བོད།
རྒྱལ་སྲུང་སློབ་གསོའི་ཉིན་མོ་ཟེར་བ་སྲུང་བརྩིའི་བརྒྱུད་རྒྱ་གཞུང་གི་དྲིལ་བསྒྲགས་ལོ་རྒྱུས་བཙན་སྦྱོང་བྱེད་དུ་འཇུག་བཞིན་པ།
རྒྱ་དམར་གཞུང་གིས་བཙན་པོ་དབང་ཡོད་ཀྱི་ཐོག་ནས་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཟེར་བ་སྲུང་བརྩིའི་བརྒྱུད་སློབ་ཕྲུག་རྣམས་ལ་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དྲིལ་བསྒྲགས་སྦྱང་བཙོན་བྱེད་དུ་འཇུག་བཞིན་ཡོད་པ་མངོན་གསལ་གནང་འདུག
རྒྱ་དམར་གཞུང་གིས་འདས་པའི་ལོ་རབས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ནི་རྒྱ་དམར་གྱི་ཆ་ཤས་ཡིན་པའི་འཁྱོག་བཤད་དྲིལ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་རང་ཉིད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་སྲིད་གཞུང་གི་ལྟ་ཕྱོགས་དང་མི་མཐུན་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཚུད་པའི་དངོས་ཡོད་གནས་ཚུལ་རྣམས་ནག་སུབ་གཏོང་ཐབས་དང་འཁྱོག་བཤད་བྱེད་བཞིན་ཡོད་ཅིང་། དེ་ཡང་ཇར་མ་ནིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་སྤེལ་བའི་ནང་། རྒྱ་དམར་གཞུང་གིས་བོད་ནང་གི་སྔོན་འགྲོ་སློབ་གྲྭ་ཚུད་པའི་སློབ་ཁག་ཏུ་རྒྱལ་སྲུང་སློབ་གསོའི་ཉིན་མོ་སྲུང་བརྩིའི་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་བསྐྱར་བྲིས་བྱས་པ་རྣམས་སློབ་སྦྱོང་བྱེད་དུ་བཅུག་གི་ཡོད་པ་མངོན་གསལ་གནང་འདུག
ཉི་མོ་དེ་སྲུང་བརྩི་བྱ་དགོས་པ་དེའང་གཙོ་བོ་བོད་ཕྲུག་རྣམས་ལ་མུན་ནག་ཅན་གྱི་འདས་པའི་ལོ་རྒྱུས་དྲན་ཏེ། ད་ལྟ་འགྱུར་བ་ཆེན་པོ་ཕྱིན་པར་ཡི་རང་བྱ་དགོས་ཤིང་། དུས་རབས་གསར་པའི་མི་ཞིག་བྱ་རྒྱུར་འབད་དགོས་ཞེས་པའི་རྩ་ཚིག་བཙན་སྐུལ་བྱ་རྒྱུ་དམིགས་ཡུལ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཤེས་ཡོན་ཚན་པས་སློབ་གྲྭ་ཚང་མའི་ནང་དུ་དེ་འབྲེལ་ཉིན་མོ་སྲུང་བརྩི་བྱས་ཡོད་ལུགས་བཤད་ཡོད་པ་ལུང་འདྲེན་གྱིས། ཐ་ན་སྔོན་འགྲོ་སློབ་གྲྭའི་སློབ་ཕྲུག་རྣམས་ལའང་ཆབ་སྲིད་ཀྱི་བསམ་བློ་བཙན་བསྒྱུར་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག
ལྷག་པར་རྒྱ་དམར་གཞུང་ནས་ཨིན་ཡུལ་གྱི་བརྩམས་སྒྲུང་མཁན་དང་ལྟ་གྲུབ་པ་ George Orwell ཇོར་ཇི་ཨོར་ཝེལ་གྱིས་བརྗོད་ཚིག །སུ་ཞིག་གིས་འདས་དོན་ལ་དབང་སྒྱུར་བ་དེས་མ་འོངས་པ་དབང་སྒྱུར་ཐུབ་པ་དང་། སུ་ཞིག་གིས་ད་ལྟ་བར་དབང་སྒྱུར་ཚེ་འདས་དོན་ལ་དབང་སྒྱུར་ཐུབ་ཅེས་པ་ལུང་འདྲེན་གྱིས་རྒྱ་དམར་དཔོན་རིགས་ཚོས་བོད་ཕྲུག་རྣམས་ལ་འཁྱོག་བཤད་ཀྱི་ལོ་རྒྱུས་སློབ་ཐབས་བྱེད་བཞིན་པ་མ་ཟད། དམིགས་ཡུལ་དེ་གཞིར་བཞག་ཏེ་བོད་དང་རྒྱ་ནག་གི་དངོས་ཡོད་ལོ་རྒྱུས་རྣམས་འཆར་གཞི་ལྡན་པའི་ཐོ ག་ནས་བསྐྱར་འབྲི་བྱེད་བཞིན་ཡོད་པ་གསལ་སྟོན་གནང་འདུག
སློབ་ཕྲུག་རྣམས་ལ་བོད་གསར་རྙིང་གི་ཁྱད་པར་བཤད་དེ་རྒྱ་དམར་གྱི་དམག་དཔུང་བོད་ནང་སླེབས་ཏེ་བཅིངས་གྲོལ་བཏང་ཡོད་ལུགས་ཀྱི་ལོག་བཤད་བྱེད་ཀྱི་ཡོད་པ་ལས། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་སྐབས་མང་ཚོགས་སྟོང་ཕྲག་མང་པོ་དམར་གསོད་བཏང་བ་དང་༸གོང་ས་མཆོག་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ། དེ་བཞིན་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་རིག་གནས་གསར་བརྗེ་སྐབས་འཇིགས་སུ་རུང་བའི་དངོས་ཡོད་གནས་ཚུལ་སོགས་སློབ་སྦྱོང་སྤྲོད་ཀྱི་མེད་པ་རེད་འདུག
མ་ཟད་སློབ་ཕྲུག་རྣམས་ལ་རྒྱ་དམར་གྱི་རྒྱལ་ཞེན་སྐྲུན་ཐབས་ཆེད་གློག་བརྙན་དང་བརྙན་པར་བསྟན་དེ། ཚོར་བ་རྣོ་བའི་ཚིགས་བརྗོད་བེད་སྤྱོད་བརྒྱུད་རྒྱལ་ཁབ་དོན་དུ་རང་སྲོག་བློས་བཏང་དགོས་པའི་འབོད་ཚིགས་རྣམས་བཙན་སྐུལ་བྱེད་བཞིན་ཡོད་པ་དང་ཆབས་ཅིག །གསར་བརྗེ་ཅན་གྱི་མེས་པོ་ཟེར་བ་དེ་དག་གི་རྣམ་པ་བཟང་པོ་ཞིག་སློབ་ཕྲུག་ཀྱི་སེམས་རྒྱུད་ལ་འཇགས་ཐབས་བྱེད་བཞིན་ཡོད་པ་གསལ་སྟོན་ཐོག །རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་དང་ལྷན་དུ་རྩོད་རྙོག་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་བཅས་ལ་དྲག་པོའི་ལངས་ཕྱོགས་ལ་གཞིགས་ན། བཙན་སྐུལ་གྱི་འབོད་ཚིགས་དེ་དག་ནི་ཉེན་བརྡ་ཞིག་མཚོན་གྱི་ཡོད་པ་མངོན་གསལ་གནང་འདུག
གཞི་རྩའི་རྒྱ་དམར་གཞུང་གིས་བོད་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་། མི་རིགས་མཉམ་བསྲེས་གཏོང་ཐབས་ཀྱི་ལས་དོན་འགོ་བཙུགས་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༡༩༧༠ ལོ་རབས་ནང་དེ་འབྲེལ་སྲིད་བྱུས་ངོ་སྤྲོད་དང་། ཕྱི་ལོ་ ༡༩༨༤ ནས་བཟུང་བོད་ཕྲུག་རྣམས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཁྲིད་འགོ་ཚུགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ནས་བཟུང་བོད་པའི་སློབ་གྲྭ་ཁག་སྒོ་རྒྱག་འགོ་བཙུགས་ཏེ། བོད་ཕྲུག་བྱིས་པ་ལོ་ན་ ༤ ནས་ ༡༨ བར་ཁྱོན་གྲངས་ས་ཡ་ ༡ ལྷག་བཅའ་སྡོད་སློབ་གྲྭ་བཙན་འཇུག་བྱས་དང་བྱེད་བཞིན་ཡོད་ཅིང་། སློབ་གྲྭ་དེ་དག་གི་ནང་དུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་སློབ་ཚན་ལས་ལྡོག་ཏེ་རྒྱ་དམར་གཞུང་གི་ལྟ་ཕྱོགས་ཁོ་ནར་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་སྙན་ཐོ་མང་པོའི་ནང་མངོན་གསལ་གནང་ཡོད། ལྷག་པར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། བོད་མི་རིགས་ཀྱི་སྐད་ཡིག་བེད་མེད་གཏོང་ཐབས་སླད་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་ཡུལ་སློབ་གྲྭ་ཁག་སྒོ་རྒྱབ་རྒྱུའི་གནས་ཚུལ་རིམ་པ་ཐོན་ཡོད་པ་དང་། ལོ་རྒྱུས་དང་མི་རིགས་ཀྱི་ངོ་རྟགས་རྫུན་བཟོ་བྱ་རྒྱུའི་གནད་དོན་འོག་ནས་སློབ་གྲྭ་ཁག་ཏུ་ལོ་རྒྱུས་འཁྱོག་བཤད་དྲིལ་བསྒྲགས་བཙན་པོ་དབང་ཡོད་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
རྒྱ་གཞུང་གིས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་གཏན་དུ་སྒོ་བརྒྱབ་འདུག
འཇར་མ་ནིའི་ནང་གནས་བཞུགས་བོད་ཀྱི་གཞས་པ་གྲགས་ཅན་རྟའུ་བློ་བཟང་དཔལ་ལྡན་ལགས་དམ་པ་དེ་ཉིད་ཀྱིས་ཆེད་བཙུགས་གནང་བའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་འདི་ལོར་སྒོ་བརྒྱབ་དགོས་བྱུང་བའི་པའི་གནས་ཚུལ་ཐོན་འདུག །སྔོན་ཆད་བོད་ཡུལ་གང་སར་སྐད་གྲགས་ཆེ་བའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ད་ལྟ་སྟོང་སང་ངེར་གྱུར་ཡོད་པ་དང་། སློབ་མ་དང་དགེ་རྒན། ལས་བྱེད་པ་བཅས་རང་རང་གི་ཕ་ཡུལ་དུ་ལོག་དགོས་པའི་གནས་སྟངས་ཆགས་འདུག
དེའང་འབྲེལ་ཡོད་བརྒྱུད་ལམ་ཁག་ནས་ཐོབ་པའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པར་སྐབས་བཅུ་གཉིས་པའི་སློབ་མ་རྣམས་སློབ་མཐར་ཕྱིན་རྗེས། སློབ་གྲྭའི་བྱེད་སྒོ་ཡོངས་རྫོགས་མཚམས་བཞག་ཡོད་པ་དང་། སྐབས་བཅུ་གསུམ་པའི་སློབ་མ་རྣམས་ས་གནས་ས་ཁུལ་གྱི་གཞུང་གཉེར་སློབ་གྲྭ་ཁག་ཏུ་བགོ་བཤའ་བརྒྱབ་པ་དང་བསྟུན་འདི་ལོའི་དབྱར་ཁ་ནས་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་ཡོད་པ་རེད་འདུག
མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་ཆགས་ཡོད་པ་དང་། ཕ་མ་མེད་པའི་དྭ་ཕྲུག་རྣམས་གཅེས་སྐྱོང་བྱེད་ས་དང་། བོད་ཀྱི་ཤེས་རིག་གི་སྙིང་བཅུད་སྦྱོང་སའི་སློབ་གྲྭ་གལ་ཆེན་ཞིག་ཡིན་པ་རེད། སློབ་གྲྭ་འདི་ནི་ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༨ པར་འཇར་མན་ནང་བཅའ་བཞུགས་བོད་ཀྱི་གཞས་པ་དང་སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལགས་དམ་པ་དེ་ཉིད་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་བཙུགས་པ་ཞིག་ཡིན་པ་རེད། སློབ་གྲྭ་འདིར་སློབ་ཆུང་ནས་འབྲིང་རིམ་བར་ལོ་དགུའི་ཤེས་ཡོན་སྤྲོད་པ་དང་། ཆེད་ལས་ལག་རྩལ་གྱི་མཐོ་འབྲིང་འཛིན་གྲྭ་ཡང་བཙུགས་ཡོད། དེ་མིན་གོས་བཟོ་དང་གོས་བཙེམ་ལག་རྩལ། ལྷ་བྲིས་འཛིན་གྲྭ། བོད་ཀྱི་ས་གདན་འཐག་རྩལ་བཅས་སློབ་ཚན་དུ་བཅུག་ཡོད། དེ་དང་མཉམ་དུ་ཞབས་བྲོ། ཡིག་གཟུགས། པར་ལེན་སོགས་ཀྱི་དགའ་ཕྱོགས་འཛིན་གྲྭ་བཙུགས་ནས། སློབ་མའི་ནུས་པ་སྣ་མང་འཕེལ་རྒྱས་གཏོང་ཡོད་ཅིང་། ད་བར་ཆེད་ལས་སྣ་ཚོགས་ཀྱི་སློབ་གསོ་ཐོབ་པའི་སློབ་མ་ ༦༠༠ ལྷག་ཙམ་སློབ་མཐར་ཕྱིན་ཏེ། ད་ལྟ་སྤྱི་ཚོགས་ཁྲོད་ལས་ཀ་གཉེར་བཞིན་ཡོད་པ་རེད་འདུག
འདི་ག་རླུང་འཕྲིན་ཁང་ནས་སློབ་གྲྭའི་སློབ་ཟུར་ཞིག་ལ་དྲིས་སྐབས། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭས་གཙོ་བོ་མགོ་ལོག་ས་ཁུལ་གྱི་དྭ་ཕྲུག་རྣམས་བསྡུ་ལེན་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་ས་ཁུལ་དུ་ས་ཡོམ་བྱུང་རྗེས། ས་ཡོམ་གྱིས་གནོད་འཚེ་ཕོག་པའི་དྭ་ཕྲུག་ ༣༠ ལྷག་ཙམ་བསྡུ་ལེན་བྱས་འདུག །ཕྱི་ལོ་ ༢༠༡༥ ལོར་སློབ་གསོའི་སྤུས་ཚད་ཡར་རྒྱས་ཕྱིན་ཏེ། འབྲིང་རིམ་སློབ་མའི་རྒྱུགས་འབྲས་ཁུལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་པ་དང་། སློབ་མ་མང་པོར་ཁུལ་རིམ་པའི་བྱ་དགའ་ཐོབ་ཡོད། སློབ་གྲྭས་མི་རིགས་དང་ཕོ་མོའི་ཁྱད་པར་མེད་པར་སློབ་མ་བསྡུ་ལེན་བྱེད་པ་མ་ཟད། ཁྱིམ་ཚང་གི་གནས་སྟངས་འགྱུར་བ་སོགས་ཀྱི་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་པའི་ཕྲུ་གུ་རྣམས་ཀྱང་གནས་སྟངས་ལ་གཞིགས་ཏེ་བསྡུ་ལེན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་སོང་།
མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་བཙུགས་མཁན་རྟའུ་བློ་བཟང་དཔལ་ལྡན་དམ་པ་དེ་ཉིད་ནི་ཕྱི་ལོ་༡༩༥༡ ལོར་ཁམས་རྟའུ་ནང་འཁྲུངས་པ་དང་། རྒྱ་ནག་གིས་བོད་ས་བཙན་བཟུང་རྗེས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ཀ་ལོན་ཕུག་ཏུ་ཡོད་པའི་སེན་ཨོ་གྷས་ཊིན་སློབ་གྲྭ་ (St. Augustine School) རུ་དབྱིན་ཇིའི་སྐད་ཡིག་སྦྱངས་པ་དང་། དེ་ནས་རང་ལོ་ ༡༢ ལ་ཕེབས་སྐབས་འཇར་མ་ནིའི་ནང་ཕེབས་འདུག །ཕྱི་ལོ་ ༡༩༧༢ ལོར་འཇར་མན་གྱི་གྲགས་ཅན་ཧི་ཌེལ་བྷེར་གྷི་གཙུག་ལག་སློབ་ཆེན་ (Heidelberg University) དུ་རྒྱུགས་འཕྲོད་དེ། ནུབ་ལུགས་གསོ་བ་རིག་པ་སྦྱངས་་བ་དང། ཕྱི་ལོ་ ༡༩༧༩ ལོར་གསོ་རིག་གི་རབ་འབྱམས་པའི་ཐོབ་ཐང་བླངས་ཏེ་སློབ་མཐར་ཕྱིན་རྗེས། འཇར་མན་གྱི་སྨན་ཁང་ཆེ་ཁག་མང་པོར་ཕྱག་ལས་གནང་སྟེ། གསོ་རིག་གི་ཉམས་མྱོང་མང་པོ་བསགས་མྱོང་མཁན་ཞིག་ཡིན་པ་རེད།
མ་ཟད་ཁོང་ནི་ཆུང་དུས་ནས་རོལ་དབྱངས་ལ་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༡ ལོར་ཁོང་གིས་“ཕ་གིའི་གངས་རི་དཀར་པོ་”སོགས་བོད་གླུ་མང་པོའི་ཚིག་དང་དབྱངས་གཉིས་གསར་རྩོམ་གནང་བས། བོད་ནང་དང་ཕྱི་རོལ་གྱི་བོད་མི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། ༡༩༨༥ ལོ་ནས་བཟུང་སྤྲིན་འཁོར་ཞེས་པའི་གླུ་དབྱངས་ཆེད་སྒྲིག་རིམ་པ་འདོན་སྤེལ་གྱིས་ཁོང་གིས་བརྩམས་པའི་གླུ་གཞས་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་ཧ་ཅང་དགའ་བསུ་ཐོབ་བཞིན་ཡོད་པ་རེད།
ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་། ཁོང་གིས་འཇར་མན་གྱི་བྷོན་གཙུག་ལག་སློབ་ཆེན་ (University of Bonn) དང་འབྲེལ་བའི་སྨན་ཁང་ཆེན་མོའི་ནད་གཞི་ནང་ཁྲོལ་སྡེ་ཚན་དུ་མཆིན་ནད་ཀྱི་ཆེད་མཁས་སྨན་པ་ (Senior Doctor) ཞིག་གི་ལས་འགན་བཞེས་པ་དང་། ཕྱི་ལོ་ ༡༩༩༥ ལོར་ཁོང་དང་ཁོང་གི་བཟའ་ཟླ་ཆོས་ཉིད་ལྷ་མོ་གཉིས་ཀྱིས་དཀའ་ཚེགས་ལ་མ་འཛེམ་པར། འབད་བརྩོན་དང་སྙིང་སྟོབས་ཆེན་པོས་རྟ་བྲག་ཐེབས་རྩ་ཚོགས་པ་གསར་དུ་བཙུགས་ཏེ། ཕྱི་ལོ་ ༡༩༩༧ ལོར་ཁམས་རྟའུ་རྫོང་དུ་རྟ་བྲག་དྭ་ཕྲུག་ཁྱིམ་སྡེ་བཙུགས་པ་དང་། ཕྱི་ལོ་ ༢༠༠༦ ལོར་ཨ་མདོ་མགོ་ལོག་ས་ཁུལ་དུ་རྟ་བྲག་དྭ་ཕྲུག་ཁྱིམ་སྡེ་གཉིས་པ་སྟེ། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་བཙུགས་ཡོད་པ་རེད།
བོད་ལྷོ་ཁ་སྨིན་གྲོལ་གླིང་གདན་སར་༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་འཇིགས་མེད་མཆོག་སྨིན་གྲོལ་གླིང་ཁྲི་རབས་ ༡༣ པར་ཁྲི་གསོལ།
ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་བོད་ལྷོ་ཁ་ནང་དུ་རྟེན་གཞི་བྱས་པའི་སྨིན་གྲོལ་གླིང་མ་དགོན་དུ་༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་འཇིགས་མེད་རིན་པོ་ཆེ་མཆོག་སྨིན་གྲོལ་གླིང་ཁྲི་རབས་ ༡༣ པར་ཁྲི་གསོལ་མཛད་སྒོ་ཞིག་འཚོགས་འདུག
འདི་ག་རླུང་འཕྲིན་ཁང་ནས་འཕགས་ཡུལ་སྨིན་གྲོལ་གླིང་གི་མཁན་སྤྲུལ་འགྱུར་མེད་རྣམ་རྒྱལ་ལགས་སུ་སྨིན་གླིང་ཁྲི་ཆེན་ ༡༣ པའི་སྐུ་ཚེ་ལོ་རྒྱུས་དང་འབྲེལ་བཀའ་འདྲི་ཞུ་སྐབས། ཁོང་གིས་ཁྲི་ཆེན་མཆོག་ནི་ཡབ་སྨིན་གླིང་ཁྲི་ཆེན་ ༡༡ པ་འགྱུར་མེད་ཀུན་བཟང་དབང་རྒྱལ་མཆོག་དང་ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༥༧ ཟླ་ ༥ ཚེས་ ༡༡ ཉིན་བོད་ལྷོ་ཁར་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༠ ལོ་རབས་ནང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་ཕྱི་ལོ་ ༡༩༩༠ ལོ་རབས་བར་སྐུ་བཞུགས་མཛད་ཡོད་པ་དང་། དུས་ཡུན་དེའི་རིང་ཡབ་བདེ་བར་གཤེགས་པ་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ་རིན་པོ་ཆེ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག །༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། སྒྲུབ་དབང་པད་ནོར་རིན་པོ་ཆེ། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སོགས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་མང་པོའི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་གསན་སྦྱོང་མཛད་རྗེས། ཕྱི་ལོ་ ༡༩༩༠ ལོ་རབས་ནང་བོད་སྨིན་གྲོལ་གླིང་ནས་ཁྲི་ཆེན་མཆོག་བོད་དུ་ཕེབས་ཐུབ་རྒྱུའི་ཐུགས་རེ་ཞུས་པ་བཞིན་སླར་བོད་དུ་ཕེབས་ནས་གནས་སྟངས་དཀའ་ཁག་འོག་རྒྱ་གཞུང་གི་དམ་བསྒྲགས་ལ་བརྟེན་ད་བར་ལོ་ངོ་ ༣༠ ལྷག་ཙམ་གྱི་རིང་བོད་ལྷོ་ཁ་སྨིན་གྲོལ་གླིང་གདན་སར་ཕེབས་ཐུབ་མེད་པ་མ་ཟད། བོད་ཀྱི་ས་ཁུལ་གཞན་དག་ཁག་ཏུའང་ཕེབས་ཐུབ་མེད་པའི་གནས་སྟངས་འོག་བཞུགས་ཡོད་པ་འགྲེལ་བརྗོད་གནང་སོང་།
ཁོང་གིས་ད་དུང་༸རྒྱལ་དབང་ལྔ་པ་ཆེན་པོ་མཆོག་གིས་གཏེར་ཆེན་རིན་པོ་ཆེ་མཆོག་ལ་ཁྲི་མངའ་གསོལ་མཛད་པ་ནས་བཟུང་སྨིན་གླིང་ཁྲི་ཆེན་ཁྲི་གསོལ་མཛད་རྒྱུ་དེའང་བོད་གཞུང་གི་གཞུང་འབྲེལ་ཐོག་ནས་གནང་སྲོལ་ཡོད་སྟབས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་། ད་ལྟའི་ཁྲི་རབས་ ༡༣ པའི་ཡབ་ཁྲི་རབས་ ༡༢ པ་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ་མཆོག་བོད་དུ་ཁྲི་གསོལ་མཛད་རྒྱུའི་འཆར་གཞི་ཡོད་ཀྱང་། བོད་ནང་རྒྱ་ནག་གིས་བཙན་འཛུལ་རྗེས་དེ་ལྟར་མ་ཐུབ་པར་བཙན་བྱོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༡༩༦༢ ལོར་ཀ་སྦུག་ཟངས་མདོག་དཔལ་རི་དགོན་པར་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ་མཆོག་སྨིན་གླིང་ཁྲི་རབས་ ༡༢ པར་ཁྲི་གསོལ་མཛད་ཡོད་པ་དང་། དེ་བཞིན་ད་ལྟའི་ཁྲི་རབས་ ༡༣ པ་ནི་རྒྱ་གཞུང་གི་དམ་བསྒྲགས་འོག་ལོ་མང་རིང་ཁྲི་གསོལ་གནང་ཐུབ་མེད་ཀྱང་། སྨིན་གྲོལ་གླིང་གི་འབྲེལ་ཡོད་ཡོངས་ནས་ལོ་མང་རིང་རྒྱ་གཞུང་སོགས་ལ་འབྲེལ་བ་བྱས་ཏེ་མཐར་བོད་ལྷོ་ཁ་སྨིན་གྲོལ་གླིང་དུ་ཡབ་མེས་གོང་མའི་ཕྱག་སྲོལ་ལྟར་ཁྲི་གསོལ་གནང་ཐུབ་ཡོད་པ་འགྲེལ་བརྗོད་གནང་སོང་།
གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་ཨིན་ཡིག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁྲི་གསོལ་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་འཐུས་ཚབ་ནས་ཁྲི་རབས་རྒྱུན་མཐུད་ཀྱི་བཀའ་འཁྲོལ་ཡིག་ཆ་སྙན་སྒྲོན་ཙམ་མ་ཟད། རྒྱ་ནག་ནང་བསྟན་མཐུན་ཚོགས་བོད་ཀྱི་ཡན་ལག་ཟེར་བའི་འཐུས་ཚབ་ནས་སྨན་གླིང་ཁྲི་ཆེན་ཁྲི་རབས་ ༡༣ པར་ངོས་འཛིན་གྱིས་ཕྱག་འཁེར་ཕུལ་ཡོད་ལུགས་བཤད་འདུག །ལྷག་པར་གནད་དོན་དེས་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་རང་དབང་གྱི་སྲིད་བྱུས་ལག་བསྟར་མཚོན་གྱི་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་དང་གདུང་རྒྱུད་ལམ་ལུགས་ལ་རྒྱ་ནག་གཞུང་གི་དབང་ཚད་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་ལུགས་བཤད་འདུག
གཞི་རྩའི་སྔ་འགྱུར་རྙིང་མའི་མ་དགོན་དྲུག་སྟེ་སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས་ཞེས་འབོད་སྲོལ་ཡོད་པ་ལྟར། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་ནི་ཕྱི་ལོ་ ༡༦༧༦ ལོར་ལྷོ་ཁ་ཁུལ་དུ་གཏེར་བདག་གླིང་པ་རིག་འཛིན་འགྱུར་མེད་རྡོ་རྗེ་མཆོག་གིས་ཕྱག་བཏབ་པ་ནས་བཟུང་། ད་ལྟ་གདུང་སྲས་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་འཇིགས་མེད་མཆོག་གི་བར་ཁྲི་རབས་བཅུ་གསུམ་དང་། ཁག་གཅིག་གིས་ཁྲི་རབས་བཅུ་གཉིས་རྩིས་སྲོལ་གཉིས་ཡོད་པ་རེད། དེ་ཡང་མཁན་སྤྲུལ་འགྱུར་མེད་རྣམ་རྒྱལ་ལགས་ཀྱིས། རྣམ་ཐར་ཁག་གཅིག་ནང་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ་མཆོག་ནི་ཁྲི་རབས་ ༡༡ པ་ཡིན་པ་དང་ཁག་གཅིག་གིས་ཁྲི་རབས་ ༡༢ གསུང་གིན་ཡོད་ཀྱང་། གང་ལྟར་འདས་པའི་གདུང་རྒྱུད་ཁྲོད་སྨིན་གླིང་ཡིད་བཞིན་དབང་རྒྱལ་ལ་གདུང་སྲས་འཁྲུངས་མེད་སྟབས་གདུང་རྒྱུད་ཆད་དེ་ཁོང་གི་སྲས་མོ་ལ་ཁམས་ཉག་རོང་ནས་གཏེར་བཏོན་རང་རིག་རྡོ་རྗེའི་སྲས་མག་པར་བསུ་རྗེས། ཁོང་ཁྲི་རབས་ཁོངས་སུ་རྩིས་མ་རྩིས་གཉིས་ཡོང་གི་ཡོད་ཅིང་། བོད་ནང་གི་ཡིག་ཆ་དང་ལོ་རྒྱུས་དང་རྣམ་ཐར་ནང་ཁོང་ཁྲི་རབས་རྩིས་བཞིན་ཡོད་པར་དེ་ལྟར་བྱས་ཚེ་ད་ལྟའི་སྨིན་གླིང་ཁྲི་རབས་ ༡༣ པ་ཡིན་པ་འགྲེལ་བརྗོད་གནང་སོང་།
རྭ་རྒྱ་དགོན་པའི་མཁན་ཟུར་འཛིན་བཟུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་ཉེ་ལམ་རྒྱ་ནག་བདེ་འཇགས་མི་སྣས་བསྐྱར་དུ་འཛིན་བཟུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཐོག་ཟི་ལིང་བཙོན་ཁང་དུ་བཅུག་ཡོད་པ་རེད་འདུག
དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༧ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། འདི་ལོའི་དབྱར་གནས་ཀྱི་སྐབས་སུ་ཕྱི་ཟླ་ ༨ ཚེས་ ༥ ཉིན་བོད་མགོ་ལོག་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་མི་སྣས་རྭ་རྒྱ་དགོན་པའི་མཁན་ཟུར་མཚན་གཞན་ལ་བསྟན་པ་རྒྱ་མཚོ་ལགས་ཀྱི་གྲྭ་ཤག་གི་འཇུག་སྒོར་མི་གཞན་འགྲོ་མི་ཆོག་ཅེས་རྒྱ་ཡིག་ཐོག་བྲིས་པའི་སྒོ་བྱང་སྦྱར་ཡོད་པ་དང་། དེའི་སྐོར་གང་ཟག་སུ་གང་གིས་ཀྱང་མཁན་ཟུར་ལགས་ཀྱི་ཐོག་གནས་ཚུལ་གང་ཞིག་འཕྲད་ཡོད་པ་ཤེས་རྟོགས་བྱུང་མེད་ཀྱང་། ཕྱིས་སུ་གནས་ཚུལ་དེའི་སྐོར་རྒྱུས་ཡོད་མི་སྣ་ཞིག་གིས། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་གྲྭ་ཤག་སྔོག་བཤེར་ཁྲོད། མཆོད་ཁང་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་དང་། དེ་གའི་དགོན་པའི་དགོན་བདག་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་སྐུ་པར་འགའ་ཤས། དེ་བཞིན་༸གོང་ས་མཆོག་གི་བཀའ་སློབ་ཁག་གཅིག་དང་བརྙན་རིས་ཉར་ཚགས་བྱེད་སའི་མཐེབ་སྡེར་ USB Flash Disk ཞིག་རྙེད་སོན་བྱུང་ཡོད་པར། རྒྱུ་མཚན་དེའི་རྐྱེན་པས་ཁོང་འཛིན་བཟུང་བྱས་ཡོད་པ་བརྗོད་འདུག
མཁན་ཟུར་བློ་བཟང་བསྟན་པ་ལགས་དང་ཐོག་མགོ་ལོག་ཁུལ་དུ་བཙོན་འཇུག་བྱས་ཡོད་ཀྱང་། ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༥ ཙམ་དུ་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གི་བཙོན་ཁང་ཆེ་ཤོས་དེ་སྔ་སོ་ཕག་བཟོ་གྲྭ་ཞེས་བརྗོད་ཀྱི་ཡོད་པ་དེའི་ནང་བཅུག་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས། མཁན་ཟུར་ལགས་ལ་ཁྲིམས་ཞིབ་སྐབས་སུ་ཁྲིམས་རྩོད་པའི་ཆ་རྐྱེན་བསྐྲུན་ཡོད་མེད་དང་། ནང་མིར་བརྡ་ཐོ་རིགས་སྤྲད་ཡོད་མེད། དེ་བཞིན་ཁོང་ལ་ཉེས་འཛུགས་གང་བྱས་ཡོད་པ་སོགས་ཀྱི་སྐོར་གསལ་ཁ་གཅིག་ཀྱང་མེད་པ་རེད་འདུག་ལ། ད་ལྟ་ས་གནས་སུ་དམ་དྲག་ཆེན་པོ་ཡོད་པས་ཁོང་གི་སྐོར་གླེང་སློང་གནང་ཕོད་མཁན་ཡང་མེད་པ་རེད་འདུག
ལྷག་པར་དུ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པས་དེ་གའི་བརྒྱུད་ལམ་ལ་མུ་མཐུད་བརྗོད་དོན་ལྟར་ན། མཁན་ཟུར་བློ་བཟང་བསྟན་པ་ལགས་ཀྱིས་ཕྱི་ལོ་ ༢༠༢༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུའི་གོ་སྟོན་སྐབས་སུ། ས་གནས་མི་མང་ལ་༸གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཞབས་རིམ་གསོག་སྒྲུབ་དང་། མཚན་སྔགས་བློ་འཛིན་གྱི་དགེ་སྐུལ་བྱས་ཡོད་པ་མ་ཟད། དེ་ལྟར་མང་དུ་གསོག་སྒྲུབ་གནང་མཁན་རྣམས་ལ་༸གོང་ས་མཆོག་གི་བཀའ་སློབ་ཚན་པ་ཞིག་བྲིས་པའི་གཟེངས་རྟགས་ཕུལ་བ་སོགས་ལ་བརྟེན་ནས། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༥ པའི་ནང་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཉེན་རྟོག་པས་ཁོང་བཀག་ཉར་གྱིས་ཉིན་གྲངས་མང་པོའི་རིང་འདྲི་རྩད་དང་ཟླ་བ་འགའ་ཤས་འཛིན་བཟུང་བྱས་ཀྱང་ཕྱིས་སུ་གློད་བཀྲོལ་བཏང་ཡོད་འདུག
རྩ་བའི་ཕྱི་ལོ་ ༢༠༡༧ ལོར་པར་བསྐྲུན་བྱས་པའི་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་གདན་རབས་གསེར་གྱི་ཕྲེང་བ་ཞེས་བྱ་བའི་རྭ་རྒྱ་བཀྲ་ཤིས་ལྗོངས་ཨ་ཡིག་དཔེ་ཚོགས་ནང་དུ་བཀོད་པ་ལྟར་ན། རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་ནི། རྭ་རྒྱ་དགོན་པའི་མཁན་རབས་ ༥༤ ཡིན་པ་དང་། ཁོང་དེ་སྔ་ཕྱི་ལོ་ ༡༩༦༥ ལོར་ཙང་ཀི་ཚོ་སྡེ་བཞིའི་ནང་ཚན། ཧཱ་ཤིས་ཧ་སྡེ་བར་ཡབ་སྐལ་བཟང་དར་རྒྱས་ལགས་དང་ཡུམ་འཕགས་ཅ་ལགས་གཉིས་ཀྱི་སྲས་སུ་འཁྲུངས། མ་ཟད་དགུང་ལོ་ ༨ ནས་བཟུང་སློབ་གྲྭར་ཞུགས་ཏེ་སློབ་ཆུང་མཐར་ཕྱིན་པ་ཞིག་རེད་འདུག །དེ་ནས་ཕྱི་ལོ་ ༡༩༨༣ ལོར་ཁོང་གིས་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཟུར་བཟོད་པ་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་སྟེ། རྭ་རྒྱ་དགོན་དུ་ཆོས་ཞུགས་ཀྱིས། ཕྱི་ལོ་ ༢༠༠༠ ལོར་དགུང་ལོ་ ༣༥ སྟེང་མཁན་པོའི་འགན་འཁུར་བཞེས་ཏེ་ ༢༠༠༥ བར་ཞབས་འདེགས་བསྒྲུབས་ཡོད་པ་རེད། ཁོང་དུས་རྒྱུན་ནས་སློབ་གཉེར་ལ་སྦྱང་བརྩོན་ཆེ་ཞིང་། བོད་མི་རིགས་ཀྱི་ལར་ཞེན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་མཁན་སྐྱེས་མཆོག་ཅིག་ཡིན་པ་རེད།
རྒྱ་གཞུང་གིས་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཏན་དུ་སྒོ་བརྒྱབ་པ།
གངས་ལྗོངས་འཇིགས་མེད་རྒྱལ་མཚན་རྩྭ་ཐང་བུ་མོའི་སློབ་གྲྭ་འམ་ཡོངས་གྲགས་སུ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དེ་ཉིད་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༧ ནས་གཏན་དུ་སྒོ་བརྒྱབ་ཡོད་པ་རེད་འདུག
ར་རྒྱ་འཇིགས་མེད་རྒྱ་མཚོ་མཆོག་གིས་བོད་མདོ་སྨད་མགོ་ལོག་ཁུལ་དུ་ཕྱི་ལོ་ ༢༠༠༥ ལོར་ཕྱག་བཏབ་པའི་སློབ་གྲ་དེ་ནི་འབྲོག་ཁུལ་གྱི་རྩྭ་ཐང་ས་ཁུལ་གྱི་བུ་མོ་ཚོར་སློབ་གྲྭའི་ཤེས་ཡོན་ཐོབ་ཐབས་སུ་བཙུགས་པའི་རྩྭ་ཐང་བུ་མོའི་སློབ་གྲྭ་ཐོག་མ་ཡིན་པ་དང་། དེར་བོད་ཡུལ་གང་ས་ནས་ཡོང་བའི་སློབ་ཕྲུག་ཧ་ཅང་མང་པོ་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱས་པར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༤ ལོར་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་བཙན་དབང་གིས་སྒོ་བརྒྱབ་བཅུག་པའི་རྗེས་སུ། བོད་ཕྱི་ནང་གཉིས་སུ་ཀྱི་བོད་མི་རྣམས་ཀྱི་ཁྲོད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དེའང་ཉེན་ཁ་ཡོད་པར་སེམས་འཚབ་ཆེན་པོ་བྱུང་བའི་ཁྲོད། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༧ ནས་རྒྱ་གཞུང་གིས་བཙན་བཀའ་བཞིན་རྩྭ་ཐང་བུ་མོའི་སློབ་གྲྭ་དེ་ཉིད་ཡོངས་སུ་སྒོ་བརྒྱབ་འདུག
སྤྱིར་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་ནི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་པའི་ཉིན་མོ་ཡིན་པ་དང་། སྔོན་ཆད་ཀྱི་སློབ་ཕྲུག་ཞིག་གིས་སེམས་སྐྱོ་བ་དང་ཡིད་ཕམ་པའི་གནས་ཚུལ་དེའི་སྐོར་རྒྱུས་ལོན་བྱེད་སྐབས། སློབ་གྲོགས་ཤིག་གིས་སློབ་གྲྭའི་པར་རིས་ཞིག་དྲྭ་ལམ་དུ་སྤེལ་བ་དང་མཉམ་དུ་གངས་ལྗོངས་གླུ་བ་གདུགས་བྷེའི་གླུ་གཞས་ལས། ཡུམ་བུ་བླ་མཁར་བཙན་པོའི་བཞུགས་གནས་ཡིན། ཕོ་བྲང་དམར་པོ་བླ་མའི་གཟིམས་ཆུང་རེད། དྲི་མེད་མཇལ་དར་འཐེན་མཁན་བུ་ཆུང་ང་། རང་ཁྱིམ་གྲུ་བཞི་སྲུང་བའི་བདག་པོ་ཡིན། གངས་རི་དཀར་པོ་བོད་པའི་རྟགས་མཚན་ཡིན། གངས་སེང་དཀར་པོ་བོད་པའི་རྟགས་མཚན་ཡིན། རྣམ་ཤེས་གངས་ལ་འཁྱམས་པའི་བུ་ཆུང་ང་། བདེ་སྡུག་དབྱངས་སུ་གྱེར་བའི་ཕོ་ཉ་ཡིན། ཅེས་པ་བཀོད་ནས་རང་གི་སེམས་ཀྱི་སྡུག་བསྔལ་བསྟན་ཡོད་འདུག
མ་ཟད་སློབ་ཕྲུག་ཞིག་གིས་ “ལོ་ཧྲིལ་པོ་ཉི་ཤུའི་རིང་ལ་ང་ཚོ་གངས་ལྗོངས་ཀྱི་བུ་མོ་ཚོས་ཡ་རབས་ཚུལ་མཐུན་གྱི་ལྟ་སྤྱོད་དང་། རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྦྱང་བརྩོན་ལེགས་པོ་བྱས་ཡོད་ཀྱང་། སེམས་སྐྱོ་རྒྱུ་ཞིག་ལ་ད་ལོ་ནས་བཟུང་སློབ་གྲྭ་འདི་གཏན་དུ་ང་ཚོ་དང་གྱེས་སོང་བ་དང་། སློབ་ཕྲུག་ཚོ་སོ་སོར་ཐོར་སོང་བ་རེད། ཡིན་ཡང་ང་ཚོས་ནམ་ཡང་བཀའ་དྲིན་ཅན་གྱི་དགེ་རྒན་དང་སློབ་གྲྭ་འདི་སེམས་ནས་མི་བརྗེད་” ཅེས་ཀྱང་བརྗོད་ཡོད་པ་རེད།
གཞི་རྩའི་བོད་ཀྱི་སློབ་གསོ་བ་ཆེན་པོ། གངས་ལྗོངས་ཤེས་རིག་ནོར་གླིང་བཙུགས་མཁན་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས། ཁྱིམ་ཚང་གི་ལས་ཀས་ཉིན་རེ་བཞིན་བཙིར་བའི་འབྲོག་སྒོའི་བུ་མོ་རྣམས་ཀྱི་ཆེད་དུ་ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༥ ཉིན་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དངོས་སུ་འགོ་བཙུགས་པ་རེད། ཐོག་མར་ལོ་རེར་བོད་ཡུལ་གང་ས་ནས་བུ་མོ་ ༤༠ བསྡུས་ཤིང་། ལོ་དྲུག་གི་རྗེས་སུ་ཁྱོན་སློབ་ཕྲུག་བུ་མོའི་ཁ་གྲངས་ ༢༤༠ ལ་སླེབས་པ་དང་། ཕྱི་ལོ་ ༢༠༡༠ ལོར་བུ་མོའི་སློབ་ཕྲུག་གི་ཐོག་མའི་སློབ་མ་རྣམས་སློབ་མཐར་ཕྱིན་པ་མ་ཟད་མགོ་ལོག་ཁུལ་ཡོངས་ཀྱི་སློབ་ཆུང་མཐར་ཕྱིན་ཡིག་རྒྱུགས་ཁྲོད་ཨང་རིམ་དང་པོའི་གྲས་སུ་སླེབས་པའི་རྗེས་སུ། བོད་ཡུལ་གང་ས་ནས་བསྔགས་བརྗོད་དང་ཡིད་ཆེས་ཚད་མཐོ་པོ་ཐོབ་ཡོད་པ་རེད་འདུག
རྩྭ་ཐང་བུ་མོའི་སློབ་གྲྭ་འདི་ལ་གཟེངས་རྟགས་མང་པོ་ཐོབ་མྱོང་ཡོད་པ་དང་། སློབ་གྲྭ་འདི་ནི་ནང་ཆོས་དང་། ཚན་རིག །བོད་ཡིག །གསོ་རིག །བོད་ཀྱི་བཟོ་རིག །ཐང་ཀ་རི་མོ། རྩིས་འཁོར་སོགས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྦྱང་བརྩོན་བྱེད་ས་གཙོ་བོར་གྱུར་ཡོད། སློབ་གྲྭ་འདི་ནས་སློབ་སྦྱོང་ཐོན་མཁན་གྱི་སློབ་མ་རྣམས་ལ་སྤྱི་ཚོགས་ཁྲོད་དུ་གདེང་འཇོག་ཆེན་མོ་བྱས་ཡོད་པ་དང་། བོད་ཡུལ་ཆོལ་ཁ་གསུམ་གྱི་སློབ་མ་འདུས་ས་ཞིག་ཡིན་པ་རེད།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༩༤ ཟླ་ ༨ པའི་ནང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་པ་ཞིག་ཀྱང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཟེར་བས་ཆོག་མཆན་འོག་དངོས་སུ་བཙུགས་ཤིང་། དེ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་ཞིག་དང་བོད་ནང་དུ་ཆེས་མིང་དུ་གྲགས་པའི་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༢༤ ལོའི་ནང་རྒྱ་གཞུང་གིས་སློབ་གླིང་དེ་ཉིད་འཕྲལ་དུ་སྒོ་རྒྱག་དགོས་པའི་བཙན་བཀའ་ཡིས་དགེ་སློབ་རྣམས་དངོས་སུ་སློབ་གྲྭ་བཞག་ཏེ་རང་སར་ལོག་དགོས་བྱུང་བ་མ་ཟད། སློབ་གྲྭའི་མཛད་སྒོའི་སྐབས་སློབ་ཕྲུག་རྣམས་ཚོར་ཤུགས་ཆེན་པོས་མིག་ཆུ་གཏོང་བཞིན་པའི་བརྙན་རྒྱ་ཁྱབ་ཆེན་པོས་ཁྱབ་སྤེལ་བྱུང་རྗེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམ་པའི་ཁྲོད་སེམས་འཚབ་ཤུགས་ཆེ་བཟོས་ཡོད་པ་རེད།
བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་རྣམས་ལ་༧་གོང་ས་མཆོག་ལ་མཚན་དམས་ཞུ་རུ་འཇུག་བཞིན་འདུག
རྒྱ་གཞུང་གིས་བོད་ནང་གི་བོད་མི་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོའི་ཆོས་ལུགས་ཀྱི་དད་མོས་ལ་བཀག་སྡོམ་ནན་མོ་བྱེད་བཞིན་པའི་ཁྲོད། ཉེ་ཆར་ལྷ་སའི་བོད་ལྗོངས་སློབ་གྲ་ཆེན་མོའི་སློབ་མ་རྣམས་ལ། ༧གོང་ས་མཆོག་ནི་ཁ་བྲལ་ཆབ་སྲིད་ཚོགས་པ་ཞིག་གི་འགོ་ཁྲིད་དང་། བཙན་བྱོལ་བོད་གཞུང་ནི་ཁ་བྲལ་ཚོགས་པ། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོ་ནི་ཁ་བྲལ་ཚོགས་པའི་ཤུགས་རྐྱེན་དང་ལག་ཆ་ལྟ་བུའི་ཡིན་པ། ༧གོང་ས་མཆོག་ནི་བོད་ནང་གི་སྤྱི་ཚོགས་ཟིང་འཁྲུག་བཟོ་བའི་རྩ་བའི་རྒྱུ་རྐྱེན་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཁྱོང་ལ་བར་ཆད་བྱེད་མཁན་ཆེ་ཤོས་ཡིན་པ་སོགས་ཀྱི་ཡིག་ཆ་བཀྲམ་པ་མ་ཟད། སློབ་ཆེན་གྱི་སློབ་མ་རེ་རེས་རང་གི་ལྟ་བ་དང་ལངས་ཕྱོགས་མཚོན་པའི་ཡིག་ཐོག་གི་གསལ་བཤད་རེ་འབྲི་དགོས་པ་དང་། གསལ་བཤད་ཡིག་ཆའི་ནང་དུ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ནི་ཁ་བྲལ་ཚོགས་པ་ཡིན་པ་ངོས་ལེན་བྱེད་པ་དང་། མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའང་འཁོད་འདུག
འདི་ག་གསར་ཁང་གིས་ལོ་གཉིས་སྔོན་དུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་ཞིང་ད་ལྟ་ཡུ་རོབ་ཀྱི་རྒྱལ་ཁབ་ཞིག་གི་ནང་དུ་སློབ་སྦྱོང་བྱེད་མཁན་ཞིག་ལ་གནས་ཚུལ་དེའི་སྐོར་བཀའ་འདྲི་ཞུ་སྐབས། གནས་ཚུལ་དེ་འདྲའི་རིགས་ད་ལོ་ཕྱི་ཟླ་ ༨ ཚེས་ ༡ ནས་ ༥ བར་དང་། ཕྱི་ཟླ་ ༡༠ ཚེས་ ༡ ནས་ ༣ བར་རྒྱ་ནག་དང་འབྲེལ་ཡོད་དུས་ཁག་ལ་སྤེལ་བཞིན་ཡོད་པ་གསུངས་སོང་།
བྱེད་སྒོ་འདི་ལོ་རེར་མ་མཐར་ཐེངས་ལྔ་ནས་དྲུག་སྤེལ་བཞིན་ཡོད་པ་དང་གཙོ་བོ་ཕྱི་ལོ་ ༢༠༢༢ ཟླ་ ༢ པའི་ནང་དུ་བོད་ཀྱི་ན་གཞོན་གཞས་པ་ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཁྱབ་རྗེས། ལྷ་སའི་ནང་དང་ཉེ་འགྲམ་གྱི་རྫོང་ཁག་ཏུ་དམ་དྲག་ཤུགས་ཆེན་པོ་བྱས་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཆེན་སློབ་མ་རྣམས་ལ་མཚམས་མཚམས་སུ་ཉེན་རྟོག་པས་སློབ་ཁང་དང་མལ་ཁང་སོགས་ཞིབ་བཤེར་བྱེད་པའི་གནས་ཚུལ་མང་པོ་བྱུང་ཡོད་ཅེས་གསུངས་སོང་།
བོད་ལྗོངས་སློབ་གྲྭ་ཆེན་མོ་མ་གཏོགས་ས་གནས་གཞན་གྱི་བོད་ཀྱི་སློབ་ཆེན་ཁག་གི་གནས་སྟངས་སྐོར་ནས་བཀའ་འའདྲི་ཞུ་སྐབས། ཆབ་སྲིད་ལངས་ཕྱོགས་ཀྱི་ཟབ་སྦྱོང་དང་། དམིགས་བསལ་དུ་ཏང་སྲིད་ཟབ་སྦྱོང་ཟེར་བ་ཞིག་ཉེ་བའི་ལོ་ཤས་ནས་བཟུང་བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ཀྱི་སྨན་རྩིས་ཁང་སློབ་ཆེན། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིང་འབྲོག་སློབ་གླིང། བོད་ལྗོངས་ཀྱི་ལས་རིགས་ཞིབ་འཇུག་སློབ་ཆེན། ལྷ་སའི་དགེ་འོས་སློབ་གྲྭ་དང་བོད་ལྗོངས་ནང་བསྟན་སློབ་གླིང་སོགས་ལ་ལོ་ལྟར་ཏང་གི་དགོངས་དོན་ཟེར་བ་ཟབ་ཁྲིད་བྱེད་བཞིན་པ་དང་། སློབ་ཁྲིད་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག །གལ་ཏེ་སློབ་ཁྲིད་ཚད་གཞི་མ་ལོན་པ་ཡིན་ན་མཐའ་མའི་ཡིག་རྒྱུགས་སོགས་ལ་མཉམ་ཞུགས་བྱེད་མི་ཆོག་པའི་སྒྲིག་ཁྲིམས་ཡོད་པ་བཅས་གསུངས་སོང་།
རྒྱ་ནག་གི་རྒྱལ་ཡོངས་སྤྱི་སྐད་སྲིད་ཇུས་ཁྲོད་བོད་ཆབ་མདོ་ས་ཁུལ་གྱི་སྐད་ཡིག་འཛིན་གྲྭ་གསར་འཛུགས།
རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཐེངས་ ༧༧ པའི་རྗེས་སུ་བོད་ཡུལ་གང་སར་རྒྱ་ནག་གི་རྒྱལ་ཞེན་དང་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། ཉེ་ཆར་ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལས་གཞིའི་ཆ་ཤས་སུ་བོད་ཆབ་མདོ་ས་ཁུལ་གྱི་ལོ་ན་ ༣༠ ནས་ ༥༠ བར་གྱི་བོད་རིགས་རྒན་པ་ཚོར་རྒྱ་ཡིག་འཛིན་གྲྭ་གསར་འཛུགས་ཀྱི་ལས་གཞི་ལག་བསྟར་བྱེད་བཞིན་འདུག
འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཆབ་མདོའི་ས་ཁུལ་གྱི་བོད་མི་ཞིང་འབྲོག་རྒན་པ་ཚོའི་ཆེད་དུ་གསར་འཛུགས་བྱས་པའི་རྒྱ་ཡིག་གི་འཛིན་གྲྭའི་མིང་ལ། དགེ་རྒན་གྱིས་ཨ་ཕ་ལ་ནང་ལས་བསྐོས། ཟེར་བ་ཡིན་པ་དང་། ས་གནས་ཁ་ཤས་ཀྱི་འབྲོག་མི་རྒན་པ་རྒྱ་ཡིག་མི་ཤེས་མཁན་རྣམས་ལ་ཟླ་གསུམ་རིང་རྒྱ་ཡིག་ཆེད་ཁྲིད་བྱ་རྒྱུ་ཡིན་པ་རེད་འདུག
སློབ་ཁྲིད་ཀྱི་ནང་དོན་སྐོར་ནས་དྲི་བ་དྲིས་སྐབས། ཐོག་མར་རྒྱ་ཡིག་གི་རྨང་གཞི་འབྲི་ཀློག་ནས་འགོ་བཙུགས་དགོས་པ་དང་། དེ་ནས་རིམ་བཞིན་རྒྱ་ནག་གི་རྒྱལ་གླུ། ཤར་ཕྱོགས་ཉི་མ་དམར་པོ་ཟེར་བའི་མའོ་ཀྲུའུ་ཞི་ལ་བསྟོད་པའི་གླུ་དབྱངས་སོགས་ལེན་དགོས་འདུག །འཛིན་གྲྭ་རེ་རེའི་ནང་དུ་བོད་པ་ ༢༠ ལྷག་ཡོད་པ་དང་། འཛིན་གྲྭ་གཅིག་འཚོག་སྐབས་འཛིན་གྲྭ་གཞན་པ་རྣམས་རང་རང་གི་ཁྱིམ་ནང་ནས་རང་སྦྱོང་བྱ་དགོས་པ་ལས། དངོས་སུ་འཚོགས་དགོས་མི་འདུག །གཟའ་འཁོར་རེའི་རེས་གཟའ་ཟླ་བའི་ཉིན་འཛིན་གྲྭ་ཆ་ཚང་མཉམ་དུ་འཚོགས་དགོས་པ་དང་། རྒྱལ་གླུ་བླངས་ནས་རྒྱལ་དར་བསྒྲེང་དགོས་འདུག
རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་བའི་སྲིད་ཇུས་ཟེར་བ་དེས་བོད་མི་རིགས་ས་ཁུལ་གྱི་སློབ་གསོའི་སྐད་ཡིག་སྲིད་ཇུས་ལ་འགྱུར་ལྡོག་ཆེན་པོ་བཟོས་ཡོད། སྤྱིར་ཕྱི་ལོ་ ༢༠༠༡ ལོར། རྒྱལ་ཁབ་ཀྱི་སྤྱི་སྐད་ཡི་གེའི་ཁྲིམས་དངོས་སུ་ལག་བསྟར་བྱས་ཏེ། སྤྱི་སྐད་དང་ཚད་ལྡན་རྒྱ་ཡིག་ཁྲིམས་མཐུན་གཏན་འབེབས་བྱས་རྗེས། ཕྱི་ལོ་༢༠༡༠ ལོ་ནས་བཟུང་ནས་རྒྱ་ནག་རྒྱལ་ཁབ་ཀྱིས་སྤྱི་སྐད་དང་། ཚད་ལྡན་རྒྱ་ཡིག་གི་སློབ་གསོ། ཁྱབ་བསྒྲགས། སྤྱོད་སྒོ་བཅས་མུ་མཐུད་ནས་སྐུལ་སྤེལ་བྱས་ཡོད་ཅིང་། ས་ཁུལ་དང་སློབ་གྲྭ་མི་འདྲ་བའི་ནང་དུ་ལག་བསྟར་བྱེད་འགོ་བཙུགས་ཡོད། དེ་བཞིན་སྐད་ཡིག་གཉིས་ཀྱི་སློབ་གསོ་བོད་ཁུལ་ཡོངས་སུ་གཞུང་འབྲེལ་སྲིད་ཇུས་ཡིག་ཆ་ཁག་སོ་སོར་གསལ་བ་བཞིན་ལག་བསྟར་བྱས་ཡོད་པ་རེད།
རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་རྣམས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ནན་པོ་གནང་འདུག
རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་རྣམས་ནས་ཚོགས་འདུ་བརྒྱུད་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལ་སྐྱོན་བརྗོད་ནན་པོ་གནང་འདུག
དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐའེ་ཝན་རྒྱལ་སྟོན་དུས་ཆེན་ཐེངས་ ༡༡༥ འཁོར་བའི་ཉིན་མོ་སྲུང་བརྩི་དང་སྦྲགས། ཟླ་འདིའི་ཕྱི་ཚེས་ ༦ ཉིན་Beijing Spring magazine པེ་ཅིང་དཔྱིད་ཀའི་དུས་དེབ་དང་ Chinese Alliance for Democracy ཞེས་རྒྱ་རིགས་མང་གཙོ་དོན་གཉེར་བའི་མཉམ་འབྲེལ་ཚོགས་པ། དེ་བཞིན་ Executive Committee of the China Democracy Party ཞེས་རྒྱ་ནག་མང་གཙོ་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ Flushing ས་གནས་སུ་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག་པ་དང་། སྐབས་དེར་ཚོགས་འདུའི་ཐོག་རྒྱ་རིགས་མཁས་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། དེ་བཞིན་རང་དབང་ཅན་གྱི་གསར་འགོད་པ་སོགས་ཆེད་ཕེབས་གནང་འདུག་པ་དང་། སྐབས་དེར་ཚོགས་འདུའི་ཐོག་ཚོགས་མི་རྣམས་ཚོགས་ཆུང་ལྔ་ལ་བགོས་ཏེ་གྲོས་བསྡུར་གནང་བའི་བརྒྱུད། ཚོགས་ཆུང་རྣམས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་བཞིན་ཕྱིར་འཐེན་དགོས་པ་གསུངས་འདུག
ཚོགས་འདུའི་ཐོག་པེ་ཅིང་དཔྱིད་ཀའི་དུས་དེབ་ཀྱི་འགན་འཛིན་ Dr, Yu Dahai ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་དབུ་འབྱེད་ཀྱི་གསུང་བཤད་གནང་རྗེས་སུ། དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ Hu Ping ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་མིང་ཁ་གསལ་བཀོད་མེད་ནའང་། ཁྲིམས་ཡིག་དེའི་བརྒྱུད་བོད་མིའི་ངོ་བོར་ཐད་ཀར་ཤུགས་རྐྱེན་དང་གནོད་སྐྱོན་ཐེབས་ཀྱི་ཡོད་པ་དང་འབྲེལ། དེ་ལྟ་བུའི་སྲིད་བྱུས་དེ་བཞིན་རྒྱ་ནག་གཞུང་གིས་དེ་སྔ་ནས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཁྲིམས་ཡིག་དེའི་བརྒྱུད་ནས་བོད་མི་རྣམས་ལ་དེ་སྔ་རང་དབང་དང་ཐོབ་ཐང་ཅུང་ཙམ་ཡོད་པ་དེའང་འཕྲོག་ཡོད་པ་ནན་བརྗོད་དང་སྦྲགས། གཞན་ཡང་ལོ་ཤས་གོང་རྒྱ་ནག་དམར་ཤོག་གཞུང་གི་མི་རབས་གཉིས་པའི་འགོ་ཁྲིད་སྐོར་ཞིག་ནས་ཞི་ཅིན་ཕིང་ལ་ཞུ་ཡིག་ཅིག་ཕུལ་བ་ལུང་འདྲེན་གྱིས། དེའི་ནང་གྲངས་ཉུང་མི་རིགས་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་པ་གསུངས་འདུག
ཕྱོགས་མཚུངས་རྒྱ་ནག་མང་གཙོ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ཁྲིམས་ལིས་ཆུན་ལགས་ནས་ཁྲིམས་ཡིག་དེའི་བརྒྱུད་ནས་ཐད་ཀར་གནོད་སྐྱོན་ཕོག་པའི་བོད་མི་གཙོས་པའི་མི་རིགས་གཞན་རྣམས་ལ་དགོངས་སེལ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་གཞན་རྣམས་ལ་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་གནང་འདུག་པ་མ་ཟད། གསུང་བཤད་པ་རྣམས་ནས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེ་ནི་མི་རིགས་མཐུན་སྒྲིལ་གྱི་མིང་སྐམ་པོ་ཡིན་པ་ལས་དོན་དངོས་སུ་རྒྱ་རིགས་གཅིག་གི་ངོ་བོ་དང་རྒྱལ་ཁབ་གཅིག་གྱུར་ཞེས་པའི་གཞུང་ཕྱོགས་ཀྱི་ལྟ་གྲུབ་གོང་སྤེལ་གཏོང་ཆེད་ཡིན་པ་ལས། གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ངོ་བོ་སྲུང་སྐྱོབ་བཅས་ལ་ཚད་བཀག་སྔར་ལས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། ཁྲིམས་ཡིག་དེའི་བརྒྱུད་ནས་རྒྱ་རིགས་མ་ཡིན་པ་རྣམས་ནས་ཀྱང་རང་མི་རིགས་ཀྱི་ངོ་བོའི་འདོད་འདུན་བཏོན་པ་ཙམ་གྱིས་ཁ་བྲལ་བ་དང་ཡང་ན་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་གཡོག་སྲིད་པའི་ཉེན་ཁ་ཡོད་པ་གསུངས་འདུག
དེ་བཞིན་ཚོགས་འདུའི་ཐོག་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཁྲིམས་ཡིག་འདིས་དོན་དངོས་སུ་མིང་དང་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྣམས་འཕྲོག་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་ཟེར་བའི་འབོད་སྒྲའི་འོག་རྒྱ་རིགས་གཙོ་བོར་འཛིན་པ་དང་། མི་རིགས་གཞན་གྱི་ངོ་བོ་མེད་པ་བཟོ་བའི་སྲིད་བྱུས་ཁྲིམས་སུ་བཀོད་པ་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་བོད་ནང་འདི་ལྟ་བུའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཕྱི་ལོ་ ༡༩༥༠ ལོར་རྒྱ་དམག་གིས་བཙན་འཛུལ་ནས་འགོ་འཛུགས་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོའི་ཡས་མས་ནས་རྒྱ་ནག་གི་མཁས་པ་ཡིན་ཟེར་མཁན་མཱ་རོང་ (Ma Rong) དང་། ཧྭ་ཨང་ཀང་། (Hu Angang) ཧུའུ་ལེན་ཧེ་ (Hu Lianhe) སོགས་ཀྱིས་བཏོན་པའི་མི་རབས་གཉིས་པའི་མི་རིགས་ཀྱི་སྲིད་བྱུས་ཟེར་བ་འུད་སྒྲོགས་བྱས་ནས་རིམ་པས་སྲིད་བྱུས་ལག་བསྟར་བྱས་ནས་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཁྲིམས་ཀྱི་ལག་ལེན་བྱེད་འགོ་བཙུགས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
མ་ཟད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ད་ལྟའི་ཆར་བོད་ནང་བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རང་གི་ཕ་སྐད་དང་འབྲེལ་བ་ཆད་བཞིན་པའི་གནས་སྟངས་དང་ཟླ་ ༧ ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གསལ་སྟོན་གནང་བའི་ཐོག ཁྲིམས་ཡིག་འདིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་གི་རྩ་འཛིན་དང་། རྒྱ་ནག་གི་རྩ་ཁྲིམས། དེ་བཞིན་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག་བཅས་དང་འགལ་ཡོད་པ་གསལ་སྟོན་གྱིས། ཁྲིམས་འདིའི་དོན་ཚན་ ༥༦ ནང་མི་རིགས་མཐུན་སྒྲིལ་གྱི་ཁྱབ་བསྒྲགས་བདུན་ཕྲག་ཞེས་པ་དེར་གདོང་ལེན་གྱི་ཚུལ་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ནང་དོན་ལྟར་ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༣ ནས་འགོ་བཙུགས་ཏེ་ལོ་རེའི་ཟླ་ ༩ པའི་བདུན་ཕྲག་མཐའ་མ་དེ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་བདུན་ཕྲག་ཏུ་གཏན་འབེབས་གནང་ཡོད་པ་ངོ་སྤྲོད་གནང་འདུག
རྒྱ་ནག་གི་གཞུང་འབྲེལ་འཕྲིན་གཏོང་ཁེ་ལས་ཚོས་བོད་ཡོངས་སུ་ལྟ་ཞིབ་དོ་དམ་ཐད་རོགས་རམ་བྱེད་ཀྱི་ཡོད་པ་ཐེར་འདོན།
རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Foundation for Nonviolent Alternatives (FNVA) འཚེ་བ་མེད་པའི་ཐབས་ལམ་གྱི་འདམ་གའི་ཐེབས་རྩ་ཁང་གི་ཉམས་ཞིབ་ཕྱག་རོགས་རིག་འཛིན་རྣམ་རྒྱལ་ལགས་ཀྱིས་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད། China Mobile Communications Group Tibet Co., Ltd. དང་ China Telecom Tibet Branch གཉིས་གཙོ་བོ་འགྱུར་བའི་རྒྱ་ནག་གི་གཞུང་འབྲེལ་འཕྲིན་གཏོང་ཁེ་ལས་ཚོས་བོད་མཐོ་སྒང་ཡོངས་སུ་ལྟ་ཞིབ་དང་དོ་དམ་ནན་པོ་ཐད་རོགས་རམ་བྱེད་ཀྱི་ཡོད་པ་ཐེར་འདོན་དང་སྦྲགས། ཁེ་ལས་དེ་དག་དང་འབྲེལ་བ་ཡོད་པའི་ཚོང་ལས་ཁང་ཁག་གི་ཐོག་བོད་མིའི་སྒྲིག་འཛུགས་ངོས་ནས་སྟངས་འཛིན་གནང་དགོས་པ་གསུངས་སོང་།
དེ་ཡང་ཁ་སང་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ཉམས་ཞིབ་པ་རིག་འཛིན་རྣམ་རྒྱལ་ལགས་ཀྱིས་འདོན་སྤེལ་གནང་བའི་ Digital Surveillance in Tibet: A Case Study of China Mobile and China Telecom ཞེས་བོད་ནང་དྲྭ་ཐོག་ལྟ་སྲུང་གི་གནས་སྟངས་ཐོག་ཞིབ་འཇུག་བྱས་པའི་སྙན་ཐོ་དེའི་ནང་། རྒྱ་ནག་གི་གཞུང་འབྲེལ་ལས་ཁུངས་དང་ཚོགས་སྡེ་ཁག་གིས་འདས་པའི་ཕྱི་ལོ་ ༢༠༢༤ ནས་བཟུང་ད་བར་ལོ་ངོ་གསུམ་རིང་ལྟ་སྲུང་འཕྲུལ་རིག་གི་ཅ་དངོས་ཉོས་པའི་བྱུང་འཛིན་ཡིག་ཆ་ ༡༥ རག་སོན་བྱུང་ཡོད་པ་དེའི་ཐོག་ཞིབ་འཇུག་བྱས་པའི་ཁྲོད། རྒྱ་ནག་གི་གཞུང་འབྲེལ་འཕྲིན་གཏོང་ཁེ་ལས་ China Mobile དང་ China Telecom གཉིས་ཀྱིས་དྲྭ་རྒྱ་དང་ཁ་པར་གྱི་མཐུན་རྐྱེན་མཁོ་སྤྲོད་ཙམ་མ་ཡིན་པར་ Surveillance Camera ལྟ་སྲུང་བརྙན་མིག་དང་ Data Lines གནས་བསྡུས་གྲངས་ཐོ་སོགས་མང་ཚོགས་ལ་སྟངས་འཛིན་ཐུབ་པའི་འཕྲུལ་རིག་མང་དག་ཅིག་མཁོ་སྤྲོད་ཀྱིས་རྒྱ་སྒོར་ས་ཡ་ ༣༨ ལྷག་གི་འགྲོ་སོང་བཏང་ཡོད་པ་མངོན་གསལ་གནང་འདུག
ཁོང་གིས་ཞིབ་འཇུག་སྙན་ཐོ་དེ་ཡང་ཁེ་ལས་དེ་གཉིས་སོ་སོར་དབྱེ་བ་དང་འབྲེལ། China Mobile ཁེ་ལས་ཀྱིས་ཕྱི་ལོ་ ༢༠༢༤ ནས་ ༢༠༢༦ བར་བོད་རང་སྐྱོང་ལྗོངས་ནང་ལྟ་སྲུང་དམ་དྲག་དང་འབྲེལ་བའི་འཕྲུག་རིག་ཅ་དངོས་ཐོག་རྒྱ་སྒོར་ས་ཡ་ ༢༩ མ་ཟིན་ཙམ་གྱི་འགྲོ་གྲོན་བཏང་ཡོད་པ་དང་། དེའི་ནང་ལྷ་ས་དང་གཞི་ཀ་རྩེ་ནང་གི་ལྟ་སྲུང་བརྙན་མིག་དང་། ཉེན་རྟོག་པའི་ལྟ་སྲུང་ཆེད་དུ་མི་མེད་གནམ་གྲུའི་ནང་གི་ SIM cards དེ་བཞིན་ཆབ་མདོ་ཉེན་རྟོག་པའི་ཆེད་དུ་ལག་ཐོག་ཁ་པར་ ༢༧༡ བཅས་ཡོད་པ་མ་ཟད། ཁེ་ལས་དེས་མིས་བཟོས་རིག་ནུས་ལྡན་པའི་འཕྲུལ་རིག་གི་ཁྱི་ཡང་མཁོ་སྤྲོད་བྱས་ཡོད་པ་རེད་འདུག
དེ་བཞིན་ China Telecom ཁེ་ལས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་མདོ་རྔ་བ་རྫོང་གི་ནང་ལྟ་སྲུང་བརྙན་མིག་ ༡༡༥༠ ཆེད་འཛུགས་ཀྱིས་སྟངས་འཛིན་ཆེད་དུ་རྒྱ་སྒོར་ས་ཡ་ ༩ ལྷག་གི་འགྲོ་གྲོན་བཏང་ཡོད་པ་མངོན་གསལ་གནང་འདུག
ཐེངས་འདིའི་སྙན་ཐོ་འདོན་སྤེལ་གནང་མཁན་རིག་འཛིན་རྣམ་རྒྱལ་ལགས་ཀྱིས། རྒྱ་ནག་གི་གཞུང་འབྲེལ་ཁེ་ལས་དེ་གཉིས་ཀྱིས་ལྟ་སྲུང་དམ་དྲག་དང་འབྲེལ་བའི་འཕྲུལ་རིག་ཅ་དངོས་ཐོག་རྒྱ་སྒོར་ས་ཡ་མང་པོའི་འགྲོ་གྲོན་བཏང་བ་དེས། གཅིག་ཆ་ནས་སྲིད་གཞུང་གིས་མང་ཚོགས་བོད་མི་ཚོར་ཡིད་ཆེས་མེད་པ་བསྟན་གྱི་ཡོད་པ་དང་། དེའི་རྒྱུ་མཚན་ནི་བོད་མི་མང་ཚོགས་ཀྱི་རྒྱ་ནག་གུང་ཁྲན་སྲིད་གཞུང་གི་འཛིན་སྐྱོང་བྱེད་སྟངས་ལ་ངོས་ལེན་མེད་པ་མཚོན་གྱི་ཡོད་སྐོར་གསུངས་སོང་ལ། ཁེ་ལས་དེ་དག་གི་ཡན་ལག་ཚོང་ལས་ཁང་རྒྱ་གར་དང་བལ་ཡུལ་ཁུལ་དུ་ཡོད་སྲིད་པས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ངོས་ནས་ཁེ་ལས་དེ་གཉིས་ཀྱི་ཐོག་སྟངས་འཛིན་གནང་དགོས་གལ་དང་། བོད་མི་མང་ཚོགས་ཁག་གཅིག་གིས་ཁེ་ལས་དེ་དག་དང་འབྲེལ་བ་ཡོད་སྲིད་པའི་འཕྲུལ་རིག་ཅ་དངོས་དཔེར་ན་ DJI འཕྲུལ་རིག་བེད་སྤྱོད་བྱེད་ཀྱི་ཡོད་སྟབས། དེ་དག་ཐོག་ཡིད་གཟབ་གནང་དགོས་པ་དང་། སྒྲིག་འཛུགས་ངོས་ནས་ཀྱང་ཁེ་ལས་དེ་དག་དང་འབྲེལ་བའི་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ཅ་དངོས་ཉོ་ཚོང་མཚམས་འཇོག་གིས་སྲིད་དོན་ཉེས་ཆད་འགེལ་དགོས་པའི་སྐུལ་མ་གནང་སོང་།




