra Singh མཆོག་ལ་གནང་པའི་གསུང་འཕྲིན་དེའི་ཐོག་ནས་༸གང་ཉིད་མཆོག་གི་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པས་སྤྱི་ཁྱབ་བློན་ཆེན་ངལ་སེལ་སྡེ་ཚན་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཞལ་འདེབས་ཡང་བསྩལ་འདུག

༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་གནང་དགོས་པར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༦ ཚེས་ ༢༨ ཉིན་ནས་དབུ་འཛུགས་ཀྱིས་ཟླ་ ༨ ཚེས་ ༡༤ བར་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་རྒྱ་ས་ལྡི་ལི། རྒྱ་གར་ལྷོ་ནུབ་མངའ་སྡེ་ཧཱ་རཱཤྟྲའི་རྒྱལ་ས་མུམ་བའེ་བཅས་ཀྱི་ནང་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་གི་རིང་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་རྒྱ་གར་རང་བཙན་ཉིན་མོ་སྟེ་ཚེས་ ༡༥ ཉིན་དགུང་ཚོུད་ ༡༢།༠༠ ཙམ་ལ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། བཞུགས་སྒར་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་བསྟུན་༸གང་ཉིད་མཆོག་ནས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྟེ་ཐོག་མར་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་གནང་པ་དང་འབྲེལ། འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་རྒྱ་གར་རྒྱལ་ཁབ་ཡར་རྒྱས་བྱུང་བ་ནི་མང་ཚོགས་ཀྱི་སྙིང་སྟོབས་དང་འགྱུར་བ་མེད་པའི་རེ་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། རྒྱ་གར་འདི་མུ་མཐུད་སྔར་ལྷག་ཡར་རྒྱས་འགྲོ་བར་འཕྲུལ་རིགས་དང་ཕྱི་དངོས་པོའི་ཡར་རྒྱས་སོགས་དང་མཉམ་དུ་དེང་དུས་ཀྱི་ཤེས་ཡོན་ཁོ་ན་མིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁག་ལ་དེ་མཚུངས་ཀྱི་དོ་སྣང་དང་སློབ་གཉེར་གནང་ཐོག་དེང་དུས་ཀྱི་རྒྱ་གར་བ་རྣམས་ནས་རང་ཉིད་ཀྱི་གནའ་བོའི་རིག་གཞུང་དེ་དག་སླར་གསོ་གནང་དགོས་ཀྱི་རེད་ཅེས་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། གཞན་ཡང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཟླ་བ་འདིའི་ཚེས་ ༡༥ ནས་ ༢༠ བར་ཨ་ཕི་རི་ཀའི་རྒྱལ་ཁབ་བྷོ་རྩ་ཝ་ན་ནང་ཆིབས་སྒྱུར་མཛད་དེ་ཁུལ་དེའི་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་གནང་སྟེ་སྲིད་འཛིན་སྐུ་ཞབས་ Khama མཆོག་དང་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་ཡི་ཤུའི་ཆོས་དཔོན་ Desmond Tutu མཆོག་རྣམ་གཉིས་དང་མཇལ་མོལ་གནང་རྒྱུར་ཐུགས་འདོད་ཆེན་པོ་གནང་བཞིན་ཡོད་ཀྱང་། ཉེ་ཆར་༸གོང་ས་མཆོག་ལ་དྭགས་ནང་ཟླ་བ་གཅིག་གི་མཛད་འཕྲིན་བསྐྱངས་སྐབས་རྣམ་ཀུན་དང་མི་འདྲ་བའི་སྐུ་ཐང་ཆད་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་སྐུ་ངལ་གསོ་བཞུགས་གནང་ཆེད་ཐེངས་འདིའི་བྷོ་རྩ་ཝ་ན་ནང་གི་མཛད་འཆར་དེ་ཕྱིར་འཐེན་གནང་དགོས་བྱུང་སྐོར་བཀའ་གནང་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་ད་རེས་གཟའ་འཁོར་གཉིས་སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༦ ཚེས་ ༢༨ ཉིན་ནས་དབུ་འཛུགས་ཀྱིས་ཟླ་ ༨ ཚེས་ ༡ བར་རྒྱ་གར་བྱང་ཕྱོགས་ལ་དྭགས་གླེ་རྒྱལ་ས་གཙོ་གྱུར་གྱི་ནུབ་ར་དང་ཟངས་དཀར་བཅས་སུ་ཆོས་འབྲེལ་དང་། དེ་བཞིན་ས་གནས་ཁག་གི་མང་ཚོགས་དང་སློབ་གྲྭ མཐོ་སློབ་བཅས་སྡེ་ཚན་འདྲ་མིན་ལ་ལམ་སྟོན་བཀའ་སློབ་སོགས་སྩལ་ནས་ཟླ་བ་གཅིག་ལྷག་ལ་དྭགས་ཁུལ་དུ་མཛད་འཕྲིན་དུ་མ་བསྐྱངས་པ་དང་། ༸གང་ཉིད་མཆོག་གིས་སྐུ་གཟུགས་གསལ་ཐང་བྱུང་ཚེ་སླད་མར་ལ་དྭགས་སུ་ཆིབས་སྒྱུར་མཛད་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད། དེ་བཞིན་ཟླ་ ༨ ཕྱི་ཚེས་ ༢ ཉིན་༸གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་གནང་པ་ལྟར་ཚེས་ ༥ བར་སྐུ་ངལ་གསོ་བཞུགས་མཛད་ཡོད་པ་རེད། ཕྱི་ཚེས་ ༧ དང་ ༨ བཅས་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་པ་ཁག་ཅིག་གི་བགྲོ་གླེང་ཚོགས་འདུར་ཚོགས་མགོན་དུ་ལྷན་བཞུགས་མཛད་ཡོད་པ་དང་། དེ་རྗེས་ཚེས་ ༩ ཉིན་ནེའུ་རུ་དྲན་རྟེན་དཔེ་མཛོད་ཁང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་གསར་ཁང་ཁག་གི་རྩོམ་སྒྲིག་ཚོགས་པར་གསར་འགོད་ཀྱི་རང་དབང་དང་ཚུལ་ཁྲིམས་སྐོར་ལ་བཀའ་སློབ་སྩལ་བ་དང་། ཚེས་ ༡༠ ཉིན་ལྡི་ལི་ཁུལ་གྱི་གཙུག་ལག་སློབ་ཁང་གཙོས་པའི་མཐོ་སློབ་ཁག་ཅིག་དང་། ས་གནས་མི་མང་བཅས་བདེ་སྐྱིད་ཀྱི་གཞི་རྩའི་སྐོར་ལ་བཀའ་སློབ་བཀྲིན་ཆེ་བ་སྩལ་ཏེ་ཉིན་གྲངས་དགུའི་རིང་བཞུགས་ཞག་མཛད་ཡོད་པ་རེད། མགོན་པོ་མཆོག་ལྡི་ལི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་ཚེས་ ༡༡ སྔ་དྲོ་རྒྱ་གར་ལྷོ་ནུབ་མངའ་སྡེ་མ་ཧཱ་རཱཤྟྲའི་རྒྱལ་ས་མུམ་བའེ་ནང་ཆིབས་སྒྱུར་གནང་སྟེ་ཚེས་ ༡༣ ཉིན་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་ཚོགས་མགོན་དུ་དབུ་བཞུགས་མཛད་པ་མ་ཟད། ཚེས་ ༡༤ ཉིན་སྔ་དྲོ་མུམ་བའེ་ནང་རྟེན་གཞི་བྱས་པའི་ Tata Institution of Social Sciences ཞེས་པའི་གཙུག་ལག་སློབ་གཉེར་ཁང་གིས་མགོན་པོ་མཆོག་གི་དགོངས་གཞི་ལྟར་སློབ་གཉེར་ཁང་དེས་གཏན་འབེབས་གནང་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཆེས་ཐོག་མ་དེ་དབུ་འབྱེད་བཀྲིན་བསྐྱངས་པ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་ཡོད་པ་རེད།    

༸གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཐོག་མ་དེ་དབུ་འབྱེད་མཛད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཐོག་མ་དེ་དབུ་འབྱེད་གནང་སོང་བ་དང་འབྲེལ། ཆོས་དད་ཡོད་མེད་ལ་ལྟོས་མེད་ཤེས་ཡོན་གྱི་ལམ་ནས་འགྲོ་བ་མི་ཚང་མའི་སེམས་རྒྱུད་ལ་ཞི་བདེ་སྐྲུན་རྒྱུ་ནི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་དམིགས་ཡུལ་གཙོ་བོ་རེད་ཅེས་བཀའ་བསྩལ་འདུག དེ་རིང་ཟླ་ ༨ ཚེས་ ༡༤ ཉིན་སྔ་དྲོ་མུམ་བའེ་ནང་རྟེན་གཞི་བྱས་པའི་ Tata Institution of Social Science ཞེས་པའི་གཙུག་ལག་སློབ་གཉེར་ཁང་གིས་མགོན་པོ་མཆོག་གི ་དགོངས་གཞི་ལྟར་སློབ་གཉེར་ཁང་དེའི་སློབ་མ་ཚོར་ཆེད་དམིགས་ཀྱིས་གཏན་འབེབས་གནང་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཆེས་ཐོག་མ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀྲིན་བསྐྱངས་གནང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ད་ལན་ཊ་ཊ་སྤྱི་ཚོགས་ཚན་རིག་སློབ་གཉེར་ལྟེ་གནས་ཁང་ནས་ད་ལན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ལེགས་གྲུབ་ཀྱིས་དངོས་སུ་ལག་བསྟར་གནང་འགོ་བཙུགས་པར་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ། འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཚང་མ་ཕྱི་ལུས་པོ་དང་ནང་སེམས་ཀྱི་བདེ་སྡུག་ཚོར་བའི་ཆ་ནས་གཅིག་མཚུངས་ཆགས་ཀྱི་ཡོད་པ་མ་ཟད།  ལྷག་པར་ད་ལྟ་གོ་ལའི་དཔལ་འབྱོར་དུས་སྐབས་འདིར་གོ་ལའི་ཚ་དྲོད་རྒྱས་བཞིན་ཡོད་པ་རེད། དེ་བཞིན་མི་འབོར་འཕེལ་རྒྱས་བཅས་ཀྱི་གནས་སྟངས་ལ་གཞིགས་ན་མ་འོངས་པར་འཛམ་བུ་གླིང་གི་མདུན་ལམ་གྱི་ཁ་ཕྱོགས་དེ་ཧ་ཅང་ཁག་པོ་ཞིག་ཆགས་ཡོད་པར་བརྟེན། ཚང་མས་འགྲོ་བ་མི་རྣམས་ཕན་ཚུན་གཅིག་འགྱུར་གྱི་འདུ་ཤེས་འཛིན་ནས་བདེ་སྐྱིད་ལྡན་པའི་ངང་མཉམ་གནས་ཐུབ་རྒྱུར་བསམ་བློ་ངེས་པར་དུ་གཏང་དགོས་ཞེས་ལམ་སྟོན་བསྩལ་ཡོད་པ་རེད། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལམ་སྟོན་འོག་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་ཡོད་པ་དེ་རིང་མིན་༸གོང་ས་མཆོག་ནས་དབུ་འབྱེད་བཀྲིན་བསྐྱང་འཆར་ཡོད་པ་དང། རྒྱ་གར་ནང་ད་ལྟའི་ཆར་ Tata Institution of Social Science ཞེས་པའི་གཙུག་ལག་སློབ་གཉེར་ཁང་ནས་ཨེ་མོ་རིའི་སྒྲོམ་གཞི་གཞི་རྩར་བཟུང་ཐོག་རྒྱ་གར་གྱི་མཐོ་རིམ་སློབ་གཉེར་ཁང་གང་མང་ཞིག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་ཕྱག་བསྟར་ཡོང་བར་ཐུགས་འགན་བཞེས་མུས་ཡིན་པ་རེད། གཞན་ཡང་རྒྱ་གར་གྱི་ Meerut གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཤེས་ཡོན་གྱི་ཚོགས་སྡེ་ཞིག་གིས་རྐང་གོ་སྒྲིག་གནང་ཐོག་རྒྱ་གར་གྱི་སློབ་གྲྭ་འདྲ་མིན་ཁག་ ༡༤ ནང་བསླབ་གཞི་གཏན་འབེབས་ཀྱི་ལས་འཆར་གནང་མུས་ཡིན་པ་རེད། ཊ་ཊ་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ S Parasuraman ལགས་ཀྱིས་དེ་རིང་བསླབ་གཞི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་འདྲ་མིན་གྱི་ཉེ་བའི་རིགས་བདག་དང་མཐོ་སློབ་ཁག་གི་སློབ་སྤྱི་སོགས་མི་གྲངས་ ༣༠ ལྷག་ཙམ་གདན་འདྲེན་ཞུས་པ་དང་འབྲེལ། ང་ཚོའི་ངོས་ནས་བསླབ་གཞི་དེ་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་གང་མང་དུ་རྒྱ་ཁྱབ་ཐུབ་པར་རེ་བ་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༡༣ ཉིན་མུམ་བའེ་ནང་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་ནས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ལྷན་ཚོགས་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་ཡོད་པ་དང། ལྷན་ཚོགས་དེའི་ཐོག་རྒྱ་གར་ནང་གི་ཧིཾ་དུ་དང་ཡི་ཤུ། གཅེར་བུ་བ། སིཀ། དེ་བཞིན་ཁ་ཆེ་བཅས་ཀྱི་བླ་ཆེན་སྐུ་ཚབ་དང། དེ་བཞིན་རྒྱ་གར་ནུས་ཤུགས་བློན་ཆེན་སྐུ་ཞབས་  Piyush Goyal མཆོག་དང། ཚན་རིག་དང་འཕྲུལ་རིག་བློན་ཆེན་སྐུ་ཞབས་ Harsh Vardhan མཆོག་གིས་གཙོས་པའི་མང་ཚོགས་ ༤༠༠༠ བརྒལ་བ་འདུ་འཛོམས་བྱུང་འདུག དེ་སྔའི་མཛད་འཆར་ལྟར་ན། ༸གོང་ས་མཆོག་མུམ་བའེ་ནང་གི་མཛད་འཆར་ལེགས་པར་གྲུབ་བསྟུན་ཟླ་བ་འདིའི་ཚེས་ ༡༥ ནས་ ༢༠ བར་ཨ་ཕི་རི་ཀའི་རྒྱལ་ཁབ་བྷོ་རྩ་ཝ་ན་ནང་ཆིབས་སྒྱུར་མཛད་རྒྱུ་ཡིན་པ་རེད། འོན་ཀྱང་འདས་པའི་བདུན་ཕྲག་ཁ་ཤས་ནང་༸གོང་ས་མཆོག་གིས་ལ་དྭགས་དང་རྒྱལ་ས་ལྡི་ལི། དེ་བཞིན་མུམ་བའེ་བཅས་སུ་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེ་གཅིག་རྗེས་གཉིས་མཐུད་བསྐྱངས་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་སྐུ་ངལ་གསོ་བཞུགས་གནང་ཆེད་ཐེངས་འདིའི་བྷོ་རྩ་ཝ་ན་ནང་གི་མཛད་འཆར་དེ་ཕྱིར་འཐེན་གནང་ཡོད་པ་རེད།

༸གོང་ས་མཆོག་མུམ་བའེ་ནང་༸ཞབས་སོར་བདེ་བར་འཁོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་དེ་རིང་སྔ་དྲོ་རྒྱ་གར་ལྷོ་ནུབ་མངའ་སྡེ་མ་ཧཱ་རཱཤྟྲའི་རྒྱལ་ས་མུམ་བའེ་ནང་༸ཞབས་སོར་བདེ་བར་འཁོད་འདུག ༸གོང་ས་མཆོག་ད་ལན་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཤོས་མུམ་བའེ་ནང་གི་ཆིབས་སྒྱུར་འདིའི་ཁྲོད་གཙོ་བོ་ཚེས་ ༡༣ ཉིན་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་དང་། དེ་རྗེས་ཚེས་ ༡༤ ཉིན་ཁུལ་དེའི་ནང་རྟེན་གཞི་བྱས་པའི་ Tata Institution of Social Science ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་མཛད་པ་དང་འབྲེལ། སློབ་གཉེར་ཁང་དེས་༸གོང་ས་མཆོག་གི་དགོངས་གཞི་གཙོ་གྲས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་གཞི་བཅོལ་བའི་བསླབ་གཞིན་གཏན་འབེབས་གནང་པ་ཞིག་དབུ་འབྱེད་བཀྲིན་བསྐྱང་རྒྱུ་རེད་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་མུམ་བའེ་ནང་གི་༸གོང་ས་མཆོག་གི་མཛད་འཆར་དང་འབྲེལ་བའི་ཐོག་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡའི་ངེས་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱ་གར་ནང་ད་ལྟའི་ཆར་སློབ་གྲྭ་ཁག་ ༡༤ ཙམ་གྱི་ནང་༸གོང་ས་མཆོག་གི་དགོངས་གཞི་གཙོ་ཁག་ལས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་ཀྱི་ལས་གཞི་དེ་གནང་དང་གནང་མུས་ཡིན་པ་དང། མུམ་བའེ་ནང་གི་ Tata Institution of Social Science ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་མཐོ་སློབ་ནང་གི་བསླབ་གཞི་གཏན་འབེབས་ཀྱི་རྐང་འགན་བཞེས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལིའི་ས་གནས་མི་མང་ལ་བདེ་སྐྱིད་ཀྱི་གཞི་རྩའི་སྐོར་ལ་ལམ་སྟོན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༨ ཚེས་ ༡༠ ཉིན་དབྱིན་ཇིའི་ཉམས་ཞིབ་ཚོགས་པ་ Association of British Scholars  ཞེས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། རྒྱལ་ས་ལྡི་ལིའི་ siri fort ཚོགས་ཁང་དུ་ས་གནས་ཀྱི་སློབ་གྲྭ་གྲགས་ཅན་དང་གཙུག་ལག་ཁང་། དེ་བཞིན་མཐོ་སློབ་ཁག་ཅིག་གིས་གཙོས་པའི་ས་གནས་མི་མང་བཅས་ཁྱོན་མི་གྲངས་ཉིས་སྟོང་ལྷག་ལ་བདེ་སྐྱིད་ཀྱི་གཞི་རྩའི་སྐོར་ལ་ལམ་སྟོན་སྩལ་བ་མ་ཟད། སྐབས་དེར་༸གོང་ས་མཆོག་གི་ཞལ་མཇལ་དང་གསུང་ཐོས་ཕྱིར་ཆེད་བཅར་ཞུས་པའི་ས་གནས་ཀྱི་བོད་མི་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གིས་སོ་སོའི་རྩ་ཆེ་བའི་རིག་གཞུང་དང་སྐད་ཡིག་ལ་དམིགས་བསལ་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་ང་ཚོ་འགྲོ་བ་མི་ཡོངས་རྫོགས་བདེ་སྐྱིད་འདོད་པ་ཞིག་དང་།  ད་ཆ་ཚན་རིག་པ་ཚོས་ཀྱང་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པར་ངོས་འཛིན་ཐུབ་ཡོད་སྐོར་སོགས་ངོ་སྤྲོད་གནང་པ་དང་སྦྲགས། ང་ཚོའི་འདས་པའི་དུས་རབས་ཉེ་ཤུའི་ནང་མི་བསད་ཁྲག་སྦྱོར་གྱི་གནས་ཚུལ་མང་དག་ཞིག་བྱུང་ཡོད་པའི་ཉམས་མྱོང་ལ་གཞིགས་ཏེ་ད་ཆ་བསམ་ཤེས་ཡོད་པའི་མི་ཚང་མས་དུས་རབས་ཉེར་གཅིག་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་གནང་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་བསྩལ་སོང་། ལྷག་དོན་༸གོང་ས་མཆོག་གིས་སྨོན་ལམ་ཁོ་ན་བརྒྱབ་པ་དང་ཆོས་བྱས་པ་དེས་ཞི་བདེ་ཡོང་ཐུབ་ཀྱི་མེད་པ་རེད། དཔེར་ན་ང་ཚོ་བོད་མིར་ཆ་མཚོན་ན་ ༡༩༤༠ དང་། ༡༩༥༠ ནང་ང་ཚོས་སྨོན་ལམ་མང་པོ་བརྒྱབ་ཡོད་ཀྱང་དེས་དོན་གང་ཡང་ལེགས་གྲུབ་བྱུང་མེད་པ་རེད། དེར་བརྟེན་སྨོན་ལམ་བརྒྱབ་པ་ཙམ་མིན་པར་ཕུགས་རྒྱང་རིང་པོར་ཕན་པའི་ཀུན་སློང་བཟང་པོ་དེ་དངོས་སུ་ལག་ལེན་དུ་འཁེལ་བ་ཞིག་བྱེད་དགོས་ཞེས་བཀའ་སློབ་བསྩལ་ཡོད་པ་རེད། འདས་པའི་དུས་རབས་ནང་དུ་བྱུང་བའི་དཀའ་ངལ་དེ་དག་ཚང་མ་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་བཟོས་པའི་དཀའ་ངལ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་སེལ་བའི་ཐབས་ཤེས་ཀྱང་ང་རང་ཚོས་བྱེད་དགོས་ཀྱི་རེད།   ད་ལྟའི་ང་ཚོའི་ཤེས་ཡོན་སྲིད་བྱུས་དེས་འཛམ་བུ་གླིང་ནང་བདེ་སྐྱིད་དང་ཞི་བདེ་བསྐྲུན་ཐུབ་ཀྱི་མེད་པར་བརྟེན་དེང་དུས་ཀྱི་མིའི་བསམ་བློ་དང་འཚམ་པའི་ཆོས་ལུགས་ལ་མ་བརྟེན་པའི་སེམས་དང་ཚོར་བའི་ཐོག་ནས་སེམས་ཀྱི་བདེ་སྐྱི་དང་ཞི་བདེ་ཡོང་ཐབས་ཀྱི་སློབ་གསོ་སྤེལ་ཐབས་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་མང་ཚོགས་ལ་བཀའ་སློབ་སྩལ་བ་འདི་རྒྱལ་ས་ལྡི་ལིའི་ནང་གི་ཐེངས་འདིའི་མཛད་འཆར་མཐའ་མ་དེ་ཡིན་པ་དང་། ༸གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ཇཱ་མུ་ཀཤྨིར་མངའ་སྡེའི་ལ་དྭགས་སུ་ཟླ་བ་གཅིག་ལྷག་ཙམ་རིང་ལ་མཛད་འཕྲིན་བཀྲིན་བསྐྱངས་གནང་ཡོད་པ་ལྟར། ཁ་སྔོན་ཟླ་ ༨ ཕྱི་ཚེས་ ༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་ལྟར་༸གང་ཉིད་མཆོག་ཚེས་ ༥ བར་སྐུ་ངལ་གསོ་བཞུགས་མཛད་པ་དང་། ཕྱི་ཚེས་ ༧ དང་ ༨ བཅས་སུ་རུ་སུའི་ཁོངས་གཏོགས་ནས་ཡིན་པའི་ཚན་རིག་པ་དང་ནང་པའི་མཁས་པ་དབར་གྱི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་དང་། དེ་རྗེས་ཚེས་ ༩ ཉིན་ནེའུ་རུ་དྲན་རྟེན་དཔེ་མཛོད་ཁང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་གསར་ཁང་ཁག་གི་རྩོམ་སྒྲིག་ཚོགས་པར་གསར་འགོད་ཀྱི་རང་དབང་དང་ཚུལ་ཁྲིམས་སྐོར་ལ་བཀའ་སློབ་སྩལ་བ་དང་། ཚེས་ ༡༠ ཉིན་ལྡི་ལི་ཁུལ་གྱི་སློབ་གྲྭ་གྲགས་ཅན་དང་གཙུག་ལག་ཁང་། དེ་བཞིན་མཐོ་སློབ་ཁག་ཅིག་གིས་གཙོས་པའི་ས་གནས་མི་མང་བཅས་ཁྱོན་མི་གྲངས་ཉིས་སྟོང་ལྷག་ལ་བདེ་སྐྱིད་ཀྱི་གཞི་རྩའི་སྐོར་ལ་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་ཡོད་པ་རེད།

རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་བཏང་པའི་ས་ཁུལ་ཁག་ཡུལ་སྐོར་སྤྲོ་འཆམ་པའི་འགྲོ་ལམ་བཟོ་བཞིན་པ་ར་སྤྲོད་བྱུང་འདུག

དེ་རིང་ཟླ་ ༨ ཚེས་ ༡༠ ཉིན་རྒྱབ་ཏུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་འདས་པའི་དུས་ཡུན་ནང་གསང་བའི་ཐོག་བོད་ནང་ནས་གསེར་རྟ་བླ་རུང་སྒར་དང་འབྲེལ་བའི་གནས་ཚུལ་པར་རིས་དང་བརྙན་ཐུང་སོགས་ཡོད་པ་མཁོ་སྒྲུབ་ཞུས་པ་ཁག་ཅིག་གཟིགས་འབུལ་དང་སྦྲགས། ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་འདི་ལོའི་ཟླ་ ༤ བར་བསྟུད་མར་བོད་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་སྟེ། གྲྭ་ཤག་ཁག་གཏོར་བཤིག་བཏང་པའི་ས་ཆ་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་རྒྱ་ལམ་དང་སྐས་བརྫེགས་ས་སྟོང་སོགས་གསར་རྒྱག་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་། གཞན་ཡང་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པར་དམིགས་ཏེ་གཞི་རྒྱ་ཆེ་བའི་མགྲོན་ཁང་ཁག་ཅིག་གསར་རྒྱག་བྱེད་བཞིན་ཡོད་པ་ཟད། ཆོས་སྡེ་དེར་ད་ཆ་ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཆགས་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་གསར་ཁང་ཁག་གི་རྩོམ་སྒྲིག་ཚོགས་པར་བཀའ་སློབ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༨ ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེའུ་རུ་དྲན་རྟེན་དཔེམཛོད་ཁང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་གསར་ཁང་ཁག་གི་རྩོམ་སྒྲིག་ཚོགས་པའི་གོ་སྒྲིག་གནང་པའི་ལྷན་ཚོགས་ཐོག་གསར་འགོད་ཀྱི་རང་དབང་དང་ཚུལ་ཁྲིམས་སྐོར་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། དེའང་རྒྱ་གར་གྱི་ཧིཾདཱི་གསར་འགོད་པ་གྲགས་ཅན་སྐུ་ཞབས་ Rajendra Mathur ལགས་དམ་པར་རྗེས་དྲན་ཞུ་ཕྱིར་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་༸སྐུ་ན་གཞོན་ནུའི་དུས་ནས་མང་གཙོ་དང་གསར་འགྱུར་གྱི་རང་དབང་བཅས་ལ་ཐུགས་མོས་ཆེན་པོ་གནང་མཁན་ཞིག་ཡིན་ཞེས་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེ་བཀྲིན་བསྩལ་གནང་འདུག འདི་ག་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པས་ལྷན་ཚོགས་དེ་དང་འབྲེལ་བའི་ཆེད་གཏོང་གནང་པའི་ཞིབ་ཕྲའི་གནས་ཚུལ་ཁག་གཤམ་དུ་གསན་རྒྱུ་ཡོད།

Latest news