Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རིས་མེད་ཀྱི་བགྲོ་གླེང་ཐེངས་བཞི་པ་དབུ་འཛུགས།

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ཀྱིས་གོ་སྒྲིག་ཞུས་དོན་ལྟར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཉིན་བཞིའི་རིང་གི་རིས་མེད་བགྲོ་གླེང་ཐེངས་བཞི་པ་དབུ་འབྱེད་གནང་སྟེ་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་བོན་གཞུང་སྲིད་པའི་མཛོད་ཕུགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སོང་།བགྲོ་གླེང་གི་ཚོགས་མགོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་ས་དགེ་བཀའ་རྙིང་གི་འཐུས་ཚབ་མི་སྣ་དང་། གཡུང་དྲུང་བོན་དང་རྒྱལ་བ་ཇོ་ནང་པ་ཅབས་ཀྱི་སྐུ་ཚབ་རྣམས། དེ་བཞིན་སྨན་རིའི་གླིང་གི་དགེ་འདུན་པ་བཅས་ཀྱིས་བགྲོ་གླེང་ནང་ཤ་ཆས་བླངས་ཡོད་པ་རེད།དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཟུང་དྲུང་བསོན་ནམས་རྒྱ་མཚོ་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་འཚམས་འདྲི་གནང་བ་དང་འབྲེལ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་སྟེ། བོད་ཀྱི་སྲིད་པ་ས་ཆགས་པ་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་དེ་བོད་དུ་ཡོད་ནའང་། རྒྱལ་བོའི་དབང་ཐང་ཆེ་ཆུང་གིས་ལོ་རྒྱུས་ཀྱི་དཀྱོགས་མཚམས་མང་པོ་བརྒྱུད་ཡོང་བ་ལྟར། དུས་རབས་ ༡༤ ནས་བཟུང་བོད་ཆོལ་ཁ་གསུམ་ གཅིག་གྱུར་གྱིས་ཁས་ལེན་པའི་བོན་གྱི་གདན་ས་སྨན་རིའི་གླིང་དབུ་བརྙེས་ནས་སྨན་རིའི་ཁྲི་འཛིན་སོ་གསུམ་གྱི་ ལོ་རྒྱུས་ཡོད་པ་བཞིན། དགེ་བའི་བཤེས་གཉེན་མང་པོས་བོད་ཕྱི་ནང་གཉིས་སུ་བསྟན་སྲིད་ཀྱི་ལས་དོན་ལ་མཛད་རྗེས་རླབས་ཆེན་བཞག་ཡོད་ཅེས་གསུངས་ཡོད།  དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་སྤྱི་ཡོངས་ཀྱི་ཆ་ནས་བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་དཀའ་ངལ་མང་དུ་འཕྲད་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྐྱེན་ངན་གྲོགས་ཤར་ཞེས་པའི་དཔེ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ སྔར་ལོ་རྒྱུས་ཀྱི་ཁྲོད་དུ་བྱུང་མ་མྱོང་བའི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲལ་དགེ་བའི་བཤེས་གཉེན་ཚང་མ་དུས་གཅིག་ལ་ཡུལ་གཅིག་ཏུ་འཛོམས་ནས་བགྲོ་གླེང་ལྷུག་པོ་གནང་སྟེ་ཕན་ཚུལ་དབར་ལྟ་བ་བརྗེ་ལེན་བྱེད་བཞིན་པའི་གནས་བབ་འདི་ནི་དགའ་འོས་པའི་དོན་བཟང་ཞིག་རེད་ཅེས་གསུངས་པ་དང་སྦྲགས། རང་ཉིད་ཀྱི་ཆོས་བརྒྱུད་ནས་གསུངས་པར་གཞིགས་ཏེ་ཉམས་ལེན་གནང་རྒྱུ་དང་དག་སྣང་དེ་ཕྱོགས་རིས་མེད་པའི་ཐོག་ནས་གནང་དགོས་གལ་ཡིན་པར་གསུངས་ཡོད།ཆོས་རིག་བཀའ་བློན་མཆོག་གིས་རིས་མེད་ཆོས་བརྒྱུད་ཀྱི་བགྲོ་གླེང་ཇི་ལྟར་འགོ་ཚུགས་པའི་སྐོར་ནས་ངོ་སྤྲོད་གནང་བ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པར་བཀའ་སློབ་ཡང་ཡང་ཕེབས་པ་བཞིན་ཆོས་ཚོགས་ཁག་ནས་ཀྱང་བཤད་སྒྲུབ་གོང་འཕེལ་གཏོང་ཕྱོགས་ཀྱི་ཚོགས་འདུ་རིམ་པ་ཚོགས་པའི་གྲུབ་དོན་དུ་ཆོས་བརྒྱུད་རིས་མེད་ཀྱི་བགྲོ་གླེང་དེ་གལ་ཆེ་དོན་ཆེེར་བརྩིས་ཏེ་མཇུག་སྐྱོང་གནང་གི་ཡོད་སྟབས། རང་ལུགས་ཁོ་ན་སྲུང་རྒྱུ་ཙམ་མིན་པར་ཆོས་བརྒྱུད་གཞན་གྱི་གཞུང་ཆེན་ལ་སློབ་གཉེར་གནང་གནང་དགོས་གལ་ཆེན་ཡིན་པར་ལམ་སྟོན་གནང་སོང་།རྩ་བའི་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་གྱི་མངའ་ཁུལ་ཌོ་ལན་ཇི་རུ་ཕྱི་ལོ ༡༩༧༠ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གདན་ས་གསར་སྐྲུན་མཛད་ཅིང་། ཕྱི་ལོ་ ༡༩༧༧ ལོ་ནས་བཟུང་ཆོལ་གསུམ་བོད་མིའི་བོན་ཕྱོགས་ཀྱི་སློབ་ཚོགས་གསར་བསྡུ་བྱས་ཏེ་གནའ་བོའི་བོད་ཀྱི་ཆོས་ལུགས་ལ་གསན་བསམ་སློབ་གཉེར་གནང་ས་དང་མདོ་སྔགས་སེམས་གསུམ་གཙོས་པའི་ལྔ་ཟུང་རིག་པའི་གནས་ལ་སློབ་གཉེར་གནང་སའི་གདན་ས་གཙོ་བོ་ཞིག་ཆགས་ཡོད་པ་རེད།

   ཕུན་ཚོགས་སྡེ་བཞི་སྤྱི་ཁང་དང་བོད་ཀྱི་རྒྱ་ལམ་དབུ་འབྱེད།

ཨ་རི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་ཕུན་ཚོགས་སྡེ་བཞི་སྤྱི་ཁང་ཉམས་གསོ་གནང་ནས་ཁ་སང་སྤྱི་ཁང་དང་སྤྱི་ཁང་གི་མདུན་དུ་ Tibet Way འམ་བོད་ཀྱི་རྒྱ་ལམ་ཞེས་པ་ཞིག་དབུ་འབྱེད་གནང་འདུག སྤྱི་ཁང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དེ་བཞིན་ས་གནས་རྫོང་ཁག་ ༢༦ གི་འཐུས་ཚབ་སྐུ་ཞབས་ Jimmy Van Bramer ལགས། སྐྱབས་གནས་དགེ་འདུན་གྱི་སྡེ།  སྦྱིན་བདག་རྣམ་པ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་སྒྲུབ་ཚེ་རིང་ལགས། བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས།  དེ་བཞིན་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་མི་མང་སོགས་མཉམ་འཛོམས་གནང་འདུགསྐབས་དེར་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཉམས་གསོ་ལེགས་གྲུབ་བྱུང་ནས་སྤྱི་ཁང་དེ་བེད་མེད་དུ་མི་འགྲོ་བར་སྤྱོད་ ་དགོས་པར་བཀའ་བསྩལ་དང་། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་བོད་མིའི་ངོ་བོ་ཆོས་དང་རིག་གཞུང་དེ་དེང་གི་དུས་སུ་འཛམ་བུ་གླིང་སྤྱི་ཡོངས་ལ་དགོས་ངེས་ཅན་ཞིག་དང་རྒྱུ་མཚན་དེར་བརྟེན་ནུབ་ཕྱོགས་སུ་བཞུགས་པའི་བོད་མི་ནས་རང་གི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དུ་གནང་དགོས་གལ་དང་།  ཆོས་དང་རིག་གཞུང་གི་རྩ་བ་དེ་སྐད་ཡིག་ཡིན་སྟབས་བོད་ཕྲུག་ཚོས་དེའི་ཐད་དོ་སྣང་ཆེ་བ་བྱེད་དགོས་པ་མ་ཟད། མཐར་བོད་མི་སྤྱི་ཡོངས་ནས་མཐུན་སྒྲིལ་དང་༸གོང་ས་མཆོག་གི་བཀའ་དགོངས་ཉག་ཅིག་བསྒྲུབ་པར་འབད་དགོས་གནད་ཡིན་པར་བཀའ་ནན་བསྩལ་འདུག སྲིད་སྐྱོང་མཆོག་གིས་རྒྱུན་ལས་རིམ་བྱོན་ནས་སྐུ་ངལ་འཛེམས་ཀྱིས་ཕྱག་ལས་གནང་ཐོག་སྤྱི་ཁང་ཉོས་རྒྱུ་དང་ཉམས་གསོ་གནང་བར་བསྔགས་བརྗོད་དང་སྦྲགས། དེ་བཞིན་མང་ཚོགས་ལ་ཉེ་ལམ་བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་ལ་ཡིག་ངག་གཉིས་ཐོག་ནས་༸སྐུ་ཉིད་ཀྱི་མཛད་འཕྲིན་ཉུང་འཕྲི་གནང་རྒྱུར་སྙན་གསེང་ཞུས་པ་བཞིན་དེ་འབྲེལ་བཀའ་བཞེས་བཟང་པོ་ཐོབ་སྐོར་དང་སྦྲགས། ད་ལྟ་ཚུན་ཆད་མགོན་པོ་༸གང་ཉིད་མཆོག་ནས་བོད་དོན་སླད་མཛད་འཕྲིན་བླ་མེད་བསྐྱངས་སྟབས། ད་ལྟའི་ཆར་དགུང་ནའི་བབ་ཀྱི་ཆ་ནས་༸གང་ཉིད་མཆོག་སྐུ་ངལ་གསོ་བཞུགས་མཛད་དགོས་གལ་དང་སྒོས་བོད་མིིའི་ངོས་ནས་ནང་ཁུལ་གྱི་གནད་དོན་ཙག་ཙིག་ལ་དབུ་འཁོར་ནས་མ་བཞུགས་པར་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་མུ་མཐུད་ནས་ཐོབ་པར་ལས་དོན་གཉེར་གནང་དགོས་པ་དང་། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཆིག་སྒྲིལ་དང་ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་གཞི་རིགས་ནམ་ཡང་གནང་བར་འབད་གནད་ཡིན་པར་གསུངས་འདུག གཞི་རྩའི་སྤྱི་ཁང་དབུ་འབྱེད་མ་གནང་གོང་ནིའུ་ཡོག་གི་ 32 Avenue དུ་ཡོད་པའི་རྒྱ་ལམ་ཞིག་ལ་ Tibet Way ཞེས་བོད་ཀྱི་རྒྱ་ལམ་ཞེས་མིང་བཏགས་ཡོད་པར་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་མཆོག དེ་བཞིན་སྐུ་ཞབས་ Jimmy Van Bramer ལགས་བཅས་ནས་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་སྐུ་ཞབས་ Jimmy Van Bramer ལགས་ཀྱིས་ནིའུ་ཡོག་དང་ནིའུ་འཇར་སིར་གནས་བཞུགས་བོད་མི་རྣམས་ཀྱི་སླད་སྤྱི་ཁང་ལེགས་གྲུབ་བྱུང་ཐུབ་པ་དང་།  དེ་བཞིན་རྒྱ་ལམ་ལ་ Tibet Way ཞེས་མིང་བཏགས་ཐུབ་པ་དེར་རང་ཉིད་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆ་ནས་དགའ་ཚོར་བྱུང་བ་དང་། རང་ཉིད་ནི་བོད་དང་རྫོང་དེའི་ཁུལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་སྐུ་ཚབ་གནང་རྒྱུར་དུས་རྟག་ཏུ་དགའ་མཁན་ཞིག་ཡིན་ཞེས་གསུངས་ཡོད། ཕུན་ཚོགས་སྡེ་བཞིའི་སྤྱི་ཁང་ནང་སློབ་ཕྲུག་སླད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཀྱི་འཛིན་ཁང་དང་།   ཐབ་ཚང་། དེ་བཞིན་ཚོགས་ཁང་ཡོད་པའི་སྤྱི་ཁང་དེར་ཁྱོན་ཨ་སྒོར་ས་ཡ་ ༡༠ ལྷག་འགྲོ་གྲོན་བཏང་ཡོད་པ་རེད།

རྒྱ་གར་སྲིད་བློན་གྱི་དམ་འབུལ་སྐབས་བོད་མིའི་སྐུ་ཚབ་མགྲོན་འབོད་གནང་མེད་པ།

རྒྱ་གར་གྱི་གྲོས་ཚོགས་འོག་མའི་རྒྱལ་ཡོངས་ཀྱི་འོས་བསྡུ་ཡོངས་སུ་གྲུབ་ནས་སྲིད་བློན་མོ་དི་མཆོག་གི་ཆབ་སྲིད་ཚོགས་པར་སླར་ཡང་རྒྱལ་ཁ་ཐོབ་པར་བརྟེན། དེ་རིང་ཕྱི་དྲོ་ཚོུད་ ༧ ཐོག་རྒྱ་གར་གྱི་སྲིད་འཛིན་ Ram Nath Kovind མཆོག་གི་ཕོ་བྲང་དུ་སྲིད་བློན་མོ་དི་མཆོག་གིས་སྐབས་གཉིས་པའི་སྲིད་བློན་གྱི་དམ་འབུལ་མཛད་སྒོ་འཚོགས་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ལོར་སྲིད་བློན་ Narendra Damodardas Modi མཆོག་གིས་ཐེངས་དང་པོའི་སྲིད་བློན་གྱི་དམ་འབུལ་བཞེས་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མགྲོན་འབོད་གནང་ཡོད་ཀྱང། དེ་རིང་སྲིད་བློན་གྱི་དམ་འབུལ་མཛད་སྒོར་སྲིད་སྐྱོང་མཆོག་དང་གཞན་ཡང་ཐེ་ཝན་གྱི་སྐུ་ཚབ་གཅིག་ཀྱང་མགྲོན་འབོད་གནང་མེད་པ་དེ་ནི་རྒྱ་གར་གྱི་ངོས་ནས་རྒྱ་གཞུང་ལ་ཁོང་མི་ཁྲོ་བའི་ཕྱིར་དང་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་བསྐྱར་གསོ་གནང་རྒྱུའི་ཐབས་ཤེས་ཤིག་རེད་ཅེས་གསུངས་འདུགདེ་རིང་རྒྱ་གར་གྱི་གསར་གནས་ DH deccan herald ཞེས་པས་ཕྱི་ལོ་ ༢༠༡༤ ལོར་སྲིད་བློན་མོ་དི་མཆོག་གི་ལས་ཁུར་དམ་འབུལ་གྱི་སྐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གར་དུ་གནས་བཞུགས་ཐེ་ཝན་གྱི་གཞུང་ཚབ་པ་བཅས་མགྲོན་འབོད་གནང་སྟབས། རྒྱ་ནག་སྲིད་གཞུང་ནས་གནད་དོན་དེར་སྐྱོན་བརྗོད་བྱས་ནས་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་རྩ་འཛིན་གྱི་སྲིད་བྱུས་ལ་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་ཡང་ཡང་བྱས་ཡོད་སྟབས། རྒྱ་གར་གྱིས་རྒྱ་ནག་ཁོང་མི་ཁྲོ་བའི་ཕྱིར་དུ་ཐེངས་འདིའི་མཛད་སྒོར་དབུས་བོད་མའི་སྒྲིག་འཛུགས་ཀྱི་སྐུ་ཚབ་པ་གཅིག་ཀྱང་མགྲོན་འབོད་གནང་མེད་ཚུལ་བཀོད་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་ རྒྱ་གར་གྱི་སྲིད་བློན་དམ་འབུལ་གྱི་མཛད་སྒོར་བོད་མིའི་སྐུ་ཚབ་མི་སྣ་མགྲོན་འབོད་གནང་མེད་པར་དགོངས་ཚུལ་གང་ཡོད་ཀྱི་ཐད་བཀའ་འདྲི་ཞུས་པར་ཁོང་གིས་སྐབས་སྔོན་མའི་སྲིད་བློན་དམ་འབུལ་དང་ཐེངས་འདིའི་དམ་འབུལ་གཉིས་ལ་མི་འདྲ་བའི་ཆ་མང་པོ་ཡོད་པར་ལུང་འདྲེན་དང་འབྲེལ་ཏེ་རྒྱ་གར་གྱིས་དགོས་པ་རྒྱུ་མཚན་ཞིག་གི་ཐོག་ནས་བོད་མིའི་སྐུ་ཚབ་གདན་འདྲེན་གནང་མེད་ཀྱང་། དེ་ནི་ཧང་སང་དགོས་པ་མིན་པ་མ་ཟད།   མ་འོངས་པའི་ཁྲོད་དུ་ཡང་གནས་ཚུལ་དེ་རྐྱེན་རྒྱ་གར་ནས་བོད་དོན་གྱི་ཐོག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་འགྲོ་མི་སྲིད་པར་ངོ་སྤྲོད་གནང་སོང་།རྩ་བའི་ BJP ཆབ་སྲིད་ཚོགས་པས་སྣེ་ཁྲིད་པའི་གནའ་འབྲེལ་ཚོགས་པར་ཐེངས་འདིའི་འོས་བསྡུ་ཆེན་མོའི་ཁྲོད་གྲོས་ཚོགས་འོག་མའི་ས་མིག་ ༣༥༢ དང་དེའི་ཁོངས་ BJP ཆབ་སྲིད་ཚོགས་པ་ཁོ་ནར་ས་མིག་ ༣༠༣ བཅས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མཆོག་ལ་དམིགས་བསལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཛམ་གླིང་ཐོག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་འདི་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་སྣེ་ཁྲིད་མཁན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཆགས་པར་ཐུགས་ལ་དགྱེས་སྤོབས་ཆེན་པོ་བྱུང་ཞེས་དང་། ལྷག་པར་དུ་རྒྱ་གར་འདི་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་ཡུལ་ཞིག་ཡིན་པ་མ་ཟད། བྱམས་པ་དང་སྙིང་རྗེ་གཞི་རྩར་བཟུང་པའི་ཐོག་འཚེ་བ་མེད་པའི་ལྟ་སྤྱོད་ཉམས་ལེན་གནང་བཞིན་ཡོད་པ་ནི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཁྱད་པར་བ་ཞིག་རེད་ཅེས་བཀའ་བསྩལ་ཡོད། དེ་རིང་ཕྱི་དྲོ་ཚོུད་ ༧ པའི་ཐོག་འཚོགས་རྒྱུའི་སྲིད་བློན་མོ་དི་མཆོག་གིས་དམ་འབུལ་མཛད་སྒོའི་ཐོག་བྷང་ལ་དེ་ཤ་དང་  Myanmar ཤྲི་ལངྐ།  Thailand  བལ་ཡུལ། འབྲུག་ཡུལ་སོགས་ཀྱི་དབུ་ཁྲིད་གཙོ་གྱུར་ཁྱོན་སྐུ་མགྲོན་ ༨༠༠༠ ཙམ་ཕེབས་པར་ཚོད་དཔག་གནང་གི་ཡོད་པ་རེད།

ཨ་རིའི་གདོད་མའི་མི་རིགས་ཀྱི་གཙུག་ལག་སློབ་ཁང་དང་བོད་མིའི་དབར་གྱི་གྲོགས་པོའི་མཚོན་རྟགས་ཉིན་མོར་ངོས་འཛིན།  

ཨ་རི་ Santa Fe གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Alan Webber ལགས་གིས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས  ༢༤ ཉིན་མོ་དེ་ Santa Fe Indian School འམ་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་གདོད་མའི་མི་རིགས་ཀྱི་སློབ་གཉེར་ཁང་དང་སྲིད་སྐྱོང་བློ་བཟང་སེང་གེ་གཙོ་གྱུར་བོད་མིའི་དབར་གྱི་གྲོགས་པོའི་མཚོན་རྟགས་ཉིན་མོར་ངོས་འཛིན་གྱི་བསྒྲགས་གཏམ་ཞིག་སྤེལ་འདུགགྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་བསྒྲགས་གཏམ་དེའི་ནང་ Santa Fe སློབ་གླིང་དང་བོད་མི་དབར་ད་བར་མི་ལོ་ ༢༧ རིང་རིག་གཞུང་བརྗེ་ལེན་གྱིས་གཙོས་པའི་ཕན་ཚུན་གྲོགས་འདྲིས་ཀྱི་འབྲེལ་ལམ་ཟབ་མོ་ཡོད་པ་དེར་ངོས་འཛིན་ཞུས་པ་དང་འབྲེལ། ཕན་ཚུན་གྱི་སྐད་རིག་སྲུང་སྐྱོབ་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་གུས་བརྩི་བཅས་ཀྱི་འབྲེལ་ལམ་གཏིང་ཟབ་ཡོད་པ་དེ་མུ་མཐུད་དམ་འཛིན་ཡོང་བར་ཐུགས་རེ་ཡོད་ཅེས་བཀོད་འདུགཁོང་གིས་སློབ་ཁང་དེ་དང་ལྷན་དུ་ཤེས་ཡོན་བརྗེ་ལེན་བརྒྱུད་ནས་གྲོགས་འདྲིས་བྱུང་བ་ནི་དེ་སྔ་ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་དེ་སློབ་ཁང་དང་འབྲེལ་བ་གཏིང་ཟབ་བྱུང་བའི་གྲུབ་འབྲས་ཤིག་ཡིན་པ་དང་། ད་རེས་གྲོང་སྡེའོ་སྤྱི་ཁྱབ་ལགས་ཀྱིས་དེ་ལྟར་ཆེ་མཐོང་དང་ངོས་འཛིན་གནང་བ་ནི་ཟླ་ ༥ ཚེས་ ༢༤ ཉིན་ Santa Fe Indian School འམ་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོ་ཐེངས་ ༤༢ ཐོག་སྲིད་སྐྱིང་མཆོག་གདན་ཞུས་ལྟར། སྲིད་སྐྱོང་མཆོག་ནས་སྐབས་དེར་གསུང་བཤད་གནང་ རྗེས་དེ་ལྟར་ངོས་འཛིན་ཐོབ་པ་ཞིག་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་ཆེད་བཀོད་གནང་འདུགསྲིད་སྐྱོང་མཆོག་གིས་སློབ་ཐོན་མཛད་སྒོ་ཐོག་ཆུང་དུས་སྐབས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་འབྲེལ། ཁོང་རང་ཉིད་ལ་མཚོན་ན་དེ་སྔ་ Harvard མཐོ་སློབ་ཀྱི་ཕྱག་ལས་བཞག་ནས་རང་མི་རིགས་ཀྱི་སླད་རྒྱ་གར་དུ་ཕྱག་ལས་གནང་བཞིན་པ་དེ་རྩ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་པ་དང་ཆབ་ཅིག སློབ་ཁང་གི་སློབ་མ་ཚོ་ལའང་རང་ཉིད་བསླབ་པ་མཐར་སོན་རྗེས་རང་ཡུལ་དུ་ཕྱིར་ཕེབས་ནས་ཞབས་ཕྱི་ཞུ་རྒྱུ་དེ་དམིགས་ཡུལ་དང་པོར་བཞག་དགོས་པ་དང་། ཁྱེད་རྣམས་ནས་མ་གནང་ན་སུས་གནང་གི་རེད་ཅེས་ལམ་སྟོན་གནང་བ་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་མིའི་སྤྱི་ཚོགས་ནང་དུས་རབས་མང་པོའི་རིང་ལ་དབྱེ་འབྱེད་དང་དྲག་གནོན། མཐོང་ཆུང་དང་ཁྱད་གསོད་སོགས་དཀའ་ངལ་མང་དག་ཅིགབྱུང་ཡོད་ཀྱང་། དེ་དག་ལས་སེམས་ཤུགས་ཆག་ནས་མ་བསྡ་པར་ཉིན་རེ་བཞིན་འཚོ་བའི་ཁྲོད་དུ་ངལ་བ་ཇི་འཕྲད་ལ་གདོང་ལེན་གནང་ཕྱོགས་ཀྱི་ལམ་སྟོན་གནང་ཡོད་པ་རེད།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཆེས་ཐོག་མ་དབུ་འཛུགས།

དེ་རིང་ཟླ་ ༥ ཚེས་ ༢༣ ཉིན་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཆེས་ཐོག་མ་དབུ་འཛུགས་གནང་སོང་།ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཆེས་ཐོག་མའི་ཐོག་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། དྷ་ས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་གཅོད་ལགས། མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་བཅས་ལྷན་ཞུགས་གནང་ཡོད།ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་འདི་ཤེས་རིག་བཀའ་བློན་མཆོག་གིས་གཙོ་སྐྱོང་གནང་ཡོད་པ་དང་། ཚོགས་དུས་རིང་ལ་སློབ་སྡེ་ཁག་གི་འགན་འཛིན་རྣམས་ནས་བོད་པའི་སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ཏེ་སློབ་གྲྭ་ཁུ་བསྡུ་དང་ཟླ་སྒྲིལ་གནང་ཕྱོགས་ཇི་དགེའི་སྐོར་དང་། སློབ་སྡེ་ཁག་གི་བུད་མེད་ལས་བྱེད་རྣམས་ལ་ཕྲུ་གུ་བཙས་རྗེས་སྐྱེས་མའི་ཐོབ་ཐང་དང་ཕའི་ཐོབ་སེང་མཐུན་རྐྱེན་གཅིག་གྱུར་གནང་ཐབས་ཇི་དགེའི་སྐོར། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་ཕྲུག་རྣམས་ལ་རྒྱ་གར་གྱི་བོད་སློབ་ཁག་ཏུ་སློབ་སྦྱོང་བྱེད་ཐུབ་པའི་མཐུན་འགྱུར་གནང་ཐབས་ཇི་དགེའི་སྐོར།  རང་རེའི་སློབ་གྲྭ་ཁག་གི་ནང་ཧི་མཱ་ལ་ཡའི་སློབ་ཕྲུག་སློབ་འཇུག་གནང་ཕྱོགས་སྐོར། དེ་བཞིན་བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་དུ་གཏན་ཉིན་སློབ་གྲྭ་ཁག་ནང་ལས་རིགས་སློབ་སྦྱོང་ཡར་རྒྱས་ཚགས་ཚུད་གཏོང་ཐབས། གཏན་ཉིན་སློབ་ཁག་ནང་སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་སློབ་སྡེ་སོ་སོའི་འགན་འཁུར་གནང་ཕྱོགས་བཅས་གྲོས་གཞི་གཙོ་བོ་དྲུག་ལ་བཀའ་བསྡུར་གནང་རྒྱུ་རེད་འདུགདེ་བཞིན་ཚོགས་འདུ་དབུ་འབྱེད་སྐབས་སུ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ནས་སྤྱིར་འདས་པའི་ལོ་ངོ་དྲུག་ཅུའི་ནང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ལམ་སྟོན་དང་། འབྲེལ་ཡོད་དགེ་ལས་རྣམ་པས་ཧུར་བརྩོན་གནང་བ་སོགས་ལ་བརྟེན་ནས་ཤེས་ཡོན་ཐོག་གྲུབ་འབྲས་གཟེངས་སུ་ཐོན་ཐུབ་ཡོད་ཀྱང་། བར་སྐབས་ནས་སྐབས་དང་དུས་ཀྱི་འགྱུར་བའི་ཁྲོད་བོད་པའི་སློབ་ཁག་ཏུ་བོད་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་པ་དང་། བོད་པ་མ་ཡིན་པའི་གྲངས་འབོར་མང་དུ་འགྲོ་བཞིན་པ། དེ་བཞིན་བོད་ཕྲུག་མང་པོ་ཕྱིའི་རྒྱལ་ཁབ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པ་སོགས་སྤྱི་ཡོངས་ནས་སློབ་གྲྭའི་གནས་སྟངས་ཐད་ལ་དགོངས་ཚུལ་མི་ཉུང་བ་ཞིག་ཡོང་བཞིན་ཡོད་སྟབས། ཚོགས་འདུའི་ཐོག་ཕེབས་པའི་སློབ་གྲྭའི་སྡེ་ཁག་གི་འགན་འཛིན་རྣམས་ནས་དགོངས་པ་རྒྱ་ཆེ་ས་ནས་བཞེས་ཏེ་བོད་ཕྲུག་སྤྱིའི་ཤེས་ཡོན་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པར་ལམ་སྟོན་གནང་ཡོད། གཞི་རྩའི་ཐེངས་འདིའི་བཙན་བྱོལ་བོད་མིའི་སློབ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཆེས་ཐོག་མ་འདི་ཤེས་རིལ་ཁུངས་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་བལ་ཡུལ་ནས་སྐུ་ཚབ་ཕེབས་ཐུབ་མི་འདུག

རྒྱ་ནག་གཞུང་ནས་འགྲེམས་སྟོན་ཁང་དེ་འཁྱོག་བཤད་ཀྱི་ལག་ཆར་སྤྱོད་བཞིན་ཡོད།

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་རྒྱལ་སྤྱི་ཁྱོན་ཡོངས་ལ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་ཁང་གི་འཕེལ་རིམ་དང་དེའི་གལ་གནད། དེ་བཞིན་ཤུགས་རྐྱེན་སོགས་ཀྱི་ཐོག་གསུང་བཤད་ལས་རིམ་གནང་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་སོང་།    འགྲེམས་སྟོན་ཉིན་མོའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དེང་སྐབས་རྒྱལ་སྤྱིའི་ཐོག་འགྲེམས་སྟོན་ཁང་གི་ནུས་པ་ཆེན་པོ་འཐོན་བཞིན་ཡོད་སྟབས། རྒྱ་ནག་གཞུང་ནས་དེ་སྔ་རྩེ་ཕོ་བྲང་པོ་ཏཱའི་ནང་ཡོད་པའི་བོད་ཀྱི་ལོ་རྒྱུས་དངོས་རྫས་རྣམས་དབྱེ་འབྱེད་བྱས་ནས་རྒྱ་ནག་རང་ཉིད་དང་འབྲེལ་བ་ཡོད་པའི་ཡིག་ཆ་དང་དངོས་རྫས་རྣམས་འགྲེམས་སྟོན་བརྒྱུད་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་སྒྲུབ་ཐབས་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་འགྲེམས་སྟོན་ཁང་དེ་འཁྱོག་བཤད་ཀྱི་ལག་ཆ་ཞིག་ཏུ་སྤྱོད་བཞིན་ཡོད་པ་གསུངས་སོང་། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་འགྲེམས་སྟོན་ཁང་མི་ཉུང་བ་ཞིག་གསར་རྒྱག་བྱས་ཏེ་བོད་འདི་རྒྱ་ནག་གི་བཅིང་བཀྲོལ་བཏང་རབས་སྐོར་དྲིལ་བསྒྲགས་རྒྱ་ཆེར་སྤེལ་བཞིན་པའི་དུས་སྐབས་འདིར་བོད་མིའི་ངོས་ནས་འགྲེམས་སྟོན་ཁང་ནང་ཡོད་པའི་བོད་དོན་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་རྣམས་རྒྱུས་ལོན་དང་ཚོར་ཐུབ་པ་ཞིག་གནང་དགོས་པ་མ་ཟད། ཕྱིའི་མི་ལ་དངོས་ཡོད་གནས་ཚུལ་དེ་དག་འགྲེལ་བརྗོད་གང་ཐུབ་ཐུབ་ཀྱིས་གནང་དགོས་ཞེས་གསུངས་ཡོད།གཞི་རྩའི་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་འདི་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ནས་མང་ཚོགས་ལ་འགྲེམས་སྟོན་གྱི་གལ་ཆེའི་རང་བཞིན་ངོ་སྤྲོད་གནང་རྒྱུ་དང་། ལྷག་པར་དུ་རྒྱལ་ཁབ་དང་རྒྱབ་ལྗོངས་འདྲ་མིན་གྱི་མི་སྣ་དང་ཚོགས་སྡེའི་དབར་ལ་རིག་གཞུང་བརྗེ་རེས་གནང་ཐབས་སུ་ཕྱི་ལོ་ ༡༩༧༧ ལོར་གསར་གཏོད་གནང་བ་ཞིག་ཡིན་པ་དང་། འདི་ལོ་འགྲེམས་སྟོན་ཉིན་མོར་སྲུང་རྩི་ཞུ་རྒྱུའི་རྩ་ཚིག་ནི་འགྲེམ་སྟོན་ཁང་ནི་རིག་གཞུང་གི་ལྟེ་གནས་དང་མ་འོངས་ཀྱི་རྒྱུན་སྲོལ་ཞེས་པ་དེ་ཡིན་པ་རེད།

སྲིད་སྐྱོང་མཆོག་གིས་ཨ་རངྒ་བྷཌ་ནང་སྟོན་པའི་༸སྐུ་བརྙན་དབུ་འབྱེད་གནང་རྒྱུ།

རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་ Maharashtra ཁུལ་གྱི་ Aurangabad གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ནང་པའི་དགོན་པ་ Lokuttra Mahavihara and Bhikkhu Training Centre ནས་གདན་ཞུས་ལྟར། དེ་རིང་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགོན་པ་དེའི་ནང་ཧྥི་ཊི་ ༥༠ ཅན་གྱི་སྟོན་པའི་༸སྐུ་བརྙན་གསར་པ་བཞེངས་སྐྲུན་གནང་བའི་མཛད་སྒོར་དབུ་བཞུགས་གནང་རྒྱུ་རེད་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་དེ་རིང་སྲིད་སྐྱོང་མཆོག་གྲོང་ཁྱེར་དེའི་ནང་ཕེབས་འབྱོར་བྱུང་སྐབས་དགོན་པའི་ལས་ཀྱི་སྣེ་མོ་རྣམས་ཀྱིས་སྲིད་སྐྱོང་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད་འདུག ཨ་རངྒ་བྷཌ་གྲོང་ཁྱེར་ནང་གི་ལས་རིམ་གྲུབ་རྗེས་སྲིད་སྐྱོང་མཆོག་སང་ཉིན་གྲོང་ཁྱེར་མུམ་བའེ་ནང་ཕེབས་ཐོན་གནང་རྒྱུ་དང་དེ་རྗེས་ཐད་ཀར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་ནས་རིམ་པས་ Sante Fe དང་ Boston དེ་བཞིན་ New York བཅས་སུ་མཛད་འཆར་བསྐྱང་རྒྱུ་ཡིན་པ་མ་ཟད། ནིའུ་ཡོག་ནང་གཙོ་བོ་ཕྱི་ ༦ ཚེས་ ༢ ཉིན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་གསར་པ་དབུ་འབྱེད་གནང་རྒྱུ་རེད་འདུག ཐེངས་འདིའི་གཞུང་འབྲེལ་གྱི་ཕྱོགས་སྐྱོད་དང་འབྲེལ་ཏེ་ཟླ་བ་འདིའི་ཚེས་ ༢༡ ཉིན་ཁེ་ན་ཌའི་གྲོང་ཁྱེར་ Vancouver དུ་ཕེབས་རྒྱུ་དང་ཕྱི་ཟླ་ ༦ ཚེས་ ༥ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་ཀྱི་ཡོད་པ་རེད་འདུག

༸གོང་མཆོག་གིས་དགུང་ལོ་ ༡༡༠ ལྷག་༸སྐུ་འཚོ་བཞུགས་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་བ།

དེ་རིང་བོད་ཚེས་ ༡༤ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་རྐང་འགན་བཞེས་ཐོག་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་གཞིས་བྱེས་ལྷ་མི་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།  སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་སྔོན་གྱི་ལྷ་དང་བླ་མས་བཀའ་ལུང་བསྩལ་དོན་ལྟར་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཚེ་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་སོང་།དེ་རིང་ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་  ༨ ཡོལཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག  བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཅས་ཀྱིས་སྤོས་སྣེ་དང་བོད་ཀྱི་ཟློས་གར་ཚོགས་པས་བཀྲ་ཤིས་གླུ་དབྱངས་འབུལ་ཐོག་སེར་སྦྲེང་བཅས་ཀྱིས་མངོན་བསུས་ཏེ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་མཇལ་དར་ཕུལ་བ་དང་སྦྲགས་བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་གནང་བ་དང་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད།བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་བར་སྐབས་༸སྐུའི་སྙུང་གཞི་བཞེས་སྐབས་དེར་བོད་གཞིས་བྱེས་གཉིས་ཙམ་དུ་མ་ཟད། འཛམ་གླིང་གང་ས་ནས་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ལ་སེམས་འཁྲལ་བྱས་ནས་སྨོན་ལམ་དང་ཞབས་བརྟན་གསོག་སྒྲུབ་གནང་མཁན་མང་པོ་བྱུང་སོང་། རྒྱ་ནག་ནང་ནས་ཀྱང་མང་པོ་བྱུང་། དད་དམ་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་བརྒྱབ་པ་དེས་གཏན་གཏན་ནུས་པ་ངེས་ཅན་ཞིག་ཐོན་ཡོད་སྟབས་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་།   ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་བ་དགེ་འདུན་གྲུབ་པས་སེམས་ཅན་སྡུག་བསྔག་གིས་མནར་བར་ཕན་ཐོགས་གནང་ས་ཞིག་ཡོད་ན། དེར་འཁྲུངས་པ་མ་གཏོགས་དག་ཞིང་ལ་འཁྲུངས་པའི་དགོངས་པ་མེད་ཅེས་གསུངས་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་དུས་རྟག་ཏུ་ཐུགས་སྨོན་དེ་ལྟར་མཛད་བཞིན་ཡོད་པ་དང་། ཉིན་གཅིག་གཟིམ་ལམ་དུ་མགོན་པོ་༸གང་ཉིད་མཆོག་རྐྱལ་བརྒྱབ་ནས་གཙང་ཆུ་ཞིག་རྒལ་བའི་སྐབས་༸སྐུ་རྒྱབ་ཏུ་༸དཔལ་ལྡན་ལྷ་མོ་བཞོན་ནས་དཔལ་ལྡན་ལྷ་མོས་ཁྱེད་རང་ལོ་ ༡༡༠ བར་འཚོ་ཐུབ་རྒྱུ་རེད་ཅེས་གསུང་པ་ཐུགས་དྲན་གསོ་གནང་མཛད་དེ་ད་ལྟའི་ཆར་མགོན་པོ་མཆོག་༸རྒྱལ་བ་དགེ་འདུན་གྲུབ་པའི་སྐུའི་ཚེ་ཚད་དང་མཉམ་པ་དགུང་གྲངས་ ༨༤ ཟིན་ཡོད་ཀྱང། ༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཚེ་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་བཞུགས་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད།ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཞེད་ཆེན་པོ་གསུམ་ལས་མགོན་པོ་༸གང་ཉིད་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་ཀུན་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་པ་སྒྲུབ་བཞིན་ཡོད་པ་དང་། ཆོས་ལུགས་མཐུན་སྒྲིལ་ཐོག་ནས་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་མི་འདྲ་བ་རྣམས་ལ་ལྟ་གྲུབ་མི་འདྲ་ཡོད་ཀྱང་མཐར་ཐུག་གི་དགོས་དམིགས་གཙོ་བོ་སེམས་རྒྱུད་འདུལ་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་མཐུན་སྒྲིལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། རིང་མིན་རྒྱལ་ས་ལྡི་ལིར་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་ལྷན་ཚོགས་ཤིག་ཀྱང་འཚོགས་འཆར་ཡོད་པ་བཀའ་བསྩལ་སོང་།ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་བསྟན་སྲིད་སྤྱིའི་ཐོག་བཙན་བྱོལ་དུ་མ་ཕེབས་གོང་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཐུགས་ཁུར་བཞེས་ཡོད་པ་དང་། བཙན་བྱོལ་ནང་ཕེབས་རྗེས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་པ་འདི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་སོགས་དྲན་སྐུལ་མཛད་ཡོད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་གཞིས་བྱེས་ལྷ་མི་ཟུང་འབྲེལ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་ལྟར། འདིའི་ཐོག་འཁོན་རིགས་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་འཇམ་མགོན་རྒྱལ་བའི་༸རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། ཏཱའི་སི་ཏུ་རིན་པོ་ཆེ་མཆོག སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་བཅས་ཆེད་ཕེབས་གནང་འདུག་པ་མ་ཟད། བོད་མི་གནས་ཡུལ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་སྲི་ཞུ་བ། མང་ཚོགས་བཅས་སྟོང་ཕྲག་ལྷག་ཕེབས་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་དབུ་འཛུགས།

དེ་རིང་ཟླ་ ༥ ཚེས་ ༡༥ ཉིན་སྔ་ཐོག་དྷ་སྟེང་བོད་ཁྱིམ་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་ཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་དབུ་འཛུགས་གནང་སོང་།ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༢༢ ཡོད་པ་ལས་ ༡༨ ནས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གཉིས་ཀྱི་རིང་ཚོགས་དུས་ཐོག་གཙོ་བོ་ཡོ་རོབ་དང་རྒྱ་ནག་དབར་གྱི་ད་ལྟའི་འབྲེལ་བ་དང་ཨ་རི་དང་རྒྱ་ནག་གཉིས་ཀྱི་ད་ལྟའི་ལབྲེལ་བ། དེ་བཞིན་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནས་བབས་བཅས་ཀྱི་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་ཐད་བཀའ་བསྡུར་གནང་གི་ཡོད་པ་རེད།གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་ད་རེས་ཀྱི་ཚོགས་འདུའི་ཐོག་སྐུ་འདས་གྲོངས་སུ་གྱུར་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་མཆོག་གི་སྐུ་ཚབ་ཏུ་ཚོགས་མི་བསྐོ་གཞག་གནང་འཆར་ཡོད་མེད་དང་། བོད་མིའི་ངོས་ནས་དེ་སྔ་འབྲེལ་མོལ་ཐེངས་ ༨ སྐབས་སུ་རྒྱ་ནག་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་འགྱུར་བ་གཏང་སྲིད་མིན་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ད་ལྟའི་ཆར་ཚོགས་མི་གསར་པ་བསྐོར་གཞག་གནང་རྒྱུའི་འཆར་གཞི་གང་ཡང་མེད་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་འགྱུར་བ་གང་གནང་མེད་པ་ལྟར་དེར་གཞི་འཛིན་ཐོག་རྒྱ་ནག་དང་ལྷན་དུ་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།གཞི་རྩའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཐབས་སུ་ཕྱོགས་གཉིས་དབར་འབྲེལ་བ་དགོས་རྒྱུ་གལ་ཆེན་པོ་ཞིག་ཏུ་གཟིགས་ཏེ་ཕྱི་ལོ་ ༡༩༩༨ ལོར་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཡང་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་སོན་མེད་པ་མ་ཟད། འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀྱང་ལས་གནས་ནས་དགོངས་ཞུ་གནང་རྗེས་ད་བར་འབྲེལ་མོལ་བསྐྱར་མཐུད་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད། འོན་ཀྱང་སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་རྒྱུ་དེ་གནད་དོན་གཙོ་གྲས་ཤིག་ལ་ངོས་འཛིན་བཞིན་ཡོད་པ་དང་བོད་མིའི་ཕྱོགས་ནས་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་དུས་དང་ས་གནས་གང་ཞིག་ཏུ་གནང་ཡང་གྲ་སྒྲིག་ཨང་སར་ཡོད་སྐོར་གསུངས་ཡོད་པ་རེད།

Latest news