Tibetan Royal Year of 2151 | Year of the Wood Dragon

བོད།

བོད་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྗེས་དྲན་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ཚོགས་པ།

ཉེ་ཆར་རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་ ༣༠ འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ཚོགས་ཡོད་པ་རེད།ཀྲུང་གོའི་བོད་སྐད་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་བར་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྗེས་དྲན་བགྲོ་གླེང་དེ་ཟླ་ ༡ ཚེས་ ༡༤ ཉིན་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་ཚོགས་འདུག་པ་དང་། དེའི་ཐོག་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་འཛིན་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ལྷན་ཁང་གི་གཙོ་འཛིན་རིན་ཝང་ཕིང་ཧཱ་བཅས་ས་གནས་ཀྱི་འགོ་ཁྲིད་དང་དེ་བཞིན་པེ་ཅིང་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ནས་ཕེབས་པའི་རིག་གནས་པ་དང་ཆེད་མཁས་མི་སྣ་ ༡༥༠ ལྷག་གིས་མཉམ་ཞུགས་གནང་ཐོག་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། བོད་རིགས་ས་ཁུལ་གྱི་སློབ་གསོ་དང་དཔལ་འབྱོར་གོང་འཕེལ་སོགས་ཀྱི་ཐད་བསུབ་ཐབས་མེད་པའི་མཛད་རྗེས་བཞག་ཡོད་པར་ཆེ་བསྟོད་དང་སྦྲགས། རིན་པོ་ཆེའི་ཐུགས་རྒྱུད་བཟང་བ་དང་ཐུགས་གཤིས་དྲང་བ། དེ་བཞིན་བྱམས་བརྩེའི་ངང་ཚུལ་ལྡན་པ་བཅས་ལ་རྗེས་དྲན་ཞུས་འདུགཐེངས་འདིའི་རྗེས་དྲན་བགྲོ་གླེང་བརྒྱུད་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་བློ་དཀར་སེམས་དཀར་གྱི་གྲོགས་པོ། དེ་བཞིན་སྐད་གྲགས་ལྡན་པའི་རྒྱལ་དོན་གནང་སྒོ་མཁས་ཅན། བོད་བརྒྱུད་ནང་བསྟན་གྱི་ཕུལ་དུ་བྱུང་བའི་གཙོ་འཛིན་བཅས་ཡིན་པ་སོགས་ཀྱི་ཆེ་བསྟོད་ཞུས་ཡོད། རྩ་བའི་འདི་ལོ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་ནས་ལོ་ངོ་སུམ་ཅུ་འཁོར་པའི་དུས་དྲན་དང་བསྟུན། གཞིས་བྱེས་གཉིས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོ་བོར་གྱུར་པའི་བོད་ནང་ཆོས་ཕྱོགས་ཀྱི་འདས་མཆོད་བྱེད་སྒོ་ཁག་ཟླ་བ་གཅིག་སྔ་སྣུར་གྱིས་མཆོད་འབུལ་སྨོན་ལམ་དང་། ཡིག་གཟུགས་དང་སྐུ་པར། ཐང་ཀ་བཅས་ཀྱི་རིས་མོ་འགྲེམས་སྟོན་བརྒྱུད་༸པཎ་ཆེན་རིན་པོ་ཆེའི་༸སྐུ་ཚེའི་མཛད་རྗེས་ལ་སྔར་དང་མི་འདྲ་བའི་ཆེ་བསྟོད་ཀྱིས་རྗེས་དྲན་ཞུས་འདུག་པ་མ་ཟད་༸པཎ་ཆེན་རིན་པོ་ཆེའི་ཆེད་དོན་དགོང་ཚོགས་བཅས་ཚོགས་ཡོད་པ་རེད།བོད་ཕྱི་ནང་གཉིས་ཀྱི་དྲྭ་ལམ་ཁག་ཏུ་བོད་མི་ཚོས་༸པཎ་ཆེན་རིན་པོ་ཆེའི་བཀའ་སློབ་དང་༸སྐུ་པར་ཕྱོགས་སྒྲིག་གིས་མཛད་རྗེས་གླེང་བ་མ་ཟད། ཉེ་ཆར་བོད་ལུགས་ཀྱི་བོད་ཟླ་ ༡༡ ཚེས་ ༢༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲིས་ལྷུན་པོས་གོ་སྒྲིག་གནང་ཐོག་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་ཡོད་པ་རེད། ལྷག་དོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་སྐབས་སུའང་བཟང་སྤྱོད་སྨོན་ལམ་གསུང་འདོན་སོགས་གནང་བ་མ་ཟད། ༸གང་ཉིད་མཆོག་གིས་བརྙན་ཐུང་བརྒྱུད་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་པ་དེ་ནི་བོད་མིའི་བསོད་ནམས་མ་ཆུད་པ་བྱུང་ཡོད་པར་བཀའ་བསྩལ་ཡོད།

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་བདེ་སྲུང་གི་འཛུགས་སྐྲུན།

རྒྱ་གར་གྱིས་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༣  མ་ཟིན་ཙམ་ཆེད་གཏོང་གིས་མངའ་སྡེ་ ༥ ཡི་ནང་དུ་གཞུང་ལམ་གསར་རྒྱག་བྱས་ནས་རྒྱ་དཀར་ནག་གི་ས་མཚམས་ཀྱི་རྙོག་གླེང་གི་སྐབས་སུ་གང་མགྱོགས་དམག་ཆས་མཁོ་འདོན་བྱེད་ཐུབ་པའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་བྱེད་བཞིན་ཡོད་པ་རེད། དེ་རིང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གསར་འགྱུར་སྤེལ་བར་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ཀྱི་ནང་རྒྱ་གར་གྱིས་རྒྱ་དཀར་ནག་གི་ས་མཚམས་ལ་འཛུགས་སྐྲུན་གྱི་ལས་གཞི་གང་ཡང་སྤེལ་མེད་ཀྱང་། ཕྱི་ལོ་ ༢༠༡༧ ལོའི་འབྲོག་ལམ་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུལ་དབར་གདོང་ཐུག་བརྒྱབ་པར་བརྟེན་ད་ཆ་རྒྱ་གར་གྱིས་མངའ་སྡེ་ལྔའི་ནང་དུ་གཞུང་ལམ་གསར་རྒྱག་གིས་ས་མཚམས་ཁག་གི་བདེ་སྲུང་ཇེ་བརྟན་གཏོང་རྒྱུའི་ལས་གཞི་སྤེལ་བཞིན་ཡོད་པ་བཀོད་འདུགརྒྱ་གར་དབུས་གཞུང་ནས་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་དེ་རྒྱ་ནག་དང་ས་འབྲེལ་ཡོད་པའི་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཧི་མཱ་ཅལ་དང་ཨུཏྲཁཎ། ཇམྨུ་ཀཤྨིར། དེ་བཞིན་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དང་འབྲས་ལྗོངས་བཅས་སུ་གཏན་ཁེལ་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་སྲིད་དབང་བཞེས་པ་དང་ལྷན་དུ་རྒྱ་ནག་གིས་ས་མཚམས་ལ་བཟུང་བའི་ལངས་ཕྱོགས་དེ་ལ་ཁ་གཏད་གཅོག་པར་རྒྱ་གར་བྱང་ཕྱོགས་ཁུལ་གྱི་མངའ་སྡེ་ཁག་ཅིག་གི་ནང་གཞུང་ལམ་གསར་རྒྱག་གིས་མཚོན་པའི་ལས་གཞི་རྒྱ་སྐྱེད་ཀྱི་སྲིད་བྱུས་གཏན་ལ་ཕབས་ཡོད་པ་དང་། འཛུགས་སྐྲུན་གྱི་ལས་གཞི་དེ་དག་རྒྱ་གར་ནང་སྲིད་དང་བདེ་སྲུང་། ས་མཚམས་ཉེན་སྲུང་གི་དམག་མིའི་ལས་ཁུངས་སོགས་དང་ལྷན་དུ་གྲོས་མཐུན་གྱིས་ཤུགས་སྣོན་རྒྱག་བཞིན་ཡོད་སྟབས་ལམ་ཁ་གསར་རྒྱག་གི་ལས་གཞི་ཁག་ཅིག་ལེགས་གྲུབ་བྱུང་ཡོད་པར་གསལ་ཁ་གནང་འདུགརྒྱ་གར་གྱི་རྒྱ་ནག་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་ Jayadeva Ranade ལགས་ཀྱིས་རྒྱ་ནག་གི་ས་མཚམས་ཀྱི་འཛུགས་སྐྲུན་ལས་གཞི་དང་བསྡུར་ནས་བལྟས་ཚེ་རྒྱ་གར་གྱི་ས་མཚམས་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་ནི་གལ་འགངས་ཆེན་པོ་ཞིག་ཡིན་པ་མ་ཟད།  དུས་ལ་བབ་པའི་མདུན་སྐྱོད་ཅིག་རེད་ཅེས་གསུངས་པ་དང་སྦྲགས་ཏེ། འཛུགས་སྐྲུན་ལས་གཞི་དེ་ལས་ཤེས་རྟོགས་ཐུབ་པ་ནི་ལམ་ཁ་གསར་རྒྱག་གིས་འབྲེལ་མཐུད་ཀྱི་ནུས་བ་ཇེ་ཆེར་བཏང་ནས་ས་མཚམས་ཀྱི་དཔལ་འབྱོར་གྱི་ལས་གཞི་མཐོར་འདེགས་གཏོང་ཐུབ་པ་དང་། དམག་མིའི་འགྲིམ་འགྲུལ་རིགས་ལས་སླ་རུ་བཏང་ནས་སྣུམ་ཚུགས་ཀྱི་དཀའ་མེད་པར་གཏོང་ཐུབ་པ། དེ་བཞིན་ལམ་ཁ་གསར་རྒྱག་གི་རྐྱེན་གྱིས་དམག་ཆས་མཁོ་འདོན་གྱི་ནུས་པ་ཇེ་མགྱོགས་སུ་གཏོང་ཐུབ་པ་བཅས་ཀྱི་ཁེ་བཟང་གསུམ་ལྡན་ཡོད་པར་བརྗོད་འདུག དེ་བཞིན་ཟླ་སྔོན་མའི་ནང་རྒྱ་གར་གྲོས་ཚོགས་ཀྱིས་ཕྱི་འབྲེལ་གྱི་ལས་དོན་ཐད་ནས་ཚོགས་འདུ་ཞིག་བསྡུ་བསྐོང་གནང་སྟེ་ས་མཚམས་ཀྱི་འཛུགས་སྐྲུན་ལས་གཞི་བསྐྱར་བཅོས་ཞེས་པའི་སྙན་ཐོ་གསར་པ་ཞིག་འདོན་སྤེལ་དང་འབྲེལ། རྒྱ་དཀར་ནག་གི་ས་མཚམས་འཛུགས་སྐྲུན་ལས་གཞིའི་ཐད་ནས་ཞན་ཆ་ཆེན་པོ་ཡོད་པར་བརྗོད་དེ་རྒྱ་གར་གྱི་མཐའ་མཚམས་ཁག་ནི་ལམ་ཁ་གཅིག་ཁོ་ནར་བསྟེན་ནས་ཡོད་པ་དང་། དཀའ་རྙོག་གི་དུས་སུ་དེ་ལྟ་བུའི་གནས་སྟངས་དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་ཆགས་ཡོད་པར་བརྗོད་པ་ཟད། ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཐབ་ཀྱི་སྐབས་སུ་ཡང་རྒྱ་ནག་གིས་རྒྱ་གར་གྱི་འཛུགས་སྐྲུན་ལས་གཞིའི་ཞན་ཆ་དེའི་གོ་སྐབས་བླངས་ཡོད་པར་བརྟེན་རྒྱ་གར་ནས་བདུན་ཕྲག་བཞིའི་རིང་ལ་ཧི་མཱ་ལ་ཡའི་རི་རྒྱུད་ནས་ངོ་གནོང་དགོས་པའི་ཕམ་ཉེས་ཆེན་པོ་མྱངས་ཡོད་པས་རྒྱ་གར་གྱི་ངོས་ནས་འདས་པའི་དེ་བྱུང་ལས་བསླབ་བྱ་ལེན་དགོས་པ་རེད་ཅེས་བཀོད་འདུག

ཞི་ཅིན་ཕིང་གཙོ་གྱུར་རྒྱ་ནག་གི་འགོ་ཁྲིད་ཚོའི་འདྲ་པར་ལ་ཕྱག་འཚལ་དགོས་པའི་བཀའ་རྒྱ།

ཉེ་ཆར་ཟླ་ ༡ ཚེས་ ༡༠ ནས་ ༡༤ བར་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་པའི་རྒྱ་ནག་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཆེན་སྐབས་ ༡༡ ཚོགས་འདུ་ཐེངས་ ༢ པའི་ཐོག་རྒྱ་གཞུང་ནས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཙོ་གྱུར་བོད་ཀྱི་ས་ཁུལ་ཁག་ཏུ་བཞུགས་པའི་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནང་པའི་བླ་སྤྲུལ་རྣམ་པའི་སྐུ་འདྲར་མཆོད་འབུལ་དང་སྐུ་ཕྱག་འབུལ་རྒྱུ་མཚམས་འཇོག་གིས་ཞི་ཅིན་ཕིང་གཙོ་གྱུར་རྒྱ་ནག་གི་འགོ་ཁྲིད་ཚོའི་འདྲ་པར་ལ་ཕྱག་འཚལ་དགོས་པའི་བཀའ་རྒྱ་བཏང་འདུག ཁ་སང་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཉེ་ཆར་མཇུག་སྒྲིལ་ཟིན་པའི་རྒྱ་ནག་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཆེན་དང་འབྲེལ་ Inside Tibet Report འམ་བོད་ནང་གི་སྙན་ཐོ་ཞེས་པའི་དཔྱད་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་གཙོ་ Qi Zhala ཡིས་ལྷན་ཚོགས་ཐོག་༸གོང་ས་མཆོག་གིས་གཙོས་པའི་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ད་བར་བོད་ནང་གི་བོད་མིའི་སེམས་ནང་ལ་སིམ་འཛུལ་གྱིས་ཁ་བྲལ་དང་གཏོར་རྒོལ་སོགས་དྲག་པོའི་ལས་གཞི་མང་པོ་སྤེལ་ཡོད་སྐོར་འགྲེལ་བརྗོད་དང་ཆབས་ཅིག ཐེངས་འདིའི་ལྷན་ཚོགས་ཐོག་རྒྱ་གཞུང་ནས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་འགོ་གཙོ་རྣམས་ནས་༸གོང་ས་མཆོག་དང་ཁ་གཏད་པར་གདོང་ལེན་ནན་པོ་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་པ་བཤད་འདུག ལྷག་པར་དུ་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནང་པའི་བླ་སྤྲུལ་རྣམ་པའི་སྐུ་འདྲར་ཕྱག་འཚལ་བ་དང་། མཆོད་པ་འབུལ་རྒྱུ་རིགས་མཚམས་འཇོག་བྱས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཙོ་གྱུར་འགོ་ཁྲིད་རྣམས་ཀྱི་འདྲ་པར་ལ་ཕྱག་འཚལ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། བོད་ཁམས་ཕྱོགས་ནས་ཡིན་པའི་བོད་མི་ཞིག་གིས་རྒྱ་ནག་གིས་དེ་སྔ་བོད་མི་གཞིས་སྤོས་ཀྱི་ལས་གཞིའི་འོག་ཁམས་ཕྱོགས་སུ་བཏང་པའི་བོད་མི་རྣམས་ལ་ཞི་ཅིན་ཕིང་གི་གཟུགས་བརྙན་འཁོད་པའི་འདྲ་པར་རིགས་འགྲེམས་སྤེལ་བྱས་ཡོད་སྐོར་གསུངས་ཡོད། བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་བོད་སེར་རྟ་ཁུལ་དུ་དེ་སྔ་རྒྱ་གཞུང་གི་འཚོ་སྣོན་རིགས་ལེན་མཁན་གྱི་བོད་མི་རྣམས་ལ་དོ་དག་སོ་སོའི་སྡོད་ཁང་ནས་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་མི་ཆོག་པ་དང་ནང་པའི་བླ་སྤྲུལ་རྣམ་པའི་སྐུ་པར་ཡང་དེ་ལྟར་ཕྱིར་འཐེན་དགོས་པའི་བཀའ་རྒྱ་ནན་པོ་བཏང་སྐོར་གསུངས་འདུག

བོད་ནས་བོད་རྒྱ་ཞི་མོལ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས་པའི་འབོད་སྐུལ།

ཁ་སང་བོད་མོད་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་པའི་ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་ཀྱིས་བོད་རྒྱ་ཞི་མོལ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་ཇོ་ནང་གི་སྤྱི་འཐུས་ཡོང་བར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག ཉེ་ཆར་སྤྱི་ཚོགས་དྲྭ་གནས་སུ་བརྙན་ཐུང་ཞིག་ཕྱིར་གྱར་བྱུང་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ལ་དེ་འབྲེལ་གནས་ཚུལ་བཏང་འབྱོར་བྱུང་བའི་བརྙན་ཐུང་ནང་། ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་ཀྱིས་ཁ་སང་བོད་ནང་གི་ཚོུད་ ༡༌༣༠ ཙམ་ལ་རང་ཉིད་ཀྱི་མཆོད་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཆེན་པོ་གཉིས་སྒྲིག་གཤོམ་དང་བཅས་༸གང་ཉིད་མཆོག་ལས་ལྷག་པའི་བཀའ་དྲིན་ཆེ་བ་དང་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་གཞན་སུ་གང་ཡང་མེད་ཅེས་གསུངས་ནས་༸གོང་ས་མཆོག་གིས་དབུས་པའི་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་ཚེས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས་རྒྱ་གཞུང་ནས་བོད་རྒྱ་ཞི་མོལ་གྱི་སྒོ་མོ་ཕྱེ་ཡོད་ཅེས་དེང་སྐབས་འཛམ་གླིང་ཀུན་ལ་བསྒྲགས་བཞིན་ཡོད་སྟབས། བོད་རྒྱ་ཞི་བའི་གྲོས་མོལ་ཆེད་བཙན་བྱོལ་བོད་མིའི་སྐུ་ཚབ་མངགས་རྒྱུར་རེ་བ་ཞུ་བཞིན་ཡོད་པ་དང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་གྱུར་བཙན་བྱོལ་བོད་མི་ཡོངས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་གཞན་ལྟར་ཇོ་ནང་གི་སྤྱི་འཐུས་གཉིས་འདི་ལོར་བདམ་དགོས་པར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་འདུག

བོད་མི་ ༢༥ ལ་ཁ་བྲལ་བའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པ་བཤད་འདུག

རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ཞུས་པའི་ནང་རྒྱ་གཞུང་གིས་སྔ་ལོ་ ༢༠༡༨ ནང་ཁྱོན་བོད་མི་ ༥༨ ལ་ཁྲིམས་ཐག་བཅད་ཡོད་པ་ལས་བོད་མི་ ༢༥ ལ་ཁ་བྲལ་བའི་ཉེས་མིང་འོག་ཁྲིམས་ཆད་བཏང་ཡོད་པ་གསལ་འདུག རྒྱ་གཞུང་གི་ Global Times གསར་ཁང་གིས་གནས་ཚུལ་སྤེལ་བར་ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱ་ནག་ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་འདུ་བཅས་ཚོགས་ཡོད་པ་དང་བསྟུན། རྒྱ་གཞུང་གི་ལོ་གཅིག་གི་ལས་དོན་དང་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གི་ལས་བསྡོམས་ཁག་འགོད་འབུལ་ཞུས་འདུག་པ་དང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་སྙན་སྒྲོན་ཞུས་པའི་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གི་ ༢༠༡༨ ལོའི་ལས་བསྡོམས་ནང་རྒྱ་གཞུང་གིས་མི་རིགས་དང་ཆོས་དད་ཀྱི་མིང་འཁྱེར་བའི་ཐོག་ནས་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་ཚོགས་སྡེ་དབར་དབྱེ་འབྱེད་བྱ་ཐབས་དང་ཁ་བྲལ་རིང་ལུགས་པར་ངན་སྐུལ་དང་རོགས་འདེགས། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་ལུགས་བཅས་ཀྱི་གྱོད་གཞི་འདྲ་མིན་འོག་ཁྱོན་བོད་མི་ ༥༨ ལྷག་ལ་ཁྲིམས་ཐག་བཅད་ཡོད་པ་ལས་བོད་མི་ ༢༥ ལ་ཁ་བྲལ་བའི་ཉེས་མིང་འོག་ཁྲིམས་ཆད་བཏང་ཡོད་པ་གསལ་འདུགབཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར་རྒྱ་གཞུང་གིས་ད་བར་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་རྣམས་དོན་དངོས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་བ་མ་གཏོགས་ཁྲིམས་འགལ་གྱི་ལས་དོན་གང་ཡང་སྤེལ་མེད་པར་ནན་བརྗོད་དང་སྦྲགས། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་བོད་ནང་སྤེལ་བཞིན་པའི་ནག་ཚོགས་ལ་རྡུང་རྡེག་དྲག་པོ་གཏང་རྒྱུའི་ལས་གཞི་དེ་བོད་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཞི་བའི་ལས་འགུལ་དག་ཁྲིམས་འགལ་ལ་ངོས་འཛིན་ནས་ཁ་བྲལ་བའི་ལས་འགུལ་སྤེལ་བཞིན་ཡོད་པ་བརྗོད་ཐབས་བྱས་པར་སྐྱོན་བརྗོད་གནང་ཡོད། གཞན་ཡང་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་སྙན་སྒྲོན་ཞུས་པའི་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གི་ལས་བསྡོམས་ལ་གཞིགས་ཚེ་རྒྱ་གཞུང་གིས་སྔ་ལོ་ ༢༠༡༨ ནང་གྱོད་གཞི་མི་འདྲ་བ་ ༣༠ ཙམ་ལ་རྟོག་ཞིབ་ཀྱིས་ཁྲིམས་ཐག་བཅད་ཡོད་པ་ནི་དེ་སྔའི་ལོ་དང་བསྡུར་ན་བརྒྱ་ཆ་ ༣༠ མང་དུ་ཕྱིན་ཡོད་པ་དང་། ཆབ་སྲིད་རང་གི་ཐོག་ཏུ་མི་མང་པོ་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པར་ནན་བརྗོད་གནང་བ་མ་ཟད། རྒྱ་གཞུང་ནས་མི་རིགས་ཁ་བྲལ་བར་ཁ་གཡར་ནས་བོད་མིར་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པ་མངོན་གསལ་ཆགས་ཡོད་པ་གསུངས་ཡོད།

བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་སྔར་ལས་སྟབས་བདེ་ཆགས་ཡོད་ཚུལ་གསལ་བསྒྲགས་སྤེལ་བ།

རྒྱ་གཞུང་གི་ CGTN གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་ཁ་སང་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ Qi Zhala ཡིས་རྒྱལ་ས་ལྷ་སར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཞུང་འབྲེལ་ལས་དོན་སྙན་ཐོ་འགོད་འབུལ་ཐོག་རྒྱ་ནག་གཞུང་གིས་འདི་ལོ་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ས་ཡ་བཞི་བཅུ་ལྷག་བརྒལ་ཐུབ་པར་དམིགས་ཏེ། ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ནང་འགྲུལ་བསྐྱོད་སྟབས་བདེ་ཡོང་སླད་ཡུན་རིང་བསྒུག་མི་དགོས་པར་ཕྱིར་བསྐྱོད་ལག་འཁྱེར་བཟོ་རྒྱུའི་འཚང་སྙན་ཕུལ་ཟིན་རྗེས་ཉིན་གྲངས་བཅོ་ལྔ་ནང་ཚུད་ཕྱིར་བསྐྱོད་ལག་འཁྱེར་སྤྲད་རྒྱུ་ཡིན་ལུགས་ཡོངས་བསྒྲགས་བྱས་འདུག བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ལྷན་ཁང་གི་ལས་བྱེད་ Hong Wei ཡིས་སྔ་ལོ་ ༢༠༡༨ ལོར་བོད་ཁུལ་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་འབུམ་གཉིས་ལྷག་འབྱོར་ཡོད་པ་དང་ལྷག་དོན་རྒྱ་གཞུང་ནས་འདས་པའི་ལོ་ཤས་རིང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུར་སྒོ་མོ་ཕྱེ་ཡོད་སྟབས་ཡུལ་སྐོར་བ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བཤད་པ་མ་ཟད། རྒྱ་གཞུང་གིས་སྔ་ལོ་ནས་བོད་ནང་ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུའི་འཚང་སྙན་འབུལ་ཕྱོགས་ཀྱི་བརྒྱུད་རིམ་རྣམས་སྟབས་བདེ་བཟོ་ཆེད་ཀྱི་འཆར་འགོད་སྒྲིག་བཞིན་ཡོད་ཚུལ་སོགས་བཤད་འདུག གནད་དོན་དེའི་ཐད་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་རྒྱ་གཞུང་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་རྒྱུར་སྟབས་བདེ་བཟོ་ཡོད་ལུགས་བཤད་པ་དེ་ནི་གཙོ་བོ་ཉེ་ཆར་ཨ་རིའི་གཞུང་གིས་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་གནང་བ་དེའི་ཤུགས་རྐྱེན་དུ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་དུ་བོད་ནང་ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུར་སྒོ་མ་ཕྱེ་ཡོད་ཚུལ་གྱི་ཕྱིའི་རྣམ་པ་བསྟན་པ་ཙམ་ལས་དོན་དངོས་ཐོག་དམ་བསྒྲགས་དང་དེ་འབྲེལ་བཀའ་ཁྲོལ་ཞུ་དགོས་སྐོར་སོགས་གསུངས་ཡོད།

བོད་རིགས་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་གནང་བར་དཀའ་ངལ་འཕྲད་བཞིན་པ།

རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་ནང་ཡོད་པའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ནི་བོད་རིགས་གཙོ་གྱུར་གྲངས་ཉུང་མི་རིགས་ཚོའི་ཆེད་དུ་གསར་འཛུགས་བྱས་པ་ཆེས་རྙིང་གྲས་ཀྱི་སློབ་ཆེན་ཞིག་ཡིན་པ་བརྗོད་ཀྱི་ཡོད་ནའང་། སློབ་ཆེན་དེར་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཉུང་ལ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཁག་ལ་སློབ་གཉེར་གནང་རྒྱུའི་བསླབ་གཞི་གཏན་འབེབས་མེད་པར་བརྟེན་བོད་རིགས་སློབ་ཕྲུག་ཚོར་བོད་ཀྱི་ཐུན་མིན་རིག་གནས་ཐོག་ཆེད་ལས་སློབ་གཉེར་གནང་ས་མེད་པའི་་ངལ་བ་ཕྲད་བཞིན་ཡོད་པ་རེད་འདུག ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དབྱིན་ཡིག་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་བར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོར་སློབ་ཕྲུག་ ༦༠༠༠ ལྷག་ཡོད་པ་ལས་སློབ་ཕྲུག་ཕྱེད་ཀ་ཙམ་བོད་རིགས་ཆགས་ཀྱི་ཡོད་ཀྱང་། སློབ་ཆེན་དེར་བོད་ཀྱི་སྐད་ཡིག་གཙོ་གྱུར་རིག་པའི་གནས་དག་གི་བསླབ་གཞི་མེད་པ་དང་བོད་ཡིག་གི་ཆེད་ལས་སློབ་གཉེར་གནང་ས་མེད་པ། དེ་བཞིན་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལས་གསོ་བ་རིག་པ་གཙོས་ཆེད་ལས་སློབ་ཚན་ཁག་ ༡༡ ཡོད་ནའང་། བསླབ་གཞི་ཡོད་ཚད་རྒྱ་ཡིག་མ་གཏོགས་བོད་ཡིག་ནང་མཐོང་རྒྱུ་མེད་སྟབས་བོད་རིགས་སློབ་གཉེར་བ་རྣམས་ལ་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་སློབ་ཆེན་དེའི་ནང་ད་ལྟའི་ཆར་བོད་ཡིག་འཛིན་གྲྭ་གཅིག་ལས་མེད་པ་མ་ཟད། བོད་ཡིག་ཐོག་ཆེད་ལས་སློབ་གཉེར་གནང་སླད་སློབ་མ་གཅིག་མ་གཏོགས་སློབ་ཡོན་སྤྲད་ཀྱི་མེད་པ་རེད་འདུག རྩ་བའི་སློབ་གྲྭ་ཆེན་མོ་དེ་ཕྱི་ལོ་ ༡༩༥༨ ལོར་བོད་རིགས་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་ཆེད་དུ་ཆེད་འཛུགས་བྱས་པ་དང་། ཐོག་མར་བོད་ལྗོངས་མང་ཚོགས་སློབ་གྲྭ་ཞེས་མིང་བཏགས་ཡོད་ནའང་ཕྱི་ལོ་ ༡༩༦༨ ལོར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ཞེས་མིང་བསྒྱུར་བྱས་ཡོད། སློབ་ཆེན་དེ་རྒྱ་ནག་གི་ཞིང་ཆེན་ནང་དུ་ཡོད་ནའང་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

བོད་མིར་ཡོང་འབབ་རྒྱ་སྒོར་ས་ཡ་བརྒྱ་ལྷག་རག་པའི་གནས་ཚུལ་དེ་འཁྱོག་བཤད་རེད།

རྒྱ་ནག་གི་ཤིན་ཧཱ་གསར་ཁང་གིས་ཁ་སྔོན་སྤེལ་བའི་གནས་ཚུལ་ལ་གཞིགས་ཚེ་མངའ་རིས་ས་གནས་ཀྱི་སྤྲོ་འཆམ་པ་འཕེལ་རྒྱས་ལྷན་ཚོགས་ནས་སྔ་ལོ་ཁུལ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པའི་འགྲུལ་སྐོར་འབུམ་བརྒྱད་ལྷག་བྱུང་ཡོད་པ་དང་། དེའི་ཁྲོད་མངའ་རིས་ཀྱི་ཞིང་འབྲོག་རྣམས་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ནང་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་ཞུགས་གནང་ཐོག་ལོ་འཁོར་མོར་རྒྱ་སྒོར་ས་ཡ་ ༡༠༠ ལྷག་ཡོང་འབབ་བྱུང་ཡོད་པ་བཀོད་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་རྒྱ་ནག་རྨང་གཞིའི་འཛུགས་སྐྲུན་སྐོར་ལ་ཉམས་ཞིབ་གནང་མཁན་རིག་འཛིན་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞིའི་འོག་བོད་མི་ཞིང་འབྲོག་ཚོར་ཡོང་འབབ་རྒྱ་སྒོར་ས་ཡ་བརྒྱ་ལྷག་བྱུང་སྐོར་བརྗོད་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་གསུངས་སོང་། རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༠ ལོར་བོད་ས་ཁྱོན་དུ་ཡུལ་སྐོར་སྤྲོ་འཆམ་པ་བརྒྱུད་ནས་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་།  ལྷ་ས་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ཚོར་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་སྲོང་བཙན་སྒམ་པོས་རྒྱ་ནག་ནས་བཙུན་མོ་རྒྱ་བཟའ་ཀོང་ཇོ་བཞེས་ཕྱོགས་སྐོར་གྱི་འཁྲབ་སྟོན་བརྒྱུད་ནས་འཁྱོག་བཤད་སྤེལ་བཞིན་ཡོད་སྐོར་གསུངས་ཡོད། ཉེ་ཆར་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གནས་སྟངས་ཡག་པོ་ཡོད་ལུགས་དང་འབྲེལ་བའི་རྒྱབ་ཤ་དཀར་པོ་ཞིག་འདོན་སྤེལ་བྱས་པར་བོད་མིའི་སྒྲིག་འཛུགས་ནས་རྒྱ་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞིའི་འོག་འབྲོག་པ་གནས་སྤོས་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག དེ་བཞིན་བོད་ནང་རང་བྱུང་ཁོར་ཡུག་གི་གོད་ཆག་མང་དུ་འགྲོ་བ་ཐེར་འདོན་བྱས་ཡོད་པ་རེད། ལྷག་དོན་ཁོང་གིས་མངའ་རིས་ཁུལ་ལ་ཆ་མཚོན་ན་ཇོ་མོ་གླང་མའི་གནས་ཡོད་སྟབས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ་གྱིས་རྐང་འགན་བཞེས་ཐོག་ཁོར་ཡུག་གཙང་བཟོ་གནང་བ་མ་གཏོགས་རྒྱ་གཞུང་གི་ངོས་ནས་དེར་འགན་རྩ་བ་ནས་ཁུར་གྱི་མེད་པ་གསུངས་སོང་།  

ལྷ་སའི་བོད་རིགས་ལས་བྱེད་རྣམས་ཆོས་ལུགས་བྱེད་སྒོར་ཞུགས་ན་ཚེ་གང་གི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ།

བོད་ནང་གི་ས་གནས་འབྲེལ་ཡོད་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་བརྗོད་པར་གཞིགས་ན། རྒྱ་ནག་གཞུང་གིས་ཉེ་ལམ་ལྷ་ས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་བོད་རིགས་རྒྱ་གཞུང་ལས་བྱེད་རྣམས་ལ་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ་མ་ཟད་གལ་སྲིད་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་པ་ཤེས་རྟོགས་བྱུང་ཚེ་མི་ཚེ་གཅིག་གི་ཐོབ་ཐང་ཡོངས་རྫོགས་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཅིང་། གཞུང་ཕྱོགས་ནས་དགོན་པར་ཆོས་མཇལ་འགྲོ་བ་དང་ལྷ་སའི་བར་སྐོར་དུ་བསྐོར་ར་འགྲོ་བ་སོགས་དེ་དག་གི་གནས་ཚུལ་རྒྱུས་ལོན་ཆེད་གང་སར་པར་ཆས་ཆེད་འཛུགས་བྱས་ཡོད་ཅིང་གལ་ཏེ་བརྙན་པར་ནང་ཐེབས་ཚེ་མི་ཚེ་ཧྲིལ་པོའི་ཐོབ་ཐང་ལག་འཁྱེར་འཕྲོག་རྒྱུ་མ་ཟད། ད་དུང་གང་བྱུང་ལ་འགྲོ་མི་ཆོག་པ་བཟོ་རྒྱུ་ཡིན་ཞེས་བསྒྲགས་ཡོད་པ་རེད་འདུག ཕྱོགས་མཚུངས་འདི་ལོའི་དགའ་ལྡན་ལྔ་མཆོད་དང་བཞི་མཆོད་ཀྱི་གོང་དུའང་དེ་མཚུངས་ཀྱིས་དམ་དྲག་བཀའ་རྒྱ་བཏང་ཡོད་པ་རེད་འདུག གནས་ཚུལ་ངོ་སྤྲོད་པས་མུ་མཐུད་བརྗོད་དོན་བཞི་མཆོད་དང་དགའ་ལྡན་ལྔ་མཆོད་ཉིན་བོད་རིགས་མང་ཚོགས་ཚོས་ལྷ་སའི་བར་སྐོར་ནང་མཆོད་མེ་སྒྲོན་པ་དང་མྱ་ངན་གྱི་བྱེད་སྒོ་སྤེལ་ཚེ་གུང་ཁྲན་ཏང་ཡོན་དང་ལས་ཁུངས་ཁག་གི་གཞུང་ཞབས་པ་རྣམས་མཆོད་མེ་སྒྲོན་རྒྱུར་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་བ་མ་ཟད་ད་དུང་གྲོང་གསེབ་ཁག་ལ་ཡང་མང་ཚོགས་རྣམས་རང་རང་གི་ས་གནས་ལ་སྡོད་པ་ལས་མཆོད་མཇལ་ལ་འགྲོ་མི་ཆོག་ཅེས་བརྗོད་འདུག དེ་བཞིན་བཞི་མཆོད་དང་ལྔ་མཆོད་ཉིན་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ཕྱི་ནང་ཡོངས་སུ་དམ་དྲག་ཤུགས་ཆེ་བྱས་པ་མ་ཟད་ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་ཡོད་ཚད་ནང་དམག་མི་དང་ཉེན་རྟོགས་པ་འགྲེམས་འཇོག་བྱས་པ་དང་གཞུང་ལམ་དང་ས་ཚུགས་གང་སར་དམག་གི་རླངས་འཁོར་མང་པོ་ཞིག་སྐོར་བསྐྱོད་དང་འཛིན་བཟུང་དྲག་གནོན་བྱེད་རྒྱུར་གྲ་སྒྲིག་ཨང་གསར་བྱས་ཏེ་སྒུག་ནས་བསྡད་ཡོད་ཀྱང་བོད་མི་ཚོས་དེ་ལྟ་བུའི་འཇིགས་སྣང་གི་གནས་སྟངས་འོག་ལྔ་མཆོད་དང་བཞི་མཆོད་སྲུང་བརྩི་ཞུས་ཡོད་པ་རེད་ཅེས་གནས་ཚུལ་འགྲེལ་བརྗོད་གནང་འདུག

Latest news