Tibetan Royal Year of 2151 | Year of the Wood Dragon

བོད།

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་གནད་དོན་གླེང་འཆར།

ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་Charles Michel ལགས་ཀྱིས་དེ་རིང་ཞལ་པར་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་དོན་སོགས་ཀྱི་གནད་དོན་ཁག་གཅིག་གི་སྐོར་ནས་གླེང་མོལ་བྱེད་རྒྱུ་རེད་འདུགགཞི་རྩའི་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་ད་ལྟའི་འབྲེལ་ལམ་དེ་དངངས་འཚབ་རང་བཞིན་གྱི་ངང་གནས་ཡོད་པ་མ་ཟད། རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་གཙོ་བྱས་པའི་རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་ཁག་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་འབྲེལ་ནས། ཡུ་རོབ་རྒྱལ་ཁབ་ཁག་གཅིག་གིས་སྒྲིག་འཛུགས་དེའི་ངོས་ནས་རྒྱ་ནག་དང་འབྲེལ་ལམ་མཁྲེགས་འཛིན་བྱེད་དགོས་བའི་སྐུལ་མ་རིམ་པར་བཏང་ཡོད་པ་རེད། མཚན་གསལ་བོ་མ་གནང་བའི་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་མི་སྣ་ཞིག་གིས Politico གསར་ལམ་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་Charles Michel ལགས་ཀྱིས་ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བཀའ་མོལ་གནང་བའི་སྐབས་སུ་རྒྱ་ནག་གིས་ཤིན་ཅང་ནང་གི་མང་ཚོགས་ལ་ངལ་རྩོལ་བསྒྱུར་བཀོལ་བྱས་པའི་གནད་དོན་དང་འབྲེལ་ནས་ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཀྱི་དཔོན་རིགས་ཁག་རྒྱལ་ཁོངས་སོ་སོར་འགྲོ་སྐྱོད་བཀག་སྡོམ་བྱས་པའི་གནད་དོན་དེར་བསྐྱར་དུ་བསམ་གཞིགས་བྱེད་དགོས་བའི་སྐུལ་མ་གནང་རྒྱུ་ཡིན་པ་དང་། ཡུ་རོབ་ཀྱི་ཕྱི་འབྲེལ་མི་སྣ་གཞན་ཞིག་གིས་ཐེངས་འདིར་ཁ་པར་བརྒྱུད་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་གླེང་མོལ་དེ་ཡིས་ཡུ་རོབ་རྒྱལ་ཁབ་ཀྱིས་འཐབ་བྱུས་ལྡན་པའི་རང་སྐྱོང་གི་གནས་བབ་ཐོག་ནས་རྒྱ་ནག་དང་ལྷན་དུ་སྲིད་བྱུས་གསར་བ་ཞིག་ཆེད་བཟོ་བྱེད་དགོས་གལ་ཡིན་པ་གསལ་སྟོན་གནང་གི་ཡོད་སྐོར་གསུངས་འདུག་ཀྱང་། སྐུ་ཞབས་Michelལགས་ཀྱི་མགྲིན་ཚབ་པས་དེར་འབྲེལ་གྱི་གནད་དོན་ཐད་ནས་གསར་ལམ་ཁག་གི་བཅར་འདྲི་དང་ལེན་བྱས་མེད་པ་རེད་འདུག ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ཁྲོད་ཀྱི་རྒྱ་ནག་གི་ལས་དོན་དང་འབྲེལ་བའི་འགོ་ཁྲིད་དང་རྒྱ་ནག་གི་སྲིད་དོན་ཉེས་ཆད་ཕོག་སའི་ཁོངས་སུ་ཡོད་པ་། སྐུ་ཞབས་Reinhard Bütikofer ལགས་ཀྱིས་ཐེངས་འདིར་རྒྱལ་ཁོངས་གཉིས་ཀྱི་དབུ་འཁྲིད་དབར་གྱི་ཞལ་པར་གྱི་གླེང་མོལ་དེ་ནི་ཁ་ཕྱོགས་ལེགས་པོ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། ད་ཆ་རྒྱ་ནག་གིས་བསླབ་བྱ་གསར་བ་ཞིག་ཤེས་རྟོགས་བྱུང་བར་འགོ་ཚུགས་པ་ཞིག་ཡིན་པར་བརྗོད་དེ། རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་ཀྱི་མངའ་ཁོངས་ཀྱི་རྒྱལ་ཁབ་བྱེ་བྲག་པའི་འགོ་ཁྲིད་རྐྱང་པར་སྐད་ཆ་བཤད་པ་ཙམ་གྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་འཕེལ་རྒྱས་འབྱུང་ཐབས་མེད་པར་བསྒྲགས་འདུགགཞི་རྩའི་ཉེ་བའི་ལོ་ཤས་ཁྲོད་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཁྲོད་དུའང། ཚོང་འབྲེལ་དང་འཕྲུལ་ལས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། དེ་བཞིན་ཏོག་དབྱིབས་ཀྱི་འབྱུང་ཁུངས་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་དཀའ་ངལ་རིམ་པ་འཕྲད་པ་དང་། ཟླ་བ་འདིའི་ཟླ་འགོར་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ Jake Sullivan ལགས་དང་རྒྱ་ནག་ཕྱི་འབྲེལ་ལས་ཁང་གི་འགན་འཛིན yang Jiechiགཉིས་དངོས་སུ་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གཙོས་རྒྱ་ནག་གི་བོད་དང་ཐེ་ཝན། ཧོང་ཀོང་། ཤིན་ཅང་བཅས་ཀྱི་ཐོག་འཛིན་པའི་སྲིད་བྱུས་བཅས་ཀྱི་ཐོག་ལ་གོ་བསྡུར་གནང་བ་མ་ཟད། ལྷག་པར་འདི་ལོའི་ལོ་མཇུག་ཏུ་ཨ་རིའི་སྲིད་འཛིན་བྷ་ཊན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་དབར་དྲ་ཐོག་བརྒྱུད་མཇལ་མོལ་གནང་རྒྱུའི་ཐད་གོ་བསྡུར་གནང་ཡོད་པ་དང་། ཕྱོགས་གཉིས་ཀྱི་དཔོན་རིགས་ཀྱི་མཇལ་མོལ་ཁྲོད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་ཐེ་ཝན་གཙོས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་ཉེན་ཁ་རིགས་འབྱུང་བའི་གནད་དོན་ལ་གོ་བསྡུར་གནང་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད།

རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པར་མངོན་གསལ།

བཞུགས་སྒར་དུ་རྟེན་གཞིས་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་བོད་མཐོ་སྒང་གྱི་ཁོར་ཡུག་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་རྒྱ་ཆེན་པོ་སྤེལ་གྱི་ཡོད་ཚུལ་འོག་བོད་མིའི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་བཏང་བར་མ་ཟད་བོད་མིའི་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་གནས་མེད་པ་བཟོས་ཏེ་འབྲོག་པ་རྣམས་ལ་བཙན་དབང་གིས་གནས་གཞི་སྤོ་དགོས་པའི་ལས་གཞི་རྒྱ་ཆེན་པོ་ཞིག་ལོ་མང་ནས་སྤེལ་མུས་ཁྲོད་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྣོད་བཅུས་སྙོམས་པའི་བོད་མཐོ་སྒང་གི་འབྲོག་མི་རྣམས་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་པའི་ཁར་རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པར་མངོན་གསལ་གནང་འདུགརླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་སྙན་ཐོའི་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས་ད་ལྟ་རྒྱ་ནག་གི་ཀུན་མན་གྲོང་ཁྱེར་དུ་འཚོགས་གཞིན་པའི་ Convention on Biodiversity འམ་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་ཀྱི་ཚོགས་འདུ་དང་། རིང་མིན་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༡༡ ཚེས་ ༡༢ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐེངས་ ༢༦ པ་དེ་དབྱིན་ཡུལ་ Glasgow རུ་ཚོགས་གཏན་འཁེལ་ཡོད་པ་བཅས་ཀྱི་ཚོགས་ཆེན་གཉིས་ལ་དམིགས་ནས་ཆེད་བཏོན་གནང་བ་ཞིག་དང་། རྒྱ་ནག་གཞུང་གིས་སོ་སོའི་དཔལ་འབྱོར་ཁེ་ཕན་ལ་བལྟས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གནོད་འཚེ་ཚབས་ཆེན་བཟོ་མཁན་གྱི་བཟོ་གྲྭ་རྒྱུ་ཆེན་ཚོར་བཟོ་ཁྲལ་སྤར་བ་སོགས་ཐད་ཀར་ཚོད་འཛིན་ནན་པོ་བྱ་རྒྱུ་ལས་ལྡོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་མངོན་གསལ་ཆེད་དུ་བོད་སྤྱོད་ཀྱི་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནང་དུ་བོད་མི་ཚོའི་དགོངས་ཚུལ་གསུང་ས་མེད་པ་དང་དེར་ངོས་འཛིན་མེད་པ། ལོ་ངོ་སྟོང་ཕྲག་མང་པོའི་རིང་སྣོད་བཅུས་སྙོམས་པའི་བོད་མཐོ་སྒང་གི་འབྲོག་མི་རྣམས་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་པའི་ཁར་རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པའི་གནས་སྟངས་ཁག་མངོན་གསལ་གནང་ཡོད་པར་གསུངས་ཡོད།དེ་བཞིན་ད་རེས་ཀྱི་སྙན་ཐོ་བརྒྱུད་ནས་རྒྱ་ནག་གཞུང་ལ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིའི་ནང་དུ་ས་གནས་ཀྱི་བོད་མི་རྣམས་ཚུད་དགོས་པ་དང་ཁོང་རྣམས་ནས་ཆ་ཤས་བཞེས་དབང་སྤྲོད་དགོས། འབྲོག་མི་གྲོང་སྡེ་ཅན་དུ་བསྒྱུར་བ་རྣམས་ལ་གུན་གསབ་ཚད་ལྡན་སྤྲོད་དགོས། དེ་བཞིན་བོད་ནང་དུ་ཁོར་ཡུག་ཐོག་མི་རིགས་དབྱེ་འབྱེད་མེད་པར་ཚུལ་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་བཅུག་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པར་མ་ཟད། ད་ལྟ་འཚོགས་བཞིན་པ་དང་རིང་མིན་འཚོགས་ལ་ཉེ་བའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་གཉིས་པོའི་ཐོག་རྒྱ་ནག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་ཡོད་པ་དང་། དེས་ན་བོད་ཀྱི་ཁོར་ཡུག་དང་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་སྐོར་ལ་གླེང་སློང་གང་ཐུབ་གནང་དགོས་པའི་རེ་སྐུལ་ཞུ་མུས་ཡིན་པ་གསུངས་ཡོད།

ནག་ཆུ་ཁུལ་དུ་ལོ་ན་ ༡༣ ནས་ ༡༩ བར་གྱི་བོད་རིགས་བྱིས་པ་རྣམས་ལ་དྲག་པོའི་དམག་སྦྱོང་སྤྲད་པ།

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཚོགས་པས་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་ལུང་འདྲེན་གནང་བར་གཞིགས་ན། བོད་ནག་ཆུ་ཁུལ་དུ་ལོ་ན་ ༡༣ ནས་ ༡༩ བར་གྱི་སློབ་འབྲིང་ལ་འགྲིམ་མཁན་གྱི་བོད་རིགས་སློབ་མ་ ༥༠༠ ལ་དབྱར་སྒར་གྱི་དམག་སྦྱོང་ཐེངས་གསུམ་པ་དེ་སྤྲད་ཡོད་པར་བཀོད་འདུགཕྱི་ཟླ་ ༩ ཚེས་ ༡༣ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ནག་ཆུ་ཁུལ་གྱི་གྲོང་སྡེ་ལས་ཁུངས་དང་སློབ་གསོ་ལས་ཁུངས། སྤྱི་བདེ་ལས་ཁུངས། དེ་བཞིན་མེ་འགོག་རུ་ཁག་བཅས་ཀྱིས་ནག་ཆུ་ཁུལ་གྱི་གཏན་སྡོད་སློབ་གྲྭར་ལོ་ན་ ༡༣ ནས་ ༡༩ བར་གྱི་བོད་རིགས་བྱིས་པ་ ༥༠༠ ཙམ་ལ་ཉིན་དྲུག་གི་རིང་དམག་གི་སྦྱོང་བརྡར་ཐེངས་གསུམ་པ་དེ་སྤྲད་ཡོད་པ་དང་དམག་སྦྱོང་ཁྲོད་སློབ་མ་རྣམས་རྒྱལ་སྲུང་དང་འབྲེལ་བའི་སློབ་སྦྱོང་བྱེད་སའི་བསྟི་གནས་སུ་ཁྲིད་དེ་རྒྱལ་ཞེན་དང་རྒྱལ་ཁབ་བདེ་སྲུང་། དྲག་པོའི་དམག་གི་རིང་ལུགས་སོགས་ཀྱི་སྐོར་ལ་སྦྱོང་བརྡར་སྤྲད་ཡོད་པ་རེད། རླུང་འཕྲིན་ཁང་གིས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པད་མ་རྒྱལ་ལགས་སུ་ཞལ་པར་བརྒྱུད་དེ་འབྲེལ་བཅར་འདྲི་ཞུས་པར་ནག་ཆུ་དང་ཉིང་ཁྲི་ཁུལ་དུ་བོད་རིགས་བྱིས་པ་རྣམས་ལ་དམག་སྦྱོང་སྤྲད་པའི་གནས་ཚུལ་ཕྱིར་ཐོན་ཡོད་ཀྱང་ས་ཚིགས་དེ་གཉིས་ཙམ་མིན་པར་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གིས་བོད་རིགས་བྱིས་པ་རྣམས་ལ་ཆེད་དམིགས་ཀྱིས་དམར་ཤོག་ཀྱི་ལྟ་བ་དང་བསམ་བློ་བསྐྲུན་ཕྱིར་སྦྱོང་བརྡར་དེ་ལྟར་སྤྲད་དང་སྤྲོད་མུས་ཡིན་པ་རེད་ཅེས་གསུངས་ཡོད། གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཉིང་ཁྲིའི་ཁུལ་དུ་འདི་ལོའི་ལོ་འགོ་ནས་བོད་པའི་བྱིས་པ་རྣམས་ལ་དམིགས་བཀར་གྱིས་དམག་གི་སྦྱོང་བརྡར་ལྟེ་གནས་ཤིག་ཆེད་འཛུགས་བྱས་ཏེ་བོད་པའི་བྱིས་པ་རྣམས་ལ་རྒྱལ་ཞེན་དང་རྒྱལ་ཁབ་བདེ་སྲུང་། ས་མཚམས་ཁག་ཏུ་གདོང་ལེན་བྱ་རྒྱུའི་བསམ་བློ་བསྐྲུན་ཐབས། དེ་བཞིན་ལུས་སེམས་གཉིས་ཀའི་ནུས་ཤུགས་གོང་སྤེལ་གཏོང་རྒྱུ་སོགས་ལ་ཆེད་དམིགས་ཀྱིས་ཁུལ་དེ་དག་ཏུ་དམག་སྦྱོང་ལྟེ་གནས་ཆེད་འཛུགས་དང་སྦྲགས་ཏེ། དབྱར་ཁའི་དགུང་སེང་སྐབས་དམག་སྦྱོང་སྤྲོད་བཞིན་ཡོད་པ་དང་དམག་གི་སྦྱོང་བརྡར་ཁྲོད་དམག་གི་སྒྲིག་འཛུགས་དང་ལུས་ཀྱི་དམག་སྦྱོང་སོགས་རྣམ་པ་འདྲ་མིན་ཐོག་ནས་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་དགེ་བཤེས་ཤིག་རྒྱ་ནག་གིས་བོད་ནང་ནས་འཛིན་བཟུང་གིས་བལ་ཡུལ་ལ་རྩིས་སྤྲོད།

འདི་ལོའི་ཟླ་བ་ ༧ ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་གྱི་སྔགས་རམས་དགེ་བཤེས་ངག་དབང་ཆོས་རྒྱན་ལགས་བལ་ཡུལ་བརྒྱུད་ནས་བོད་དུ་གསང་སྟབས་ཀྱིས་ཕྱིར་ལོག་གནང་བར་བརྟེན་རྒྱ་ནག་གིས་ཁོང་འཇུ་བཟུང་བྱས་ཏེ་ཕྱི་ཚེས་ ༢༩ ཉིན་ཕྱིར་བལ་ཡུལ་ཉེན་རྟོག་པར་རྩིས་སྤྲོད་བྱས་འདུགདགེ་བཤེས་ངག་དབང་ཆོས་རྒྱན་ལགས་ཀྱིས་འདས་པའི་ལོ་ངོ་བརྒྱད་ཀྱི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་ཐོ་འགོད་ཀྱིས་ཕྱིར་ལོག་ནས་ལོ་ན་བགྲེས་པའི་ཁོང་གི་ཕ་མ་གཉིས་དང་ཐུག་འཕྲད་གནང་རྒྱུའི་རེ་ཞུ་ཐེངས་དགུ་ཙམ་བྱས་ཀྱང་འགྲིམ་འགྲུལ་གྱི་ཡིག་ཆ་མ་རག་སྟབས་འདི་ལོར་བལ་ཡུལ་གྱི་གློ་བོ་ས་མཚམས་བརྒྱུད་ནས་ཕྱིར་བོད་དུ་ལོག་ཐབས་བྱས་ཀྱང་། བོད་ནང་གི་འབྲོང་པ་རྫོང་ཁོངས་སུ་སླེབས་མ་ཐག་རྒྱ་ནག་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་འདྲི་གཅོད་སྣ་མང་བྱས་ནས་བདུན་ཕྲག་གཉིས་ཙམ་གྱི་རིང་བཀག་སྐྱིལ་བྱས་རྗེས་བལ་ཡུལ་དུ་རྩིས་སྤྲོད་བྱས་འདུག ཁོང་བལ་ཡུལ་གྱི་བཙོན་ཁང་ནང་དུ་བཙོན་བཀག་བྱས་པའི་གནས་ཚུལ་དེ་བལ་ཡུལ་གྱི་གསར་ལམ་ཁག་ཏུ་སྤེལ་མཚམས་སུ་བལ་ཡུལ་ནང་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་གི་རོགས་འདེགས་ཀྱི་འོག་ནས་ཁོང་རྒྱ་གར་ནས་ཡིན་པ་ར་འཕྲོད་བྱུང་མཚམས་སུ་ཕྱིར་རྒྱ་གར་དུ་མངགས་གཏོང་བྱས་ཏེ་ད་ཆ་རྒྱ་གར་དུ་སླེབས་འདུགགསར་འགོད་པས་ཁོང་ལ་ཞལ་པར་ལམ་ནས་འབྲེལ་བ་བྱས་ནས་གནས་ཚུལ་རྒྱུས་ལོན་བྱས་པར་ཁོང་གིས་ལྷོ་ཕྱོགས་ནས་གྲྭ་སའི་བསླབ་པ་སློབ་གཉེར་གྱི་བརྒྱུད་རིམ་ཡོངས་སུ་གྲུབ་སྟེ་དགེ་བཤེས་བཏང་ཚར་རྗེས་ཕྱིར་བོད་དུ་ཕེབས་ནས་ཚེ་མཇུག་ལ་ཕ་མ་གཉིས་ལ་ཐེངས་གཅིག་ཐུག་འཕྲད་གནང་རྒྱུའི་རེ་བའི་འོག་ཐེངས་འདིར་འུ་ཐུག་ཐབས་ཟད་ཀྱིས་བོད་ནང་དུ་གསང་སྟབས་ཐོག་ནས་ཕྱིར་ཕེབས་གནང་བ་ཞིག་ཡིན་པ་དང་འབྲེལ། རྒྱ་ནག་གིས་ཁོང་བདུན་གཉིས་ཀྱི་རིང་བཀག་སྐྱིལ་བྱས་པའི་ཁྲོད་གསང་སྟབས་ཀྱིས་བོད་ནང་དུ་ཡོང་དགོས་པའི་དམིགས་ཡུལ་ཅི་ཡིན་དང་། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་མེད། དེ་བཞིན་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་ལ་མཇལ་འཕྲད་ཞུས་མིན། དུས་འཁོར་དབང་ཆེན་ཞུས་ཡོད་མེད་སོགས་ཀྱི་གནད་དོན་སྣ་མང་ཐོག་བདུན་གཉིས་ལ་འདྲི་གཅོད་བྱས་རྗེས་ཕྱིར་བལ་ཡུལ་ཉེན་རྟོག་པར་རྩིས་སྤྲོད་ཞུས་ཡོད་པ་ངོ་སྤྲོད་གནང་ཡོད། གཞན་ཡང་ཁོང་གིས་ཁོང་འབྲོང་པ་རྫོང་ནས་འཛིན་བཟུང་བྱེད་མཁན་དེ་བོད་པའི་ཉེན་རྟོག་པ་གཉིས་དང་རྒྱ་ནག་གི་ཉེན་རྟོག་པ་གཉིས་ཡིན་པ་དང་། སྐབས་དེར་ཁོང་ལ་ལྕགས་སྒྲོག་བརྒྱབ་ནས་བདུན་གཉིས་ཀྱི་རིང་འདྲི་གཅོད་མང་དག་ཅིག་བྱས་ཡོད་པ་ལས་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ལ་དོགས་པ་ཡིན་མིན་གང་ལྟར་ཡང་གཅར་རྡུང་དམིགས་བསལ་བྱས་མེད་སྐོར་གསུངས་འདུག གཞི་རྩའི་དགེ་བཤེས་ངག་དབང་ཆོས་རྒྱན་ལགས་ནི་བོད་མཚོ་སྔོན་ཞིན་ཆེན་གྱི་བྲག་དཀར་རྫོང་ས་སྣ་གྲོང་སྡེ་ནས་ཡིན་ཞིང་། ཕ་ཡུལ་དུ་ཆུང་དུས་ནས་གྲྭ་བ་བྱས་ཏེ་བྲག་དཀར་སྤྲེལ་རྫོང་དུ་ལོ་མང་རིང་སློབ་གཉེར་བྱས་རྗེས་ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གྲྭར་ཞུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་པོར་སློབ་གཉེར་གནང་རྗེས་བཞུགས་སྒར་ཁུལ་གྱི་དཔལ་ལྡན་སྟོད་རྒྱུད་དུ་ལོ་གཉིས་ཀྱི་རིང་སློབ་གཉེར་གྱིས་སྔགས་རམས་དགེ་བཤེས་ཐོན་རྗེས་ཧི་མཱ་ཅལ་ཁུལ་གྱི་སྤྱི་ཏི་ཏ་པོ་གསེར་ཀོང་སློབ་གྲྭར་ལོ་གཉིས་ཀྱི་རིང་དགེ་རྒན་གནང་ཞིང་ཕྱིས་སུ་ལྡེ་ར་ལྡུན་དོན་གྲུབ་གླིང་སློབ་གྲྭར་ལོ་གཉིས་ཀྱི་རིང་ལྟ་གྲུབ་སློབ་དཔོན་གནང་ཡོད་འདུག  

ཆེ་དགྲ་ལྷ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་ཁོངས་སུ་བསྐོ་གཞག་བྱ་འཆར། 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལོ་ལྔ་ཅན་གྱི་ལས་ཡུན་ཐེངས་གསུམ་པ་གཉེར་འཆར་དང་བསྟུན་རྒྱ་ནག་གཞུང་གི་དཔོན་རིགས་རྒན་གྲས་ཁག་ཅིག་གི་ལས་གནས་འཕོ་འགྱུར་བཏང་བའི་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་མི་མང་སྲིད་གཞུང་གི་གཙོ་འཛིན་ཆེ་དགྲ་ལྷ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་ཁོངས་སུ་གསར་དུ་བསྐོ་གཞག་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུགདེའང་ South china morning Post བརྒྱུད་ལམ་ཐོག་དེ་འབྲེལ་་གནས་ཚུལ་སྤེལ་བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༢༠ པ་མ་འཚོག་གོང་དང་བསྟུན་ད་རེས་རྒྱ་ནག་གཞུང་གིས་ཡོངས་གྲགས་མེད་པར་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བཅས་ཀྱི་འགོ་གཙོ་དཔོན་རིགས་ཁག་ཅིག་གི་ལས་གནས་འཕོ་འགྱུར་གཏང་རྒྱུ་ཡིན་ལུགས་བརྗོད་ཡོད་པའི་ཁྲོད་ཆེ་དགྲ་ལྷ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་གྲས་སུ་བསྐོ་གཞག་དང་དེ་བཞིན་ཁོ་པའི་ཚབ་ཏུ་ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Yang Jinhai བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ལ་བསྐོ་གཞག་བྱ་རྒྱུ་ཡིན་པར་བརྗོད་འདུག རྩ་བའི་ཆེ་དགྲ་ལྷ་ནི་དེ་སྔ་རྒྱ་ནག་གི་ཡུ་ནན་ཞིང་ཆེན་ནས་ཡིན་པ་མ་ཟད་ད་བར་མི་ལོ་ ༣༦ ཙམ་གྱི་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་འགོ་ཁྲིད་ཀྱི་ལས་གནས་བཟུང་པ་ནས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་མི་དམངས་སྲིད་གཞུང་གི་གཙོ་འཛིན་སོགས་ལས་རིགས་སྣང་མང་གཉེར་མྱོང་མཁན་གྱི་བོད་པའི་དཔོན་རིགས་རྒན་གྲས་ཤིག་ཡིན་པ་རེད། དེ་བཞིན་ Yan Jinhai ནི་རྒྱ་ནག་ཧན་མི་རིགས་ཆགས་ཡོད་ཀྱང་ཁོ་པ་ཆུང་དུས་ནས་བོད་མཚོ་སྔོན་ཞིང་ཆེན་ནང་འཚར་ལོངས་བྱུང་བ་དང་ད་བར་མི་ལོ་ ༣༠ ཡས་མས་ཙམ་གྱི་རིང་བོད་མཚོ་སྔོན་ཞིང་ཆེན་ནང་སྲིད་གཞུང་གི་དྲུང་ཆེ་གཞོན་པ་སོགས་ཀྱི་ལས་གནས་འདྲ་མིན་ཐོག་ལས་ཀ་བྱས་ནས་ ༢༠༢༠ ལོར་བོད་རང་སྐྱོང་ལྗོངས་ཟེར་བར་སླེབས་ཏེ་ལྷ་ས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་དེ་ནས་དྲུང་ཆེ་བཅས་ཆགས་ཡོད། དེའི་ཁྲོད་རིང་མིན་ཕྱི་ཟླ་ ༡༡ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ Wu Yingjie  ཡང་རྒས་ཡོལ་གྱི་མཚམས་ལ་སླེབས་ཡོད་ཀྱང་ཁོ་པའི་ཚབ་ཏུ་སུ་བསྐོ་གཞག་བྱ་འཆར་ཡོད་མེད་ཐད་ད་ལྟའི་ཆར་ཁ་གསལ་གང་ཡང་མེད་པ་རེད།

རྒྱ་ནག་གིས་བོད་ཀྱི་གནམ་མཚོ་འགྲམ་ནས་གནའ་བོའི་བརྐོས་རིས་རྙེད་སོན་བྱུང་བ།

རྒྱ་ནག་གི་ཚན་རིག་ཞིབ་འཇུག་གི་གནའ་རྫས་བརྟག་དཔྱད་རུ་ཁག་ཅིག་གིས་བོད་ཀྱི་མཚོ་བྱང་ཁུལ་གྱི་གནམ་མཚོའི་འགྲམ་ནས་གནའ་བོའི་བོད་ཀྱི་འབྲོག་པའི་རིག་གཞུང་དང་འབྲེལ་བའི་རྡོ་བརྐོས་ཀྱི་རི་མོ་ཁག་ཅིག་རྙེད་སོན་བྱུང་འདུགགཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༡༧ ནས་བཟུང་བོད་ཁུལ་དུ་གནའ་རྫས་བརྟག་དཔྱད་ཀྱི་རྒྱང་སྐྱོད་རུ་ཁག་གི་ལས་གཞི་ཞིག་འགོ་འཛུགས་ཀྱིས་བྲག་རི་དང་བྲག་རིར་བརྟེན་པའི་གནའ་རབས་ཀྱི་རྡོ་བརྐོས་རི་མོར་བརྟད་དཔྱད་བྱས་ཡོད་པ་ལྟར། ཐེངས་འདིར་རྒྱ་མཚོ་ལས་ས་བབ་མི་ཊར་ ༤༧༣༠ ལྷག་གི་མཐོ་ཚད་ལྡན་པའི་མཚོ་བྱང་གནམ་མཚོ་ཁུལ་དུ་བརྟག་དཔྱད་བྱས་པའི་ཁྲོད། ཁུལ་དེར་རྙེད་སོན་བྱུང་བའི་རྡོ་བརྐོས་རི་མོ་ལས་གནའ་བོའི་བོད་ཀྱི་འབྲོག་ཁུལ་གྱི་རིག་གཞུང་ཕྱུག་པོ་དང་། དེ་བཞིན་འབྲོག་ཁུལ་དང་ཚོ་ཁག་གཞན་གྱི་བར་དུ་བརྗེ་བསྒྱུར་བྱས་པའི་རིག་དངོས་ཀྱི་དབང་རྟགས་གསར་བ་རྙེད་ཡོད་འདུགརྒྱ་ནག་གི་གནའ་རྫས་བརྟག་དཔྱད་ཁང་དང་རྒྱལ་སྤྱིའི་རྡོ་བརྐོས་རི་མོ་ལྟེ་གནས་ཀྱི་འགན་འཛིན་ Tang Huisheng ལགས་ཀྱིས་ཐེངས་འདིར་བོད་ཀྱི་གནམ་མཚོ་ཁུལ་ནས་གསར་དུ་རྙེད་པའི་རྡོ་བརྐོས་རི་མོ་དག་ལས་བོད་ཀྱི་གནའ་བོའི་རིག་གཞུང་གི་བརྐོས་རིས་ཁོ་ན་ཙམ་མ་ཡིན་པར། ཧན་མི་རིགས་ཀྱི་ཡིག་རིགས་འཁོད་པའི་རྡོ་ཡི་བརྐོས་རིས་ཀྱང་རྙེད་ཡོད་པར་འགྲེལ་བརྗོད་ཀྱིས།  གནམ་མཚོ་ཁུལ་དེ་ནི་གནའ་བོའི་དར་ལམ་ཞིག་ཡིན་པར་བརྟེན་ཁུལ་དེ་ནི་རིག་གཞུང་སྣ་མང་གི་ལྟེ་གནས་ཤིག་ཡིན་པ་མ་ཟད། དཀྱིལ་ཤར་ཨེ་ཤ་ཡིའི་སྒྱུ་རྩལ་གྱི་རྣམ་པ་ཡང་མཐོང་རྒྱུ་ཡོད་པར་ངོ་སྤྲོད་གནང་འདུག གནའ་རྫས་འཚོལ་ཞིབ་རུ་ཁག་དེ་ཡིས་གནམ་མཚོ་ཁུལ་དུ་རྡོ་ཡི་བརྐོས་རིས་ཙམ་མ་ཡིན་པར། གནའ་བོའི་རིག་གཞུང་གི་མཚོན་དོན་དུ་གྱུར་བའིི་རྡོ་ཡི་མཚོན་ཆ་དང་བང་སོ། དེ་བཞིན་ཆོས་ལུགས་ཀྱི་ཆོ་གའི་དམར་མཆོད་ཀྱི་ས་ཚིགས་ཀྱང་རྙེད་སོན་བྱུང་བ་ནི་བོད་མཐོ་སྒང་གི་མཚོ་བྱང་ཁུལ་གྱི་འབྲོག་པའི་རིག་གནས་ཤུལ་བཞག་ལ་རྒྱུས་ལོན་བྱེད་རྒྱུའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པར་བརྗོད་འདུག རྩ་བའི་ཟླ་བ་སྔོན་མའི་ཟླ་མཇུག་དུ་བོད་ནང་གི་གསར་གནས་ཁག་ཅིག་གི་ཐོག་ཏུ་གནས་ཚུལ་གཞན་ཞིག་ཐོན་པ་ལྟར་ན་རྒྱ་ནག་གིས་བགོས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འདབ་པ་རྫོང་དུ་སྨི་གྲུ་བཞི་མ་ ༡༠༠ ཙམ་ཡོད་པའི་རྡོ་ཆས་རྙིང་པའི་༼ཕན་རོགས༽གནའ་ཤུལ་ཞེས་པ་ཞིག་རྙེད་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། གནའ་ཤུལ་དེ་ནས་ཀྱང་རྡོ་བཟོས་ཀྱི་གནའ་བོའི་མཚོན་ཆ་རིགས་མང་པོ་རྙེད་པར་བཀོད་འདུག རྒྱ་ནག་གཞུང་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས། བོད་མཐོ་སྒང་གི་ས་བབ་མཐོ་ཚད་སྨི་ ༣༧༥༠ ལྷག་ནས་རྙེད་པའི་ཕན་རོགས་གནའ་ཤུལ་དེ་ནི་ལོ་ངོ་གཅིག་འབུམ་སུམ་ཁྲིའི་གོང་ནས་ཆགས་ཡོད་པ་དང་། གནའ་ཤུལ་དེར་སྔོག་འདོན་དང་རྒྱུས་ལོན་ཉམས་ཞིབ་བྱས་པའི་ཁྲོད། རྡོ་ཡིས་བཟོས་པའི་གནའ་རྫས་ཁྲི་གཅིག་ལྷག་རྙེད་ཡོད་སྟབས། བོད་མཐོ་སྒང་དུ་མི་ལོ་གཅིག་འབུམ་ཁྲི་གསུམ་གྱི་གོང་ནས་མིའི་རིགས་ཀྱི་འཚོ་གནས་མགོ་བཙུགས་ཡོད་པར་ངོས་འཛིན་བྱས་ཡོད་འདུགགཞི་རྩའི་གནའ་སྔ་མོར་བོད་དུ་དུར་མཆོད་ཀྱི་སྐབས་སུ་མིའི་བེམ་པོ་ས་འོག་ཏུ་འཇུག་པ་ཆེས་མང་བ་དང་། དུར་སྦོས་ཀྱི་ཁྲོད་དུ་བེམ་པོ་ཙམ་མིན་པར་རིག་དངོས་ཀྱང་དུར་སྦོས་བྱེད་སྲོལ་ཡོད་པ་མ་ཟད། བོད་ཁུལ་གྱི་རིག་གནས་གསར་བརྗེ་སྐབས་སུ་ཡང་བོད་མི་རྣམས་ཀྱིས་རང་གི་རིག་དངོས་རྩ་ཆེན་རྣམས་ས་འོག་ཏུ་བཅུག་ནས་བརྟན་སྲུང་བྱེད་ཐབས་བྱས་ཡོད་པ་ཆེས་མང་བར་བརྟེན། བོད་ཁུལ་དུ་གཅིག་ནས་རྒྱ་ནག་གཞུང་ཕྱོགས་ཀྱི་རིག་དངོས་རྟོག་ཞིབ་རུ་ཁག་དང་གཞན་ཡང་མི་སྒེར་གྱི་གནའ་རྫས་འཚོལ་ཞིབ་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་བཞིན་པའི་ཁྲོད། བོད་ཁུལ་གྱི་དུར་ས་མང་པོ་ཕྱིར་བསྔོགས་བྱེད་བཞིན་ཡོད་པ་རེད།

རྨ་སྟོད་རྫོང་ཁོངས་ཀྱི་དགོན་པ་གྲྭ་ཚང་གཏོར་བཅོམ་དང་སློབ་ཕྲུག་གནས་སྤོར་བྱས་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་བྱུང་བར་ཁ་གཡར་གྱིས་རྒྱ་ནག་གིས་ཟླ་བ་སྔོན་མ་ནས་བཟུང་ཁུལ་དེར་ཡོད་པའི་དགོན་པ་གྲྭ་ཚང་གི་གྲྭ་ཤག་གཏོར་བཅོམ་དང་ས་གནས་ཀྱི་བོད་རིགས་སློབ་མ་རྣམས་རྒྱ་ནག་གི་སློབ་ཁུལ་འདྲ་མིན་ལ་ཆེད་གཏོང་བྱས་འདུག མཚོ་སྔོན་ཞིང་ཆེན་དྲ་བ་ཞེས་པའི་རྒྱ་ནག་གི་གཞུང་འབྲེལ་དྲ་བས་གནས་ཚུལ་བཀོད་པར་ས་ཡོམ་གྱི་རྗེས་སུ་ཁུལ་དེར་ཡོད་པའི་བོད་རིགས་སློབ་མ་ ༡༧༧༢ ལྷག་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་མི་རིགས་སློབ་འབྲིང་། མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་རྙིང་པ། མགོ་ལོག་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ། དེ་བཞིན་མཛོ་རྒན་ར་བ་གྲོང་རྡལ་གྱི་སྐུར་སློབ་གྲྭ རྨ་སྟོད་རྫོང་མི་རིགས་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་བཅས་སློབ་ཁག་བརྒྱད་ཀྱི་ནང་དུ་གནས་སྤོར་བྱས་ཡོད་ལུགས་འཁོད་འདུགབཞུགས་སྒར་ཁུལ་གྱི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ཁུལ་དེར་ཡོད་པའི་བོད་རིགས་སློབ་མ་རྣམས་རྒྱ་ནག་གི་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ལ་ཆེད་གཏོང་བྱས་པ་ཙམ་མ་ཡིན་པར་ཁུལ་དེར་རྟེན་གཞི་བྱས་པའི་ལུང་སྐྱ་དགོན་པ་དང་ཨ་ནེ་དགོན་ཞིག་ཀྱང་རྒྱ་ནག་གི་གཞུང་འབྲེལ་བཀའ་རྒྱའི་འོག་ནས་གཏོར་བཤིག་བཏང་སྟེ་བསྐྱར་སྐྲུན་བྱེད་རྒྱུ་ཡིན་པར་བཤད་ཡོད་པ་དེ་ལྟར་ནའང་། ད་ལྟའི་ཆར་དགོན་པ་དེ་དག་རྩ་གཏོར་བཏང་བ་ལས་དམིགས་བསལ་གྱི་བསྐྱར་སྐྲུན་གྱི་ལས་གཞི་གང་ཡང་སྤེལ་མེད་པར་ལྷག་ཡོད་པ་རེད། གསར་འགོད་པས་པདྨ་རྒྱལ་ལགས་སུ་དེ་འབྲེལ་གྱི་གནས་ཚུལ་ཐད་ནས་བཅར་འདྲི་ཞུས་པར་ཁོང་གིས་གཙོ་བོ་ས་ཡོམ་ལ་ཁ་གཡར་བའི་ཐོག་ནས་རྨ་སྟོད་རྫོང་ཁོངས་ཀྱི་དགོན་པ་གྲྭ་ཚང་གི་འདུ་ཁང་དང་གྲྭ་ཤག་གཏོར་བཅོམ་དང་ཁུལ་དེའི་བོད་སློབ་ཁག་གི་སློབ་མ་རྣམས་རྒྱ་ཡིག་རྒྱ་སྐད་གཙོས་སློབ་ཁོངས་གཞན་དུ་བཏང་བ་ཞིག་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ། རྒྱ་ནག་གིས་བཙན་དབང་ཐོག་ནས་ས་ཁུལ་དེའི་ཕ་མ་རྣམས་མཉམ་འཛོམས་ཀྱིས་ཚོགས་འདུ་བསྡུ་སྐོང་བྱས་ཏེ་བྱིས་པ་རྣམས་སློབ་ཁོངས་གཞན་དུ་སློབ་འཇུག་བྱེད་རྒྱུར་མོས་མཐུན་ཡོད་པའི་རྣམ་འགྱུར་སྟོན་ཆེད་ལག་པ་འཇོག་ཏུ་བཅུག་ཡོད་པར་གསུངས་སོང་། དེ་བཞིན་ཁོང་གིས་ད་ཆ་ས་ཁུལ་དེར་ཡོད་པའི་མང་ཚོགས་ཀྱིས་དགོན་པ་བསྐྱར་སྐྲུན་བྱེད་མིན་གསལ་ཁ་མེད་པར་བརྟེན་སེམས་འཚབ་བྱེད་བཞིན་པ་དང་ནམ་དུས་ཀྱང་དགུན་ཁར་སླེབས་བཞིན་པའི་གྲྭ་བཙུན་ཁག་གནས་སྐབས་ལྕགས་ཤོག་ཁང་པའི་ནང་བསྡད་ཡོད་སྟབས་གནམ་གཤིས་དང་འབྲེལ་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པར་སེམས་འཚབ་གནང་བཞིན་པ་དང་འབྲེལ། རྒྱ་ནག་གིས་གནད་དོན་ཆུང་ཚག་ཅིག་ལ་ཁ་གཡར་ནས་བོད་ཁུལ་དུ་སྲིད་གཞུང་རིམ་པའི་བཙན་བཀའ་གཏོང་བཞིན་པ་ལས། མི་མང་མང་ཚོགས་ལ་རང་ཉིད་ཀྱི་ས་ཁུལ་དང་འབྲེལ་བའི་བསམ་ཚུལ་དང་གདམ་ཀ་རིགས་གང་ཡང་མེད་པར་བཙན་དབང་ལ་ངོས་ལེན་བྱེད་དགོས་པའི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་པར་གསུངས་ཡོད། གཞི་རྩའི་འདི་ལོར་གསར་དུ་གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་གི་ཤེས་རིག་ལྷན་ཁང་ཟེར་བས་ཡོངས་གྲགས་ཀྱིས་གནས་ཚུལ་སྤེལ་བའི་ནང་དུ། སྔ་ལོར་ལོ་ལྔ་ཚན་བཅུ་བཞི་བའི་ཚོགས་འདུ་སྐབས་གཏན་འཁེལ་བྱས་པ་ལྟར། འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ས་ཁུལ། གྲོང་སྡེ་ཁག་སོགས་ནས་ཞི་ཅིན་ཕིང་གིས་རྒྱ་ནག་ནང་གི་སྐད་ཡིག་སློབ་གསོའི་ཐད་གནང་བའི་ལམ་སྟོན་དང་དགོངས་པར་སློབ་སྦྱོང་ཡང་དག་ཟེར་བ་ལག་བསྟར་ཡོང་སླད། གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས། ཆུང་དུས་ནས་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་བཞག་སྟེ། མི་སྒེར་འཕེལ་རྒྱས་དང་རིག་རྩལ་ལྡན་པ་ཞིག་ཏུ་བཟོས་པ་བརྒྱུད་གྲོང་གསེབ་གོང་འཕེལ་དང་། ཀྲུང་ཧཱ་མི་རིགས་ཆེན་མོའི་གཞིས་ཁྱིམ་སྲ་བརྟན་གྱི་འདུ་ཤེས་ཡོད་མཁན་ཟེར་བ་ཞིག་ཏུ་བསྒྱུར་དགོས་སྐོར་བསྒྲགས་ཡོད་པ་ལྟར། ཉེ་སྔོན་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོ་བྱས་པའི་སྒེར་གཉེར་གྱི་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་ཡོད་པ་ལྟར། ཟླ་བ་སྔོན་མའི་ནང་དུ། རྨ་སྟོད་རྫོང་ཁོངས་ཀྱི་བྱིས་པ་རྣམས་ཀྱང་སློབ་ཁོངས་གཞན་དུ་སློབ་འཇུག་བྱས་པ་ཞིག་རེད།

བོད་མིས་རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་ཐེངས་ ༧༢ སྲུང་བརྩི་བྱེད་བཞིན་པ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་སྦྲགས། དེ་རིང་གི་ཉིན་མོ་འདི་ནི་སྲུང་བརྩི་ཞུ་རྒྱུ་ཞིག་མིན་པར་མྱ་ངན་གྱི་ཉིན་མོ་ཞིག་རེད་ཅེས་གསུངས་ཡོད།དེ་རིང་ཆུ་ཚོད་ ༡༢ ཙམ་ལ་བཞུགས་སྒར་གྱི་བྷག་སུ་ཁུལ་དུ་ཆགས་པའི་ Zip Line སྟེང་ཐོག་ Down with China, Free Tibet Now རྒྱ་ནག་ཉམས་རྒྱུད་དུ་སོང་ཤིག བོད་ལ་རང་དབང་རང་བཙན་དགོས་ཞེས་འཁོད་པའི་ཕྲེད་དར་འཕྱར་ཏེ་རྒྱ་ནག་གཞུང་གིས་ད་བར་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་འཕྲལ་མར་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། སྐབས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་པ་སངས་ལགས་ཀྱིས་དེ་རིང་གི་ཉིན་མོ་འདིར་རྒྱ་ནག་གཞུང་ནས་དགའ་སྟོན་གྱི་ངོ་བོར་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་དང་ཤིན་ཅང་། ཧོང་ཀོང་། ཐེ་ཝན་སོགས་ལ་ཆ་མཚོན་ན་མྱ་ངན་གྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག རྒྱ་ གཞུང་ནས་བོད་མིའི་ཆབ་སྲིད་རང་དབང་འཕྲོག་པ་མ་ཚད་པར་འགྲོ་བ་མིའི་ཐབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་པ་སོགས་ཐེར་འདོན་གནང་སྟེ་དེ་རིང་གི་ཉིན་མོ་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མི་བྱེད་མཁན་རྒྱ་ནག་རྒྱལ་ཁབ་ནང་འཚོགས་གཏན་འཁེལ་བའི་ཨོ་ལམ་པིག་རྩེད་འགྲན་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་ཡོད།   དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་དྲུང་བཀྲིས་དོན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་ཡིག་ཆ་རེ་འདོན་སྤེལ་བྱས་ཏེ་བོད་ཞི་བའི་བཅིངས་འགྲོལ་བཏང་བ་ཡིན་ཟེར་བ་དང་བོད་ནང་འཛུགས་སྐྲུན་རྒྱ་བསྐྱེད་བཏང་ཡོད་ལུགས་སོགས་བརྗོད་བཞིན་པ་དེ་ནི་འཁྱོག་བཤད་འབའ་ཤིག་ཡིན་པར་གསུངས་པ་དང་འབྲེལ་ཏེ། རྒྱལ་སྤྱིའི་མང་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་ད་ཆ་བོད་ནང་གི་དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པའི་བྱ་སྤྱོད་ཁག་ལ་གཟིགས་ནས་མ་བཞུགས་པར་ངལ་བ་དེ་སེལ་ཐབས་སུ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་། ཚོགས་ཁག་གཉིས་ཀྱིས་དེ་རིང་གི་ཉིན་མོ་དང་བསྟུན་སྤྱི་བསྒྲགས་ཤིག་སྤེལ་བར་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་མི་ས་ཡ་གཅིག་ལྷག་གི་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་བ་དང་། རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་རྒྱུའི་སྲིད་བྱུས་འོག་བོད་མིའི་རིག་གཞུང་དང་ངོ་བོ་བཅས་པ་རྩ་མེད་དུ་གཏོང་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱལ་སྤྱིའི་སྲིད་གཞུང་ཁག་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གི་བྱེད་བབ་ལ་བརྡ་ལན་ནན་པོ་གཏོང་དགོས་པ་སོགས་འཁོད་འདུག དེ་རིང་བཞུགས་སྒར་ཙམ་མིན་པར་དབྱིན་ཡུལ་གཙོས་རྒྱལ་སྤྱིའི་ས་གནས་གཞན་ཁག་ཏུའང་བོད་མི་དང་ཡུ་གུར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་སོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། གཞི་རྩའི་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་ཟེར་བ་དང་བསྟུན་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱིས་དེ་སྔ་ཕྱི་ཟླ་ ༥ པའི་ནང་བོད་ཐོག་སྤེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་དང་སྦྲགས་ཏེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་འདོད་ཀྱི་བསམ་བློ་ཞིག་ཡོད་ཚེ་བོད་དང་འབྲེལ་བའི་འཁྱོག་བཤད་དྲིལ་བསྒྲགས་རིགས་སྤེལ་མཚམས་འཇོག་དགོས་པར་གསུངས་ཡོད།

རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་གཉིས་ཀྱི་གནད་དོན་ཐད་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣར་ལན་འདེབས།

རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱི་གནད་དོན་ཐད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་བཞིར་ལན་འདེབས་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཆབ་སྲིད་བཙོན་པ་རྣམ་གཉིས་ཀྱི་གནད་དོན་ཐོག་ད་བར་བློ་འཚབ་གནང་བ་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན་པར་ར་འཕྲོད་བྱུང་སྐོར་མངོན་གསལ་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༩ ལོར་འཛིན་བཟུང་གིས་སྔ་ལོའི་ཟླ་ ༡༡ ནང་ཁ་བྲལ་ལ་བརྒྱུད་སྐུལ་གྱི་ཉེས་འཛུགས་འོག་ལོ་བཞི་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་སྐབས་དེར་རྒྱ་གཞུང་གིས་ཁོང་ལ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ Wechat ཞེས་པའི་སྐད་འཕྲིན་གླེང་སྟེགས་ཐོག་སྤེལ་བའི་གནས་ཚུལ་ཞིག་བརྒྱུད་སྤེལ་གནང་བ་བརྒྱུད་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་བདག་དབང་། སྤྱི་ཚོགས་བརྟན་ལྷིང་སོགས་ལ་ཉེན་ཁ་བཟོས་ཡོད་ཚུལ་བརྗོད་ཡོད་པ་དེ་ལྟར་ཡང་ཉེ་ཆར་རྒྱ་གཞུང་དེ་འབྲེལ་གནད་དོན་ཐོག་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣར་ལེན་འདེབས་བྱས་པའི་ནང་དུ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་སྐད་འཕྲིན་ཐོག་སྤེལ་བའི་གནས་ཚུལ་དེ་རྒྱ་ནག་གི་ཁྲིམས་དང་འགལ་ཡོད་ཚུལ་ལ་བདེན་དཔང་ར་སྤྲོད་ཐུབ་མེད་པར་གསལ་བཏོན་གནང་བ་མ་ཟད། ད་ཆ་མང་ཚོགས་ཁྲོད་ཡོངས་གྲགས་གནང་བའི་འཕྲིན་སྟེགས་ཀྱི་གནས་ཚུལ་དེའི་ནང་ཁྲིམས་མཐུན་གྱི་སྨྲ་བརྗོད་དང་བསམ་བརྗོད་རང་དབང་བཅས་ཀྱི་གནད་དོན་ཡིན་པས་དེ་དག་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་ཡིན་པར་ནན་བརྗོད་གནང་འདུག རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣར་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་ཀྱི་གནད་དོན་ཐད་ལན་འདེབས་གནང་བར་རྒྱ་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ཁྲིམས་བཤེར་རྒྱུད་རིམ་ཀྱི་ཐོབ་ཐང་དང་འབྲེལ་བའི་དགོས་ངེས་ཀྱི་མཐུན་རྐྱེན་སྦྱོར་ཡོད་ཀྱང་བདེན་པར་ར་སྤྲོད་བྱ་རྒྱུར་ལམ་ལྷོངས་བྱུང་མེད་ཚུལ་བཀོད་འདུག འོན་ཀྱང་དེའི་རྒྱབ་འགལ་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་བར་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་ཁྲིམས་བཤེར་དེ་ཡོངས་གྲགས་ཤིག་མིན་པའི་ཁར་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བཞག་གི་ཁྲིམས་རྩོད་པ་གླ་མི་ཆོག་པ་མ་ཟད། ཁོང་འཛིན་བཟུང་བྱས་ནས་ད་ཆ་ལོ་གཉིས་ལྷག་འགྲོ་མུས་ཁྲོད་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ནས་ཁོང་དང་ཐུག་འཕྲད་རྩ་བ་ནས་གནང་ཐུབ་ཀྱི་མེད་པའི་གནས་ཚུལ་སོགས་ལུང་འདྲེན་གནང་སྟེ། དེ་ནི་རྒྱལ་སྤྱིའི་ཁྲིམ་ལྟར་བཀག་སྐྱིལ་བྱེད་པོའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་མཚོན་གྱི་ཡོད་པར་མངོན་གསལ་གནང་འདུག དེ་བཞིན་གཞིས་བཞུགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནད་དོན་དང་འབྲེལ་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་གཞུང་གིས་རྩོམ་པ་པོ་ཁོང་ལའང་ཁ་བྲལ་ལ་བརྒྱུད་སྐུལ་བྱས་པའི་དོགས་གཞིའི་འོག་ཁྲིམས་འགལ་གྱི་དོ་དམ་བཀག་ཉར་འོག་བཞག་ཡོད་པ་དང་འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཁོང་གི་གནད་དོན་ཐད་ཁྲིམས་བཤེར་བྱས་ཀྱང་དེ་འབྲེལ་གྱི་དཔྱད་ཁྲ་གང་ཡང་བཏང་མེད་པ་མ་ཟད། རྒྱ་གཞུང་གིས་སྒོ་ཤེས་རབ་ལགས་ཀྱི་ནང་མི་ཉེ་འབྲེལ་ཚོར་ཁོང་དང་འབྲེལ་བའི་གནས་ཚུལ་ཁག་མཁོ་སྤྲོད་བྱས་ཡོད་ཚུལ་བཀོད་ཡོད་ཀྱང་དོན་དངོས་ཐོག་བཙོན་འཇུག་གི་དོན་རྐྱེན་གང་ཡིན་ཤེས་རྟོགས་མེད་པའི་ཁར་རྒྱ་གཞུང་གིས་ཁོང་གི་ནང་མི་རྣམས་ལ་དེ་འབྲེལ་གནས་ཚུལ་གསང་རྒྱ་དགོས་པ་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནད་དོན་དང་འབྲེལ་བའི་བདེན་དཔང་ར་སྤྲོད་ཀྱི་གནས་ཚུལ་མང་དག་ཅིག་གསང་ཉར་བྱེད་བཞིན་པ་མ་ཟད། ཐེངས་འདིའི་རྒྱ་གཞུང་གི་ལན་འདེབས་དེའང་ཁོང་གི་འགལ་ཟླར་སྤྱོད་བཞིན་པའི་བདེན་དཔང་ར་སྤྲོད་རྣམས་དང་མཐུན་གྱི་མེད་པ་དེ་ནི་ངེས་པར་དུ་དོ་སྣང་གནང་འོས་ཤིག་རེད་ཅེས་ནན་སྐུལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་རེས་རྒྱ་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་ཀྱི་གནད་དོན་ཐད་ལེན་འདེབས་བྱས་པའི་དགོས་དམིགས་གཙོ་བོ་ནི་རྒྱ་གཞུང་གིས་ཁོང་གཉིས་ལ་རང་གི་སྨྲ་བརྗོད་དང་བསམ་བརྗོད་རང་དབང་བཅས་ཞི་བའི་ངང་ལོངས་སུ་སྤྱོད་པར་རང་སྣང་གང་དྲན་གྱིས་འཛིན་བཟུང་བྱས་པ་དེ་རེད་ཅེས་གསུངས་ཏེ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་གང་མགྱོགས་གློད་བཀྲོལ་དགོས་པ་དང་དེ་བཞིན་སྒོ་ཤེས་རབ་རྒྱ་མཚོ་ལགས་གར་ཡོད་གནས་སྟངས་གསལ་བཟོ་དགོས་པ་མ་ཟད། ཉེས་མེད་ཉེས་འཛུགས་རྣམས་བདེན་དཔང་ར་སྤྲོད་མ་ཐུབ་ཚེ་གང་མགྱོགས་གློད་བཀྲོལ་དགོས་སྐོར་ནན་བརྗོད་གནང་སྟེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ནང་གི་ཁྲིམས་དོན་ཞུ་གཏུག་འགན་འཛིན་སྐུ་ཞབས་ Kai Mueller ལགས་ཀྱིས་ཁོང་གཉིས་ཀྱི་གནད་དོན་དེས་རྒྱའི་བཙོན་འཇུག་འོག་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་མང་དག་ཅིག་གི་གནད་དོན་མཚོན་གྱི་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཞུང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་རྒྱ་གཞུང་ལ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་གང་མགྱོགས་གློད་བཀྲོལ་བཏང་ནས་བོད་མིའི་སྨྲ་བརྗོད་རང་དབང་དང་བསམ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་སོགས་ངེས་སྲུང་དགོས་པའི་དགོས་འདུན་ཤུགས་ཆེ་གནང་ཡོད།

Latest news