བོད།
རྒྱ་གཞུང་ནས་ནག་ཆུ་ས་ཡོམ་ཕོག་ཡུལ་དུ་རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་ཆེད་འབོད་ཀྱིས་བོད་ཀྱི་ཁོར་ཡུག་བདག་གཅེས་དང་འགན་སྲུང་དགོས་པའི་སྐུལ་མ་བྱ་དགོས་པ་གསུངས་འདུག
ཟླ་བ་འདིའི་ཚེས་ ༢༢ གྱི་མཚན་མོར་བོད་ནག་ཆུ་སྦྲ་ཆེན་རྫོང་ཁུལ་དུ་ས་ཡོམ་ཤུགས་ཚད་ ༧ ཅན་ཞིག་བརྒྱབ་པའི་འོག །མི་ཤི་སྐྱོན་ཆགས་དང་ཁང་ཁྱིམ་གཏོར་སྐྱོན་སོགས་ཀྱི་གོད་ཆགས་ཚབས་ཆེ་ཕོག་པའི་གནད་དོན་དང་འབྲེལ། ཁ་སང་ཕྱི་ཟླ་ ༡༠ པའི་ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་གནས་ཐོག །ས་ཡོམ་ཀྱི་གོད་ཆགས་མྱོང་བཞིན་པའི་མང་ཚོགས་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྤེལ་བའི་བརྒྱུད། རྒྱ་ནག་གཞུང་གིས་ངོས་ནས་ནག་ཆུ་སྦྲ་ཆེན་རྫོང་གི་ས་ཡོམ་ཕོག་ཡུལ་དུ་རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་ཆེད་འབོད་ཀྱིས་བོད་ཀྱི་ཁོར་ཡུག་བདག་གཅེས་དང་འགན་སྲུང་དགོས་པའི་སྐུལ་མ་བྱ་དགོས་པ་གསུངས་འདུག
དེ་ཡང་ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་གནས་ཐོག་ཐུགས་གསོའི་གསུང་འཕྲིན་དེ་འདོན་སྤེལ་གནང་བའི་ནང་དུ། ཉེ་ཆར་ཚེས་ ༢༢ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་ ༡༠།༣༣ སྟེང་། བོད་ནག་ཆུ་སྦྲ་ཆེན་ཕྱོགས་སུ་ཚད་རིམ་ ༧ ཅན་གྱི་ས་ཡོམ་བརྒྱབ་སྟེ། མི་གྲངས་མང་པོ་རྐྱེན་འདས་དང་རྨས་སྐྱོན་བྱུང་བ། དེ་བཞིན་ཁང་ཁྱིམ་རྡིབ་ལྷུང་གིས་གོད་ཆགས་ཚབས་ཆེ་བྱུང་བ་དང་། བྲག་རྡོ་བསྙིལ་ནས་འགྲུལ་ལམ་འགག་པ། དགུན་དུས་ཀྱི་གྲང་ངར་འགོ་བཙུགས་པ་སོགས་ཀྱིས་ཟས་གོས་གནས་མལ་གང་ཅིར་དཀའ་ངལ་འཕྲད་བཞིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྐྱེན་འདས་སུ་གྱུར་པ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་བདག་བླ་ཆེན་རྣམ་པ་དང་། དགོན་སྡེ་ཁག་བཅས་ནས་བསྔོ་སྨོན་མཛད་བཞིན་ཡོད་ལ། རྗེས་ཤུལ་ནང་མི་རྣམས་ལའང་ཐུགས་གསོ་ཞུས་པ་དང་སྦྲགས། རྨས་སྐྱོན་ཕོག་པའི་ནད་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། ཁང་ཁྱིམ་གཏོར་བཤིག་སོང་བའི་ཁྱིམ་ཚང་རྣམས་དཀའ་ངལ་ལས་གྲོལ་བའི་མཐུན་འགྱུར་ཡོང་བར་སྤྱི་སྒེར་ཡོངས་ལ་འབོད་སྐུལ་ཞུས་འདུག
སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་གསོའི་གསུང་འཕྲིན་ནང་ད་དུང་། བོད་ནང་འབྱུང་བའི་འཇིགས་པ་སྔ་ཕྱི་འདི་དག་ཡོང་རྐྱེན་གཙོ་བོ་ནི་རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གཅེས་སྤྲས་མེད་པར་ཤིང་ནགས་གཅོད་འབྲེག་དང་། ཆུ་རགས་གསར་རྒྱག །གཙང་ཆུ་བཀག་བསྐྱིལ་དང་ཁ་ཕྱོགས་བསྒྱུར་བ། གཏེར་ཁ་སྔོག་འདོན། མེ་འཁོར་ལྕགས་ལམ་དང་ཕུག་ལམ་གསར་བསྐྲུན་སོགས་ཁོར་ཡུག་ལ་གང་བྱུང་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པའི་རྗེས་འབྲས་ཡིན་སྐོར་དང་འབྲེལ། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་ཆེད་འབོད་ཀྱིས་བོད་ཀྱི་ཁོར་ཡུག་བདག་གཅེས་དང་འགན་སྲུང་དགོས་པའི་སྐུལ་མ་བྱ་དགོས་པ་གསུངས་འདུག
དེའི་བར་ན་ཁ་སང་རྒྱ་ནག་གཞུང་གི་རང་བྱུང་ཐོན་ཁུངས་ལྷན་ཁང་གི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་བྱས་པའི་བརྒྱུད། ཚེས་ ༢༢ མཚན་མོའི་ས་ཡོམ་དངོས་ཀྱི་རྗེས་སུ་ས་ཡོམ་རྗེས་འབྱུང་ཁྱོན་ ༢༠༥༤ ཙམ་བྱུང་ཡོད་པ་དང་། དེའི་ཁོངས་ནས་ཤུགས་ཚད་ ༥.༠ ཡན་གྱི་རྗེས་ཡོམ་གཉིས་ཚུད་ཡོད་པ་མ་ཟད། འབྲེལ་ཡོད་ལས་ཁུངས་ནས་ནག་ཆུ་སྦྲ་ཆེན་རྫོང་གི་ས་ཡོམ་ཕོག་ཡུལ་ནས་སྤྱི་ལེ་ ༥༠ ནང་ཚུད་ཀྱི་ཚོར་བ་རྣོ་བའི་ས་ཁུལ་ཁྱོན་ ༡༥༧ དང་། འཁྱགས་རོམ་ཁྱིལ་ཆུ་ ༨༠ དང་འཁྱགས་རོམ་ ༡༤༥ ལ་རྟོག་ཞིབ་བྱས་པའི་ཁྲོད་དེ་དག་ལ་གནོད་འཚེ་དེ་ཙམ་ཕོག་མེད་པ་དང་། ད་བར་ས་ཡོམ་གྱི་གོད་ཆགས་ཁྲོད་མི་འདས་གྲོངས་སུ་གྱུར་བའི་གྲངས་འབོར་དེ་ ༡༦ དང་རྨས་སྐྱོན་ཕོག་པ་མི་ ༧༦ རང་འཇགས་ཡིན་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་གནས་ཚུལ་དམ་དྲག་ཁྲོད་བོད་ནང་གི་སྤྱི་ཚོགས་དྲྭ་ལམ་སྤྱོད་མཁན་རྣམས་ཀྱིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་སྤེལ་བའི་གྲངས་ཐོ་མ་གཏོགས་དེ་དང་མི་འདྲ་བའི་གྲངས་ཐོའི་སྐོར་བཤད་ཕོད་ཀྱི་མེད་པའི་གནས་སྟངས་ཆགས་ཡོད་པའི་ཁྲོད། ཉེ་ཆར་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་ནག་ཆུ་སྲོག་རྫོང་དང་ཤན་རྩ་རྫོང་། དེ་བཞིན་ཉེ་འཁྲིས་ཆབ་མདོ་ཁུལ་ལྷོ་རོང་རྫོང་བཅས་ཀྱི་བོད་མི་གསུམ་གྱིས་དྲྭ་ལམ་ཐོག་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་པའི་ནང་དུ། བོད་མི་དེ་དག་གི་ཁོངས་ནས་གཅིག་གིས་ཐེངས་འདིའི་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བའི་གྲངས་འབོར་ ༣༢ ཡིན་པ་དང་། མི་གཞན་ཞིག་གིས་མི་ ༡༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་སྐོར་གསུངས་ཡོད་པ་མ་ཟད། དེ་བཞིན་མི་གཅིག་གིས་རྫ་སྲིབ་གྲོང་རྡལ་ཁོངས་ཀྱི་གླེ་སོག་གསུམ་མདོའི་ཆུ་མཛོད་བརྡོལ་བའི་ཉེན་ཁ་ཡོད་སྐོར་དང་འབྲེལ། ཆུ་མཛོད་ཀྱི་ཉེ་འདབས་སུ་སྡོད་རྒྱུ་མེད་པར་ས་མཐོ་སར་འགྲོ་དགོས་པའི་སྐུལ་མ་སྤེལ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། རྒྱ་གཞུང་ཉེན་རྟོག་པས་བོད་མི་གསུམ་པོ་དེ་དག་འཛིན་བཟུང་བྱས་ཏེ་ཁོང་རྣམས་ལ་དྲྭ་རྒྱའི་དཀྲོག་གཏམ་སྤེལ་བའི་ནག་ཉེས་བཙུགས་པ་མ་ཟད། བོད་མི་དེ་དག་ལ་བཙན་དབང་ཐོག་ནག་ཉེས་ངོས་ལེན་བྱེད་དུ་བཅུག་པ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་རུང་བའི་སྐུལ་འདེད་བྱས་པའི་བརྙན་ཐུང་བཟོ་རུ་བཅུག་པ་དྲྭ་ལམ་དུ་ཕྱི་གྱར་བྱུང་ཡོད་པ་རེད།
ནི་དར་ལེནྜ་ནང་ལོ་ངོ་ ༦༠ ལྷག་གི་རིང་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་འདུག
ཟླ་བ་འདིའི་ཚེས་ ༢༤ ཉིན་ནི་དར་ལེནྜ་བོད་རིགས་ཚོགས་པའི་གོ་སྒྲིག་འོག །ཁུལ་དེར་རྟེན་གཞི་བྱས་པའི་ Soestdijk ཕོ་བྲང་དུ། Ducth ཌ་ཆི་གཞུང་མང་ནས་ལོ་ངོ་ ༦༠ ལྷག་གི་རིང་བོད་མི་སྐྱབས་བཅོལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ལྷག་པར་ཕྱི་ལོ་ ༡༩༦༦ ལོར་ Cees Brouwer ལགས་དང་། རྒྱས་སྲས་ Prince Bernhard ལགས་རྣམ་གཉིས་ནས་བརྙན་འཕྲིན་བརྒྱུད་མ་དངུལ་བསྡུ་རུབ་ཀྱི་ལས་གཞི་སྤེལ་ཏེ་བོད་མི་སྐྱབས་བཅོལ་བ་རྣམས་ལ་གཞིས་ཆགས་གསར་འཛུགས་ཐད་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་བར་བཀའ་དྲིན་རྗེས་དྲན་ཀྱི་མཛད་སྒོ་ཞིག་འཚོགས་འདུག
མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་གནང་མཛད་པའི་ནང་དུ། བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་དེར་ཌ་ཆི་མི་མང་ནས་བོད་མི་རྣམས་ལ་བྱམས་བརྩེ་དང་གཞི་རྩའི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཡོད་ཅིང་། སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཉིན་མོ་དེ་འབྲེལ་གསུང་བཤད་གནང་བའི་ཁྲོད། ད་བར་བོད་མི་རྣམས་ལ་ Cees Brouwer ལགས་དང་། རྒྱས་སྲས་ Prince Bernhard ལགས་རྣམ་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་རྣམ་གཉིས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བཙན་བྱོལ་བོད་མིའི་མི་རབས་གསར་པར་རེ་བའི་འོད་སྣང་དང་། མ་འོངས་པའི་མདུན་ལམ། གོ་སྐབས་བཅས་བསྐྲུན་ཡོད་པ་གསུངས་འདུག
མ་ཟད་ཁོང་གིས་འདས་པའི་ལོ་ངོ་ ༦༠ གོང་གི་གནས་སྟངས་བཞིན་བོད་ལ་ད་ལྟའང་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་གསུངས་པ་དང་འབྲེལ། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་ཀྱི་ཐུན་མིན་སྐད་དང་རིག་གཞུང་། སྲོལ་རྒྱུན། ངོ་བོ་བཅས་ལམ་ལུགས་ལྡན་པའི་ཐོག་ནས་རྩ་བརླག་ཏུ་གཏོང་བར་ཉེན་ཁ་ཆེན་པོ་འཕྲད་བཞིན་པའི་ཁྲོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་དགོས་པའི་གལ་ཆེའི་འགན་འཁྲི་སྐོར་གསུངས་པ་མ་ཟད། བོད་ཀྱི་རྩ་ཆེན་རིག་གཞུང་སྲུང་སྐྱོབ་ཆེད་བོད་མིའི་སྤྱི་ཚོགས་ལ་དམིགས་བསལ་གྱི་ས་ཆ་ཞིག་གམ་ནི་དར་ལེནྜ་དུ་གཏན་འཇགས་སྤྱི་ཁང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་པ་རེད་འདུག
དེ་བཞིན་སྐབས་དེར་ནི་དར་ལེནྜ་བོད་རིགས་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ངོས་ནས་ཀྱང་། སྐུ་ཚབ་དོན་གཅོད་མཆོག་གི་རེ་སྐུལ་དེར་རྒྱབ་སྐྱོར་གནང་འདུག་པ་མ་ཟད། རྒྱལ་སྲས་བྷར་ཧར་ཌི་ལགས་ཀྱི་ཚ་བོ་རྒྱས་སྲས་ Prince Carlos ལགས་དང་གཉེན་ཚན་ Willem-Alexander ལགས་གཉིས་ནས་ཀྱང་ལས་གཞི་དེར་རྒྱབ་སྐྱོར་དང་འབྲེལ། རིག་གཞུང་ཞིག་འཚོ་གནས་ཐུབ་པར་དྲན་ཤེས་ཁོ་ནས་སྲུང་སྐྱོབ་བྱེད་མི་ཐུབ་པ་ནན་བརྗོད་ཀྱིས། དེ་ལ་གཞི་རྟེན་སའི་མ་ཁང་ཞིག་སྤྲད་ནས་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་འདུག
གཞི་རྩའི་སྐུ་ཞབས་ Cees Brouwer དང་ Netherlands གྱི་རྒྱལ་སྲས་ Bernhard མཆོག་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ལ་རྟེན་ལོ་ངོ་ ༦༠ སྔོན་ཏེ་ཕྱི་ལོ་ ༡༩༦༦ ལོར་ཡུལ་དེའི་ནང་བརྙན་འཕྲིན་ཐོག་ཐད་ཀར་རྒྱང་སྲིང་ཐོག་སྐྱབས་བཅོལ་བའི་སླད་ Dutch སྒོར་མོ་ས་ཡ་དགུ་ལྷག་ཙམ་བསྡུ་རུབ་ཐུབ་པ་བྱུང་སྟེ་ལས་གཞི་དེའི་འོག་སྐབས་དེའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་སྐྱོར་ཤུགས་ཆེ་གནང་ཐུབ་ཡོད་པ་ཞིག་རེད་འདུག
འདི་གའི་གསར་འགོད་པས་གནད་དོན་དེ་འབྲེལ་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱིར་ཉེ་ལམ་འཚོགས་པའི་ནི་དར་ལེནྜ་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་དེའི་རྒྱབ་ལྗོངས་འགྲེལ་བརྗོད་དང་འབྲེལ། མཛད་སྒོ་དེ་ལྟར་འཚོགས་པ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།
ད་ལྟའི་ཆར་རྒྱལ་ཁབ་དེའི་ནང་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ལྷག་ཙམ་གནས་སྡོད་གནང་བཞིན་པ་དང་། ཕྱི་ལོ་ ༢༠༠༥ ལོར་བོད་རིགས་ཚོགས་པ་ཆེད་བཙུགས་གནང་ཡོད་ཅིང་། ཕྱི་ཚེས་ ༢༤ ཉིན་གྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་དེའི་ཐོག་ཁུལ་དེའི་ནང་གནས་སྡོད་བོད་ཕྲུག་ཁག་གཅིག་གིས་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཡང་གནང་འདུག
ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་གི་ཆུ་མཛོད་དེས་ཆུ་ལོག་གི་ཉེན་ཁ་ཆེ་རུ་འགྲོ་སྲིད་པ་མངོན་གསལ་གནང་འདུག
རྒྱ་རིགས་ཉམས་ཞིབ་པ་ཁག་གཅིག་གིས་ཉེ་ལམ་ཞིབ་འཇུག་དཔྱད་རྩོམ་ཞིག་འདོན་སྤེལ་བརྒྱུད། བོད་མཐོ་སྒང་གི་ཡར་ཀླུང་གཙང་པོའི་སྟེང་རྒྱ་ནག་གིས་འཛུགས་བསྐྲུན་བྱེད་བཞིན་པའི་འཛམ་གླིང་ནང་གི་ཆུ་ཤུགས་གློག་འདོན་གྱི་ཆུ་མཛོད་ཆེ་ཤོས་དེར་དུས་རབས་འདིའི་ནང་ཆུའི་འབབ་ཚད་ཇེ་མང་དུ་འགྲོ་བ་དང་ཆུ་ལོག་གི་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག
དེ་ཡང་ South China Morning Post གསར་ཤོག་གིས་ཁ་སང་ཕྱི་ཚེས་ ༢༦ ཉིན་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་ཚན་རིག་གཙུག་ལག་སློབ་ཁང་ Chinese Academy of Sciences དང་ཡུན་ནན་གཙུག་ལག་སློབ་གྲྭ་ཆེན་མོ་ Yunnan University གཉིས་ཀྱི་ཉམས་ཞིབ་པ་ཚོས་ Tree-ring width chronologies ཞེས་ཤིང་སྡོང་ཚོ་ཁག་གཅིག་གི་ཞེང་ཁའི་འཕེལ་རིམ་ལ་གཞིགས་པའི་ཁོར་ཡུག་རྟོག་ཞིབ་ཀྱི་ཐབས་བྱུས་འོག །ཕྱི་ལོ་ ༡༣༢༥ ནས་ ༢༠༢༠ བར་ལོ་ངོ་བདུན་བརྒྱ་ཙམ་གྱི་རིང་བོད་མཐོ་སྒང་ལྷོ་ཤར་ཁུལ་གྱི་གཙང་པོའི་ཆུ་རྒྱུན་གྱི་ཆུའི་འབབ་ཚད་ལ་ཞིབ་འཇུག་བྱས་ཏེ་དཔྱད་རྩོམ་སྙན་ཐོ་ཞིག་རྒྱ་སྐད་ཐོག་ཡིན་པའི་ China Science Bulletin ཞེས་པའི་དུས་དེབ་ཐོག་ཟླ་འདིའི་ཕྱི་ཚེས་ ༨ ཉིན་འདོན་སྤེལ་གནང་འདུག་པ་དང་འབྲེལ། ཞིབ་འཇུག་ཁྲོད་ཉམས་ཞིབ་པ་ཚོས་ད་ལྟའི་གནམ་གཤིས་འགྱུར་ལྡོག་གི་ཚ་དྲོད་འཕེལ་བཞིན་པའི་གནས་སྟངས་འོག་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་སྔར་དང་མི་འདྲ་བར་དམིགས་བསལ་གྱི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། གཙང་པོ་དེའི་ཐོག་འབྱུང་བཞིན་པའི་འགྱུར་ལྡོག་གིས་བོད་མཐོ་སྒང་གི་ཆུ་འགྲོའི་མ་ལག་མཚོན་གྱི་ཡོད་པ་མ་ཟད། དེས་གཤམ་འོག་གི་ལྷོ་ཨེ་ཤི་ཡའི་ཁུལ་དུ་ཐན་པ་དང་ཆུ་ལོག་གི་འགྲོས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ནན་བཤད་གནང་འདུག་ལ། མ་འོངས་པར་དུས་རབས་འདིའི་ནང་ཡར་ཀླུང་གཙང་པོའི་སྟེང་གི་ཆུ་མཛོད་དེར་ཆུའི་འབབ་ཚད་ཇེ་མང་དུ་འགྲོ་བ་དང་ཆུ་ལོག་གི་ཉེན་ཁ་ཆེ་རུ་འགྲོ་ཉེན་ཡོད་པ་མངོན་གསལ་གནང་འདུག
རྒྱ་རིགས་ཚན་རིག་པ་ཚོས་ཞིབ་འཇུག་དེའི་ཁྲོད། དེ་སྔའི་ཞིབ་འཇུག་ཁག་ལས་ཐོབ་པའི་གྲུབ་དོན་ཐོག་ཕྱི་ལོ་ ༢༠༠༨ ནས་ ༢༠༢༠ བར་གཞའ་ཚན་སྐྱེན་པོའི་ས་མཐོའི་ས་ཚིགས་ ༡༡ ནས་སྤེན་མ་དང་སྤྲ་མའི་ཤིང་སྡོང་གི་དཔེ་མཚོན་བསྡུ་ལེན་གྱིས་ཞིབ་འཇུག་བྱས་ཏེ། འདས་པའི་ལོ་ངོ་ ༧༠༠ ཙམ་གྱི་ནང་ཆུ་རྒྱུན་གྱི་འབབ་ཚད་ལ་ལོ་རབས་བརྒལ་བའི་འགྱུར་ལྡོག་བྱུང་ཡོད་པ་དང་། དེའི་ནང་སྐམ་པོའི་ལོ་དུས་ ༡༤ དང་རླན་གཤེར་གྱི་ལོ་དུས་ ༡༤ བཅས་བྱུང་ཡོད་པ་ཤེས་རྟོགས་བྱུང་འདུག་པ་མ་ཟད། ཉམས་ཞིབ་པ་ཚོས་དེ་རྗེས་གནམ་གཤིས་འགྱུར་ལྡོག་གི་དཔྱད་གཞི་ཁག་བསྡུ་ལེན་བྱས་ཏེ་ཕྱི་ལོ་ ༢༠༣༠ ནས་ ༢༡༠༠ བར་གྱི་ཟླ་རེའི་ཆུའི་འབབ་ཚད་ཀྱི་དཔེ་གཞི་ཞིག་བཟོས་འདུག
ཚན་རིག་པས་ཚོས་ད་དུང་། དཔེ་གཞི་དེས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་གྱི་ཆུའི་འབབ་ཚད་དེ་བཞིན་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་ཆེ་རུ་འགྲོ་སྲིད་པའི་སྔོན་དཔག་བྱས་ཡོད་པ་སོགས་གནད་དོན་འགྲེལ་བརྗོད་ཀྱིས། མ་འོངས་པར་དེ་དག་དོ་དམ་གྱི་ཆེད་དུ། ཆུའི་ཐོན་ཁུངས་འཕེལ་རྒྱས་གཏོང་བའི་ནུས་པ་དང་ཆུ་ལོག་གི་ཉེན་ཁ་གཉིས་ཀར་དོ་སྣང་བྱེད་རྒྱུ་དེ་དགོས་ངེས་ཤིག་ཡིན་པ་མ་ཟད། དུས་ཡུན་རིང་པོའི་ཆུ་རྒྱུན་ཐོག་གི་འགྱུར་ལྡོག་གི་རྒྱབ་ལྗོངས་ལ་གཞིགས་ཏེ། ཆུ་རྒྱུན་དོ་དམ་ཁྲོད་ཆུའི་ཐོན་ཁུངས་བེད་སྤྱོད་གཏོང་ཕྱོགས་དང་། ཆུ་ལོག་སྔོན་འགོག་བྱེད་རྒྱུ། དེ་བཞིན་སྐྱེ་ཁམས་ཆུ་བོའི་དགོས་མཁོ་ཉར་ཚགས་བཅས་ཀྱི་བར་གྱི་འབྲེལ་བ་དེར་གཞིགས་ཏེ་ཕྱོགས་ཡོངས་ནས་ཐག་གཅོད་གནང་དགོས་པ་གསུངས་འདུག
གནས་ཚུལ་ནང་གསལ་ལྟར། སྤྱིར་ཐེངས་འདིའི་ཞིབ་འཇུག་དཔྱད་རྩོམ་དེ་གཅིག་པུས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་སྟེང་གི་ཆུ་མཛོད་ཐོག་དོ་དམ་ནན་པོ་བྱེད་དགོས་པ་བསྟན་གྱི་མེད་པར། དེ་སྔོན་ཕྱི་ཟླ་ ༦ པའི་ནང་རྒྱ་རིགས་ས་གཤིས་རིག་པ་བ་ཚོས་ལས་གཞི་འཆར་འགོད་བྱེད་སའི་ས་འོག་ཏུ་ཆག་མཚམས་ཤིག་ཡོད་པར་དེས་ལས་གཞིའི་བརྟན་ལྷིང་ལ་ཉེན་ཁ་བཟོ་སྲིད་པའི་སྐོར་ཉེན་བརྡ་དང་འབྲེལ། ཆུ་མཛོད་འཛུགས་བསྐྲུན་གནང་མཁན་ཚོས་ས་རྡིབ་དང་ས་རུད་ཀྱི་ཉེན་ཁ་ཉུང་དུ་གཏོང་ཆེད་ཉེན་སྐྱོབ་ཀྱི་བྱ་ཐབས་ཇི་ཡོད་ལག་བསྟར་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
རྩ་བའི་བོད་མཐོ་སྒང་གི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་རྒྱ་ནག་གིས་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་འཛུགས་བསྐྲུན་བྱེད་བཞིན་པ་དེར་རྒྱ་ནག་གི་ས་ཁམས་ཉམས་ཞིབ་པ་ཚོས་ཞིབ་འཇུག་སྙན་ཐོ་བརྒྱུད་ཆུ་མཛོད་རྒྱག་སའི་ས་ཚིགས་དེ་ས་འགུལ་འབྱུང་སླ་བའི་ས་ཆའི་སྟེང་དུ་འཁེལ་ཡོད་པ་གསལ་སྟོན་གནང་ཡོད་པ་མ་ཟད། Weiquanwang ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ངོས་ནས་ཀྱང་གསང་བའི་འདྲ་པར་ཁག་གཅིག་ཕྱི་གྱར་གྱིས་ཡར་ཀླུང་གཙང་པོའི་ཆུ་མཛོད་ཀྱི་ལས་གཞི་དེས་ཁོར་ཡུག་གཏོར་བཤིག་གཏོང་གིན་ཡོད་པ་ར་སྤྲོད་གནང་ཡོད་པ། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པས་སྙན་ཐོ་འདོན་སྤེལ་བརྒྱུད་རྒྱ་ནག་གི་ཆུ་ཤུགས་གློག་འདོན་གྱི་ལས་གཞི་དེས་བོད་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་ས་ཁུལ་བརྟན་ལྷིང་ལ་ཉེན་ཁ་བཟོ་བཞིན་ཡོད་པ་མངོན་གསལ་གནང་ཡོད།
ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་རྐྱེན་བོད་མི་ ༣ འཛིན་བཟུང་།
ཟླ་བ་འདིའི་ཚེས་ ༢༢ ཉིན་གྱི་མཚན་མོར་བོད་ནག་ཆུ་སྦྲ་ཆེན་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་ ༧ ཅན་ཞིག་བརྒྱབ་པའི་འོག །མི་ཤི་སྐྱོན་ཆགས་དང་སྒོ་ཕྱུགས་སེམས་ཅན་སོགས་ལ་གནོད་འཚེ་ཚབས་ཆེ་ཕོག་པའི་ཁྲོད། རྒྱ་ནག་གི་གཞུང་འབྲེལ་དྲྭ་གནས་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་ས་ཡོམ་རྐྱེན་པས་ད་བར་མི་ ༡༦ རྐྱེན་འདས་སུ་ཕྱིན་པ་དང་མི་ ༧༦ ལ་རྨས་སྐྱོན་ཕོག་པ། དེ་བཞིན་ཁང་ཁྱིམ་ ༣༣༩ ལ་གཏོར་སྐྱོན་ཕོག་པའི་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་དེ་གའི་གཞུང་འབྲེལ་བརྒྱུད་ལམ་ཁག་མ་གཏོགས་སྒེར་གྱི་སྤྱི་ཚོགས་དྲྭ་ལམ་སྤྱོད་མཁན་རྣམས་ལ་ས་གནས་ཀྱི་གནས་སྟངས་དངོས་དང་གྲངས་ཐོ་བཅས་ཀྱི་སྐོར་ལ་གནས་ཚུལ་མངོན་གསལ་བྱས་པར་དམ་དྲག་བྱེད་བཞིན་ཡོད་པའི་ཁྲོད། རྒྱ་གཞུང་ཉེན་རྟོག་པའི་སྲོག་རྫོང་དང་ཤན་རྩ་རྫོང་། དེ་བཞིན་ཉེ་འཁྲིས་ཆབ་མདོ་ཁུལ་ལྷོ་རོང་རྫོང་བཅས་ཀྱི་བོད་མི་གསུམ་འཛིན་བཟུང་གིས་དྲྭ་ལམ་ཐོག་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་བྱས་འདུག
དེ་ཡང་དེ་རིང་བོད་ནང་གི་གནས་ཚུལ་ཐད་རྒྱུན་ལྡན་ནས་ཐུགས་སྣང་གནང་མཁན་བོད་མི་ས་དཀར་བཀྲིས་ལགས་ཀྱིས་ X སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཚེས་ ༢༢ ཉིན་ས་ཡོམ་གྱི་དོན་རྐྱེན་བྱུང་བའི་རྗེས་སུ་མཚན་མོའི་ཕྱག་ཚོད་ ༡༡ ཙམ་ལ་སོག་རྫོང་གི་བོད་མི་སྐྱེས་པ་ཞིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་རྫ་སྲིབ་གྲོང་རྡལ་ཁོངས་ཀྱི་གླེ་སོག་གསུམ་མདོའི་ཆུ་མཛོད་བརྡོལ་བའི་ཉེན་ཁ་ཡོད་སྐོར་དང་འབྲེལ། ཆུ་མཛོད་ཀྱི་ཉེ་འདབས་སུ་སྡོད་རྒྱུ་མེད་པར་ས་མཐོ་སར་འགྲོ་དགོས་པའི་སྐུལ་མ་སྤེལ་ཡོད་པ་རེད་འདུག །དེ་བཞིན་ཕྱི་ཚེས་ ༢༥ ཉིན་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་བོད་པའི་བུ་མོ་ཞིག་གིས་སྦྲ་ཆེན་རྫོང་ཁུལ་གྱི་ས་ཡོམ་གིས་གོད་ཆགས་འོག་མི་ ༣༢ རྐྱེན་འདས་སུ་ཕྱིན་པའི་སྐོར་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་གནས་ཚུལ་སྤེལ་ཡོད་འདུག །མ་ཟད་ནག་ཆུ་ཉེ་འཁྲིས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཁུལ་གྱི་བོད་རིགས་བུད་མེད་ཅིག་གིས་ཐེངས་འདིའི་ས་ཡོམ་འོག་མི་ ༡༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ད་ལྟ་ཁོང་ཚོ་ཡོད་སའི་ས་གནས་དེ་ལ་ཡང་ས་ཡོམ་རྒྱག་ཉེན་ཡོད་པའི་སྐོར་སྐད་འཕྲིན་ཚོགས་པའི་ནང་གནས་ཚུལ་སྤེལ་ཡོད་པར་རྒྱ་གཞུང་ཉེན་རྟོག་པས་བོད་མི་གསུམ་པོ་དེ་དག་འཛིན་བཟུང་བྱས་ཏེ་ཁོང་རྣམས་ལ་དྲྭ་རྒྱའི་དཀྲོག་གཏམ་སྤེལ་བའི་ནག་ཉེས་བཙུགས་ཡོད་པ་དང་། བོད་མི་དེ་དག་ལ་བཙན་དབང་ཐོག་ནག་ཉེས་ངོས་ལེན་བྱེད་དུ་བཅུག་པ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་རུང་བའི་སྐུལ་འདདེ་བྱས་པའི་བརྙན་ཐུང་བཟོ་རུ་བཅུག་པ་དྲྭ་ལམ་དུ་ཕྱི་གྱར་བྱུང་འདུག
ཨ་མི་རི་ཀའི་ས་ཁམས་ཞིབ་འཇུག་ལྟེ་གནས་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་ ༢༢ ཉིན་ནག་ཆུ་སྦྲ་ཆེན་རྫོང་ཁོངས་སུ་བརྒྱབ་པའི་ས་ཡོམ་དེའི་གཏིང་ཚད་སྤྱི་ལེ་ ༡༨ ཡིན་པ་དང་། དེའི་རྗེས་སུ་ཤུགས་ཚད་རིམ་པ་ ༤.༣ ནས་ ༥.༢ བར་གྱི་ས་ཡོམ་ཉུང་མཐར་ཐེངས་ ༧ ཙམ་བརྒྱབ་ཡོད་པ་དང་། ས་ཡོམ་དེ་དག་ཚང་མ་གཏིང་ཚད་སྤྱི་ལེ་ ༡༠ བར་ཡིན་པ་གསུངས་འདུག
རྒྱ་ནག་གཞུང་འབྲེལ་དྲྭ་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་ཆར་ས་ཡོམ་ཕོག་ཡུལ་ས་ཁུལ་ནས་མི་ ༡༢༠༠༠ ཙམ་ས་བརྟན་སར་གནས་སྤོས་བྱས་ཡོད་པ་དང་། རྫོང་རིམ་པའི་མི་སྣ་ ༡༦༠༠ ཙམ་ས་གནས་སུ་ཆེད་གཏོང་བྱས་ཡོད་པ། དེ་བཞིན་སྡོད་ཁང་ ༡༠༠༠ གི་ཁང་པ་རྒྱག་རྒྱུའི་རྒྱུ་ཆ་དང་སྡོད་གུར། ཉལ་ཁྲི་ ༣༠༠༠ ཙམ། དེ་བཞིན་དགུན་ཁའི་གྱོན་ཆས་སོགས་མངགས་གཏོང་བྱས་ཡོད་པ་སོགས་བརྗོད་འདུག
འདི་གའི་གསར་འགོད་པས་དེ་རིང་ཕ་ཡུལ་ནག་ཆུ་ཁུལ་ནས་ཡིན་པའི་བོད་མི་མང་སྤྱི་འཐུས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུ་སྐབས། ཁོང་གིས་རྒྱ་གཞུང་གི་དམ་དྲག་ལ་ལྟོས་མེད་ད་ལྟའི་ཆར་ས་གནས་སུ་བོད་མདོ་དབུས་ཁམས་གསུམ་ནས་བོད་མི་ཚོགས་སྒེར་ཁག་གཅིག་དངུལ་དང་ངལ་སེལ་གྱི་བཅའ་དངོས་ཁྱེར་ནས་དཀའ་ངལ་འོག་ལྷུང་བའི་བོད་རིགས་སྤུན་ཟླ་རྣམས་ལ་རོགས་སྐྱོར་གང་ཐུབ་གནང་བཞིན་ཡོད་སྐོར་དང་འབྲེལ། ས་གནས་སུ་ཁང་ཁྱིམ་གཏོར་སྐྱོན་ཕྱིན་པ་ཁག་གཅིག་གི་ཁང་པ་ཞིག་རོའི་ནང་གི་ལྷ་སྐུ་རྟེན་གསུམ་དང་རྒྱུ་དངོས་རྣམས་ཕྱིར་སྟོན་གུར་གྱི་ནང་དུ་བཞག་པ་ཡིན་ན་རྐུ་ཤོར་བ་དང་འབོར་བརླག་འགྲོ་ཉེན་ཡོད་པ་དང་འབྲེལ་ནས་ཞིག་རོ་སྔོག་རྒྱུར་འཛེམས་ཟོན་བྱེད་བཞིན་ཡོད་པའི་ཁར། རོགས་སྐྱོར་བ་རྣམས་ལ་གུར་ལས་ལྕག་ཤོག་གི་འཕྲལ་སེལ་ཁང་པ་རྒྱག་རྒྱུའི་རེ་སྐུལ་གནང་བཞིན་ཡོད་སྐོར་གསུངས་པ་མ་ཟད། ད་ལྟ་ས་གནས་ཀྱི་གནས་སྟངས་རིམ་པར་བལྟས་པ་ཡིན་ན། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་གནས་ཚུལ་དང་དེའི་ནང་གི་གྲངས་ཐོ་ཁག་ལ་ཆ་འཇོག་ཐབས་མེད་པ་གསུངས་སོང་།
རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་གི་རང་བྱུང་རྩྭ་ཐང་དུ་ཕྱུགས་འཚོ་བར་བཀག་སྡོམ།
ད་ལོའི་ཟླ་ ༩ ཚེས་ ༡ ནས་བཟུང་རྒྱ་གཞུང་གིས་རྩྭ་ཕྱུགས་དོ་མཉམ་དོ་དམ་ཞེས་པའི་སྲིད་ཇུས་ལག་བསྟར་འོག་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་ཏུ་རང་བྱུང་རྩྭ་ཐང་དུ་ཕྱུགས་འཚོ་བར་བཀག་སྡོམ་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་གསར་པ་ཞིག་ཡིན་ཚུལ་བཤད་དེ། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་རྩྭ་ཐང་ཆེ་ཁག་ཏུ་རྟ་དང་། ནོར། ལུག་བཅས་གཙོ་བོར་བྱས་པའི་ཕྱུགས་ཟོག་འཚོ་མི་ཆོག་པའི་སྲིད་ཇུས་བཟོས་ཡོད་ཅིང་། འདི་ག་རླུང་འཕྲིན་ཁང་གིས་འབྲེལ་ཡོད་བརྒྱུད་ནས་ས་གནས་ཀྱི་འབྲོག་པ་ཚོའི་བསམ་ཚུལ་བསྡུས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཁམས་སྒ་སྐྱེ་དགུ་མདོ་ཀྱི་འབྲོག་པ་ཞིག་གིས། མཚོ་སྔོན་ཞིང་ཆེན་ནང་གི་རྩྭ་ཐང་ཁྱབ་ཁོངས་ཆེ་ཤོས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ཁུལ་ཡིན་ཞིང་། རང་བྱུང་རྩྭ་ཐང་དེའི་རྒྱ་ཁྱོན་ནི་མུའུ་དུང་ཕྱུར་༢.༢༧༥ ཙམ་ཡིན་པས། གལ་ཏེ་འབྲོག་པ་ཚོས་རྩྭ་ཐང་དེར་ཕྱུགས་འཚོ་མི་ཆོག་པའི་གནས་སྟངས་བྱུང་ན། ཁོང་ཚོའི་འཚོ་གནས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་རེད་ཅེས་གསུངས་འདུག
དེ་བཞིན་འབྲོག་པའི་རྩྭ་ཐང་དུ་རྟ་དང་ནོར། ལུག་བཅས་ཕྱུགས་ཟོག་མེད་ན། འབྲོག་སྡེའི་རྒྱན་ཆ་དང་གཟི་བརྗིད་བརླག་འགྲོ་རྒྱུ་ཡིན་ཞིང་། འབྲོག་ཁུལ་གྱི་མཛེས་སྡུག་ཆེ་ཤོས་ནི་སྤང་གཞུང་གི་མེ་ཏོག་ཁྲོད་དུ་རྟ་དང་ནོར་གྱི་ཁྱུ་ཚོགས་རྒྱུ་བ་དེ་ཡིན་སྟབས། གལ་ཏེ་རྩྭ་ཐང་དུ་རྟ་དང་ནོར་འཚོ་མི་ཆོག་ན། འབྲོག་པ་ཚོས་ཅི་ཞིག་འཚོ་དགོས་པ་རེད་ཅེས་དང་། འབྲོག་པ་ཚོར་ཕག་དང་བོང་བུ་འཚོ་རྒྱུ་ཡང་མེད་ཅེས་བོད་ཁུལ་དུ་བཞུགས་པའི་ཤེས་ཡོན་པ་ཞིག་གིས་གསུངས་སོང་།
མ་ཟད་རྨ་འབྲི་རྫ་གསུམ་གྱི་ཆུ་འགོ་གཙོ་བོ་མཚོ་སྔོན་ཞིང་ཆེན་དུ་གནས་ཡོད་ཅིང་། ས་ཁུལ་དེ་ནི་བོད་ཁུལ་གྱི་འབྲོག་སྡེ་མང་ཤོས་ཡོད་པའི་ས་ཁུལ་ཞིག་ཡིན། ཡུས་ཧྲུའུ་ཁུལ་དང་། མཚོ་ནུབ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་ནི་མུའུ་དུང་ཕྱུར་༧༨.༠༡ ཙམ་ཟིན་ཡོད་ཅིང་། རྩྭ་ཐང་དེ་དག་ནི་ཕྱུགས་ཟོག་ཁྲི་ཕྲག་མང་པོའི་འཚོ་རྟེན་གཙོ་བོ་ཡིན་པ་རེད།
བོད་ནང་གི་འབྲོག་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་རྒྱ་གཞུང་གིས་རྩྭ་ཕྱུགས་དོ་མཉམ་དོ་དམ་ཞེས་པའི་སྲིད་ཇུས་ལག་བསྟར་བྱས་པ་དེས། འབྲོག་པ་མང་ཚོགས་ལ་འཚོ་གནས་ཀྱི་དཀའ་ངལ་ཆེན་པོ་ཞིག་བཟོ་སྲིད་པའི་སྐོར་གསལ་བཏོན་གནང་འདུག
ནག་ཆུ་ས་ཡོམ་ཁྲོད་གནོད་སྐྱོན་ཚབས་ཆེན་དང་འབྲེལ་མྱུར་སྐྱོབ་ཀྱི་དཀའ་ངལ་ཆེ་ཆེར་འཕྲད་བཞིན་པ་མངོན་གསལ།
བོད་ནག་ཆུ་སྦྲ་ཆེན་རྫོང་དུ་ས་ཡོམ་གི་གོད་ཆགས་ཚབས་ཆེའི་ཁྲོད་ད་ལྟའི་ཆར་མྱུར་སྐྱོབ་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད། ས་གནས་མང་ཚོགས་ནས་ཁུལ་དེར་ཆུ་རགས་འཛུགས་སྐྲུན་རྐྱེན་པས་ཆུ་ལོག་གི་ཉེན་ཁ་ཡོད་པའི་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག
དེའང་ཁ་སང་ཕྱི་ཚེས་ ༢༢ བོད་ནང་གི་ཕྱི་དྲོ་ཕྱག་ཚོད་ ༡༠།༣༣ སྟེང་བོད་ནག་ཆུ་ཁུལ་སྦྲ་ཆེན་རྫོང་ཁོངས་སུ་ཤུགས་ཚད་རིམ་པ་ ༧ ཅན་གྱི་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་བའི་ནང་དུ་དེ་རིང་ཕྱི་དྲོ་བར་བར་མི་གྲངས་ ༡༦ རྐྱེན་ལམ་དུ་ཤོར་བ་དང༌། མི་ ༧༦ ལ་རྨས་སྐྱོན་ཕོག་ཡོད་པ། དེ་བཞིན་ཁྱིམ་ཚང་ ༣༣༩ ཡི་ཁང་ཁྱིམ་གཏོར་སྐྱོན་ཕོག་པ་མ་ཟད། གོ་ཕྱུགས་སེམས་ཅན་ལ་ཡང་གནོད་འཚེ་ཚབས་ཆེ་ཕོག་ཡོད་པ་བརྗོད་འདུགའོན་ཀྱང་ཕ་ཡུལ་ནག་ཆུ་སྦྲ་ཆེན་རྫོང་ནས་ཡིན་པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་འདི་གར་འགྲེལ་བརྗོད་གནང་བར་གཞིགས་ན། ཁ་སང་ནག་ཆུ་སྦྲ་ཆེན་རྫོང་དང་ཉེ་འཁྲིས་ཀྱི་སོག་རྫོང་གཉིས་ཀྱི་ནང་དུ་གྲོང་ཚོ་ ༡༦ ནས་ ༢༠ བར་ལ་ས་ཡོམ་གྱི་གནོད་འཚེ་བྱུང་ཡོད་པ་དང་། ཁྱད་པར་དུ་སྦྲ་ཆེན་སྟོད་ཕྱོགས་དམར་རུ་དང་གངས་ཅན་སོགས་ཀྱི་ས་ཁུལ་ལ་གོད་ཆགས་ཚབས་ཆེ་ཕོག་པའི་འོག །གྲོང་ཚོ་གཅིག་ཁོ་ནའི་ནང་དུ་མི་ ༡༠ ཙམ་རྐྱེན་ལམ་དུ་ཕྱིན་པ་དང་། སྨན་ཁང་གཅིག་གི་ནང་དུ་རྨས་སྐྱོན་ཕོག་པ་མི་ ༥༠ ལྷག་ཡོད་པ་ར་འཕྲོ་བྱུང་ཡོད་པ་ལས་རྒྱ་ནག་གཞུང་གིས་ཐེངས་འདིའི་ས་ཡོམ་གྱི་དོན་རྐྱེན་ཁྲོད་གོད་ཆགས་ཕོག་པའི་གཞུང་འབྲེལ་གྱི་གྲངས་ཐོ་ལས་ལྡབ་ཀྱི་མང་བ་ཡིན་པ་མངོན་གསལ་ཡིན་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་ད་ལྟའི་ཆར་ས་གནས་སུ་ལམ་ཁ་ལུག་པ་སོགས་ཀྱི་རྐྱེན་པས་མྱུར་སྐྱོབ་ཀྱི་ལས་དོན་ལ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པའི་ཁྲོད། མི་ཁ་ཤས་སྨན་ཁང་བར་དུ་སླེབས་མ་ཐུབ་པར་ལམ་བར་ནས་འདས་གྲོངས་ཕྱིན་པའི་གནས་ཚུལ་ཡང་ཐོས་རྒྱུ་ཡོད་པ་མ་ཟད། ས་གནས་སུ་རྒྱ་གཞུང་གིས་ཆུ་མཛོད་ཆེན་པོ་ཞིག་འཛུགས་བསྐྲུན་བྱས་ཡོད་པ་དེར་གས་ཆགས་འོག་ཆུ་ལོག་གི་ཉེན་ཁ་ཆེན་པོ་ཆགས་ཡོད་པ་གསུངས་སོང་།
དེ་བཞིན་ད་ལྟའི་ཆར་བོད་མདོ་དབུས་ཁམས་གསུམ་ནས་མྱུར་སྐྱོབ་དང་རོགས་སྐྱོར་ཆེད་མི་སྣ་སྐྱོད་བཞིན་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་ཕྱི་ཕྱོགས་ཀྱི་རོགས་སྐྱོར་དགོས་ཡག་མེད་པའི་བཀག་སྡོམ་བྱེད་བཞིན་པ་མ་ཟད། བོད་ནང་གི་སྤྱི་ཚོགས་དྲྭ་ལམ་ཁག་གི་ཐོག་ལ་ཡང་རྒྱ་ནག་གཞུང་གིས་བཤད་པའི་གྲངས་ཚད་མ་གཏོགས་གཞན་གནས་ཚུལ་མངོན་གསལ་གནང་རྒྱུར་འཇིགས་སྣང་བྱེད་བཞིན་པའི་གནས་སྟངས་ཆགས་ཡོད་པ་གསུངས་སོང་།
སྤྱིར་ནག་ཆུ་ཁུལ་གྱི་ས་ཡོམ་གྱི་དོན་རྐྱེན་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ནག་ཆུའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་དང་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་སླད་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༢ པའི་རྗེས་སུ་ལས་མཚམས་བཞག་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་ཡོད་པ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་དང་མང་ཚོགས་བཅས་མི་གྲངས་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་གོད་ཆགས་ཁྲོད་མི་ཤི་དོན་རྐྱེན་བྱུང་བའི་གྲངས་ཐོ་ད་བར་ཤེས་རྟོགས་བྱུང་བ་དང་། ས་གནས་སུ་ཆུ་མཛོད་གས་གཏོར་གྱི་ཉེན་ཁའི་གནས་སྟངས་ཁྲོད་ཆུ་རགས་དེ་རྐྱེན་དབང་སྣ་ཚོགས་ཀྱིས་འཐོར་བའམ་ཁ་ཤོར་བ་ཡིན་ན་སྦྲ་ཆེན་རྫོང་དང་སོག་རྫོང་གཉིས་ཀྱི་གྲོང་ཚོ་མང་པོ་བསྣུབས་པའི་ཉེན་ཁ་ཆེན་པོ་ཡོད་པ་སོགས་ས་གནས་མང་ཚོགས་བརྒྱུད་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཁག་ངོ་སྤྲོད་དང་འབྲེལ། ཡིད་སྐྱོའི་གནས་ཚུལ་འདིའི་སྐོར་འབྲེལ་ཡོད་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྨོན་སྐྱབས་འཇུག་ཞུས་ཟིན་ཡོད་པ་བཅས་གསུངས་སོང་།
མ་ཟད་བཀའ་ཤག་ངོས་ནས་དེ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ཐོག རྒྱ་ནག་གཞུང་གི་ངོས་ནས་ས་གནས་སུ་མྱུར་སྐྱོབ་ཀྱི་ལས་དོན་ལ་དོ་སྣང་དམིགས་བསལ་གནང་བའི་ཐོག་དཀའ་ངལ་འཕྲད་བཞིན་པའི་ས་གནས་མང་ཚོགས་རྣམས་ལ་སྨན་བཅོས་དང་སྡོད་གནས། ཞལ་ལགས་དང་གྱོན་ཆས་སོགས་ཛ་དྲག་གི་དགོས་མཁོའི་ཅ་དངོས་རྣམས་དུས་ཐོག་མཁོ་སྤྲོད་བྱེད་དགོས་པ་དང་། ས་གནས་སུ་སྐྱོན་ཆགས་དང་མྱུར་སྐྱོབ་ལས་དོན་གྱི་གནས་སྟངས་བཅས་ཀྱི་སྐོར་ལ་དུས་ཐོག་གནས་ཚུལ་སྤེལ་དགོས་པ། ས་གནས་མང་ཚོགས་ཀྱི་ཆོས་ཕྱོགས་ཀྱི་འགྲོ་ལུགས་ལ་གུས་བརྩི་ཞུ་བའི་ཐོག་ནས་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགས་ལྟར་མཆོད་འབུལ་སྨོན་ལམ་སོགས་ཀྱི་རྗེས་འཇུག་འཐས་ཚང་བྱེད་བཅུག་དགོས་པ། བོད་ནང་གི་བོད་པའི་སྤྱི་ཚོགས་ཀྱི་ཚོགས་སྒེར་ཁག་དང་དགོན་སྡེ་ཁག །དེ་བཞིན་རོགས་སྐྱོར་ཚོགས་པ་རྣམས་ལ་དངུལ་དང་བཟའ་བཅད་དེ་བཞིན་སེམས་ཁམས་ཀྱི་རོགས་སྐྱོར་བཀག་སྡོམ་མེད་པར་བྱེད་བཅུག་དགོས་པ། མྱུར་སྐྱོབ་དང་བསྐྱར་གསོའི་ལས་དོན་འཐུས་ཚང་ཡོང་སླད་རྒྱལ་སྤྱིའི་ཚོགས་སྒེར་ཁག་ལ་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་རྒྱུའི་རང་དབང་སྤྲད་དགོས་པ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་གཙོས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་རོགས་སྐྱོར་གནང་རྒྱུའི་མཐུན་རྐྱེན་དང་ཆོག་མཆན་སྤྲད་དགོས་པ་སོགས་དོན་ཚན་དྲུག་ཅན་གྱི་དགོས་འདུན་སྟོན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་ནག་གཞུང་ལ་དེ་ལྟར་གནང་དགོས་པའི་སྐུལ་འདེད་གནང་དགོས་པའི་འབོད་སྐུལ་ཞུས་འདུག
བོད་མགོ་ལོག་དར་ལག་རྫོང་དུ་བོད་མིའི་སྡོད་ཁང་གཏོར་བཤིག་བཏང་སྟེ་གུན་གསབ་སྤྲད་མི་འདུག
འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན། མགོ་ལོག་དར་ལག་རྫོང་དུ་ཏང་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ཟེར་བའི་འོག །བོད་མིའི་སྡོད་ཁང་ ༨ དང་ར་སྐོར་ཆེན་པོ་ ༣ སྲིད་གཞུང་གི་ཁྲིམས་སྒྲིག་དང་འགལ་ཡོད་པར་བཤད་དེ་རྩ་གཏོར་བཏང་འདུག་པ་དང་། ཁོང་ཚོར་གུན་གསབ་གང་ཡང་སྤྲད་མེད་པ་མ་ཟད། རྗེས་སུ་སླར་ཡང་འཛུགས་སྐྲུན་དེ་ལྟར་བྱས་ཚེ་རྒྱ་ནག་གི་རྩ་ཁྲིམས་ལ་གཞིགས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ལུགས་བཙན་བཀའ་བཏང་འདུག
དེ་ཡང་འདི་ག་གསར་ཁང་ལ་འབྲེལ་ཡོད་བརྒྱུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དར་ལག་རྫོང་གི་ཉི་འོད་ཁྱིམ་སྡེའི་ས་ཁུལ་ནས་བོད་མིའི་སྡོད་ཁང་ ༨ རྩ་གཏོར་བཏང་བ་དང་། ས་གནས་དེར་སྡོད་མཁན་གྱི་བོད་མི་ཚོ་ས་ཁུལ་དེར་གནས་སྡོད་བྱས་ནས་མི་ཐོག་གསུམ་ཕྱིན་ཡོད་ཅིང་། ད་བར་སྡོད་ཁང་གཏོར་བཤིག་བཏང་བའམ་བཙན་ཤེད་ཀྱིས་ཕྱིར་ཕུད་བྱས་མྱོང་མེད་ཅེས་འགྲེལ་བརྗོད་དང་ཆབ་གཅིག འདི་ལོའི་ཕྱི་ཟླ་ ༥ པ་ནས་བཟུང་གཞུང་གི་ས་ཆ་གསོག་འཇོག་བྱས་པའི་ཁོངས་སུ་རང་དགར་བེད་སྤྱོད་བྱེད་མི་ཆོག་པའི་བཙན་བཀའ་བཏང་རྗེས། ཟླ་འདིའི་ཚེས་ ༡༦ ཉིན་སྡོད་ཁང་དེ་དག་དངོས་སུ་རྩ་གཏོར་བཏང་ཡོད་པ་འགྲེལ་བརྗོད་གནང་སོང་།
སྡོད་ཁང་གཏོར་བཤིག་བཏང་ཡུལ་ཁྱིམ་ཚང་ཚོའི་གནས་སྟངས་དང་འབྲེལ། ས་ཁུལ་དེར་བོད་རིགས་མིན་པའི་རྒྱ་རིགས་དང་ཁ་ཆེ་སོགས་ཀྱི་ཚོང་པ་མང་པོ་ཡོད་ཀྱང་། གཏོར་བཤིག་བཏང་བའི་སྡོད་ཁང་ ༨ པོ་དེ་དག་བོད་མིའི་ཁྱིམ་ཚང་ཁོ་ན་ཡིན་ཞིང་། སྡོད་ཁང་གི་ར་སྐོར་དང་། ཐེམ་སྐས། ལམ་ཁ་སོགས་ཀྱང་གཏོར་བཤིག་བཏང་ཡོད་པས་ས་གནས་མི་མང་གིས་བདེ་འཇགས་ཐད་བློ་འཚབ་སྐྱེ་བཞིན་འདུག་ལ། ཁྱིམ་ཚང་ཁ་ཤས་ས་གནས་གཞན་དུའང་སྤོས་ཟིན་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།
བོད་མིའི་སྡོད་ཁང་གཏོར་བཤིག་བཏང་བ་དེ་ནི། འདི་ལོར་གསར་དུ་བྱུང་བའི་དོན་རྐྱེན་ཞིག་མིན་པ་དང་། ས་གནས་བྱེ་བྲག་པ་ཞིག་ལ་ཚད་བཀག་བྱས་པ་ཙམ་མ་ཡིན་པར་། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ པའི་ནང་རྩ་མདའ་རྫོང་གི་ཏང་དང་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་རྣམས་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་ལས་འཆར་གྱི་ཨར་ལས་འཛུགས་སྐྲུན་ས་ཁུལ་ཞིག་ཏུ་ཕྱིན་ཏེ། འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་འབྲེལ་ཡོད་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་རྗེས། ལས་གཞི་དེའི་འཛུགས་སྐྲུན་ཆེད་བོད་མིའི་སྡོད་ཁང་གཏོར་བཤིག་བཏང་ཡོད་པ་དང་། སྐབས་དེར་ཡང་ཁོང་ཚོར་གུན་གསབ་གང་ཡང་སྤྲད་མེད་པ་རེད་འདུག
དར་ལག་རྫོང་དུ་བོད་མིའི་སྡོད་ཁང་གཏོར་བཤིག་གཏོང་སྐབས། ཏང་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་བྱས་པ་ཡིན་ཞེས་ཟེར་བ་ལས། དོན་རྐྱེན་དེའི་རྒྱབ་ཏུ་ཏང་གི་འགོ་ཁྲིད་དང་རྩ་འཛུགས་སམ་དམིགས་ཡུལ་ངེས་ཅན་ཐོག་ཆེད་འཛུགས་བྱས་པའི་ཚོགས་པའི་འགན་འཁྲི་ཡོད་པ་མངོན་གསལ་དོད་པོ་ཡིན་པ་རེད་འདུག
རྩ་བའི་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་སྡོད་ཁང་གཏོར་གཤིག་ཙམ་མ་ཡིན་པར་བོད་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་ལག་བསྟར་འོག བོད་མདོ་སྨད་མགོ་ལོག་རྨ་ཆེན་རྫོང་ཁུལ་དུ་བོད་ཡིག་སློབ་གྲྭ་ཁག་ལ་ཡིག་ཆ་ཚད་ལྡན་མེད་པར་ཁ་གཡར་ནས། ར་རྒྱ་འཇིགས་མེད་རྒྱ་མཚོ་མཆོག་གིས་བོད་མདོ་སྨད་མགོ་ལོག་ཁུལ་དུ་ཕྱི་ལོ་ ༢༠༠༥ ལོར་ཕྱག་བཏབ་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་། ༢༠༠༦ ལོའི་ཟླ་ ༨ པར་འཇར་མན་ནང་བཅའ་བཞུགས་བོད་ཀྱི་གཞས་པ་དང་སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལགས་དམ་པ་དེ་ཉིད་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་བཙུགས་པའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ། དེ་བཞིན་ཕྱི་ལོ་ ༡༩༩༥ ལོར་ཆེད་འཛགས་གནང་བའི་ཇ་སག་སྡེ་བའི་སློབ་ཆུང་བཅས་བོད་སྐད་ཡིག་སློབ་གསོ་གཙོ་གཉེར་བྱེད་སའི་སློབ་གྲྭ་ཆུང་འབྲིང་གསུམ་སྒོ་བརྒྱབ་པའི་གནས་ཚུལ་རིམ་པར་ཐོན་ཡོད།
མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་གནས་སྟངས་སྐོར་འབྲེལ་ཡོད་དཔོན་རིགས་རྣམས་དང་གྲོས་བསྡུར་ཞུ་བཞིན་ཡོད་པ་གསུངས་སོང་།
རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་ཁུལ་གྱི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་མགོ་ལོག་རྨ་ཆེན་རྫོང་ར་རྒྱའི་གྲོང་རྡལ་གྱི་ཇ་སག་སྡེ་བའི་སློབ་གྲྭ་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། འཇར་མ་ནིར་གནས་བཞུགས་བོད་ཀྱི་གཞས་པ་གྲགས་ཅན་རྟའུ་བློ་བཟང་དཔལ་ལྡན་ལགས་དམ་པ་དེ་ཉིད་དང་ཁོང་གི་སྐུ་ཟླ་ཆོས་ཉིད་ལྷ་མོ་ལགས་གཉིས་ཀྱིས་ཆེད་བཙུགས་གནང་བའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ཡང་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་ཁྲོད་འདིར། ཆོས་ཉིད་ལྷ་མོ་ལགས་ཀྱིས་སློབ་གྲྭ་དེ་ཉིད་གཏན་དུ་སྒོ་རྒྱབ་པ་ཞིག་མིན་པར། དེའི་ནང་ད་ལྟའང་ལག་ཤེས་སློབ་མ་དང་དགེ་རྒན་ཁག་གཅིག་གནས་ཡོད་སྐོར་གསུངས་བ་མ་ཟད། རྟ་བྲག་ཚོགས་པའི་ངོས་ནས་མགོ་ལོག་ས་གནས་གཞུང་དང་ལྷན་བཀའ་བསྡུར་མུ་མཐུད་གནང་བཞིན་ཡོད་སྐོར་གསུངས་བ་དང་འབྲེལ། རྟ་བྲག་དྭ་ཕྲུག་སློབ་མ་རྣམས་ལ་མུ་མཐུད་རོགས་རམ་གནང་རྒྱུ་ཡིན་པ་གསུངས་སོང་།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་འབྲེལ་ཡོད་གནས་ཚུལ་ཡོང་ཁུངས་ཀྱི་འགྲེལ་བརྗོད་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པར་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སྐབས་བཅུ་གཉིས་པའི་སློབ་མ་རྣམས་སློབ་མཐར་ཕྱིན་རྗེས། སློབ་གྲྭའི་བྱེད་སྒོ་ཡོངས་རྫོགས་མཚམས་བཞག་ཡོད་པ་དང་། སྐབས་བཅུ་གསུམ་པའི་སློབ་མ་རྣམས་ས་གནས་ས་ཁུལ་གྱི་གཞུང་གཉེར་སློབ་གྲྭ་ཁག་ཏུ་བགོ་བཤའ་བརྒྱབ་པ་དང་བསྟུན་འདི་ལོའི་དབྱར་ཁ་ནས་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་ཡོད་པ་རེད་འདུག
འོན་ཀྱང་དྭ་ཕྲུག་སློབ་གྲྭ་དེ་ཉིད་ཆེད་འཛུགས་གནང་མཁན་འཇར་མ་ནིའི་ནང་བཅའ་བཞུགས་རྟའུ་བློ་བཟང་དཔལ་ལྡན་ལགས་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ཆོས་ཉིད་ལྷ་མོ་ལགས་ཀྱིས་གསུང་དོན་ལྟར་ན། སློབ་གྲྭ་དེ་ཉིད་ཀྱི་འཛིན་རིམ་དང་པོ་ནས་དགུ་པ་བར་གྱི་སློབ་མ་ཆ་ཚང་འདི་ལོའི་ཕྱི་ཟླ་ ༩ པ་ནས་རྒྱ་ནག་གཞུང་གིས་གཉེར་བའི་སློབ་གྲྭའི་ནང་གནས་སྤོ་བྱས་ཟིན་ཡོད་ཀྱང་། རྟ་བྲག་ལག་ཤེས་སློབ་མ་ཁག་ཅིག་དང་ལས་བྱེད་དྲུག་སློབ་གྲྭའི་ནང་མུ་མཐུད་གནས་བཞུགས་ཡིན་པ་འགྲེལ་བརྗོད་གནང་སོང་བ་མ་ཟད། ཚོགས་པའི་ངོས་ནས་དྭ་ཕྲུག་སློབ་མ་རྣམས་སློབ་གྲྭ་གཞན་ལ་བཏང་ཡང་གཟའ་མཇུག་གུང་གསེང་སྐབས་ཚུར་རྟ་བྲག་སློབ་གྲྭའི་ནང་བཞུགས་ས་ཡོད་པ་ཞིག་བཟོ་ཐབས་དང་། ལྷག་པར་དུ་དགུན་ཁའི་གུང་གསེང་སྐབས་དྭ་ཕྲུག་སློབ་མ་མང་དག་ཅིག་རྟ་བྲག་སློབ་གྲྭའི་ནང་གུང་གསེང་ཡོང་ས་བཟོས་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་གྲོས་བསྡུར་བརྒྱུད་དྭ་ཕྲུག་སློབ་གྲྭ་དེ་ཉིད་གནས་བབ་གང་ཞིག་གི་ཐོག་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་གསུངས་སོང་།
སྤྱིར་ཆོས་ཉིད་ལྷ་མོ་ལགས་དང་ཁོང་གི་སྐུ་ཟླ་དམ་པ་དེ་ཉིད་ཀྱིས་མགོ་ལོག་ཙམ་མ་ཟད་ཁམས་རྟའུ་ནང་དུ་ཡང་དེ་སྔོན་ད་ཕྲུག་སློབ་གྲྭ་ཞིག་ཆེད་བཙུགས་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་སློབ་གྲྭ་དེའི་སློབ་མ་རྣམས་གཞུང་གི་སློབ་གྲྭའི་ནང་བཏང་སྟེ་སློབ་གྲྭ་སྒོ་བརྒྱབ་ཡོད་པ་དང་། རྟ་བྲག་ཚོགས་པའི་ངོས་ནས་སློབ་གྲྭ་དེ་དག་གཉིས་ནས་སློབ་མཐར་སོན་པའི་སློབ་མ་ ༦༠༠ ཙམ་ལ་མུ་མཐུད་དཔལ་འབྱོར་གྱི་རོགས་རམ་གནང་དང་གནང་མུས་ཡིན་པ་རེད་འདུག །ཆོས་ཉིད་ལྷ་མོ་ལགས་ཀྱིས་རྟ་བྲག་སློབ་མ་ཚོར་འདས་མ་ད་གསུམ་དུ་རོགས་སྐྱོར་གནང་མཁན་རྣམས་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་། སློབ་གྲྭ་ཐོག་མར་བཙུགས་པའི་སྐབས་ཀྱི་དམིགས་ཡུལ་བཞིན་ད་ཕྲུག་སློབ་མ་རྣམས་ལ་ཁྱིམ་གྱི་མཐུན་རྐྱེན་དང་ཤེས་ཡོན་གྱི་རོགས་རམ་མུ་མཐུད་སྦྱུར་རྒྱུ་ཡིན་པ་གསུངས་འདུག
སྤྱིར་འདས་པའི་ཉིན་ཤས་ཁྲོད་རྟ་བྲག་དྭ་ཕྲུག་སློབ་གྲྭ་ཙམ་མ་ཡིན་པར་མགོ་ལོག་ཁུལ་གྱི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་མགོ་ལོག་རྨ་ཆེན་རྫོང་ར་རྒྱའི་གྲོང་རྡལ་གྱི་ཇ་སག་སྡེ་བའི་སློབ་གྲྭ་ཡང་སྒོ་བརྒྱབ་པའི་གནས་ཚུལ་ཐོན་ཡོད་པ་རེད།
མགོ་ལོག་རྨ་ཆེན་རྫོང་ར་རྒྱའི་གྲོང་རྡལ་གྱི་ཇ་སག་སྡེ་བའི་སློབ་གྲྭ་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༩༥ ཡས་མས་སུ་ཇ་སག་སྡེ་བའི་འབྲོག་མི་རྣམས་ནས་འགན་འཁུར་བཞེས་པའི་ཐོག་ས་གནས་ཀྱི་སློབ་ཕྲུག་རྣམས་ལ་སློབ་སྦྱོང་བྱེད་ས་གསར་འཛུགས་གནང་བ་ཞིག་ཆགས་ཀྱི་འདུག་པ་དང་། སློབ་གྲྭའི་ནང་འཛིན་རིམ་དང་པོ་ནས་དྲུག་པ་བར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་པ་རེད་འདུག །བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་སློབ་གྲྭ་དེ་བཞིན་ཡིག་ཆ་ཆ་ཚང་བ་མེད་པ་དང་ཁུངས་བཙན་པོ་མེད་པ་བཅས་ཀྱི་རྒྱུ་མཚན་ལ་ཁ་གཡར་ཏེ་སྒོ་བརྒྱབ་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག
རྩ་བའི་རྒྱ་ནག་གཞུང་གིས་འདི་ལོར་ཟླ་ ༧ ཚེས་ ༡ ནས་བཟུང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་བཞིན་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། བོད་གཙོས་པའི་ཡུ་གུར་མི་རིགས་དང་། ཧོང་ཀོང་མི་རིགས་སོགས་ཀྱི་སེམས་འཚབ་སྐྱེ་གཞི་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། རྒྱལ་སྤྱི་ཁྱོན་ཡོངས་ལ་རྒྱ་ནག་གཞུང་གི་ཁྲིམས་ཡིག་དེ་འབྲེལ་ངོ་རྒོལ་མེད་པའི་རྣམ་འགྱུར་དང་དེར་གདོང་ལེན་གནང་ཕྱོགས་སོགས་ཀྱི་སྐོར་ཚོགས་འདུ་དང་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་དང་སྤེལ་མུས་ཡིན་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་གཙོས་པའི་ཤིན་ཅང་། དེ་བཞིན་ཧོང་ཀོང་སོགས་ཀྱི་ནང་མི་རིགས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་ཐད་དམ་དྲག་ཆེན་པོ་བྱས་མུས་ཡིན་པ་མ་ཟད། སློབ་གྲྭ་དང་ཤེས་རིག་གི་སྡེ་ཁག་ཁག་གཅིག་ཀྱང་གཏན་འཇགས་ཀྱིས་སྒོ་བརྒྱབ་པའི་གནས་ཚུལ་ཡང་རིམ་པ་ཐོན་ཡོད་པ་རེད།
རྒྱ་གཞུང་གིས་བཙན་བྱོལ་བོད་མི་དང་འབྲེལ་བའི་བདེ་འཇགས་གནད་དོན་རྐྱེན་པས་འགྲམ་ས་མཚམས་སྒོ་འབྱེད་བྱ་རྒྱུར་མོས་མཐུན་བྱེད་ཀྱི་མེད་པ་རེད་འདུག
བལ་ཡུལ་གྱི་ Rasuwagadhi དང་བོད་སྐྱིད་གྲོང་ས་མཚམས་སུ་འདི་ལོ་ཆུ་ལོག་གི་དོན་རྐྱེན་འོག་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཚབས་ཆེན་བྱུང་བ་དང་། དེ་བཞིན་ཡུལ་དེའི་གློ་སྨོན་ཐང་སྟོད་དུ་ཆགས་པའི་ Korala བལ་བོད་ས་མཚམས་བརྒྱུད་འགྲོ་འོང་སོགས་ཀྱི་རིན་གོང་མཐོ་བའི་གནས་བབ་འོག །ད་ལྟའི་ཆར་ Tatopani དང་འགྲམ་བལ་བོད་ས་མཚམས་དེ་ཉིད་རྒྱ་ནག་དང་ཚོང་འབྲེལ་གྱི་བརྒྱུད་ལམ་གལ་ཆེ་ཤོས་སུ་གྱུར་བ་ལྟར། བལ་ཡུལ་གྱི་འབྲེལ་ཡོད་དཔོན་རིགས་ཚོས་ཞུ་གཏུག་རིམ་པ་བྱས་ཀྱང་། རྒྱ་ནག་ངོས་ནས་བཙན་བྱོལ་བོད་མིའི་ལས་དོན་གཙོས་བདེ་འཇགས་དང་འབྲེལ་བའི་གནད་དོན་རྐྱེན་གྱིས་ས་མཚམས་དེ་ཉིད་གཏན་དུ་སྒོ་འབྱེད་བྱ་རྒྱུར་མོས་མཐུན་བྱེད་ཀྱི་མེད་པ་རེད་འདུག
དེའང་རྒྱ་ནག་ངོས་ནས་བལ་ཡུལ་གྱི་ Sindhupalchok ཁུལ་གྱི་ Tatopani བལ་བོད་ས་མཚམས་འགྲམ་དེ་ཉིད་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ནས་སྒོ་བརྒྱབ་པའི་རྗེས་ཧིན་རྡུའི་ Dashain དུས་ཆེན་དང་བསྟུན། ཉེ་ལམ་ཕྱི་ཚེས་ ༡༨ ནས་འགོ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ས་མཚམས་དེ་ཉིད་སྒོ་འབྱེད་བྱས་ཏེ། ད་ཆ་བོད་ནས་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་མང་དག་ཅིག་བལ་ཡུལ་དུ་འཛུལ་འགོ་བཙུགས་པ་མ་ཟད། བོད་གཉའ་ལམ་ཁུལ་དུ་རླངས་འཁོར་མང་དག་ཅིག་བལ་ཡུལ་ནང་འཛུལ་རྒྱུར་ངང་འགུག་བྱས་ནས་གནས་ཡོད་པ་རེད་འདུག
Nepal Himalaya Border Trade Association འམ་བལ་ཡུལ་ཧི་མ་ལ་ཡའི་ས་མཚམས་ཚོང་འབྲེལ་མཐུན་ཚོགས་ཀྱི་དྲུང་ཆེ་ Ramchandra Parajulil ལགས་ཀྱིས། ས་གནས་བརྒྱུད་ལམ་ཁག་གཅིག་ལ་གསུངས་པ་ལྟར་ན། མཐུན་ཚོགས་ངོས་ནས་རྒྱ་ནག་གཞུང་དང་དེ་བཞིན་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་བཅས་ལ་ Tatopani འམ་འགྲམ་ས་མཚམས་སླར་ཡང་སྒོ་འབྱེད་བྱ་རྒྱུ་དགོས་མཁོ་གལ་ཆེན་གཟིགས་ནས་འབད་བརྩོན་རིམ་པར་གནང་ཡང་། རྒྱ་གཞུང་གིས་དུས་ཡུན་ཇི་ཙམ་འགོར་མིན་ལ་ལྟོས་མེད་ Rasuwagadhi ཚོང་ལམ་དེ་ཉིད་ཁོ་ནར་བསྐྱར་གསོ་སླད་རོགས་རམ་བྱ་རྒྱུ་ཁས་ལེན་བྱས་པ་ལས་ Tatopani ཚོང་དོན་ས་ཚིགས་དེ་བཞིན་སྒོ་འབྱེད་བྱ་རྒྱུའི་མོས་མཐུན་བྱེད་ཀྱི་མེད་པ་མངོན་གསལ་གནང་འདུག
མ་ཟད་ཟླ་བ་འདིའི་ཚེས་ ༡༤ ཉིན་བལ་ཡུལ་གྱི་བཟོ་ལས་དང་། ཚོང་ལས་བློན་ཆེན་ Deepak Kumar Sah མཆོག་དང་རྒྱ་ནག་གི་གཞུང་ཚབ་པ་ Zhang Maoming ཀྲང་མའོ་མིང་གཉིས་ཐུག་འཕྲད་སྐབས། ཁོ་པས་ Dashain དུས་ཆེན་སྐབས་དགོས་མཁོ་སྐོང་ཆེད་དུས་ཡུན་ཐུང་ངུ་རིང་གི་ Tatopani ཚོང་དོན་ས་ཚིགས་སྒོ་འབྱེད་བྱེད་ཆོག་ཀྱང་། དེའི་རྒྱུན་གནས་ལས་དོན་སྤེལ་བར་ཞིབ་ཕྲའི་དཔྱད་ཞིབ་དགོས་གལ་ཆེ་བའི་བསམ་ཚུལ་བཏོན་ཡོད་པ་རེད་འདུག
དེའི་ཁྲོད་བལ་ཡུལ་གྱི་ Kathmandu Post གསར་ཤོག་ཐོག་ཐོན་པའི་གནས་ཚུལ་ནང་བལ་ཡུལ་གྱི་ས་མཚམས་བདེ་འཇགས་ལ་རྒྱུས་མངའ་ཡོད་པའི་དཔོན་རིགས་ཚོས་བཤད་པ་ལྟར་ན། རྒྱ་ནག་ངོས་ནས་འགྲམ་ས་མཚམས་བསྐྱར་དུ་སྒོ་འབྱེད་བྱ་རྒྱུར་འདོད་པ་བྱེད་ཀྱི་མེད་པའི་རྒྱུ་མཚན་ནི་བལ་ཡུལ་དུ་བོད་མི་སྐྱབས་བཅོལ་བ་འཛུལ་ཞུགས་བྱེད་པ་དང་། ས་མཚམས་ཉེ་འགྲམ་དུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྲིད་པའི་སེམས་འཚབ་རྐྱེན་གྱི་ཡིན་སྐོར་གསུངས་འདུག
སྤྱིར་བལ་ཡུལ་གཞུང་གིས་འདས་པའི་ལོ་མང་ནས་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་རྣམས་ཡུལ་དེར་འབྱོར་རྗེས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཚོགས་ནས་ཞིབ་བཤེར་དང་འབྲེལ་རྒྱ་གར་ལ་ཆེད་གཏོང་གིས་མཐུན་རྐྱེན་སྦྱར་གྱི་ཡོད་ཀྱང་། མིང་གསལ་མ་བྱེད་པའི་བལ་ཡུལ་གྱི་དཔོན་རིགས་ཤིག་གིས་ Kathmandu Post གསར་ཤོག་ལ་བརྗོད་དོན་ལྟར་ན། ཕྱི་ལོ་ ༢༠༡༥ ལོའི་ས་ཡོམ་རྗེས་རྒྱ་ནག་གཞུང་གིས་བལ་ཡུལ་ངོས་ནས་བོད་མི་བྲོས་བྱོལ་བ་རྣམས་ས་མཚམས་སུ་འབྱོར་མ་ཐག་ལག་འཁྱེར་སྤྲོད་ཀྱི་ཡོད་པའི་རྐྱེན་བཙུགས་བྱས་པ་མ་ཟད། དེ་འབྲེལ་ཞིབ་འཇུག་བྱས་པ་ལས་གནས་ཚུལ་ར་སྤྲོད་བྱུང་སྐོར་བརྗོད་ཡོད་པ་གསུངས་འདུག
བལ་ཡུལ་གྱི་སྐབས་དེའི་དམར་ཤོག་གཞུང་ངོས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་མི་བྲོས་བྱོལ་བ་རྣམས་རྒྱ་གར་ནང་བསྐྱོད་རྒྱུ་བཀག་འགོག་བྱེད་འགོ་བཙུགས་པ་དང་། Sindhupalchok ཡི་རྫོང་དཔོན་ཟུར་པ་ཞིག་གིས་གསུང་བ་ལྟར་ན་རྒྱ་དམར་གཞུང་གིས་དཔོན་རིགས་ཚོས་བོད་མི་བྲོས་བྱོལ་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་བཞིན། བལ་ཡུལ་གཞུང་ནས་དེ་འབྲེལ་གནས་ཚུལ་ཐད་ལས་དོན་ཡང་གཉེར་ཡོད་པ་འགྲེལ་བརྗོད་བྱས་པ་མ་ཟད། དེ་སྔ་བལ་ཡུལ་གཞུང་གིས་བོད་མི་བྲོས་བྱོལ་བ་ཁག་གཅིག་ཁྲིམས་འགལ་ཐོག་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
Sindhupalchok ཡི་རྫོང་དཔོན་ཟུར་པ་ཁོང་གིས་ད་དུང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ས་མཚམས་ཁུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འབྲངས་པ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། བལ་ཡུལ་ཉེན་རྟོག་པ་དང་རྒྱལ་ཡོངས་ཞིབ་འཇུག་ཚན་པས་ཞིབ་འཇུག་ལས་རྒྱ་ནག་ཕྱོགས་ནས་བཤད་པ་ལྟ་བུའི་གནས་སྟངས་གང་ཡང་ར་སྤྲོད་བྱུང་མེད་ཅིང་། ས་མཚམས་ས་ཁུལ་དེ་བརྒྱུད་ལམ་ཞིག་གི་ཚུལ་དུ་སྤྱོད་མཁན་མི་རེ་ཟུང་ཡོད་སྲིད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་བརྗོད་པ་ལྟ་བུ་ང་ཚོས་ཞིབ་འཇུག་བྱེད་པའི་བརྒྱུད་རྙེད་སོན་བྱུང་མེད་ཅེས་ནན་བརྗོད་གནང་འདུག
གཞི་རྩའི་ཕྱི་ལོ་ ༢༠༡༥ ནང་བལ་ཡུལ་དུ་ས་ཡོམ་རྗེས་ཏ་ཏོ་པ་ནི་ས་མཚམས་དེ་སྒོ་བརྒྱབ་པ་དང་། ༢༠༡༩ ལོའི་ཟླ་བ་ ༥ པར་ཚོང་ཟོག་སྐྱེལ་འདྲེན་ཚད་བཀག་ཅན་གྱི་ཐོག་ནས་བསྐྱར་དུ་སྒོ་ཕྱེ་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་ནད་ཡམས་སྐབས་སླར་ཡང་སྒོ་བརྒྱབ་དགོས་བྱུང་ཡོད་ཅིང་། ཉེ་ལམ་ཕྱི་ཟླ་ ༨ པའི་ནང་བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་བྱུང་རྗེས་ཡང་བསྐྱར་སྒོ་བརྒྱབ་ཡོད་པ་རེད།




