Tibetan Royal Year of 2151 | Year of the Wood Dragon

བོད།

ཞི་ཅིན་ཕིང་ལ་ངོ་རྒོལ་གྱིས་ཕ་རན་སིར་སྣེ་ལེན།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་ནང་གི་གཞུང་འབྲེལ་ལས་དོན་གྲུབ་རྗེས་ཕ་རན་སི་རྒྱལ་ཁབ་ནང་ཁ་སང་འབྱོར་ཡོད་པ་དང་བསྟུན། ཁུལ་དེར་ཡོད་པའི་ས་གནས་བོད་རིགས་ཚོགས་པས་རྐང་འགན་བཞེས་ཐོག་ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཡུ་གུར་བ། ཝེ་ཏི་ནམ་བཅས་ཀྱི་མང་ཚོགས་ཚོས་ཞི་ཅིན་ཕིང་ལ་ངོ་རྒོལ་དང་སྐྱོན་བརྗོད་ཀྱིས་ཁོ་པར་སྣེ་ལེན་ཞུས་འདུག སྐབས་དེར་ལས་འགུལ་བ་རྣམས་ནས་རྒྱལ་ས་པེ་རིས་ནང་རྟེན་གཞི་བྱས་པའི་ Trocadero ཐང་ཆེན་དུ་འདུ་འཛོམས་ཀྱིས་བོད་མི་ལས་འགུལ་བ་ཚོས་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ནང་དུ་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་བ་དང་། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་མི་དམར་གསོད་བཏང་དང་གཏོང་པའི་དངོས་ཡོད་གནས་སྟངས་མཚོན་པའི་གཏམ་བརྗོད་ཀྱི་ལམ་ནས་གསལ་བཏོན་བྱས་འདུགརྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོ་རོབ་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་སྐྱོད་བྱས་པའི་དམིགས་དོན་གཙོ་བོ་གཅིག་ནི་ཞི་ཡི་ངོས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གོ་ལའི་ཚོང་དོན་གྱི་ལས་གཞི་ཐོག་ཡོ་རོབ་མཐུན་ཚོགས་དང་ཡོ་རོབ་རྒྱལ་ཁབ་ཁག་གི་ངོས་ལེན་དང་གན་རྒྱ་འཇོག་ཐོབ་ཕྱིར་ཡིན་པ་དང་། ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེའི་ཐོག་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིས་ལས་འཆར་དེའི་ཐོག་རྒྱབ་སྐྱོར་གྱིས་རྒྱ་ནག་དང་ལྷན་དུ་གན་རྒྱ་བཞག་ཡོད་པ་དང་། དེ་ནི་ཨ་རི་དང་ཁེ་ན་ཌ། ཕ་རན་སི། འཇར་མན། ཨི་ཊ་ལི། ཉི་ཧོང་། དེ་བཞིན་དབྱིན་ཡུལ་བཅས་ G7 ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁོངས་ནས་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།ད་རེས་ཀྱི་གནད་དོན་འདིས་ཨ་རི་དང་ཡོ་རོབ་མཐུན་ཚོགས་ནས་ཨེ་ཤ་ཡའི་དཔལ་འབྱོར་དབང་སྒྱུར་གྱི་འཐབ་རྩོད་ལ་གདོང་ལེན་བྱ་རྒྱུར་དངངས་སྐྲག་གི་མེ་ཚག་ཞིག་སྤར་ཡོད་པ་བརྒྱུད་ལམ་ཁག་ཏུ་གསལ་འདུགའདི་ག་རླུང་འཕྲིན་ཁང་ནས་གནད་དོན་འདིའི་ཐོག་སུད་སི་བཅར་བཞུགས་༸གོང་ས་མཆོག་གིས་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་སུ་གཟིགས་ཚུལ་ཇི་བྱུང་ཐོག་བཀའ་འདྲི་ཞུས་པར་ད་ལྟའི་ཆར་ཡོ་རོབ་ནང་དེ་སྔ་དང་མི་འདྲ་བར་རྒྱ་ནག་ལ་ལྟ་ཕྱོགས་ཀྱི་རྣམ་པ་ཆེས་འགྱུར་ཡོད་སྟབས་ཨི་ཊ་ལི་དང་ལྷན་བཞག་པའི་གན་རྒྱ་འདིས་ཡོ་རོབ་རྒྱལ་ཁབ་གཞན་དང་ཡོ་རོབ་མཐུན་ཚོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཁག་པོ་རེད་ཅེས་གསུངས་ཡོད།སྤྱིར་ད་རེས་སྲིད་འཛིན་ཞི་ཅིན་ཕིང་དང་ཕ་རན་སིའི་སྲིད་འཛིན་ Emmanuel Macron ལགས་གཉིས་དབར་མཇལ་མོལ་གནང་ཡོད་པ་དང་བསྟུན་ཁུལ་དེར་ཡོད་པའི་ཕ་རན་སི་བོད་རིགས་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ། མདོ་སྨད་དང་དབུ་གཙང་ཚོགས་པ། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཚོགས་པ་དྲུག་མཉམ་རུབ་ཀྱིས་ཕ་རན་སིའི་སྲིད་འཛིན་མཆོག་ལ་ཐེངས་འདིའི་མཇལ་མོལ་སྐབས་སུ་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་བཀའ་མོལ་གནང་སྐྱོང་ཡོང་བའི་ཞུ་སྙན་ཞིག་ཕུལ་བ་འདུག་པ་མ་ཟད། ཁ་སང་བོད་པའི་ཚོགས་སྐྱིད་ཁག་མཉམ་སྦྲེལ་གྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་ནང་ཕ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Jacqueline Eustache Brinio ལགས་ཀྱིས་གཙོས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡུ་གུར་དང་ཝེ་ཏི་ནམ་སོགས་ཚོགས་པ་ཁག་གི་སྐུ་ཚབ་ནས་ཁོ་པར་ངོ་རྒོལ་དང་སྐྱོན་བརྗོད་གནང་བ་དང་སྦྲགས། བོད་མིའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་སྤེལ་བ་དང་བོད་མི་ལས་འགུལ་བ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་དང་ལག་ཏུ་བསྣམས་ཏེ་བྱང་ཆུབ་སེམས་མཆོག་བསྔོ་སྨོན་གསུང་དོན། བོད་ནི་དེ་སྔ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་དབུ་མའི་ལམ་ནི་བོད་རྒྱ་གཉིས་ཕན་གྱི་མཐའ་མའི་ཐབས་ལམ་ཡིན། བོད་ལ་རང་དབང་དགོས། བོད་མིར་ཐོབ་ཐང་དགོས། བོད་ཡོངས་ལ་ཆིག་སྒྲིལ་གྱི་རང་སྐྱོང་ཚད་ལྡན་ཞིག་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་པའི་ཐོག་ནས་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།རྩ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ད་རེས་ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་ཁ་སང་ཕྱི་ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་གྱི་རིང་ཕྱོགས་སྐྱོད་བྱེད་ཀྱི་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༥ ཉིན་ཕ་རན་སིའི་རྒྱལ་ས་པེ་རིས་ལ་ཞི་ཅིན་ཕིང་དང་ཕ་རན་སིའི་སྲིད་འཛིན་གཉིས་དབར་གཞུང་འབྲེལ་ངོ་ཐུག་བྱས་ཡོད་པ་རེད། ཞི་ཅིན་ཕིང་གིས་བརྒྱུད་ལམ་ཐོག་ད་རེས་ཕ་རན་སི་རྒྱལ་ཁབ་ཀྱི་ངོས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ཐོག་རྒྱབ་སྐྱོར་ཡོང་བའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་འདུག་ཀྱང་། གནད་དོན་དེའི་ཐོག་ཕ་རན་སི་ནས་ད་ལྟའི་རྒྱ་ནག་དང་ལྷན་དུ་ཚོང་དོན་མ་འཇོག་གི་འབྲེལ་མོལ་ཙམ་ལས་གནད་དོན་གཞན་ཐོག་གན་རྒྱ་འཇོག་རྒྱུའི་འཆར་གཞི་མེད་པ་དང་། སྲིད་འཛིན་ EmmanuelMacron མཆོག་གིས་ཡོ་རོབ་མཐུན་ཚོགས་མཉམ་རུབ་ཀྱིས་རྒྱ་ནག་གོ་ལ་ཁྱོན་ཡོངས་ལ་ཤུགས་རྐྱེན་གྱི་དམིགས་འདུན་ལ་གདོང་ལེན་གྱི་ནུས་པ་མཉམ་སྤུངས་དགོས་གལ་ཡིན་པར་བརྗོད་འདུག

རྒྱལ་སྤྱིའི་ཆུའི་ཉིན་མོར་བོད་མཐོ་སྒང་གི་གཙང་ཆུ་དང་འབྲེལ་བའི་གཏམ་བཤད།

ཁ་སང་ཟླ་ ༣ ཚེས་ ༢༢ ཉིན་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་བོད་ཀྱི་འགྲེམས་སྟོན་ཁང་གིས་གོ་སྒྲིག་འོག་འཛམ་གླིང་ཆུའི་ཉིན་མོ་དང་བོད་ཀྱི་གལ་གནད་ཞེས་པའི་བརྗོད་གཞིའི་ཐོག་རྩོམ་པ་པོ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ Michael Buckley ལགས་ཀྱིས་བོད་མཐོ་སྒང་གི་ཆུ་བོའི་གལ་གནད་དང་རྒྱ་ནག་གི་ཁོར་ཡུག་གཏོར་བཅོམ་སོགས་ཀྱི་ཐད་ནས་གཏམ་བཤད་གནང་སོང་།སྐབས་དེར་ཁོང་གིས་པར་རིས་བརྙན་སྟོན་བརྒྱུད་ནས་བོད་མཐོ་སྒང་གི་ས་བཀྲ་དང་། བོད་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཞུར་བཞིན་པའི་བོད་ཀྱི་གཙང་ཆུ་ཁག་གི་འགོ་ཁུངས་དང་ཆུ་བོའི་ཡན་ལག་སོགས་ངོ་སྤྲོད་བྱས་ཏེ། དེ་རིང་གི་འཛམ་གླིང་འདིར་བོད་མཐོ་སྒང་ནི་འཛམ་གླིང་འདིའི་སྟེང་གི་སྣེ་གསུམ་པ་ཡིན་པ་ཟད་བོད་ཀྱི་ས་ཁུངས་ནས་ཆད་ཡོང་བའི་གཙང་ཆུ་ཁག་ནི་འཛམ་གླིང་གི་ལྷོ་བྱང་གཉིས་ཀྱི་འཁྱགས་རོམ་ལས་ལྷག་པའི་འཐུང་ཆུའི་འགོ་ཁུངས་གལ་ཆེན་ཞིག་ཡིན་པར་ངོ་སྤྲོད་གནང་ནས་བོད་ཀྱི་རྒྱུག་ཆུ་ཁག་གི་བཞུར་རྒྱུན་གྱིས་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་ལྷག་གི་འགྲོ་བ་ཡོངས་ཀྱི་ཚེ་སྲོག་དང་འབྲེལ་བའི་གནད་དོན་ཡིན་པར་གསལ་བཤད་དང་སྦྲགས། ད་ཆ་རྒྱ་ནག་གི་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན། དེ་བཞིན་ཆུ་མཛོད་གསར་རྒྱག་སོགས་ཀྱིས་བོད་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ལ་གཏོར་བཅོམ་གཏོང་གི་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་འཐུང་ཆུའི་དཀའ་ངལ་སོགས་ཀྱི་འཇིགས་སྣང་སྐྲུན་བཞིན་ཡོད་པར་གསལ་བཤད་གནང་ཡོད།ཁོང་གིས་རྒྱ་ནག་གིས་བོད་ཁུལ་དུ་བཟོ་ལས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་དང་གཏེར་ཁ་སྔོག་འདོན་གྱི་གད་སྙིགས་མང་དག་ཅིག་གཙང་ཆུ་ཁག་ཏུ་གཡུག་བཞིན་པར་བརྟེན། བོད་མཐོ་སྒང་གི་ཕྱུགས་ཟོག་མང་པོ་ཤི་བཞིན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་གྱི་ཐད་ལ་ཡང་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་ཆགས་ཡོད་པར་བརྗོད་དེ་རྒྱ་ནག་གིས་བོད་མཐོ་སྒང་གི་འབྲོག་ཁྱིམ་མང་པོ་བཙན་དབང་གིས་གནས་སྤོར་དུ་བཅུག་ནས་ས་ཆ་མང་པོ་སྲིད་གཞུང་གི་སྒེར་བདག་རང་བཞིན་གྱི་སྐྱེད་མོས་ཚལ་དུ་སྒྱུར་བཞིན་པར་མངོན་གསལ་གནང་བ་དང་ཆབས་ཅིག་ཏུ་མཚོ་སྔོན་ཁུལ་དུ་ས་ཁྱོན་བརྒྱ་ཆ་ ༥༠ ལྷག་གཞུང་གིས་གླིང་ཁར་བསྒྱུར་ཡོད་པར་གསུངས་ཡོད། རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་ནང་ཆུ་སྲུང་སྐྱོབ་དང་ཆུའི་གལ་གནད་ལ་དོ་སྣང་ཡོང་ཐབས་སུ་ཕྱི་ལོ་ ༡༩༩༣ ཕྱི་ཟླ་ ༣ ཚེས་ ༢༢ ཉིན་མོར་འཛམ་གླིང་ཆུའི་ཉིན་མོ་ཞེས་གཏན་འབེབས་གནང་དོན་ལྟར་ལོ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཇི་ནི་ཝའི་ནང་འཚོགས་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པ་དང་བསྟུན་རྒྱ་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་དུ་ཐབས་བརྒྱ་ཇུས་གཏོང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་པའི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་།དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༤༠ པའི་ཉིན་མཐའ་མ་དང་བསྟུན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་ཇི་ནི་ཝའི་རྒྱལ་ཚོགས་མདུན་གྱི་ལས་འགུལ་ཐང་ཆེན་དུ་སུད་སི་ནང་གི་ས་གནས་ཁག་འདྲ་མིན་གི་བོད་མི་མང་ཚོགས་དང་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཀྱིས་རྒྱལ་གཅེས་པ་འདས་གསོན་རྣམས་ལ་མྱ་ངན་གུས་འདུད་ཀྱི་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ། ལས་འགུལ་བ་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་རྒྱ་གཞུང་ནས་བོད་དུ་འགྲོ་བ་མིའི་ཐོབ་རྡོག་རོལ་དང་བོད་མི་དམར་གསོད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པ་དང་། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་ཆབ་སྲིདབཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་རྒྱལ་ཚོགས་ནས་བོད་མིར་དྲང་བདེན་གནང་དགོས་པའི་དགོས་འདུན་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།སྐབས་དེར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ནོར་བུ་མཚམས་རྡོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པ་པ་དང་། བོད་མིའི་ཐོབ་ཐང་གི་ཆེད་རྒྱབ་སྐྱོར་གནང་བ་འདི་ནི་རྒྱལ་སྤྱིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་རྒྱབ་སྐྱོར་གནང་བ་དང་གཅིག་མཚུངས་རེད་ཅེས་གསུངས་ཡོད།ལས་འགུལ་འདིའི་ཁྲོད་རྒྱལ་ཚོགས་སུ་ཞུ་སྙན་ཞིག་ཕུལ་སོང་བ་དང་། དེའི་ནང་རྒྱ་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ནང་ཐབས་བརྒྱ་ཇུས་གཏོང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་པ་དང་རྒྱ་གཞུང་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་དགོས་པ། རྒྱ་གཞུང་གིས་འདི་ལོའི་དུས་བཀག་བསྐྱར་ཞིབ་ཐོག་རྒྱལ་ཚོགས་ལ་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་བཏོན་མེད་སྐོར་སོགས་དོན་ཚན་གསུམ་ཅན་གྱི་ཞུ་སྙན་ཞིག་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet ལགས་ཀྱི་མཚན་ཐོག་ཏུ་ཕུལ་ཡོད་པ་རེད། རྩ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པ་དེ་རིང་མཇུག་སྒྲིལ་གནང་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་སྐོར་རྒྱལ་ཚོགས་སུ་བསྐྱར་ནན་གྱིས་སྙན་གསེང་དང་། རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་ཆ་ཤས་བཞེས་ཕྱོགས་ལ་སྐྱོན་བརྗོད། དེ་བཞིན་རྒྱལ་ཚོགས་ནས་བོད་ནང་དམིགས་བསལ་རྟོག་ཞིབ་མིསྣ་ཆེད་གཏོང་གནང་རྒྱུ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་རྒྱུར་རྒྱ་གཞུང་ལ་ཕྱོགས་གང་ས་ནས་ཤུགས་སྣོན་གནང་གནད་ཡིན་པའི་རེ་འདུན་ཤུགས་ཆེ་གནང་ཡོད་པ་རེད།

ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་དང་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་གྲོས་འཆར་ཆེད་བཏོན།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་གྲོས་ཆོད་གྲོས་འཆར་ཆེད་བཏོན་གནང་འདུག དེ་ཡང་ Canada Tibet Committee འམ་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁ་སང་ཁེ་ན་ཌ་གྲོས་ཚོགས་གོང་མའི་ནང་ Ontario ས་གནས་ཀྱི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ཀྱིས་ཁེ་ན་ཌ་གཞུང་ལ་འབོད་སྐུལ་གྱི་གྲོས་འཆར་ཞིག་བསྣམས་ཏེ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ། བོད་མིའི་སྐད་ཡིག་དང་རིག་གཞུང་། འགྲུལ་སྐྱོད། བསམ་བློ། ཆོས་དད་རང་དབང་ལ་གུས་བརྩི། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་པ་དང་བོད་མི་གང་བྱུང་དུ་འཛིན་བཟུང་མཚམས་འཇོག་དགོས་པ། ལྷག་པར་དུ་ཁེ་ན་ཌའི་མི་སེར་རྣམས་ལ་བོད་ནང་བཀག་སྡོམ་མེད་པར་འདྲ་མཉམ་འགྲུལ་སྐྱོད་ཀྱི་རང་དབང་དགོས་པའི་གནད་དོན་བཅས་ཀྱི་ཐོག་ཁེ་ན་ཌ་གཞུང་གིས་རྒྱབ་སྐྱོར་ཡོད་པའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་གནང་འདུག རྩ་བའི་སྐུ་ཞབས་ Thanh Hai Ngo ལགས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་དང་ལོ་མང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། ཁོང་ནས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཡུལ་དེའི་སྲིད་བློན་ Trudeau མཆོག་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བསྟུན། གྲོས་ཚོགས་འཐུས་མི་སྐུ་ཞབས་ Dennis Glen Patterson ལགས་ཀྱིས་སྣེ་ཁྲིད་འོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་དང་ལྷན་དུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང། བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས། དེ་བཞིན་སྨན་པ་ཡེ་ཤེས་ཆོས་སྒྲོན་ལགས་གསུམ་གྱིས་དབུས་པའི་བོད་ནང་བོད་མི་ཆབ་སྲིད་བཙོན་པའི་གནས་སྟངས་ཐོག་རྟོག་ཞིབ་ཀྱི་ལས་དོན་དབུ་འཛུགས་གནང་མྱོང་ཡོད་པ་རེད།

ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་བ།

ཉེ་ལམ་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་ཁུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kevin Mileham མཆོག་གིས་ཚོར་ཤུགས་ཆེན་པོའི་ཐོག་ནས་རྒྱ་ནག་གི་སྐོར་གསུང་བཤད་གནང་སྐབས་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་བ་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་དཀའ་ངལ་དེ་ལྷོ་ཨ་ཕི་རི་ཀ་རང་གི་མི་རིགས་ཚོས་སེལ་དགོས་པ་ལས་དེ་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུ་ནས་སེལ་རྒྱུ་མེད་ཅེས་གསུངས་སོང་། སྐུ་ཞབས་ Kevin མཆོག་གིས་གྲོས་ཚོགས་སུ་རྒྱ་ནག་ནི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང། ང་ཚོོས་རྒྱ་ནག་ནས་སློབ་སྦྱོང་གནང་རྒྱུ་མང་པོ་ཡོད་ཀྱང། ངེས་པར་དུ་རྒྱ་ནག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་དག་གི་འབྲེལ་ལམ་ཐད་ནོར་འཁྲུལ་གང་བྱུང་བ་དེར་ཐུགས་སྣང་གནང་དགོས་པ་དང་། འདས་པའི་ལོ་བཅུའི་ནང་རྒྱ་གཞུང་ནས་དབུལ་ཕོངས་མེད་པ་བཟོ་རྒྱུར་འབད་ཀྱང་། ཉེ་ཆར་ང་ཚོ་རྒྱ་ནག་གྲོང་གསེབ་ཁུལ་དུ་བསྐྱོད་སྐབས་མི་མང་པོ་ཞིག་དབུལ་ཕོངས་ཀྱི་གནས་བབས་ཐོག་གནས་ཡོད་པ་མཐོང་རྒྱུ་འདུག་པས་རྒྱ་ནག་ནང་དབུལ་ཕྱུག་དབར་བར་ཁྱད་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག ཁོང་གིས་རྒྱ་གཞུང་གིས་ས་གནས་གང་སར་དམ་དྲག་ཇེ་ཆེར་བཏང་ནས་གདོང་རིས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་དང།   ས་གནས་གང་སར་བསྐྱོད་མི་ཆོག་པའི་བཀག་སྡོམ། དེ་བཞིན་ཕྱི་རྒྱལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སེར་རྣམས་བོད་ནང་ཕེབས་སྐབས་རྒྱ་རིགས་ལམ་སྟོན་པ་གཅིག་ངེས་པར་དུ་མཉམ་དུ་བཏང་ཏེ་འགྲེལ་བརྗོད་གནང་ཡོད་པ་དང་རྒྱ་གཞུང་གིས་རྒྱའི་མངའ་ཁོངས་སུ་ཡོད་པའི་མི་རིགས་དག་གི་གཞུང་འཛིན་ལ་རང་སྐྱོང་ལྗོངས་ཟེར་ནས་མིང་བཏགས་ཀྱང་དོན་དངོས་ཐོག་རྒྱ་གཞུང་གིས་བཏང་འཛིན་བྱེད་ཀྱི་ཡོད་པ་དང་འབྲེལ། དེའི་ཁོངས་སུ་བོད་ཚུད་ཡོད་སྟབས་བོད་ལྟ་བུར་ཆ་མཚོན་ན་དེ་སྔ་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང། ཕྱི་ལོ་ ༡༩༤༩༌༡༩༥༠ ལོར་རྒྱས་བོད་དུ་བཙན་འཛུལ་བྱས་ཡོད་སྐོར་དང། བོད་ཀྱི་རིག་གཞུང་། ངོ་བོ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སོགས་ལ་རྒྱལ་སྤྱིའི་ཚོགས་པ་ནས་བློ་ཚབ་གནང་དགོས་པ་ཞིག་ཆགས་ཡོད་པ་གསུངས་འདུག དེ་བཞིན་ལྷོ་ཨ་ཕི་རི་ཀའི་ངོས་ནས་རྒྱ་ནག་གིས་གནོན་ཤུགས་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྱིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་༸ཞབས་སོར་འཁོད་པར་མཐོང་མཆན་ཕུལ་མེད་སྐོར་དང། ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་དཀའ་ངལ་དེ་ལྷོ་ཨ་ཕི་རི་ཀ་རང་གི་མི་རིགས་ཚོས་སེལ་དགོས་པ་ལས་དེ་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུ་ནས་སེལ་རྒྱུ་མེད་ཅེས་གསུངས་སོང་། གཞི་རྩའི་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་དབང་ཤུགས་འོག་དཔལ་འབྱོར་གྱི་དཀའ་ངལ་འོག་ལྷུང་བའི་རྒྱལ་ཁབ་མང་པོ་ཞིག་ནས་རྒྱ་ནག་དང་ལག་སྦྲེལ་བྱས་པ་དང།  ལྷོ་ཨ་ཕི་ར་ཀར་ཆ་མཚོན་ན་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་ཐེངས་གསུམ་བསྐྱངས་མྱོང་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་གནོན་ཤུགས་འོག་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱང་སླད་མཐོང་མཆན་ཕུལ་མེད་པ་རེད།

རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་གྲུབ་དོན་སྙན་ཐོར་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཆེད་བཏོན།  

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པ་འཚོགས་པའི་ཐོག་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་གྲུབ་དོན་སྙན་ཐོར་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཤུགས་ཆེ་བཏོན་ཡོད་པ་རེད།སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་འདུའི་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཟིན་པའི་གྲུབ་དོན་སྙན་ཐོར་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་རྒྱལ་ཁབ་ཁག་གི་དགོངས་འཆར་དང་བགྲོ་གླེང་གི་ཚོགས་དུས་སྐབསསུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང། Helsinki Foundation དང་།  Society  for Threaten People སོགས་རྒྱལ་སྤྱིིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཆེད་བཏོན་གནང་སོང། སྐབས་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པའི་སྐུ་ཚབ་སྐུ་ཞབས་ John Fisher ལགས་ཀྱིས་ད་ལན་རྒྱ་ནག་གཞུང་གིས་དུས་བཀག་བསྐྱར་ཞིབ་ཐོག་ཆ་ཤས་དེ་ཙམ་ལེན་པདང། རྒྱ་ནག་རང་ཉིད་ཀྱི་སྙན་ཐོར་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་མུ་མཐུན་ཐོབ་རྒྱུར་འབད་བརྩོན་གང་ཐུབ་བྱས་ཡོད་པར་བསྔགས་བརྗོད་ཡོད་ཅེས་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོར་ཟུར་ཟ་གནང་བ་མ་ཟད། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་ཁག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོད་ལུགས་ཆེ་བསྟོད་ཞུས་ཡོད་པ་ལུང་འདྲེན་དང་འབྲེལ་ཏེ། དོན་དངོས་ཐོག་རྒྱ་ནག་ནང་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་ལ་མོས་མཐུན་མེད་མཁན་ཚོར་དྲག་གནོན་ལག་བསྟར་བྱེད་མུས་ཡིན་སྐོར་གསུངས་སོང་།ཁོང་གིས་རྒྱ་ནག་གཞུང་གིས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལེའུ་ཞའོ་པའོ་ལགས་དང། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་མཚོན་པའི་ད་བར་རྒྱ་གཞུང་གི་དྲག་གནོན་འོག་འདས་གྲོངས་ཕྱིན་པ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཐོག་རྒྱལ་ཚོགས་ལ་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་སྤྲད་མེད་སྐོར་ལུང་འདྲེན་དང་སྦྲགས། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་རྒྱ་ནག་ནང་ཁྲིམས་ཀྱིས་མང་ཚོགས་ལ་སྲུང་སྐྱོབ་དང་ཁེ་ཕན་བསྐྲུན་རྒྱུ་ལས་ལྡོག་ནས་མང་ཚོགས་ཐོག་དྲག་གནོན་དང་དམ་དྲག་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་གནང་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ KaiMuller ལགས་ཀྱིས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation མཚན་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོར་བོད་ནང་གི་བོད་མི་ཚོར་རང་དབང་ཐོག་ནས་ཆ་ཤས་བླང་རྒྱུའི་གོ་སྐབས་ཐོབ་མེད་མ་ཟད། ཁུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་མང་ཚོགས་ཚོའི་བསམ་ཚུལ་ཁག་རྒྱ་ནག་གཞུང་གི་སྙན་ཐོའི་ནང་བཅུག་མེད་པར་ཐེར་འདོན་གནང་བ་དང། ལྷག་པར་དུ་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འདིར་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་འགྱུར་བ་གཏང་རྒྱུའི་མདུན་པ་མེད་པར་བློ་འཚབ་ཡོད་ཅེས་སྙན་སེང་ཞུས་པ་དང་ཆབས་ཅིག རྒྱ་གཞུང་གིས་བྱ་སྤྱོད་དེ་བོད་མི་ཙམ་མིན་པར་རྒྱལ་སྤྱིའི་ཁྲིམས་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་གི་རིན་ཐང་མེད་པ་བཟོ་ཡི་ཡོད་ཅེས་ནན་གསུངས་གནང་སོང། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པའི་སྙན་ཐོ་རིམ་པ་ཆེད་བཏོན་གནང་ཡོད་པ་དང། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༡༥༠ ལྷག་གིས་རྒྱ་ནག་གིས་བོད་མི་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་མིར་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་རང་དབང་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང། རྒྱ་ནག་གཞུང་གིས་དེ་དག་ངོས་ལེན་བྱ་རྒྱུ་ལས་ལྡོག་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང། ཐེངས་འདིའི་དུས་བཀག་བསྐྱར་ཞིབ་འགྲོ་ལུགས། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་བཅས་ལ་ཁ་གཏད་བཅོག་གི་ཡོད་ཅེས་གསུངས་སོང་།ཚོགས་འདུ་འདིའི་ཐོག་སླར་ཡང་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་ཚོགས་པ་བོད་ནང་བསྐྱོད་རྒྱུར་འདོད་པ་མེད་པའི་རྣམ་པ་ཆེད་བཏོན་བྱས་ཡོད་སྟབས། རྒྱལ་ཚོགས་ཀྱི་ངོས་ནས་བོད་གཙོས་པའི་རྒྱ་ནག་མངའ་འོག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞན་པའི་ས་ཁུལ་དུ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་ཆེད་སྐྱོད་ཐུབ་རྒྱུར་ཤུགས་གནོན་བརྒྱབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ལྷན་ཚོགས་ཐོག་ Society  for Threaten People ཚོགས་པའི་མཚན་ཐོག་ནས་སུད་སི་དོན་ཁང་གི་འབྲེལ་ཡོད་ལས་བྱེད་དཀོན་མཆོག་གཡག་ལྷ་ལགས་ཀྱིས་དེ་སྔོན་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་རྒྱལ་ཚོགས་སུ་ཕུལ་བར་ཐོག་མར་ངེས་ལེན་གྱིས་རྒྱལ་ཚོགས་ཀྱི་དྲྭ་ཐོག་ཏུ་བཞག་ཡོད་ཀྱང། ཕྱིས་སུ་བོད་དོན་དང་འབྲེལ་བའི་སྙན་ཐོག་ཕྱིར་ཐེན་གནང་བའི་གནད་དོན་དང་འབྲེལ་རྒྱལ་ཚོགས་སུ་གླེང་སློང་གནང་ནས་རྒྱལ་ཚོགས་ཀྱི་འགྲོ་ལུགས་ནང་འཁོད་པ་བཞིན་མ་འོངས་པར་ཚོགས་སྡེ་ཁག་ནས་རྒྱལ་ཚོགས་སུ་སྙན་ཐོ་དབུལ་རྒྱུ་བརྒྱུད་ལམ་ཁག་ཁ་གསལ་དགོས་སྐོར་གསུངས་ཡོད།

རྒྱ་གཞུང་གིས་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་གོ་སྐབས་དེ་དམ་འཛིན་བྱེད་དགོས།

བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་འདི་ལོ་ལོ་༦༠ འཁོར་གྱི་ཡོད་པའི་དུས་ཚིགས་དང་བསྟུན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་བསམ་བཞིན་དུ་༸གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་ཡོད་པའི་བསྙོན་འཛུགས་བྱེད་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་ཙམ་མ་ཟད། གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་བརྟན་བརླིང་དང་། བོད་ཀྱི་གནད་དོན་སེལ་རྒྱུའི་དགོངས་པ་བཞེས་ཀྱིན་ཡོད་ན།   ༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་གོ་སྐབས་དེ་དམ་འཛིན་བྱེད་དགོས་ཀྱི་ཡོད་པའི་འགྲེལ་བརྗོད་གནང་སོང་། དེའང་འདི་ལོ་ནི་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་དང་སྦྲགས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་ལོ་ཚིགས་ཤིག་ཆགས་ཀྱི་ཡོད་ཀྱང། རྒྱ་ནག་གཞུང་དང་ལྷག་པར་བོད་རང་སྐྱོང་ལྗོངས་ས་གནས་གཞུང་ནས་ལོ་ཚིགས་དེ་ནི་རྒྱ་ནག་གིས་བོད་ལ་མང་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༦༠ འཁོར་བའི་དུས་དྲན་དུ་སྲུང་བརྩི་ཞུས་པ་མ་ཟད། བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་ཟླ་བ་འདིའི་ཚེས་ ༩ ནས་ ༡༤ བར་ལྗོངས་ཡོངས་ཀྱི་མི་རིགས་དང་ལས་རིགས་ཁག་གི་མི་སྣས་ཏཱ་ལའི་སྐུ་ཕྲེང་ ༡༤ པ་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་དཔྱད་གཏམ་རིམ་པ་ལྔ་ཙམ་བཏོན་གནང་འདུག དཔྱད་གཏམ་དེ་དག་ནང་གཙོ་བོ་༸གོང་ས་མཆོག་ནི་བོད་རང་བཙན་ལྐོག་གཡོ་བཤམ་མཁན་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁག་གི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་སྲོལ་འཛུགས་རྒྱུར་འགོག་རྐྱེན་བཟོ་མཁན་ཆེ་ཤོས། དེ་བཞིན་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་ཡིན་ཚུལ་བཅས་དོན་ཚན་གཙོ་བོ་ལྔའི་ཐོག་ནས་བསྙོན་འཛུགས་བྱས་པ་མ་ཟད། ༸གོང་ས་མཆོག་གིས་ད་བར་ལོ་ངོ་ ༦༠ ནང་བོད་རང་བཙན་གྱི་ལས་འགུལ་སྤེལ་མཚམས་འཇོག་མྱོང་མེད་པ་དང་། བོད་རང་བཙན་ལ་དམིགས་ནས་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་དབུ་མའི་ལམ་སོགས་ཁ་ལ་ཁྱེར་ནས་ཁ་བྲལ་རིང་ལུགས་ཀྱི་རྩ་འཛིན་འདོན་གྱི་ཡོད་ཚུལ་བརྗོད་འདུག འདི་ག་རླུང་འཕྲིན་ཁང་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས་སྤྱིར་དཔྱད་གཏམ་དེ་དག་གི་ནང་དོན་ཡོངས་རྫོགས་བསྐྱར་ཟློས་ཤ་སྟག་ཡིན་པ་དང་། དེའང་བོད་ཀྱི་གསུམ་བཅུའི་དུས་དྲན་དང་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་དུས་དྲན་སོགས་ཚོར་རྣོ་བའི་དུས་ཚིགས་ཁག་དང་བསྟུན་བོད་རང་སྐྱོང་ལྗོངས་ཀྱི་མང་ཚོགས་ལ་དམིགས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ། རྒྱ་གཞུང་གིས་དཔོན་རིགས་ཚོས་བོད་མིར་དྲག་གནོན་བྱས་པ་དེ་ལུགས་མཐུན་ཆགས་པའི་ཆེད་བསམ་བཞིན་དུ་༸གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་ཡོད་པའི་བསྙོན་འཛུགས་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་གནང་སོང་། ཁོང་གིས་ད་དུང་སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་རང་བཙན་ལ་རྒྱབ་སྐྱོར་དང་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་མང་དག་ཅིག་ཡོད་པ་དེ་ནི་མང་གཙོའི་སྤྱི་ཚོགས་ནང་ཡོང་ཆོག་པ་ཞིག་ཡིན་པ་དང་། ༸གོང་ས་མཆོག་ནས་ཀྱང་དེར་དུས་ནམ་ཡང་བཀག་སྡོམ་གནང་གི་མེད་པ་དེ་ལྟར་ཡང་། བོད་རང་བཙན་རྩོད་མཁན་དེ་དག་གི་རྒྱབ་ན་༸གོང་ས་མཆོག་ཡོད་སྐོར་བརྗོད་ན་འགྲིག་གི་མེད་སྐོར་གསུངས་བ་དང་ཆབས་ཅིག གནད་དོན་དེ་ལས་འཕྲོས་ཏེ་ཉེ་ལམ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་ཀྱི་གསུམ་བཅུའི་དུས་དྲན་སྐབས་གཏམ་བཤད་ཅིག་གནང་བའི་ཐོག་ལ་གསལ་བཤད་གནང་ཡོད་པ་རེད།དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་ད་དུང་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་དང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༦༠ འཁོར་བའི་གལ་ཆེའི་དུས་ཚིགས་དང་བསྟུན། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་ཐུགས་དགོངས་དང་ལྷག་བསམ་ལ་བདག་གཅེས་བྱེད་དགོས་པ་དང་། ༸གོང་ས་མཆོག་ལ་བསྙོན་འཛུགས་སོགས་ཕན་ཚུན་སྐྱོན་བརྗོད་བྱ་རྒྱུ་ཕར་བཞག་སྟེ་མགོན་པོ་གང་ཉིད་སྐུ་འཚོ་བཞུགས་ཡོད་པའི་གོ་སྐབས་དེ་དམ་འཛིན་གནང་དགོས་ཀྱི་ཡོད་པའི་ཞུ་སྐུལ་ནན་པོ་གནང་སོང་།    

བློ་གྲོས་རྒྱ་མཚོ་ལགས་སུ་ལོ་ ༡༨ དང་ཁོང་གི་བཟའ་ཟླར་ལོ་ ༢ ཀྱི་ཁྲིམས་ཐག་བཅད་འདུག

བོད་ཁམས་ནག་ཆུ་ས་ཁུལ་གྱི་སོག་རྫོང་ཚ་འབྲོག་ཡུལ་ཚོའི་སོག་ཁར་གྲོང་སྡེ་ཟེར་བ་ནས་ཡིན་པའི་རང་ལོ་ ༥༧ ལ་སོན་པའི་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཁེར་རྐྱང་གི་ཞི་རྒོལ་གནང་བ་དང་། དེ་བཞིན་ཁོང་དང་ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ནས་འདས་ལོར་བོད་ཀྱི་འཐབ་རྩོད་དང་འབྲེལ་ནས་བརྙན་ཐུང་ཞིག་བཟོས་པའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་ལ་ལོ་ ༡༨ དང་། བརྙན་ཐུང་བཟོ་མཁན་ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ལ་ལོ་ ༢ ཁྲིམས་ཐག་བཅད་འདུག དེ་ཡང་ཁ་ས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཁོང་རྣམ་གཉིས་ཀྱིས་བརྙན་ཐུང་དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་བཟོས་ནས་ཕྱིའི་གསར་འགྱུར་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་པ་དང་། རྒྱ་གཞུང་གིས་བློ་གྲོས་རྒྱ་མཚོ་ལགས་ལོ་ད་གའི་ཟླ་ ༡ པོའི་ནང་བཀག་སྐྱིལ་བྱས་འདུག་ཀྱང་ནང་མིར་བརྡ་ལན་ཙམ་ཡང་སྤྲད་མེད་པ་མ་ཟད། དགའ་སྐྱིད་ལགས་ཀྱང་བཀག་སྐྱིལ་ག་དུས་བྱས་མིན་སོགས་གསལ་པོ་མེད་པ་བཅས་ནང་མི་དང་སྤུན་མཆེད་རྣམ་པས་ཁོང་བཟའ་ཟླ་གཉིས་ཀྱི་གནས་སྟངས་སོགས་ཤེས་ཀྱི་མེད་པ་དང་། ཡང་སྒོས་ཁོང་གཉིས་ཐོག་གསང་བའི་ཁྲིམས་ཐག་བཅད་པ་དེ་ཡང་ལོ་ད་གའི་ཟླ་ ༡༡ ནང་མ་གཏོགས་ཐོན་མེད་པ་རེད་འདུགགཞི་རྩའི་སྐར་མ་ ༡ དང་སྐར་ཆག ༣༨ཅན་གྱི་བརྙན་ཐུང་དེའི་ནང་བློ་གྲོས་རྒྱ་མཚོ་ལགས་ཀྱིས་བོད་ཆས་སྤྲས་པའི་ཐོག་ནས་དཔའ་བོའི་ཐུབ་བསྟན་དངོས་སྒྲུབ་ལགས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་དག་ཅིག་གིས་བོད་ཀྱི་འཐབ་རྩོད་སླད་སྐུ་ལུས་མཆོད་མེར་ཕུལ་བ་དང་། རང་ཉིད་ནས་ཀྱང་མི་ལོ་ ༢༠ རིང་ལ་འཛམ་གླིང་ཞི་བདེའི་ཆེད་དུ་འབད་བརྩོན་བྱས་ཡོད་ལ། ད་རེས་དངོས་སུ་དེ་འབྲེལ་ལས་འགུལ་འགོ་འཛུགས་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་ཁོང་གཉིས་ལ་གསང་བའི་ཐོག་ཁྲིམས་ཐག་བཅད་པ་དང་། ད་ཆ་ཁོང་གཉིས་ཀྱི་གནས་སྟངས་སོགས་གསལ་པོ་མེད་པར་བློ་འཚབ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་ ༡༩ དང་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་ཡིག་དོན་ཚན་ ༡༩ གཉིས་ཀྱི་ནང་མི་ཚང་མར་བསམ་བརྗོད་རང་དབང་ཡོད་པ་གསལ་བ་དེར་རྒྱ་གཞུང་གིས་ཁས་ལེན་གཙང་མ་བྱས་པའི་ལུང་འདྲེན་དང་འབྲེལ། ཁོང་བཟའ་ཟླ་རྣམ་གཉིས་ཆ་རྐྱེན་མེད་པའི་ཐོག་ནས་འཕྲལ་མར་གློད་གྲོལ་དགོས་པ་དང་། ཁོང་གཉིས་ཁྲིམས་འགལ་བཙོན་འཇུག་མ་བྱས་པའི་གོང་གི་བརྒྱུད་རིམ་ཚང་མ་གསལ་བཤད་བྱེད་དགོས་པ། དེ་བཞིན་ཁོང་གཉིས་ཐོག་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ལག་བསྟར་བྱེད་མཁན་རྒྱ་རིགས་དཔོན་རིགས་ཚོའི་ནག་ཉེས་ཐེར་འདོན་བྱེད་དགོས་པ་གསུངས་འདུག རྩ་བའི་བློ་གྲོས་རྒྱ་མཚོ་ལགས་ཀྱིས་དེ་སྔ་རླངས་འཁོར་ཁ་ལོ་བ་ཞིག་བསད་པའི་ཉེས་འཛུགས་འོག་ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༠ ཉིན་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་མི་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་པ་དང་། བཙོན་ཁང་དུ་བཞུགས་པའི་སྐབས་བཙོན་པ་གཞན་དང་ལྷན་དུ་བཙོན་ར་ཁག་ནང་ཡིག་ཆ་བཀྲམས་པའི་ཐོག་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་བརྟན་པ་ཤོག་དང། བོད་རང་བཙན་ཡིན་ཞེས་འབོད་སྒྲ་སྒྲོག་ནས་ཞི་རྒོལ་བྱས་རྗེས། ཐོག་མར་ཁོང་ལ་སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས་ཀྱང་ཕྱི་ལོ་ ༡༩༩༥ ཟླ་ ༤ པའི་ནང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་གནོན་ཤུགས་ལ་བརྟེན་ནས་ཁོང་ལ་བཅད་པའི་སྲོག་ཁྲིམས་ཕྱིར་འགྱངས་བྱས་ཡོད་པ་རེད་འདུག  ཡིན་ནའང་རྒྱ་ནག་སྲིད་གཞུང་གིས་བློ་གྲོས་རྒྱ་མཚོ་ལགས་ལ་བཙོན་ཁང་དུ་རང་ཉིད་ལ་བཅོས་བསྒྱུར་མ་བྱས་པར་སྲིད་གཞུང་མགོ་རྟིང་སློག་རྩིས་བྱས་རྐྱེན། ཁོང་ལ་ལོ་༦ ཁ་སྣོན་གྱིས་ཁྱོན་མི་ལོ་༢༡ རིང་བཙོན་ནང་བཞུགས་མྱོང་ཡོད་པ་རེད།

ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དུ་འགྲོ་སྐྱོད་ཆོག་པའི་གྲོས་གཞི་འཇོག་དགོས་པ་གསུངས་འདུག

ཨ་རིའི་ངོས་ནས་བོད་དུ་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་གནང་ཡོད་པ་བཞིན་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་རང་རྒྱལ་གྱི་རིན་ཐང་སེམས་ལ་བཟུང་བའི་ཐོག་ནས་རྒྱ་ནག་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྙོམས་སྒྲིག་བྱས་ཏེ་རྒྱ་ནག་གི་མི་སེར་རྣམས་ཡོ་རོབ་ནང་རང་དབང་ངང་ཡོང་ཆོག་གི་ཡོད་པ་ལྟར། ཡོ་རོབ་གྱི་མི་སེར་རྣམས་ཀྱང་བོད་རང་དབང་ཐོག་འགྲུལ་སྐྱོད་གནང་ཐུབ་པའི་གནས་བབས་ཤིག་བསྐྲུན་རྒྱུའི་དུས་ལ་བབས་ཡོད་པ་གསུངས་འདུག ཁ་སང་ཡོ་རོབ་ཀྱི་གསར་ལམ་དུ་གནས་ཚུལ་ཐོན་པར་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཉི་ཤུ་ལྷག་གིས་གྲོས་གཞི་བཏོན་ཏེ་རྒྱ་ནག་གིས་ཡོ་རོབ་ཀྱི་མི་སེར་དང་གསར་འགོད་པ་སོགས་བོད་ནང་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་པ་མ་ཟད་རྒྱ་ནག་གི་གཞུང་ཞབས་མི་སྣ་ཡོ་རོབ་རྒྱལ་ཁབ་ཁག་ཏུ་ཆེད་གཏོང་གིས་བོད་དོན་དང་འབྲེལ་བའི་གནས་ཚུལ་འདྲ་མིན་ཐོག་རྒྱ་གཞུང་གི་ལངས་ཕྱོགས་དང་འབྲེལ་བའི་འཁྱོག་བརྗོད་དྲིལ་བསྒྲགས་སྤེལ་བཞིན་ཡོད་སྟབས། ལོ་ངོ་དྲུག་ཅུ་ལྷག་གི་བོད་ནང་གི་དཀའ་སྡུག་གི་གནས་སྟངས་དེ་ཡོ་རོབ་ནང་ཤེས་རྟོགས་ཇེ་ཉུང་དུ་འགྲོ་བཞིན་པ་གསལ་འདོན་གནང་ནས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་གཞི་གཏན་འབེབས་ཀྱིས་བོད་རང་དབང་ངང་འགྲུལ་སྐྱོད་ཆོག་པའི་ཐག་གཅོད་གནང་རན་འདུག་ཅེས་གསུངས་ཡོད།གྲོས་ཚོགས་མི་འཐུས་མི་དག་གིས་རྒྱ་ནག་ལ་དོགས་འདྲི་བྱས་ཏེ་རྒྱ་ནག་གིས་ལོ་ངོ་དུ་མའི་རིང་ལ་བོད་དེ་ཁེར་རྐྱང་གིས་བཀག་སྡོམ་བྱས་ཡོད་པ་ནི་དྲི་བ་ཆེན་པོ་ཞིག་ཡིན་པ་དང་། གལ་ཏེ་རྒྱ་ནག་གིས་བོད་དུ་སྦས་གསང་བྱེད་དགོས་པའི་གནས་ཚུལ་གཅིག་ཀྱང་མེད་ཚེ་རྒྱ་ནག་གིས་ཅིའི་ཕྱིར་ཕྱི་རྒྱལ་བ་དག་བོད་ནང་རང་དབང་ཐོག་འགྲུལ་སྐྱོད་གནང་ནས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གནང་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་དམ་ཞེས་གསལ་འདོན་བྱས་པ་དང་ཆབས་ཅིག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དེ་ཛ་དྲག་གི་ངོ་བོར་གནས་ཐོག་བོད་ནང་གི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཕྱི་རྒྱལ་གྱི་གསར་ཁང་ལ་སྐད་ཆ་བཤད་པ་ཙམ་གྱིས་ཁ་བྲལ་བར་སྐུལ་སློང་གི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལུང་འདྲེན་གནང་འདུག ཡོ་རོབ་ནང་གནས་བཞུགས་བོད་རིགས་རྣམས་ལོ་ངོ་དུ་མའི་རིང་ལ་རང་ཉིད་ཀྱི་ཕ་མ་དང་ཐམཇལ་འཕྲད་གནང་མེད་ཀྱང་།  ཁོང་ཚོ་ཕྱིར་བོད་ནང་རང་གི་ནང་དུ་ལོག་རྒྱུར་རྒྱ་ནག་ནས་བཀག་སྡོམ་བྱེད་བཞིན་པ་གསལ་འདོན་གྱིས་རྒྱ་རིགས་རྣམས་ཀྱིས་རྒྱ་ནག་ཏུ་རང་དབང་ལ་བརྩི་བཀུར་བྱེད་ཀྱི་མེད་ནའང་། ཡོ་རོབ་རྒྱལ་ཁབ་ནང་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་ནས་ཁེ་བཟང་སྒྲུབ་བཞིན་པ་ཐེར་འདོན་གནང་སྟེ་རྒྱ་ནག་གིས་བོད་མིར་དྲག་གནོན་དང་ཡོ་རོབ་མི་སེར་རྣམས་ལ་དབྱེ་འབྱེད་བྱེད་བཞིན་པ་ནི་མང་གཙོའི་རྒྱལ་ཁབ་ཁག་གིས་བཟོད་བསྲན་གནང་ཐབས་མེད་ཅེས་ཡོངས་ཁྱབ་གནང་འདུག རྒྱ་ནག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབས་གནང་བའི་བོད་དུ་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་ཁྲིམས་གཞིར་ཡོངས་བསྒྲགས་ཀྱིས་སྐྱོན་བརྗོད་བྱས་ཡོད་ཀྱང་ད་ཆ་རྒྱ་ནག་སྲིད་གཞུང་གི་གསར་ཁང་ཞིག་གིས་ཕྱི་རྒྱལ་བ་རྣམས་བོད་ནང་འགྲོ་སྐྱོད་ཆོག་པའི་བརྒྱུད་ལམ་དེ་ཇེ་མགྱོགས་སུ་གཏོང་བཞིན་པར་བརྗོད་ཡོད་པ་ལྟར། ཁྲིམས་གཞི་གཏན་འབེབས་བྱས་པ་དེས་རྒྱ་ནག་ལ་ཤུགས་རྐྱེན་ཆེན་པོ་བསྐྲུན་ཡོད་པ་མངོན་གསལ་གནང་བ་དང་སྦྲགས། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་ཨ་རིའི་ཁྲིམས་གཞི་དེ་ཡོ་རོབ་ནང་ལག་བསྟར་གྱིས་རྒྱ་ནག་དང་ཡོ་རོབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་ཕྱོགས་ཡོངས་ནས་སྙོམས་སྒྲིག་གནང་བའི་དུས་ལ་བབས་ཡོད་པར་བརྗོད་འདུག ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དུ་རང་དབང་ཐོག་འགྲོ་སྐྱོད་གནང་རྒྱུ་དེ་དངོས་ཡོད་ཀྱི་གོམ་པ་དང་པོ་ཡིན་པས་མདུན་བསྐྱོད་གནང་དགོས་པ་དང་། གལ་ཏེ་ཡོ་རོབ་ནས་གྲོས་གཞི་དེ་ལག་བསྟར་གནང་མ་ཐུབ་ཚེ་དེ་ནི་བོད་རིགས་མི་མང་གི་བདེན་དོན་ལ་སྲུང་སྐྱོབ་གནང་མ་ཐུབ་པ་ཞིག་ཡིན་པ་མ་ཟད། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་གཙོའི་ཐོབ་ཐང་དང་རང་དབང་ལའང་དོ་ཕོག་འགྲོ་ངེས་རེད་ཅེས་སྡོམ་ཚིག་བཀོད་འདུག

Latest news