བོད།

ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་སྙན་ཐོ་གསར་པའི་ནང་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ནན་པོ་བྱས་པ།

ཁ་ཉིན་ཕྱི་ཚེས་ ༧ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྐོར་དང་འབྲེལ་བའི་གལ་ཆེའི་སྙན་ཐོ་ཞིག་ཡུ་རོབ་གྲོས་ཚོགས་ནང་དུ་གྲོས་ཚོགས་འཐུས་མི་ ༤༥༤ ཡི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་བརྒྱུད་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག དེ་ཡང་སྙན་ཐོ་འདི་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་ལམ་གྱི་དམིགས་བསལ་སྐུ་ཚབ་གྲོས་ཚོགས་འཐུས་མི་ Hilde Vautmans ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚབ་མཚོན་ཟིན་བྲིས་བཀོད་པ་ཞིག་ཡིན་པ་དང་། སྙན་ཐོ་འདིས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་དང་སྐད་ཡིག །ཆོས་དང་རིག་གཞུང་བཅས་རྩ་མེད་གཏོང་སྟེ། བཙན་དབང་གི་མི་རིགས་མཉམ་བསྲེས་དང་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པ་རྣམས་ལ་སྐྱོན་བརྗོད་ནན་པོ་བྱས་འདུག ཡུ་རོབ་གྲོས་ཚོགས་ཀྱི་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་ཤོག་གྲངས་ ༢༠ ཅན་གྱི་སྙན་ཐོ་དེའི་ནང་། རྒྱ་ནག་གིས་བོད་ནང་དུ་ཐབས་བྱུས་ལྡན་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པ་མ་ཟད། རྒྱ་ནག་གིས་བོད་ནང་གི་མནའ་བོའི་རིག་གནས་ཤུལ་བཞག་གི་ལྟེ་གནས་རྩ་གཏོར་བཏང་བ་དང་། རྒྱ་ཁྱབ་ཀྱི་ལྟ་སྲུང་དམ་དྲག་བྱས་པ། དེ་བཞིན་བཙན་དབང་གི་ངལ་རྩོལ་རྒྱུག་བཅུག་པ་སོགས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་དུ་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་ཕ་མ་དང་བཙན་དབང་གི་ཁ་བྲལ་བཏང་སྟེ་བཙན་དབང་གི་མི་རིགས་རྒྱ་སྒྱུར་དང་མཉམ་བསྲེས་ཀྱི་སློབ་སྦྱོང་སྤྲད་བཞིན་པ་དང་འབྲེལ། བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེས་བོད་པའི་བྱིས་པ་ཚོ་ཕ་མ་ཁ་བྲལ་བཏང་བའི་སེམས་ཁམས་ཀྱི་ཛ་དྲག་དཀའ་ངལ་འཕྲད་པ་མ་ཟད། དེས་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ཡོངས་རྫོགས་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་སྟབས། བཅའ་སྡོད་སློབ་གྲྭའི་འགྲོ་ལུགས་དེ་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་གསུངས་འདུག ཡུ་རོབ་གྲོས་ཚོགས་ཀྱི་ཐེངས་འདིའི་སྙན་ཐོའི་བརྒྱུད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་ཁག་གི་ཐོག་ལ་ཐེ་བྱུས་བྱེད་བཞིན་པ་དང་། ལྷག་པར་དུ་མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་རྒྱུའི་བདག་དབང་རྩོད་ཐབས་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་དང་འབྲེལ། བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་བློས་གཏོང་བྱ་ཐབས་མེད་པའི་གནད་དོན་ཞིག་ཡིན་པ་གསུངས་འདུག གཞན་ཡང་རྒྱ་ནག་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་སྐོར་ལ་གནས་ཚུལ་ཕྱི་གསལ་བྱེད་དགོས་སྐོར་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་དེ་དག་ནི་བོད་ཁོ་ན་མ་ཡིན་པར། རྒྱ་ནག་ནང་གཞུང་གིས་ཁས་ལེན་དང་ཚོད་འཛིན་བྱེད་པའི་ཆོས་ལུགས་ཚོགས་པའི་ཕྱི་རོལ་དུ་གནས་པའི་ཆོས་དད་པ་ཚོར་བཀག་སྡོམ་བྱེད་པའི་སྤྱི་ཡོངས་ཀྱི་གནས་བབ་ཅིག་གི་ཆ་ཤས་ཡིན་པའི་སྐྱོན་བརྗོད་གནང་འདུག སྙན་ཐོའི་ནང་ད་དུང་། ཉེ་ལམ་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་བལ་བོད་ས་མཚམས་ས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་ཁྲོད། ས་མཚམས་ཕྱོགས་གཉིས་ཀར་གོད་ཆགས་དང་ཤི་རྨས་ཀྱི་དོན་རྐྱེན་ཤུགས་ཆེ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྐྱེན་འདས་ཀྱི་གྲངས་ཀ་ཚད་ལྡན་ཕྱི་གསལ་མ་བྱས་པ་དང་། ཆུ་ལོག་ནས་ཐར་པའི་མི་རྣམས་ཀྱི་མྱོང་བའི་སྐོར་བཤད་པ་རྣམས་སྤྱི་ཚོགས་དྲྭ་ལམ་ནས་ནག་སུབ་བཏང་བ་མ་ཟད། མང་ཚོགས་རྣམས་ལ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་སྤེལ་རྒྱུར་དམ་དྲག་བྱས་པ་སོགས་རྒྱ་ནག་གི་ཚད་མཐོའི་གནས་ཚུལ་དམ་དྲག་མངོན་གསལ་དང་འབྲེལ། དམ་དྲག་དེ་དག་གི་རྐྱེན་པས་འགན་ཁུར་ལེན་འདེབས་བྱ་རྒྱུར་དོ་ཕོག་གཏོང་གི་ཡོད་སྟབས། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་རོགས་སྐྱོར་ཚོགས་པ་རྣམས་གནོད་འཚེ་ཕོག་པའི་ས་ཁུལ་དུ་རང་དབང་ངང་བསྐྱོད་བཅུག་དགོས་པ་གསུངས་འདུག དེ་བཞིན་རྒྱ་ནག་གི་རྒྱ་སྐྱེད་འགྲོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་དང་འབྲེལ། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དཔོན་རིགས་ལྷན་དུ་ཆབ་སྲིད་ཀྱི་འབྲེལ་བ་ནམ་བྱུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་དགོས་པ་དང་། ཚོང་དང་དཔལ་འབྱོར་གྱི་འབྲེལ་ལམ་ཁོ་ན་མ་ཡིན་པར། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་ལམ་ནང་དུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་འདི་གལ་ཆེ་བའི་ཆ་ཤས་ཤིག་ཏུ་བཞག་དགོས་པ། མ་ཟད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ནང་དུ་རྒྱ་ནག་གི་ཁྲིམས་འགལ་དང་གསང་བའི་ཉེན་རྟོག་ལས་ཁུངས་ཡོངས་རྫོགས་འཕྲལ་མར་སྒོ་རྒྱག་དགོས་པ་ཚིག་བརྗོད་ནན་པོའི་ཐོག་གསུངས་འདུག སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ད་ལན་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོ་དེར་ཚད་མཐོའི་རྒྱབ་སྐྱོར་གནང་བ་དེས་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་དང་། དེས་རྒྱ་ནག་ཐོག་བོད་མིའི་ཆོས་དང་རིག་གཞུང་གིས་ཐོབ་ཐང་སྲུང་སྐྱོབ་མིང་དོན་མཚུངས་པ་བྱ་དགོས་པའི་གནོན་ཤུགས་སྤྲད་པའི་ཡུ་རོབ་ཐུན་མོང་གྱི་དགོས་འདུན་ཞིག་ཀྱང་མཚོན་གྱི་ཡོད་པ་གསུངས་ཏེ། ཡུ་རོབ་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

བོད་ནང་ལོ་ངོ་ ༡༢༨༠༠༠ ལྷག་གི་གནའ་བོའི་འཁྱགས་རོམ་རྙེད་སོན་བྱུང་འདུག

བོད་ཀྱི་ནུབ་བྱང་ཁུལ་གྱི་ Guliya འཁྱགས་རོམ་ནང་ལོ་ངོ་ ༡༢༨,༠༠༠ ལྷག་གི་གནའ་བོའི་འཁྱགས་པ་ཉར་ཚགས་ཐུབ་ཡོད་པ་ཚན་རིག་པས་བརྟག་ཞིབ་བྱས་ནས་ར་སྤྲོད་བྱུང་ཡོད་པ་དང་། གསར་རྙེད་འདི་གོ་ལའི་སྣེ་གཉིས་ཕུད་པའི་རི་ཁུལ་ནས་རྙེད་པའི་འཁྱགས་པ་རྙིང་ཤོས་ཡིན་པར་མངོན་གསལ་གནང་འདུག དེ་ཡང་ཁ་ཉིན་ SciTechDaily ཚན་རིག་དང་འབྲེལ་བའི་གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་ཕྱི་ལོ་ ༡༩༩༢ དང་ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་ནུབ་བྱང་ཁུལ་གྱི་ Guliya འཁྱགས་རོམ་ལ་ཞིབ་འཇུག་བྱས་པའི་ཁྲོད། རི་བོ་དེའི་གཏིང་ཟབ་སར་འཁྱགས་དུས་མཐའ་མའི་སྐབས་ཀྱི་འཁྱགས་པ་ལོ་ངོ་ ༡༢༨,༠༠༠ ལྷག་རིང་ཉར་ཚགས་ཐུབ་ཡོད་པ་མ་ཟད། ཚན་རིག་པའི་གསར་རྙེད་དེ་ནི་གོ་ལའི་སྣེ་གཉིས་ཕུད་པའི་རི་ཁུལ་གང་ཞིག་ནས་རྙེད་པའི་འཁྱགས་པ་རྙིང་ཤོས་ཡིན་པར་མངོན་གསལ་གནང་འདུག མ་ཟད། ཚན་རིག་པས་བོད་མཐོ་སྒང་ནང་ལོ་ངོ་ ༡༢༨༠༠༠ ལྷག་གི་འཁྱག་རོམ་རྙེད་སོན་བྱུང་བ་དེ་སྤྱད་དེ་ས་ཁུལ་དེའི་ནང་ལོ་ངོ་མང་པོའི་རིང་གནམ་གཤིས་ལ་འགྱུར་བ་སྤྱི་དང་། བྱེ་བྲག་ཏུ་མ་འོངས་པར་ཁོར་ཡུག་ལ་འགྱུར་བ་ཇི་ལྟར་ཡོང་མིན་ཤེས་པར་ཕན་ནུས་ཆེན་པོ་སྦྱིན་གྱི་ཡོད་པས། དེ་འབྲེལ་མུ་མཐུད་ཞིབ་འཇུག་གནང་འཆར་ཡོད་པ་གསུངས་འདུག དེའི་བར་ན་ཁོར་ཡུག་ཉམས་ཞིབ་པ་ཁག་གཅིག་གིས་བོད་གཞིས་ཀ་རྩེ་ས་ཁུལ་དུ་རྙེད་སོན་བྱུང་བའི་ལོ་ངོ་ ༡༡,༠༠༠ གོང་གི་ Stone tool འམ་རྡོ་ཆས་ ༡༥༨ ལ་ཞིབ་འཇུག་གནང་འབྲས་སུ། དེའི་བརྒྱུད་ནས་མཐོ་སྒང་བོད་ཀྱི་སྔར་གྱི་མིའི་རིགས་ཀྱི་འཚོ་བ་དང་། ཁོར་ཡུག་ལ་བསྟུན་སྒྱུར་བྱེད་སྟངས་སྐོར་ལ་ལྟ་སྟངས་གསར་པ་ཞིག་བསྐྲུན་ཐུབ་ཡོད་པ་མ་ཟད། རྙེད་སོན་འདིས་བོད་མཐོ་སྒང་གི་འཁྱགས་རོམ་དུས་རབས་རྫོགས་རྗེས་མིའི་རིགས་ཀྱིས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་འཚོ་བ་སྐྱེལ་སྟངས་ཇི་ལྟར་བསྒྱུར་ཡོད་མེད་གསལ་པོ་བཏོན་ཐུབ་ཀྱི་ཡོད་པ་གསུངས་འདུག

མངའ་རིས་ས་ཁུལ་དུ་ཁ་བ་ཆེན་པོ་བབས་པའི་རྐྱེན་གྱིས་གནོད་སྐྱོན་ཚབས་ཆེ་ཐེབས་པ།

ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༧ བར་མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་། རུ་ཐོག་རྫོང་། སྒེར་རྩེ་རྫོང་། སྒར་རྫོང་། དགེ་རྒྱས་རྫོང་། སྤུ་ཧྲེང་རྫོང་། རྩ་མདའ་རྫོང་བཅས་སུ་ཁ་བའི་མཐུག་ཚད་སེན་ཏི་མི་ཊར་ ༨ ནས་ ༡༥ བར་བབས་པ་དང་འབྲེལ་ནས་མི་ཕྱུགས་གཉིས་ཀར་དཀའ་ཁག་ཆེན་པོ་ཕྲད་འདུག འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཁ་བ་བབས་ཚད་རྒྱུན་ལྡན་ལས་བརྒལ་ཡོད་པ་དང་། མངའ་རིས་ས་ཁུལ་གྱི་ས་ཁང་མང་པོ་ཁ་བས་མནན་པ་དང་། གངས་རིན་པོ་ཆེ་ཡུལ་སྐོར་ས་ཁུལ་དུ་གློ་བུར་དུ་ཁ་བ་ཆེན་པོ་བབས་པའི་རྐྱེན་གྱིས་གངས་སྐོར་གྱི་ལམ་ཁར་ཁ་བས་བཀབ་པ་དང་འབྲེལ་གངས་རིན་པོ་ཆེར་ས་གནས་མང་ཚོགས་གཙོས་པའི་གནས་མཇལ་བ་དང་ཡུལ་སྐོར་བའི་འགྲོ་འོང་བཀག་སྡོམ་བྱས་ཡོད་འདུག  །དེའི་ཁྲོད་ས་གནས་ཀྱི་མི་ཚང་མང་པོར་བཟའ་ཡག་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ཆུ་དང་གློག་སོགས་ཀྱི་དཀའ་ངལ་མང་དག་ཅིག་ཕྲད་ཡོད་པ་འགྲེལ་བརྗོད་བྱས་སོང་། ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ས་གནས་ཡུལ་མི་ཞིག་གིས་འདི་གར་འགྲེལ་བརྗོད་བྱས་པ་ལྟར་ན། ཡུལ་སྐོར་བ་དང་འབྲོག་པ་མང་པོ་རི་ལམ་དུ་འགགས་ནས་བཟའ་ཡག་མེད་པར་ལྟོགས་པར་ལུས་ཡོད་ཀྱང་ས་གནས་ཡུལ་མི་ཚོས་སྐྱོབ་ཐུབ་པ་བྱུང་འདུག  །ཡིན་ནའང་གཞུང་ངོས་ནས་རོགས་སྐྱོར་དུས་ཐོག་ཏུ་འབྱོར་མེད་པ་དང་། ས་གནས་ཡུལ་མི་ཚོས་ཕན་ཚུན་རོགས་པ་བྱས་ཡོད་སྐོར་གསུངས་སོང་། མངའ་རིས་ཀྱི་ས་ཁུལ་ཡོངས་ལ་གློག་ཆད་པས་རྐྱེན་གྱིས་ཁ་པར་གྱི་བརྡ་རྟགས་ཆད་པ་དང་འབྲེལ། ཡུལ་དངོས་ཀྱི་གནས་ཚུལ་སྤེལ་མ་ཐུབ་པ། ས་ཁུལ་གཞན་གྱི་རོགས་སྐྱོར་ཚོགས་པ་ལམ་འགགས་པའི་རྐྱེན་གྱིས་སླེབས་མ་ཐུབ་པ། སྒོ་ཕྱུགས་མང་པོ་ལྟོགས་ཤི་དང་གྲང་ཤི་བྱུང་བས་མང་ཚོགས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པའི་གནས་ཚུལ་མང་པོ་བྱུང་ཡོད་པ་འབྲེལ་ཡོད་བརྒྱུད་ནས་ཤེས་རྟོགས་བྱུང་སོང་། བོད་མངའ་རིས་ས་ཁུལ་ནི་བལ་ཡུལ་དང་རྒྱ་གར་གྱི་བྱང་ཕྱོགས་དང་ས་འབྲེལ་ཡིན་པ་དང་། མཚོ་ངོས་ལས་མཐོ་ཚད་མི་ཊར་ ༤༥༠༠ སར་ཡོད་པ་རེད། ས་ཁུལ་དེའི་ནང་ཧི་མ་ལ་ཡའི་རི་རྒྱུད་དང་། གངས་ཀར་ཏི་སེ། ཁུན་ལུན་རི་རྒྱུད། སེང་གེ་ཁ་འབབ་དང་ཆུ་བོ་གངྒཱ། ཡར་ཀླུང་གཙང་པོ་སོགས་བཞུར་རྒྱུན་དང་འབྲེལ་བ་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་མི་ཊར་ ༥༠༠༠ ཡན་གྱི་ས་ཁུལ་གྱི་ཕྱི་ཟླ་བརྒྱད་པར་ཉིན་མོ་དྲོད་ཚད་ Celsius ༡༠ དང་། མཚན་མོ་གྲང་ཚད་ཀླད་ཀོར་མན་དུ་སླེབས་ཀྱི་ཡོད་པས་ཉིན་མཚན་གྱི་དྲོད་གྲང་བར་ཁྱད་པར་ཆེན་པོ་ཆགས་ཡོད་པ་མ་ཟད། ལོ་འཁོར་ཧྲིལ་པོ་ཆར་ཆུ་ཤིན་ཏུ་དཀོན་པོ་ཡིན་པར་བརྟེན་མངའ་རིས་ཁུལ་དུ་དགུན་ཁའི་རིང་ གྲང་ངར་ཡང་ཤིན་ཏུ་ཆེ་བ་ཡིན་འདུག

བོད་མདོ་ལ་རྫོང་ཁོངས་ཀྱི་འབྲོག་ཁུལ་ཡོངས་སུ་ཏང་གི་རྟ་ཐོག་དྲིལ་བསྒྲགས་འགོ་འཛུགས།

ཕྱི་ཟླ་ ༡༠ ཚེས་ ༡ ཉིན། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཐེངས་ ༧༧ ཟེར་བ་སྲུང་བརྩི་ཆེད་དུ་«རྟ་ཕོའི་འཚེར་སྐད་ལྷང་ལྷང་གྲགས། སྐར་ལྔའི་དར་དམར་ལྷབ་ལྷུབ་བསྐྱོད།» ཅེས་པའི་འབོད་སྒྲའི་འོག་འབྲོག་པ་ཚོས་རྟ་ལ་བཞོན་ནས་རི་སྒང་གང་སར་རྒྱ་ནག་གི་རྒྱལ་དར་ཁུར་ནས་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཨ་མདོ་ས་ཁུལ་གྱི་མདོ་ལ་རྫོང་དུ་འགོ་བཙུགས་འདུག རྒྱལ་སྟོན་དུས་ཆེན་ཐེངས་ ༧༧ ཟེར་བ་སྔ་རྗེས་སུ་བོད་ཁུལ་གྱི་དགོན་སྡེ་དང་། སློབ་གྲྭ། བྱིས་སྐྱོང་ཁང་། མང་ཚོགས་ཁྲོད། ས་གནས་ཆེ་ཆུང་གང་སར་དུས་ཆེན་སྲུང་བརྩི་ཆེད་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་དང་། གཞུང་ངོས་ནས་ལག་བསྟར་བྱས་པའི་བྱེད་སྒོའི་ནང་དུ་ངེས་པར་དུ་མཉམ་ཞུགས་དགོས་པ་དང་། མཉམ་ཞུགས་མ་བྱས་ཚེ་ཆད་པ་གཅོད་པ་སོགས་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱས་ཡོད་འདུག རྒྱ་གཞུང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་ཁྲོད་ནས་རྟ་ལ་བཞོན་ནས་འབྲོག་ཁུལ་གྱི་རི་སྒང་གང་སར་ཕྱི་ཟླ་ ༡༠ པའི་ནང་ཡོངས་རྫོགས་དྲིལ་བསྒྲགས་བྱེད་པ་ནི་དྲིལ་བསྒྲགས་བྱེད་སྒོ་གཞན་དང་མི་འདྲ་བ་ཞིག་ཡིན་འདུག འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། འབྲོག་ཁུལ་གྱི་དྲིལ་བསྒྲགས་འདི་གཙོ་བོ་རྟ་ལ་བཞོན་ནས་འགྲོ་དགོས་པ་དང་། སྡེ་བ་རེ་ནས་འཐུས་མི་ ༥ ནས་ ༡༠ བར་ངེས་པར་མཉམ་ཞུགས་དགོས་པ་དང་། མདོ་ལ་རྫོང་ཁོངས་ཀྱི་འབྲོག་ཁུལ་ཡོངས་སུ་འགྲོ་དགོས་པ་ཞིག་ཡིན་འདུག ཞག་སྡོད་བྱེད་སའི་ས་ཁུལ་དུ་«དྲིལ་བསྒྲགས་གཏམ་གླེང་»ཟེར་བའི་ཏང་གི་ཕུགས་འདུན་དང་རྒྱལ་ཞེན་གླེང་མོལ་ཚོགས་འདུ་སྡེ་བ་དེའི་ཏང་གི་འཐུས་མི་ཚོས་གོ་སྒྲིག་བྱ་དགོས་པ་དང་། ཚོགས་འདུའི་འགྲོ་གྲོན་དང་གྲ་སྒྲིག་ཆ་ཚང་ཏང་གི་འབྲེལ་ཡོད་ལས་ཁུངས་ནས་འགན་ལེན་བྱ་དགོས་འདུག ཅེས་འགྲེལ་བརྗོད་བྱས་སོང་། ད་ལོའི་«རྟ་ཕོའི་འཚེར་སྐད་ལྷང་ལྷང་གྲགས། སྐར་ལྔའི་དར་དམར་ལྷབ་ལྷུབ་བསྐྱོད།»དྲིལ་བསྒྲགས་སྐོར་ནས་བོད་ཞུགས་ཤེས་ཡོན་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། རྟ་ནི་འབྲོག་ཁུལ་གྱི་ཆེས་དོ་སྣང་བྱེད་ས་དང་། དགའ་མོས་བྱེད་སའི་སྒོ་ཕྱུགས་གཙོ་བོ་ཆགས་ཡོད་པས། རྟ་དང་འབྲེལ་ཡོད་ཀྱི་དྲིལ་བསྒྲགས་རིགས་ལ་མང་ཚོགས་ཀྱི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པས་ཐབས་ལམ་འདི་གཞུང་སྒེར་ཚང་མས་བེད་སྤྱོད་བྱེད་བཞིན་པ་རེད་ཅེས་གསུངས་སོང་། སྔོན་ཆད་དེ་ལྟ་བུའི་ཏང་གི་དྲིལ་བསྒྲགས་འབྲོག་ཁུལ་དུ་བྱས་མྱོང་མེད་པ་དང་། ད་ལོ་ནས་བཟུང་དྲིལ་བསྒྲགས་ཀྱི་རྣམ་པ་མི་འདྲ་བ། རིགས་མི་འདྲ་བ་མང་པོ་ཡོད་ནའང་གཙོ་བོ་གཞུང་གི་དྲིལ་བསྒྲགས་དང་། རྒྱལ་ཁབ་ཀྱི་ཁ་ཕྱོགས་ལ་དམིགས་ནས་དྲིལ་བསྒྲགས་བྱེད་བཞིན་འདུག

རྡོ་རྗེ་བཀྲ་ཤིས་ལགས་དང་ནང་མི་ཐུག་འཕྲད་བྱས་མ་བཅུག་པ་དེས་ཁོང་གི་གནས་སྟངས་ཐད་སེམས་འཚབ་དང་དོགས་གཞི་བཟོ་ཡི་ཡོད་པ་གསུངས་འདུག

རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོགས་འོག་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པ་ Wang Fei ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་དོ་དམ་ལས་བྱེད་ལྷན་དུ་ཉེ་ཆར་ཁ་པར་བརྒྱུད་གླེང་མོལ་བྱས་པའི་སྒྲ་སྒམ་ཞིག་ཕྱི་གྱར་བྱུང་བའི་ནང་དུ།  Wang Fei ཡིས་བཙོན་ཁང་དོ་དམ་པས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མི་སྤུན་མཆེད་དང་ཁྲིམས་རྩོད་པར་ཁོང་དང་ཐུག་འཕྲད་བྱས་མ་བཅུག་པ་དེས་བཙོན་ཁང་ནང་ཁོང་གི་གནས་སྟངས་ཛ་དྲག་ཡོད་སྲིད་པའི་སེམས་འཚབ་དང་དོགས་གཞི་བཟོ་བཞིན་ཡོད་པ་གསུངས་འདུག དེ་ཡང་རྒྱ་གཞུང་གིས་བུ་ལོན་གཡོ་ལེན་བྱས་པའི་མ་ཉེས་ཁ་གཡོགས་འོག་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་བོད་མི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་ཉེན་རྟོག་པས་རྡུང་རྡེག་དང་སྡིགས་རར་མ་ལྟོས་པར། ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་དགོས་པ་དང་ཁོང་དང་ཐུག་འཕྲད་བྱེད་དུ་བཅུག་དགོས་པ་སོགས་ཀྱི་ཞུ་གཏུགས་ཇི་ཙམ་བྱས་ཀྱང་། ཁོང་དང་ཐུག་འཕྲད་ཙམ་ཡང་བྱས་མ་བཅུག་པ་དང་། སྔ་ལོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པ་ Wang Fei ལགས་ལ་ལོ་མང་རྗེས་ཁོང་དང་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་རིང་ལ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་བའི་ཁྲོད། རྡོ་རྗེ་བཀྲ་ཤིས་ལགས་ལ་བཙོན་ཁང་ནང་དུ་བཙོན་པ་གཞན་གྱིས་རྡུང་སྡེག་ཐེངས་གཅིག་ལས་མང་བ་བཏང་ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་སུ། བཙོན་ཁང་དོ་དམ་པས་ནང་མི་དང་ཁྲིམས་རྩོད་པ་གཉིས་ཀར་ཁོང་དང་ཐུག་འཕྲད་བྱས་མ་བཅུག་པར་བཀག་སྡོམ་བྱས་པ་མ་ཟད། དྲྭ་ཐོག་ལ་ཁོང་དང་ཐུག་འཕྲད་བྱས་མ་བཅུག་པའི་གནས་ཚུལ་རྣམས་ཕྱིར་འཐེན་བྱེད་དགོས་པ་སོགས་ཀྱི་བཙན་སྐུལ་བྱེད་བཞིན་ཡོད་པ་རེད་འདུག དེའི་ཁྲོད་ཁྲིམས་རྩོད་པ་ Wang Fei ལགས་ཀྱིས་ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་དོ་དམ་ལས་ཁུངས་ཀྱི་ཉེན་རྟོག་པའི་ལྷན་དུ་ཁ་པར་ཐོག་བཀའ་མོལ་བྱུང་བའི་སྒྲ་སྒམ་ཞིག་ཕྱི་གྱར་གནང་བའི་ནང་དུ། རྡོ་རྗེ་བཀྲ་ཤིས་ལགས་དང་ཐུག་འཕྲད་བྱ་རྒྱུའི་ཞུ་སྙན་ལ་ཨ་ལན་བརྡ་ལན་མེད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་དྲི་བ་བཏང་བར། ཉེན་རྟོག་པས་སྔ་ལོ་ཁོང་གིས་རྡོ་རྗེ་བཀྲ་ཤིས་ལགས་ལ་བཙོན་ཁང་ནང་དུ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་ཁྲོད་བཀའ་མོལ་བྱུང་བ་དང་། ལྷག་པར་དུ་བཙོན་ཁང་ནང་ཁོང་ལ་ཉེས་རྡུང་བཏང་བའི་གནས་ཚུལ་རྣམས་ཁོང་གི་ནང་མིར་བཤད་པ་དང་འབྲེལ་ནས། ནང་མིས་བཙོན་ཁང་སྒོ་ཁར་ངོ་རྒོལ་དང་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་ཁོང་དང་ཐུག་འཕྲད་བཀག་སྡོམ་བྱས་ཡོད་ཚུལ་བརྗོད་བཞིན་པ་ཐོས་རྒྱུ་འདུག སྒྲ་སྒམ་འདིའི་ནང་ད་དུང་ཁྲིམས་རྩོད་པ་ Wang Fei ལགས་ཀྱིས་རྒྱལ་ཁབ་གང་གི་ཁྲིམས་ནང་དུ་བཙོན་པ་རྣམས་ལ་ནང་མི་དང་ཐུག་འཕྲད་བྱས་ས་མེད་པ་འཁོད་ཡོད་པའི་དྲི་བ་བཏང་བ་དང་འབྲེལ། ཁྱེད་ཚོའི་ཐུག་འཕྲད་བྱས་མ་བཅུག་པ་ཡིན་ན་ནང་མིས་ངོ་རྒོལ་བྱས་ངེས་ཡིན་པ་དང་། བཙོན་ཁང་ནང་རྡུང་སྡེག་བཏང་བའི་གནད་དོན་ནང་མིར་བཤད་དགོས་ངེས་ཡིན་པ་སོགས་གསུངས་པ་མ་ཟད། ད་རེས་བཙོན་ཁང་དོ་དམ་པས་ཁོང་དང་ཐུག་འཕྲད་བྱས་མ་བཅུག་པའི་རྒྱུ་མཚན་གསུངས་པ་རྣམས་ཡིག་ཐོག་ལ་སྤྲད་དགོས་སྐོར་དང་འབྲེལ། ད་ལྟ་ཁོང་དང་ཐུག་འཕྲད་བཀག་སྡོམ་བྱས་པ་དེས་ཁོང་གི་གནས་སྟངས་ཇི་ལྟར་ཡོད་མེད་ཐད་སེམས་འཚབ་དང་དོགས་གཞི་གསར་པ་བཟོ་ཡི་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་ནག་གིས་རྡོ་རྗེ་བཀྲ་ཤིས་ལགས་སྤྱི་ལོ་ ༢༠༠༨ ལོར་བུ་ལོན་གཡོ་ལེན་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ། ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པར་བརྟེན། ཁོང་གི་སྲིང་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་བོད་ལྗོངས་ཁྲིམས་ཁང་ཟེར་བའི་མདུན་དུ་གཅུང་པོ་ཁྲིམས་འགལ་བཙོན་འཇུག་བྱས་པའི་གནད་དོན་ལ་ཁྲིམས་ཞིབ་བྱེད་དགོས་པ་དང་། ཁོང་ཐུག་འཕྲད་བྱེད་འཇུག་དགོས་པ་སོགས་ཀྱི་ཞུ་གཏུགས་ལས་འགུལ་སྣ་མང་སྤེལ་ཡོད་པ་མ་ཟད། ལྷག་པར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པ་ Wang Fei ཡིས་ཕྱི་ལོ་ ༢༠༡༩ ལོར་ཁོང་གི་གྱོད་དོན་ཐད་གོང་རིམ་ཁྲིམས་ཁང་ལ་བསྐྱར་གཏུགས་གཙོས་ཁོང་ནང་མི་དང་ཐུག་འཕྲད་བྱེད་ཐབས་བྱས་ཀྱང་། ལྷ་སའི་གྲྭ་བཞིའི་བཙོན་ཁང་གི་འབྲེལ་ཡོད་ལས་བྱེད་པས་ཡ་ལན་ཚུལ་མཐུན་སྤྲད་མེད་པ་རེད། དེའི་བར་ན་རྡོ་རྗེ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་བྱས་པ་ནས་བཟུང་ད་བར་མི་ལོ་ ༡༨ རིང་ཁོང་གི་ཐོག་ལ་བཙུགས་པའི་ནག་ཉེས་རྣམས་ལ་ངོས་ལེན་རྩ་བ་ནས་གནང་མེད་པ་རེད། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པས་འདི་ལོའི་ཕྱི་ཟླ་བདུན་པ་དང་བརྒྱད་པའི་ནང་ཁོང་དང་ཐུག་འཕྲད་བྱེད་རྒྱུའི་ཞུ་སྙན་ཕུལ་ཡོད་ཀྱང་ཐུག་འཕྲད་བྱས་མ་བཅུག་པ་མ་ཟད། བཙོན་ཁང་ཉེན་རྟོག་པས་ཁོང་གི་ནང་མིར་ཁོང་དང་ཐུག་འཕྲད་བྱས་པར་དང་པོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་དོན་དང་འབྲེལ་བའི་དྲྭ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་རྣམས་ཕྱིར་འཐེན་བྱེད་དགོས་པ་དང་། ཉེན་རྟོག་པར་དགོངས་སེལ་ཞུ་དགོས་པ་བརྗོད་ཡོད་པ་མ་ཟད། སྲིད་གཞུང་གིས་རྒྱ་ཡིག་སྤྱི་ཚོགས་དྲྭ་ལམ་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་གྱི་ཁྲིམས་བཤེར་དགོས་པ་དང་། ཁོང་གི་གྱོད་དོན་ལ་ཁྲིམས་ལྟར་ལག་ལེན་བསྟར་གྱི་མེད་པའི་གླེང་སློང་རྣམས་ནག་བསུབ་གཏོང་བཞིན་པ་ཤེས་རྟོགས་བྱུང་ཡོད་པ་རེད། དེའི་བར་ན་རྡོ་རྗེ་བཀྲིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་གཉིས་ལ་ཕྱི་ལོ་ ༢༠༡༩ རྗེས་སུ་ད་བར་ཁོང་དང་ཐུག་འཕྲད་བྱས་བཅུག་མེད་པ་དང་། ཁོང་གི་བཟའ་ཟླ་དང་བུ་ཕྲུག་རྣམས་ལ་ཕྱི་ལོ་ ༢༠༢༤ རྗེས་སུ་ད་བར་ཐུག་འཕྲད་བྱས་བཅུག་མེད་པ་རེད།

རྒྱ་གཞུང་གིས་བོད་ནང་མཁའ་ཐོག་ལྟ་ཞིབ་དང་མཁའ་དབྱིངས་ཚོད་འཛིན་གྱི་མ་ལག་བརྒྱུད་བོད་མིར་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་བཞིན་པ་མངོན་གསལ།

ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་གིས་ཁ་སང་ཕྱི་ཚེས་ ༣༠ ཉིན་ Eyes Above the Plateau: Drones, DJI, and the Aerial Architecture of Control in Tibet རྒྱ་གཞུང་གིས་བོད་ནང་མཁའ་ཐོག་ལྟ་ཞིབ་དང་མཁའ་དབྱིངས་ཚོད་འཛིན་གྱི་མ་ལག་བརྒྱུད་བོད་མིར་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཅེས་པའི་སྙན་ཐོ་འདོན་སྤེལ་བརྒྱུད། དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་སུ་ Drone མི་མེད་གནམ་གྲུ་སོགས་མཁའ་བསྐྱོད་གནམ་གྲུའི་ལྟ་ཞིབ་མ་ལག་རྒྱ་བསྐྱེད་ཀྱིས་བོད་མིར་སྔར་ལྷག་དམ་དྲག་བྱེད་བཞིན་པ་མ་ཟད། ལྷག་པར་རྒྱལ་སྤྱིའི་ཚོགས་སྒེར་ཁག་དང་བོད་མིས་གནམ་ཐོག་ནས་རྒྱའི་དྲག་གནོན་གྱི་དཔང་རྟགས་མཁོ་སྒྲུབ་བྱེད་པའི་ནུས་པར་བཀག་སྡོམ་བྱེད་བཞིན་པ་གསལ་སྟོན་གནང་འདུག དེ་ཡང་ཁ་སང་ཕྱི་ཟླ་ ༩ པའི་ཚེས་ ༣༠ ཉིན་བོད་གནས་ལྟ་ཞིབ་ཁང་གི་དྲྭ་གནས་ཐོག་བོད་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་འདུག་པ་དེའི་ནང་། ཚོགས་པས་འདས་པའི་ལོ་དགུ་ལྷག་རིང་རྒྱ་དམར་གཞུང་གི་གཞུང་འབྲེལ་ཡིག་ཆ་དང་ཉེན་རྟོག་ལས་ཁུངས་ཀྱི་ཡིག་ཆ། གསལ་བསྒྲགས། དེ་བཞིན་གནམ་གྲུར་དམ་དྲག་སོགས་ཀྱི་ཁུངས་སྐྱེལ་ཡིག་ཆ་ཁག་ལ་དཔྱད་ཞིབ་གནང་འབྲས་སུ། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་ཟི་ཁྲོན། ཡུན་ནན་བཅས་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བརྟན་ལྷིང་སྲུང་སྐྱོབ་ལ་ཁ་གཡར་ཏེ། མཁའ་སྐྱོད་གནམ་གྲུ་ Drone དང་། གནམ་གྲུ་འགོག་སྲུང་གི་མ་ལག་འཕོན་ཆེ་ཉོས་པ། དེ་བཞིན་འདས་པའི་ལོའི་ནང་དེ་འབྲེལ་ཉེན་རྟོག་པར་སྦྱོང་བརྡར་སྤྲོད་པའི་བརྒྱུད། བོད་ནང་གི་བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་ཚོད་འཛིན་ཙམ་མ་ཟད། ལྷག་པར་དེ་སྔ་ཞི་རྒོལ་བྱུང་སའི་བོད་ཁམས་སྡེ་དགེ་དང་འབྲི་རུ།  ཆོས་ལུགས་ཀྱི་བྱེད་སྒོ་མང་བའི་ལྷ་ས་ས་ཁུལ་དང་བཀྲ་ཤིས་ལྷུན་པོའི་ཉེ་འཁོར། དེ་བཞིན་བལ་བོད་དང་འཕགས་བོད་མཐའ་མཚམས་སོགས་སུ་མཁའ་བསྐྱོད་གནམ་གྲུའི་ལྟ་ཞིབ་མ་ལག་བརྒྱུད་བོད་མིར་དམ་དྲག་སྔར་ལྷག་བྱེད་བཞིན་པ་གསལ་སྟོན་གནང་འདུག མ་ཟད་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ནས་ཕྱི་ལོ་ ༢༠༢༦ ཟླ་ ༡ བར་བོད་ཁུལ་དུ་གཞུང་འབྲེལ་བདེ་འཇགས་ལས་ཁུངས་ཀྱིས་ DJI བཟོ་ཚོང་ཁང་ནས་བཟོ་སྐྲུན་བྱས་པའི་མཁའ་སྐྱོད་གནམ་གྲུ་ཨིན་སྒོར་ས་ཡ་ ༢་༨ བརྒལ་བའི་གན་རྒྱ་ ༡༢ ལྷག་རྙེད་སོན་བྱུང་ཡོད་པ་དང་ཆབས་ཅིག ལྷག་པར་རྒྱ་གཞུང་གིས་གནམ་ཐོག་ནས་ལྟ་ཞིབ་དང་མཉམ་དུ་རྒྱལ་སྤྱིའི་ཚོགས་སྒེར་ཁག་དང་བོད་མིས་གནམ་ཐོག་ནས་རྒྱའི་དྲག་གནོན་གྱི་དཔང་རྟགས་མཁོ་སྒྲུབ་བྱེད་པའི་ནུས་པར་བཀག་སྡོམ་གྱིས། ཕྱི་ལོ་ ༢༠༢༡ ལོར་ལྷ་སར་མཚོན་ན་ཉེན་རྟོག་པས་རྒྱ་སྒོར་ས་ཡ་ ༨་༦༣ ཙམ་གྱི་མཁའ་དབྱིངས་གནམ་གྲུ་རྩད་གཅོད་དང་འགོག་སྲུང་ཡོ་བྱད་ཉོས་ཡོད་པ་གསལ་སྟོན་གནང་འདུག དེ་བཞིན་སྙན་ཐོའི་ནང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དེ་སྔ་རྒྱ་ནག་གིས་བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་གི་འཕྲུལ་ལས་རིགས་དེ་དག་བོད་གཙོས་པའི་ཡུ་གུར་མི་རིགས་ལ་དྲག་གནོན་སླད་བེད་སྤྱོད་གཏོང་བཞིན་པར་སྐྱོན་བརྗོད་དང་འབྲེལ། བརྙན་མིག་རྣམས་ཁུལ་དེ་ནས་ཕྱིར་འཐེན་གནང་ཡོད་པ་ལུང་འདྲེན་དང་། ཨ་རི་དང་ཨིན་ཡུལ་གཙོས་པའི་གཞན་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་འབྲེལ་བ་ཡོད་པའི་ཚོང་ལས་ཁང་གིས་བཟོ་བསྐྲུན་བྱས་པའི་སོ་ལྟའི་བརྙན་མིག་གཙོས་པའི་མཁའ་བསྐྱོད་གནམ་གྲུ་དེ་དག་ཁུལ་སོ་སོ་ནས་ཕྱིར་འཐེན་དགོས་པ། སྒོས་སུ་རང་ཉིད་ཀྱི་རྒྱལ་ཁབ་བདེ་སྲུང་ཀྱི་གནད་དོན་ལ་གཞིགས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞིའི་ཁྱབ་ཁོངས་སུ་གཏོགས་པའི་ཚོང་ལས་ཁང་ཁག་གིས་བཟོ་སྐྲུན་བྱས་པའི་འཕྲུལ་རིགས་རྣམས་འཕྲལ་མར་བཀག་འགོག་བྱ་དགོས་སྐོར་གསུངས་འདུག མ་ཟད་མང་གཙོ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གལ་ཆེར་ངོས་འཛིན་གནང་མཁན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱ་གཞུང་གིས་གནམ་ཐོག་ནས་བོད་ཐོག་ལྟ་ཞིབ་བྱེད་བཞིན་པར་ངེས་པར་དུ་རྟོག་ཞིབ་ནན་པོ་གནང་དགོས་གལ་དང་། ལྷག་པར་ DJI ཚོང་ལས་ཁང་ནས་བོད་མི་དང་གཞན་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གིན་ཡོད་མེད་ཐོག་ཞིབ་འཇུག་གིས། གལ་ཏེ་དེ་ལྟར་ར་སྤྲོད་བྱུང་ཚེ་དེ་ལྟ་བུའི་དྲག་གནོན་ལ་དཔལ་འབྱོར་གྱི་མཐུན་འགྱུར་གནང་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག འདི་ག་རླུང་འཕྲིན་ཁང་གིས་སྙན་ཐོ་དེ་དང་འབྲེལ་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རྒྱ་དམར་གཞུང་ཚབ་མདུན་དུ་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ།

དེ་རིང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་ཚུགས་ཏེ་ལོ་ ༧༧ འཁོར་བའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་མི་གྲངས་ ༤༠ ཙམ་ནས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་དམར་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་།   ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་གཞུན་ནུའི་ལས་འགུལ་བ་རྣམས་ས་གནས་སུ་མཐོ་རིམ་སློབ་གྲྭར་འགྲིམ་བཞིན་པའི་སློབ་ཕྲུག་ཁོ་ན་རེད་འདུག །ཁོང་ཚོས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་དང་སྦྲགས། ཁྲིམས་གཞི་དེའི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་སྐད་ཆ་ཤོད་ཀྱི་ཡོད་ཀྱང་། བོད་དེ་རྒྱ་ནག་དང་ཐ་དད་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། རྒྱ་ནག་དང་མི་འདྲ་བར་བོད་མིར་སོ་སོའི་རྒྱལ་ཁབ་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལོགས་སུ་ཡོད་པའི་མི་རིགས་ཤིག་ཡིན་པ་ནན་བརྗོད་གནང་འདུག ལས་འགུལ་བ་ཕོ་མོ་གྲངས་ ༤༠ ཙམ་ཡོད་པ་དེ་དག་གིས་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འཁོད་པའི་འཕྲེད་དར་བཅས་ཕྱར་ཏེ། སྐད་འབོད་བྱེད་བཞིན་པའི་ཐོག་རྒྱ་དམར་གཞུང་ཚབ་ཀྱི་མདུན་ཐང་དུ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་དང་། སྐབས་དེར་ས་གནས་སུ་རྒྱ་གར་གྱི་སྐོར་སྲུང་བ་ཕོན་ཆེན་འགྲེམས་འཇོག་བྱས་འདུག་པ་དང་། རིམ་པས་འགུལ་བ་ཚང་མ་འཛིན་བཟུང་གིས་ Mandir Marg མཱན་དིར་མཱརྐ་སྐོར་སྲུང་ལས་ཁུངས་སུ་དོ་དམ་བྱས་རྗེས། ཆུ་ཚོད་ ༣།༤༠ ཡས་མས་སུ་གློད་བཀྲོལ་བྱས་འདུག དེ་རིང་ལས་འགུལ་གོ་སྒྲིག་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་འབྲེལ་ཚན་པའི་དྲུང་ཆེ་བསྟན་འཛིན་ཟླ་གསལ་ལགས་ཀྱིས་གསུངས་དོན་ལྟར་ན།  རྒྱ་ནག་གི་བོད་བཙན་ཟུང་བྱས་ཏེ་ལོ་ངོ་ ༦༠  ལྷག་འགྲོ་གི་ཡོད་པ་དང་།  དུས་ཡུན་དེའི་རིང་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་ཐབས་བྱས་པ་མ་ཟད། རྒྱ་ནག་གི་བོད་མིར་འཛིན་པའི་སྲིད་བྱུས་དེའི་འོག །ད་བར་བོད་མི་གྲངས་ ༡༧༠ ལྷག་ནས་རང་ལུས་མེར་སྲིག་གཏང་དགོས་པ་སོགས་ཀྱི་ཡ་ང་བའི་གནས་ཚུལ་བྱུང་ཡོད་ཅིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་དེ་རིང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་ཉིན་མོ་དེར་ངོ་རྒོལ་ཡོད་པ་མ་ཟད། ཉེ་བའི་ཆར་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཆེད་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཞིག་ལག་བསྟར་བྱེད་འགོ་བཙུགས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་དང་ཆབས་ཅིག །ཁྲིམས་གཞི་དེ་ཕྱིར་འཐེན་དགོས་པ་དང་། བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་བྱ་དགོས་པ་བཅས་ཀྱི་དགོས་འདུན་མངོན་གསལ་གནང་སོང་།

རྒྱ་ནག་གི་རྒྱལ་སྟོན་ཐེངས་ ༧༧ པའི་སྐབས་ཀྱི་དམ་དྲག་དང་དྲིལ་བསྒྲགས་ཀྱི་ངོ་གདོང་།

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཐེངས་ ༧༧ པ་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། བོད་ཀྱི་ས་ཁུལ་གང་སར་དམ་དྲག་དང་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་། གཞུང་འབྲེལ་ལས་ཁུངས་མང་ཆེ་བ་གུང་གསེང་བཏང་ཡོད་ནའང་ཆོག་མཆན་མེད་པར་ས་གནས་གང་སར་འགྲོ་འོང་ཆོག་གི་མེད་པ་རེད་འདུག འབྲེལ་ཡོད་མི་སྣ་རེ་ཟུང་གིས་དོན་དངོས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ནམ་རྒྱུན་རྒྱལ་སྟོན་དུས་ཆེན་སྐབས་སུ་ཡུལ་སྐོར་སྤྲོ་འཆམ་གང་དུ་འགྲོ་འདོད་ན་ཡང་དམིགས་བསལ་ཆོག་མཆན་ཅི་ཡང་ཞུ་མི་དགོས་པ་དང་། ད་ལོ་གཞུང་གི་ལས་བྱེད་ཡིན་ཚེ་ཆོག་མཆན་མེད་པར་ས་ཆ་གང་ལའང་འགྲོ་མི་ཆོག་པའི་སྒྲིག་ཁྲིམས་བཟོས་འདུག རྒྱལ་སྟོན་དུས་ཆེན་སྐབས་སུ་མང་ཚོགས་ནང་དུ་བྱ་འགུལ་ཅི་ཞིག་ཡོད་མེད་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས། ད་ལོ་སྡེ་བའི་ནང་གི་འཐུས་མི་གསུམ་རེ་ས་གནས་སྲིད་གཞུང་གི་རྒྱལ་སྟོན་དུས་ཆེན་གྱི་བྱ་འགུལ་ནང་དུ་འཛུལ་ཞུགས་དགོས་པ་དང་། གཙོ་བོ་ནི་རྒྱལ་གླུ་ལེན་རྒྱུ་དང་། རྒྱལ་དར་འགྲེང་རྒྱུ། ཏང་གི་དམ་བཅའ་དྲན་གསོ་བྱ་རྒྱུ་སོགས་བྱ་འགུལ་གཙོ་བོ་རེད་འདུག་ཅེས་འགྲེལ་བརྗོད་བྱས་སོང་། དགོན་སྡེ་དང་སློབ་གྲྭའི་སྐོར་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས། དགོན་སྡེ་ནང་གི་དགེ་འདུན་པའི་འཐུས་མི་མང་ཆེ་བས་གཞུང་གི་སློབ་གྲྭ་ཁག་དང་མཉམ་དུ་རྒྱལ་སྟོན་དུས་ཆེན་སྲུང་བརྩི་བྱ་དགོས་པའི་བྱ་འགུལ་བཟོས་ཡོད་པ་དང་། ཉིན་གཅིག་ཧྲིལ་པོར་ས་གནས་སློབ་གྲྭ་ཁག་དང་མཉམ་དུ་བྱ་འགུལ་སྣ་ཚོགས་ནང་དུ་འཛུལ་ཞུགས་བྱ་དགོས་པ། སློབ་ཆུང་གི་སློབ་མ་ཚོས་ཏང་ཞེན་གླུ་ཆུང་ཟེར་བ་ལེན་དགོས་པ་མ་ཟད། སློབ་ཕྲུག་རྒན་པ་ཚོས་རྒྱལ་དར་ཁུར་ནས་མདུན་སྐྱོད་བྱེད་ཟེར་བའི་བྱ་འགུལ་གཙོ་སྐྱོང་བྱ་དགོས་འདུག་ཅེས་འགྲེལ་བརྗོད་བྱས་སོང་། རྒྱལ་སྟོན་དུས་ཆེན་སྐབས་སུ་བོད་ཁུལ་གྱི་ས་ཆ་གཙོ་ཆེ་བའི་ཁུལ་དུ་རྒྱ་དམག་ཕོན་ཆེན་པོ་མཐོང་རྒྱུ་ཡོད་པ་དང་། བོད་ཀྱི་ལྷ་སའི་གནས་མཆོག་པོ་ཏ་ལའི་མདུན་དུ་ཉིན་མཚན་མེད་པར་དམག་སྦྱོང་བྱེད་མཁན་དང་། རྒྱུན་ལྡན་མིན་པའི་དམག་ཆས་གྱོན་པའི་རྒྱ་རིགས་ཧ་ཅང་མང་པོ་ཡོད་འདུག ས་གནས་ཁ་ཤས་དཔེར་ན་ཆབ་མདོ་རྫོང་། རྔ་བ་རྫོང་། རུ་ཐོག་རྫོང་སོགས་ས་གནས་བོད་མི་རྣམས་ངེས་པར་དུ་དམག་སྦྱོང་ས་ཚིགས་སུ་ལྟས་མོ་ལྟ་རུ་འགྲོ་དགོས་པ་དང་། མ་ཕྱིན་ཚེ་གཞུང་ངོས་ནས་རོགས་སྐྱོར་སོགས་ལ་དོ་ཕོག་འགྲོ་བའི་སྒྲིག་ཁྲིམས་བཟོས་པ་སོགས་ཀྱི་གནས་ཚུལ་མངོན་གསལ་རེད་འདུག

བསྟན་འཛིན་ཆོས་འཛོམས་ལགས་སུ་ ༢༠༢༦ ལོའི་ཨེ་ཤི་ཡའི་རྩེད་འགྲན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ་འདུག

ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཟླ་རྗེས་མའི་ཚེས་ ༤ བར་ཉི་ཧོང་གི་གྲོང་ཁྱེར་ཆེ་གྲས་ Nagoya རུ་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༦ ལོའི་ཨེ་ཤི་ཡའི་རྩེད་འགྲན་གྱི་ Women’s Marathon Walk Race འམ་བུད་མེད་འདུར་རྒྱུག་གི་འགྲན་འསྡུར་ཁྲོད།  བོད་ཀྱི་བུད་མེད་བསྟན་འཛིན་ཆོས་འཛོམས་ལགས་ནས་སྤྱི་ལེ་ ༤༢ ལྷག་གི་རྒྱང་ཐག་དེ་བཞིན་ཕྱག་ཚོད་ ༣ དང་སྐར་མ་ ༢༦ སྟེང་འདུར་རྒྱུག་འཇུག་སྐྱོང་བྱེད་པར་ཨང་རིམ་དང་པོ་གསེར་གྱི་རྟགས་མ་ཐོབ་འདུག རྩ་བའི་འདི་ལོའི་ཨེ་ཤི་ཡའི་རྩེད་འགྲན་ཐེངས་ ༢༠ པའི་ཁྲོད་བུད་མེད་ཀྱི་འདུར་རྒྱུག་འགྲན་འསྡུར་ནང་ Kazakhstan རྒྱལ་ཁབ་ཀྱི་རྩེད་འགྲན་པ་ Toxanbayeva ལགས་ནས་རྒྱང་ཐག་སྤྱི་ལེ་ ༤༢་༡༩༥ ཕྱག་ཚོད་ ༣ དང་སྐར་མ་ ༢༢ སྐར་ཆ་ ༢༠ ཐོག་འཇུག་སྐྱོང་བྱས་ཡོད་ཀྱང་།  འགྲན་སྡུར་གྲུབ་མཚམས་རྩེད་འགྲན་གྱི་ལས་བྱེད་གཅིག་ནས་རྩེད་འགྲན་ཁྲོད་ཁོ་མོས་བེད་སྤྱོད་བྱས་པའི་ལྷམ་གྱི་རྒྱུ་ཆ་དེ་རྒྱལ་སྤྱིའི་ལུས་རྩལ་ལྷན་ཚོགས་ཀྱིས་གཏན་འབེབས་སྒྲིག་གཞི་ནང་ཚུད་ཀྱི་མེད་སྟབས།  ཁོ་མོའི་ངོས་ནས་སྒྲིག་གཞི་འགལ་འཛོལ་བྱུང་བར་ཁོང་ཐེངས་འདིའི་རྩེད་འགྲན་ནས་ཕྱིར་འབུད་ཀྱིས།  ཨང་རིམ་དང་པོའི་བྱ་དགའ་གསེར་གྱི་རྟགས་མ་དེ་བཞིན་ཨང་རིམ་གཉིས་པ་སོན་པའི་བོད་ཀྱི་བུད་མེད་བསྟན་འཛིན་ཆོས་འཛོམས་ལགས་སུ་ཕུལ་ཡོད་པ་རེད། དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  ཐེངས་འདིའི་ཨེ་ཤི་ཡའི་རྩེད་འགྲན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཐོག་མའི་ཆར་ Kazakhstan གྱི་འདུར་རྒྱུག་གནང་མཁན་ Toxanbayeva ལགས་སུ་ཨང་རིམ་དང་པོའི་བྱ་དགའི་གསལ་བསྒྲགས་བསྐྱངས་ཡོད་ཀྱང་།  ཕྱིས་སུ་རྩེད་འགྲན་གྱི་ལས་བྱེད་གཅིག་ནས་ཁོ་མོས་གྱོན་པའི་ལྷམ་གྱི་པར་རིས་དང་འབྲེལ་ཡོད་ཡིག་ཆ་ཁག་རྩེད་རིགས་ཚོགས་ཆུང་ལ་ཞུ་སྙན་འབུལ་བར་བརྟེན།  ཚོགས་ཆུང་ནས་ཁོང་གི་གྲུབ་འབྲས་བརྩི་མེད་བཏང་སྟེ་བསྟན་འཛིན་ཆོས་འཛོམས་ལགས་སུ་ཨང་རིམ་དང་པོ་དང་།  དེ་བཞིན་རྒྱ་ནག་གི་ Ma Li ཞེས་པའི་རྩེད་འགྲན་པ་ཁོ་མོས་སྤྱི་ལེ་ ༤༢ ལྷག་གི་རྒྱང་ཐག་ཕྱག་ཚོད་ ༣ དང་སྐར་མ་ ༣༢ སྐར་ཆ་ ༢༦ སྟེང་འཇུག་སྐྱོང་བྱས་ཡོད་པར་ཨང་རིམ་གཉིས་པ་དང་།  ཉི་ཧོང་གི་རྩེད་འགྲན་པ་ Umeno  ལགས་ནས་ཕྱག་ཚོས་ ༣ དང་སྐར་མ་ ༣༤ སྐར་ཆ་ ༥༩ སྟེང་འདུར་རྒྱུད་འཇུག་སྐྱོང་བྱས་པར་ཨང་རིམ་གསུམ་པ་ཐོབ་ཡོད་པའི་གསལ་བསྒྲགས་བསྐྱངས་ཡོད་པ་རེད་འདུག     སྤྱིར་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༠ ནས་ལག་བསྟར་བྱེད་འགོ་བཙུགས་པའི་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཏན་འབེབས་སྒྲིག་གཞི་གཞིར་བཟུང་བྱས་ན།  ལུས་རྩལ་པའི་ངོས་ནས་འགྲན་འསྡུར་ཁྲོད་ལྷམ་གྱི་མཐུག་ཚད་དེ་ Millimeter  ༤༠ ལས་བརྒལ་ཆོག་གི་མེད་པ་མ་ཟད།  འབྲེལ་ཡོད་རྩེད་འགྲན་དང་མཐུན་པའི་སྒྲིག་གཞི་ནང་གསལ་གྱི་ངེས་ཅན་མཐོ་ཚད་དང་རྒྱུ་ཆ་བྱེ་བྲག་པའི་ལྷམ་ཡིན་དགོས་ཀྱི་ཡོད་འདུག བུད་མེད་འདུར་རྒྱུག་པ་བསྟན་འཛིན་ཆོས་འཛོམས་ལགས་ནི།  ཆུང་དུས་ནས་གོམ་པ་སྤོ་རྒྱུ་དང་རྒྱུག་ཤར་གློད་པར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་དང་།  ཁོ་མོར་ཕྱི་ལོ་ ༢༠༢༤ ལོའི་ལྷ་སའི་བུད་མེད་ཀྱི་འདུར་རྒྱུག་ཕྱེད་ཀའི་འགྲན་བསྡུར་ཁྲོད་ཨང་རིམ་དང་པོ་ཐོབ་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༢༦ ཨན་ཧུའེ་ཧོང་ཧྲན་དུ་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་བུད་མེད་ཀྱི་འདུར་རྒྱུག་ཕྱེད་ཀའི་འགྲན་བསྡུར་ཁྲོད་ལ་ཡང་ཨང་རིམ་གསུམ་པ་ཐོབ་ཡོད་པ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨན་ཧུའེ་ཧོ་ཧྥེ་རུ་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་ཏེ།  ད་ལྟའི་སྐབས་ ༢༠ པའི་ཨེ་ཤི་ཡའི་རྩེད་འགྲན་ཆེན་མོར་འཛུལ་ཞུགས་ཀྱི་ཆ་རྐྱེན་བསྐྲུན་ཐུབ་ཡོད་པ་རེད་འདུག

Latest news