Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

བོད་མི་གཙོ་གྱུར་ཡུ་གུར་སོགས་ནས་རྒྱ་ནག་རྒྱལ་སྟོན་གྱི་ཉིན་མོར་ངོ་རྒོལ་ལས་འགུལ་སྣ་མང་སྤེལ་བ།

ཕྱི་ཟླ་ ༡༠ ཚེས་ ༡ འདི་བཞིན་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་ཡིན་པ་དང་བསྟུན། རྒྱལ་སྤྱིའི་ཁྲོད་བོད་མི་གཙོ་གྱུར་ཡུ་གུར་དང་ཧོང་ཀོང་སོགས་རྒྱ་ནག་གིས་བཙན་བཟུང་འོག་ཡོད་པའི་མི་རིགས་རྣམས་ནས་རྒྱ་ནག་གཞུང་ཚབ་ཁང་གཙོ་བོར་འགྱུར་བའི་ས་གནས་སོ་སོའི་ནང་རྒྱ་ནག་སྲིད་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གྱིས་རྒྱལ་སྤྱིའི་ལས་འགུལ་གྱི་ཉིན་མོ་ཞེས་ངོས་འཛིན་དང་སྦྲགས་ཏེ་ལས་འགུལ་སྣ་མང་སྤེལ་འདུགདེ་ཡང་ཨ་རི་དང་། དབྱིན་ཡུལ། ཡོ་རོབ། ཁེ་ན་ཌ། ཉི་ཧོང་། ཨོས་ཊོ་ལི་ཡ། ཐེ་ཝན་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་སྤྱི་རིགས་ནས་ཁ་སྔོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་ ༧༣ འཁོར་བའི་ཉིན་མོ་དང་བསྟུན། རྒྱ་ནག་གི་མི་གཅིག་དབང་སྒྱུར་རིང་ལུགས་རྒྱ་སྐྱེད་བྱེད་བཞིན་པར་གདོང་ལེན་གནང་དགོས་ཞེས་དང་།  རྒྱ་ནག་གི་རྒྱལ་སྟོན་གྱི་ཉིན་མོ་དེ་ནི་སྲུང་བརྩི་ཞུ་འོས་པའི་ཉིན་མོ་ཞིག་མིན་པར་ངོ་ཚ་ཅན་གྱི་ཉིན་མོ་ཞིག་རེད་ཅེས་ཀྱི་འབོད་སྒྲ་ཤུགས་ཆེ་བསྒྲགས་ཡོད།དེའི་ཁྲོད་ཨ་རིའི་རྒྱལ་ས་ནེའུ་ཡོག་དང་། ཀེལ་ཧྥོར་ནི་ཡ་གཙོས་པའི་ཁུལ་དེའི་ས་གནས་ཁག་གི་ནང་དུ་རྒྱ་གཞུང་གི་རྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཀེལ་ཧྥོར་ནི་ཡ་ནང་དེ་འབྲེལ་ལས་འགུལ་ཁྲོད་བོད་མི་ཞིག་གིས་མང་ཚོགས་འདུ་འཛོམས་སྐབས་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་འོག་མྱངས་དང་མྱོང་བཞིན་ཡོད་པའི་བོད་མིའི་གནས་སྟངས་རྣམས་ངོ་སྤྲོད་དང་། ལྷག་པར་དུ་དེང་གི་ཆར་རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ཏེ་བོད་མི་རྣམས་ལ་དཀའ་སྡུག་ཇི་འདྲ་མྱོང་བཞིན་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་གིས་བོད་རྒྱ་འགྱུར་གྱི་སྲིད་བྱུས་འོག་ནས་བོད་ཀྱི་བྱིས་པ་རྣམས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་འཇོག་གི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུགདེ་བཞིན་དབྱིན་ཡུལ་ནང་དུ་རྟན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དབྱིན་ཡུལ་བོད་རིགས་ཚོགས་པ། འཛམ་གླིང་ཡུ་གུར་ལྷན་ཚོགས་པ། རྒྱ་རིགས་མང་གཙོ་དོན་གཉེར་བ་ཅེས་ཚོགས་པ་ཁག་ ༨ ཀྱི་གོ་སྒྲིག་འོག་ཁ་སྔོན་ཕྱི་ཚེས་ ༡ ཉིན་ཁུལ་དེའི་ས་གནས་ Piccadilly Circus དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བ་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས། རྒྱ་ཡི་བཙན་གནོན་འོག་ཡོད་པའི་མི་རིགས་དེ་དག་གི་རང་རང་གི་རྒྱལ་གླུ་གསུང་འདོན་དང་རྒྱལ་དར་འཕྱར་བ། དེ་བཞིན་སྐབས་དེར་ཞི་བདེ་ལ་དགའ་མོས་ཡོད་པའི་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱི་མངོན་འདོད་ནི་རང་དབང་ཡིན་པ་གཅིག་མཚུངས་ཡིན་སྐོར་འབོད་སྒྲ་དང་སྦྲགས། རྒྱ་དམར་གཞུང་ནས་མི་ལོ་ ༧༣ རིང་སྡུག་རྩུབ་མནར་གཅོད་བཏང་དང་གཏོང་མུས་ཡིན་པ་དེར་ངོ་ཚ་ཅན་གྱི་རྒྱ་དམར་ཞེས་འབོད་སྒྲ་བསྒྲགས་འདུགམ་ཟད་ཉིན་དེར་ཉི་ཧོང་ཁུལ་དུ་ངོ་རྒོལ་བ་བརྒྱ་ཕྲག་འགའ་ཤས་གཞུང་ལམ་དུ་ཕྱིར་འཐོན་ཀྱིས་རྒྱ་དམར་གྱི་དྲག་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱི་གནད་དོན་དེར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་མ་ཟད་ངོ་རྒོལ་བ་འགས་ཁུལ་དེའི་རྒྱལ་ས་ཊོག་ཀྱོ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཉིན་མོ་དེ་ནི་སྲུང་བརྩི་ཞུ་འོས་པ་ཞིག་མིན་པར་ངོ་ཚ་ཅན་གྱི་ཉིན་མོ་ཞིག་རེད་ཅེས་འབོད་སྒྲ་བསྒྲགས་ཏེ། རྒྱ་དམར་གཞུང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེ་དག་ལ་སྐྱོན་བརྗོད་དང་ཆབས་ཅིག འཛམ་གླིང་རྒྱལ་ཁབ་གཞན་ཚོས་རྒྱ་ནག་གི་དེ་ལྟ་བུའི་གནོད་ཚབས་བྱེད་ཀྱི་ཡོད་པ་ལས་གཉིད་གསལ་དགོས་པའི་ནན་སྐུལ་བྱས་འདུགམ་ཟད་ཡོ་རོབ་རྒྱལ་ཁབ་ཧྥ་རན་སི་དང་། ཨོས་ཊི་ཡ། ནི་དྷར་ལེནྜ་སོགས་ཀྱི་ནང་དུའང་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གུ་མདུན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་དང་། གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་ཁྲོད། ནི་དྷར་ལེནྜ་ཁུལ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་གཞན་རྣམས་ཀྱི་ཚོགས་པ་ཁག་ཀྱི་བཟུང་སྦྲེལ་གྱི་ཐོག་ནས་དྲག་གནོན་དེ་དག་མཚམས་འཇོག་དགོས་པའི་ལས་འགུལ་སོགས་སྤེལ་ཡོད་པ་དང་འབྲེལ། ནི་དྷར་ལེནྜ་གི་རྒྱལ་སར་དེ་ལྟ་བུའི་ལས་འགུལ་སྤེལ་བ་དེ་ཐེངས་དང་པོ་ཡིན་པ་འགྲེལ་བརྗོད་བྱས་ཀྱི་འདུགད་དུང་ཁེ་ན་ཌའི་ཁུལ་དུ་བོད་མི་རྣམས་ནས་ངོ་རྒོལ་ཁྲོད་བོད་མི་ ༧ ནས་ཞི་བདེའི་རྒྱང་རྒྱུག་གི་ལས་འགུལ་སྤེལ་བའི་ཁྲོད་ནས་ཁེ་ན་ཌས་བོད་རྒྱ་གྲོས་མོལ་ཡོང་ཆེད་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ་གནང་ཡོད་པ་དང་། དེ་བཞིན་ Turkey རྒྱལ་ས་ Istanbul ནང་དུའང་དེ་འབྲེལ་ལས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འདུགགཞི་རྩའི་དེ་སྔ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་འགོ་བཙུགས་པ་ནས་བཟུང་ཕྱི་ཟླ་ ༡༠ ཚེས་ ༡ ནམ་ཡིན་ལ་རྒྱ་ནག་རྒྱལ་སྟོན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད་པ་དང་། ད་བར་རྒྱལ་སྟོན་ཐེངས་ ༧༣ པ་དེ་ཆགས་ཀྱི་ཡོད་པ་རེད།    

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཟུར་ཚོགས་གནང་བ།  

ཇི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ འཚོགས་བཞིན་པ་དང་བསྟུན་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ Society for Threatened people ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་གོ་སྒྲིག་འོག་འདི་ག་རྒྱལ་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་དང་ཤར་ཏུར་ཀི་སིཐན་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ཟུར་ཚོགས་གནང་ཡོད། སྐབས་དེར་སུད་སིར་གནས་བཞུགས་བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་གདན་ཞུས་ལྟར་ཐེངས་དེའི་ཟུར་ཚོགས་ཐོག་ལྷན་ཞུགས་གནང་སྟེ་དེ་སྔ་རྒྱ་ནག་གི་བཙོན་ཁང་དཀའ་སྡུག་མྱངས་པའི་བརྒྱུད་རིམ་དང་དེ་བཞིན་བོད་ནང་གི་ཆབ་སྲིད་གནས་སྟངས། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་ངང་སྲིད་བྱུས་འདྲ་མིན་ལག་བསྟར་བརྒྱུད་བོད་མིིའི་ཆོས་དང་རིག་གཞུང། སྐད་ཡིག བོད་མིའི་ངོ་བོ་དང་བཅས་པ་རྩ་མེད་གཏོང་བཞིན་ཡོད་པར་མ་ཟད་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱས་པ་སོགས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོང་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་བཅས་ཐེར་འདོན་དང། ད་ལྟའི་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནང་ཏོག་དབྱིབས་ནད་ཡམས་ཀླད་ཀོར་ཟེར་བའི་སྲིད་བྱུས་དེ་ཆབ་སྲིད་ཀྱི་ལག་ཆར་སྤྱོད་ནས་བོད་མིའི་ཐོག་སྔར་ལྷག་དམ་དྲག་དང་དྲག་གནོན་བྱེད་བཞིན་ཡོད་པའི་ཛ་དྲག་གི་རང་བཞིན་གནས་སྟངས་རྣམས་ཆེེས་མངོན་གསལ་གནང་བའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་སྡེ་ཁག་གིས་བོད་ནང་གི་བོད་མིའི་གནས་སྟངས་ཐོག་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས་ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་འགན་འཁུར་ཏེ་དུས་ཐོག་ཏུ་སྨན་བཅོས་མཐུན་རྐྱེན་སོགས་སྦྱོར་སྤྲོད་ཡོང་ཆེད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དེ་དཀའ་ངལ་སེལ་ཐབས་གནང་དགོས་ཞེས་ནན་སྐུལ་གནང་ཡོད། རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༥༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་འཆར་དོ་དམ་བསྟན་འཛིན་ཟླ་བ་ལགས་ཀྱིས་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་མིང་ཐོག་ནས་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བོད་ནང་རྒྱ་སྐད་གཙོ་བོར་འཛིན་པའི་སྲིད་བྱུས་གཏན་འབེབས་ཀྱིས་བོད་ཡིག་སློབ་གཉེར་གནང་སའི་སྒེར་གཉེར་སློབ་གྲྭ་ཁག་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་དང་། བོད་པའི་ཤེས་ཡོན་ཅན་དང་རིག་གནས་སྨྲ་བ་རྣམས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་བཏང་བར་མ་ཟད་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དུས་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཐོག་སྔར་ལས་དམ་དྲག་ཆེས་ཆེར་བྱས་པའི་རྐྱེན་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཏུ་སོང་ཡོད་པ་སོགས་ལྷན་ཚོགས་ཐོག་སྙན་སེང་ཞུས་ཏེ་རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་བཅའ་ཁྲིམས་སུ་གསལ་བ་བཞིན་བོད་མི་རྣམས་ལ་ཤེས་ཡོན་དང་རིག་གཞུང་གི་ལས་དོན་ཐོག་ཐོབ་ཐང་སྤྲོད་དགོས་པ་དང་། བོད་ཀྱི་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་པ་དང་བསླབ་གཞི་རྒྱ་ཡིག་ཏུ་སྒྱུར་བཞིན་པའི་ལས་དོན་མཐའ་དག་འཕྲལ་དུ་མཚམས་འཇོག་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུས་འདུག

ཞི་ཅིན་ཕིང་སྲིད་འཛིན་གྱི་གོ་གནས་ལ་མུ་མཐུད་གནས་མི་གནས་ཀྱིས་བོད་དོན་ལ་ཁྱད་པར་གང་ཡང་མེད།

རང་དབང་དང་ཞི་བདེ་ལ་དགའ་མོས་ཡོད་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་ཆིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་གི་མི་གཅིག་དབང་སྒྱུར་རིང་ལུགས་རྒྱ་སྐྱེད་བྱེད་བཞིན་པར་གདོང་ལེན་གནང་དགོས་ཞེས་གསུངས་ཏེ་རྒྱ་ནག་རྒྱལ་སྟོན་གྱི་ཉིན་མོ་སྔ་སྣུར་ལ་ཐེ་ཝན་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་འགས་ལས་འགུལ་སྤེལ་སོང་།སང་ཉིན་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་མོ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་ ༧༣ འཁོར་བའི་ཉིན་མོ་ཡིན་པ་དང་དེ་བཞིན་རིང་མིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་གྲབས་དང་བསྟུན། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་ཐེ་ཝན་གྲོས་ཚོགས་མདུན་དུ་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་ཁང་གིས་གཙོ་འགན་བཞེས་ཏེ་གཞུང་འབྲེལ་མིན་པའི་ཚོགས་པ་མང་དག་ཅིག་མཉམ་རུབ་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ནམ་ཡང་བློས་བཏང་གནང་མི་སྲིད། རྒྱ་ནག་གཅིག་སྡུད་རིང་ལུགས་ལ་ཁ་གཏད་གཅོག་དགོས་ཞེས་པའི་འཕྲེད་དར་བསྣམས་ནས་གསར་འགོད་ལྷན་ཚོགས་གནང་ཡོད་པར་མ་ཟད་ཉིན་རྒྱབ་ཏུ་ཐེ་པིར་ཡོད་པའི་རྒྱ་ནག་དངུལ་ཁང་མདུན་དུ་འདུ་འཛོམས་ཀྱིས་གཏམ་བཤད་སྤེལ་བ་དང་ཕྱི་དྲོའང་དེ་འབྲེལ་གྱི་ལས་འགུལ་སྤེལ་ཡོད།ཚོགས་པ་ཁག་མཉམ་རུབ་ཀྱིས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་རྒྱ་ནག་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་གིས་ཡུན་རིང་ནས་རྒྱ་ནག་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་དང་། ལྷག་པར་ཐེ་ཝན་ལ་མུ་མཐུད་འཇིགས་སྐུལ་དང་དཔལ་འབྱོར་སྟོབས་ཤུགས་སོགས་སྤྱོད་ནས་ཐུབ་ཚོད་གཏོང་བཞིན་ཡོད་སྟབས་རང་དབང་དང་ཞི་བདེ་ལ་དགའ་མོས་གནང་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་རྒྱ་ནག་ལ་གདོང་ལེན་གནང་རྒྱུ་དམ་བཅའ་བཞག་ནས་རྒྱ་ནག་གི་མི་གཅིག་དབང་སྒྱུར་རིང་ལུགས་རྒྱ་སྐྱེད་བྱེད་བཞིན་པར་རྡོག་ཏུ་བསྒྲིལ་ནས་གདོང་ལེན་གནང་དགོས་ཞེས་གསུངས་འདུག གཞུང་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་རིམ་པ་གནང་ཁག་རྒྱ་གཞུང་གི་ངོས་ནས་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པའི་ཁར་རྒྱ་ནག་གིས་ཡར་རྒྱས་ལ་ཁག་དཀྲི་བྱས་ཏེ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་ལས་ང་ཚོས་མུ་མཐུད་སྲུང་སྐྱོབ་སླད་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་དང་། རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་ཆེད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོ་ངེས་པར་དུ་མཉམ་ལས་གནང་དགོས་པ་དང་རྒྱ་ནག་ལ་མགོ་བཏགས་ནམ་ཡང་ཞུ་རྒྱུ་མེད་ཅེས་གསུངས་འདུག ཐེ་ཝན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་ཁང་གི་འགན་འཛིན་གཞོན་པ་བཀྲིས་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ཐེ་ཝན་གྱི་ལས་འགུལ་སྐོར་གསུངས་དོན། རྒྱ་ནག་གཞུང་གིས་ད་བར་དབང་ཤུགས་དང་དཔལ་འབྱོར་སྟོབས་ཤུགས་སྤྱོད་ནས་འཁྱོག་བཤད་དྲིལ་བསྒྲགས་དང་གནོན་ཤུགས་སོགས་སྤྲོད་བཞིན་ཡོད་པ་དེ་ལྟར་ནའང་ད་ཆ་འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་བྱུས་ངན་སོགས་མཁྱེན་གྱི་ཡོད་སྟབས་སྔོན་ལྟར་གནས་མེད་པ་དང་སྒོས་བོད་མི་རྣམས་ཀྱིས་འཐབ་རྩོད་ཐོག་མུ་མཐུད་ཕྱག་ལས་གནང་གལ་ཆེ་བར་མ་ཟད་ལྷག་དོན་ཞི་ཅིན་ཕིང་སྲིད་འཛིན་གྱི་གོ་གནས་ལ་མུ་མཐུད་གནས་མི་གནས་ཀྱིས་བོད་དོན་ལ་ཁྱད་པར་གང་ཡང་མེད་པས་བོད་ཀྱི་མི་རབས་གཉིས་པ་དང་གསུམ་པ་རྣམས་ཀྱིས་འགན་གཙོ་བཞེས་ཐོག་བོད་དོན་བདེན་མཐའ་སེལ་སླད་སྐུ་ལས་སྐྱོན་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་གི་ཆེ་མཐོང་ཆེས་ཇེ་སྡུག་ཏུ་སོང་བར་མངོན་གསལ་གནང་འདུག

ཨ་རི་ནང་རྟེན་གཞི་བྱས་པའི་ Pew Research Center ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་ཨ་རིས་གཙོས་པའི་འཛམ་གླིང་ནང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་མང་ཚོགས་ཁྲོད་ལ་རྒྱ་ནག་ལ་གཟིགས་སྟངས་ཇི་ཡོད་དང་འབྲེལ་བའི་དཔྱད་ཞིབ་གནང་བའི་གྲུབ་དོན་ལ་འདས་པའི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་ཐད་མང་ཚོགས་ཀྱི་གཟིགས་སྟངས་ཧ་ཅང་ཞན་དུ་སོང་ཡོད་པ་བཀོད་འདུག རིང་མིན་ཟླ་བ་རྗེས་མའི་ཚེས་ ༡༦ ནས་བཟུང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༢༠ པ་འགོ་འཛུགས་དང་བསྟུན་ཚོགས་ཆེན་ཐོག་ནས་ཞི་ཅིན་ཕིང་གིས་སྲིད་འཛིན་ལས་ཡུན་གསུམ་པ་འཛིན་ངེས་ལ་ངོས་འཛིན་བྱེད་བཞིན་པ་དང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་འཕེལ་བཞིན་པ་དེར་ལྷོ་ཨ་མི་རི་ཀ་དང་ཨ་ཕི་ར་ཀ། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་ཁག་གཅིག་གིས་བཟང་ཕྱོགས་ཐོག་ནས་གཟིགས་ཀྱི་ཡོད་ཀྱང་། ཨ་རི་དང་ཨོ་སི་ཊི་ལི་ཡ། ཉི་ཧོང་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་དེ་དཀའ་ངལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་རེད། Pew ཉམས་ཞིབ་ལྟེ་གནས་ཁང་གིས་ཁ་སང་ཚེས་ ༢༩ ཉིན་འདོན་སྤེལ་གནང་བའི་དཔྱད་ཞིབ་ཀྱི་གྲུབ་དོན་ནང་། དེ་སྔ་ཕྱི་ལོ་ ༢༠༠༢ ནས་ ༢༠༡༧ བར་ནུབ་ཕྱོགས་ཀྱི་ཡར་ཐོན་རྒྱལ་ཁབ་དེ་དག་ནང་རྒྱ་ནག་ཐོག་ལྟ་སྟངས་དེ་ཕྲན་བུ་ཞན་པོ་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་དམག་དོན་ཤུགས་རྐྱེན་སོགས་ཀྱི་གནད་དོན་ཁྲོད་ཕྱི་ལོ་ ༢༠༡༩ དང་ ༢༠༢༠ ལོར་རྒྱ་ནག་ཐོག་གཟིགས་སྟངས་ཆེས་ཇེ་སྡུག་ཏུ་སོང་ཡོད་སྐོར་བཀོད་འདུག གཙོ་བོ་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ Wuhan ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་དུག་གློ་ཚད་གསར་པའི་ནད་རིམས་ཁྱབ་གདལ་ལ་སྟངས་འཛིན་ལེགས་པོ་བྱས་མེད་པའི་གནས་སྟངས་དང་ཨ་རྒྱ་གཉིས་དབར་ཚོང་འབྲེལ་ཐད་གདོང་ཐུག དྲག་ཤུལ་ཅན་གྱི་ཕྱི་འབྲེལ་སྲིད་བྱུས། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོ་ཐོག་རྒྱ་ནག་གི་དམག་སྟོབས་ཆེ་རུ་བཏང་བ་སོགས་ཀྱི་གནད་དོན་ལས་གཟིགས་ཚུལ་དེ་ལྟར་ཇེ་སྡུག་ཏུ་སོང་བར་མངོན་གསལ་གནང་འདུག་པ་དང་ཆབས་ཅིག ཨ་རིས་གཙོས་པའི་ལྷོ་ཀོ་རི་ཡ། དབྱིན་ཡུལ་བཅས་ཀྱི་མང་ཚོགས་ཁྲོད་ནས་རྒྱ་ནག་ཐོག་ལྟ་སྟངས་དེ་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་གཟིགས་སྣང་ཡོད་མཁན་ཀྱི་བརྒྱ་ཆ་ཇེ་འཕར་འགྲོ་མུས་ཡིན་པར་ཆེས་གསལ་གནང་འདུག Pew ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་རྒན་པ་ལྕམ་སྐུ་ Laura Silver ལགས་ཀྱིས་ Reuters གསར་ཁང་ལ་འཛམ་གླིང་ནང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེས་ཆེར་རྒྱས་བཞིན་པའི་རྒྱལ་ཁབ་ཚོའི་མང་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་གོ་ལ་སྤྱིའི་འགན་འཁུར་གྱི་གདེང་སྤོབས་རྩ་བ་ནས་མེད་པར་གཟིགས་སྟངས་ཤིག་ཡོད་པར་འགྲེལ་བརྗོད་གནང་འདུག་ལ། དེ་བཞིན་ཁོང་གིས་ཨོ་སི་ཊོ་ལི་ཡ་གཙོ་གྱུར་ཁེ་ན་ཌ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་ཀྱིས་རྒྱ་ནག་དང་ཚོང་འབྲེལ་བཅད་ནས་ཨ་རི་དང་ཚོང་འབྲེལ་དམ་ཟབ་གཏོང་བཞིན་ཡོད་པ་གསུངས་ཡོད། ལྷག་པར་དུ་བྱང་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཚོས་རྒྱ་ནག་དང་ཚོང་འབྲེལ་ལས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་གལ་གནད་ཆེ་ཤོས་ལ་ངོས་འཛིན་གནང་གི་ཡོད་པ་དེ་ལྟར་ནའང་། ཨིཛ་རེལ་དང་མ་ལེ་ཤ་ཡ། སིངྒ་པུར། ལྷོ་ཀོ་རི་ཡ་སོགས་མང་ཆེ་བས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་རྒྱུན་གནས་ཐུབ་ཐབས་གནད་ཆེར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག རྩ་བའི་ Pew ཉམས་ཞིབ་ལྟེ་གནས་ཁང་གིས་རེས་གཟའ་ལྷག་པར་ཨ་རིས་གཙོས་པའི་ཡོ་རོབ་རྒྱལ་ཁབ་ཁག་གི་མང་ཚོགས་ཕལ་མོ་ཆེས་རྒྱ་ནག་ཐོག་གཟིགས་ཕྱོགས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དགོངས་འཆར་ཡོད་པའི་དཔྱད་ཞིབ་གྲུབ་དོན་དཔར་བསྐྲུན་གནང་རྗེས་ཕྱི་ཉིན་དེར་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin ཡིས་རྒྱུན་གཏན་གསར་འགོད་ལྷན་ཚོགས་བརྒྱུད་ལྟེ་གནས་ཁང་གིས་དཔར་བསྐྲུན་གནང་བའི་རྒྱ་ནག་ལ་གཟིགས་སྟངས་ཀྱི་གྲུབ་དོན་ལ་ངོས་ལེན་མེད་པ་དང་དེས་གོ་ལའི་མི་འབོར་མང་བའི་དགོངས་འཆར་མཚོན་གྱི་མེད་པར་དགག་པ་བྱས་འདུག་པར་མ་ཟད། རྒྱ་ནག་མང་ཚོགས་ཐེར་འབུམ་ ༡།༤ ཡིས་ཞི་ཅིན་ཕིང་ལ་རྒྱབ་སྐྱོར་དང་གུས་བརྩི་ཞུ་བཞིན་ཡོད་སྐོར་བཤད་འདུག པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

རྒྱལ་ཁབ་སུམ་ཅུ་ལྷག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བློ་འཚབ་གནང་བ།

ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐེངས་ ༥༡ ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རིས་གཙོས་པའི་དབྱིན་ཡུལ་དང་འཇར་མི་ནི། སུད་སི། ཉེ་ཧོང་། དེ་བཞིན་ཚོགས་མི་རྒྱལ་ཁབ་ ༢༧ ལས་གྲུབ་པའི་ཡོ་རོབ་མཐུན་ཚོགས་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་གཙོས་པའི་མངའ་འོག་གི་ས་ཁུལ་ཁག་ཏུ་དྲག་གནོན་དང་ཚོད་འཛིན་བརྒྱུད་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་བརྩི་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་མངོན་གསལ་གྱིས་བློ་འཚབ་གནང་ཡོད། སྐབས་དེར་ལྷན་ཚོགས་ཐོག་ཨ་རིས་རྒྱ་གཞུང་གི་ངོས་ནས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་སྤྱི་དང་སྒོས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཚབས་ཆེན་བྱེད་བཞིན་པའི་ཁར་བོད་མིའི་ངོ་བོ་མཚོན་པའི་ཆོས་རིག་དང་སྐད་ཡིག ལེགས་བྱང་བཅས་པ་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་ཨ་རིའི་ངོས་ནས་མུ་མཐུད་ཐུགས་འཚབ་གནང་བཞིན་ཡོད་སྐོར་གསུངས་འདུག ལྷན་ཚོགས་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱིས་རྒྱལ་ཁབ་ ༢༧ ལས་གྲུབ་པའི་ཡོ་རོབ་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོབ་མིའི་ཐོབ་ཐང་གནས་སྟངས་གླེང་སློང་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་གི་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་གུས་བརྩི་དང་དོན་འཁྱོལ་ལག་བསྟར་བྱས་ཏེ་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་ཀྱིས་གཙོས་པའི་ས་ཁུལ་ཁག་གི་མང་ཚོགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་བྱེད་དགོས་པའི་གཞེན་སྐུལ་གནང་ཡོད། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཌན་མག་དང་འཇར་མི་ནི། ལི་ཐོ་ནི་ཡ། ཉེ་ཧོང་། དབྱིན་ཡུལ། ཧྥི་ལན་ཌི། ནི་ཐར་ལན་ཌི་སོགས་ཀྱིས་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གླེང་སློང་གནང་བར་མ་ཟད་ལྷག་པར་ཡོ་རོབ་རྒྱལ་ཁབ་སུ་ཌེན་གྱིས་བོད་གཙོས་པའི་རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཧ་ཅང་བློ་འཚབ་ཡོད་ཅེས་གསུངས་པ་དང་འབྲེལ། རྒྱ་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་སྤྱི་དང་སྒོས་གྲངས་ཉུང་མི་རིགས་ཁག་གི་རང་དབང་དང་ཐོབ་ཐང་། སྨྲ་བརྗོད་རང་དབང་ལ་གུས་བརྩི་ཞུ་དགོས་ཞེས་གསུངས་ཡོད། སྐབས་དེར་སུད་སི་སྐུ་ཚབ་ཀྱིས་ལྷན་ཚོགས་ཐོག་རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་ཚོགས་ཆུང་གིས་རྒྱ་ནག་ཐོག་སྤེལ་བའི་སྙན་ཐོ་ཞིག་ལུང་འདྲེན་དང་འབྲེལ་ཏེ་བོད་གཙོས་ས་ཁུལ་གཞན་ཁག་ཏུ་རྒྱ་གཞུང་གིས་མང་ཚོགས་ལ་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་བཅུག་པའི་བྱ་སྤྱོད་ལ་སེམས་འཚབ་ཡོད་ཅེས་གསུངས་པ་མ་ཚད་པར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལས་ཁུངས་ནས་དེ་སྔོན་ཤིན་ཅང་ཐོག་སྤེལ་བའི་སྙན་ཐོར་གཞིགས་ཚེ་རྒྱ་ནག་གཞུང་གིས་ཁུལ་དེར་ལག་བསྟར་བྱས་པའི་གནད་དོན་དེ་དག་ནི་འགྲོ་བ་མིའི་རིགས་ལ་སྤེལ་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད་ཅེས་མངོན་གསལ་གནང་འདུག ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Melanie Blondelle ལགས་ཀྱིས་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ནང་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བཙན་དབང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་དང་། ལྷག་པར་ཉེ་ལམ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་མི་མང་ཚོགས་ཀྱི་རིགས་རྫས་བཙན་དབང་གིས་མཁོ་སྒྲུབ་བྱས་པའི་གསང་བའི་ལྟ་སྲུང་གི་ལས་གཞི་བརྒྱུད་དམ་དྲག་ཆེས་ཆེར་བྱེད་བཞིན་ཡོད་པའི་གནད་དོན་སོགས་སྙན་སེང་ཞུས་འདུག་ལ། ད་བར་རྒྱལ་ཚོགས་ཐོག་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་བདེན་དཔང་ར་སྤྲོད་བྱུང་བའི་བྱ་སྤྱོད་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་བའི་ཚབས་ཆེན་གྱི་བྱ་སྤྱོད་དེ་རེད་ཅེས་གསུངས་ཡོད། སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁག་སྙན་སེང་ཞུས་པ་དང་འབྲེལ། བོད་ནང་རྒྱ་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀླད་ཀོར་གྱི་སྲིད་བྱུས་འོག་གཞིས་ལུས་བོད་མི་རྣམས་བཙན་དབང་གིས་ཟུར་བཀག་ཁང་དུ་བཅུག་པ་དང་ནད་ཕོག་པའི་མང་ཚོགས་ལ་སྨན་བཅོས་དང་ཟས་བཅུད་སོགས་ཉེར་མཁོའི་མཐུན་རྐྱེན་ཁག་འཐུས་ཚང་སྦྱོར་སྤྲོད་བྱེད་ཀྱི་མེད་སྟབས་བོད་མི་རྣམས་དམྱལ་བ་མི་ཡུལ་ལྟར་ངལ་བ་ཆེས་ཆེར་མྱངས་དང་མྱོང་བཞིན་པའི་ཡ་ང་བའི་གནས་སྟངས་རྣམས་ལྷན་ཚོགས་ཐོག་སྙན་སེང་ཞུས་པ་དང་ཆབས་ཅིག་རྒྱ་ནག་གཞུང་གི་ངོས་ནས་ནད་ཡམས་ཕོག་པའི་བོད་མི་རྣམས་ལ་དུས་ཐོག་ཏུ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས་པའི་འབོད་སྐུལ་སོགས་གནང་ཡོད།

རྒྱལ་ཚོགས་ནང་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་འདུག

ཨ་རི་དང་ཡོ་རོབ་མཐུན་ཚོགས་གཉིས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བོད་མིས་གཙོས་པའི་ཡུ་གུར་ཁ་ཆེའི་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས་ཏེ་རྒྱ་ནག་གཞུང་ནས་འཕྲལ་མར་བྱ་སྤྱོད་དེ་དག་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུགརྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༡ ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་སྣང་དགོས་པའི་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་ཕེབས་སྐབས་ཨ་རི་སྐུ་ཚབ་ཀྱིས་རྒྱ་ནག་དང་ཨུ་རུ་སུ། ཨབ་གྷན། སི་རི་ཡ། ཨི་རན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་གཏམ་བཤད་གནང་འདུག་པ་དང་། དེའི་ཁྲོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བོད་མིའི་ངོ་བོ་དང་སྐད་ཡིག རིག་གཞུང་། དེ་བཞིན་ཆོས་ཕྱོགས་ཀྱི་གནང་སྒོར་དྲག་གནོན་ཚད་ལས་འགལ་བ་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་བཅས་བོད་མིའི་གནད་དོན་ཐེར་འདོན་གྱིས་ཐུགས་འཚབ་ཡོད་པའི་རྣམ་པ་བསྟན་འདུག རྒྱལ་ཚོགས་ནང་གི་ཨ་རིའི་གཏན་འཇགས་སྐུ་ཚབ་ Kelly Billingsley ལགས་ཀྱིས་རྒྱ་ནག་སྲིད་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་གཙོས་ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བར་ཆེས་ཐུགས་འཚབ་ཀྱི་རྣམ་པ་བསྟན་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཟུར་པ་ལྕམ་སྐུ་ Michelle Bachlet མཆོག་ནས་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་རྒྱ་གཞུང་གིས་ཤིན་ཅང་ནང་ཡུ་གུར་གཙོ་གྱུར་ཁ་ཆེའི་མི་རིགས་རྣམས་བཀག་སྐྱིལ་དང་མནར་གཅོད་སོགས་བཏང་བའི་སྐོར་སྙན་ཐོ་བཏོན་པ་དེར་ཐུགས་སྣང་གནང་དགོས་པ་དང་།  རྒྱ་གཞུང་ནས་འཕྲལ་མར་མནར་གཅོད་བྱེད་ཁག་མཚམས་འཇོག་དང་དེ་བཞིན་དྲང་བདེན་མིན་པའི་ཐོག་ནས་འཛིན་བཟུང་བཀག་སྐྱིལ་བྱས་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་པ་རྣམས་ཀྱི་གནས་སྟངས་ཇི་ཆགས་ཁ་གསལ་བཟོ་དགོས་པ། ཤིན་ཅང་ནང་རང་དབང་ཅན་གྱི་རྟོག་ཞིབ་ཀྱི་སྐུ་ཚབ་མི་སྣ་རྣམས་འགོག་རྐྱེན་མེད་པར་ཕེབས་འཐུས་ཆོག་མཆན་གནང་དགོས་ཞེས་གསུངས་འདུག ཧོང་ཀོང་ནང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་སྐོར་མངོན་གསལ་གནང་འདུག་པར་མ་ཟད་ལྷག་པར་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུའང་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་གནང་མཁན་ཚོར་སུན་གཙེར་དང་དོགས་སྲུང་། དེ་བཞིན་འཇིགས་སྐུལ་སོགས་བྱེད་ཀྱི་ཡོད་སྐོར་བཀོད་འདུག གཞན་ཡང་ཡོ་རོབ་མཐུན་ཚོགས་ཀྱིས་ཀྱང་རྒྱལ་ཚོགས་སུ་དེ་འབྲེལ་གཏམ་བཤད་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བོད་མི་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ཐུགས་འཚབ་དང་སྦྲགས། རྒྱ་ནག་གཞུང་ནས་དམིགས་བསལ་བོད་དང་ཤིན་ཅང་། ནང་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་སྐོར་གསུངས་འདུགདེ་བཞིན་དེའི་ནང་འཛིན་བཟུང་བྱས་པའི་བོད་མི་རྡོ་རྗེ་བཀྲ་ཤིས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས། རིན་ཆེན་ཚུལ་ཁྲིམས་ལགས་བཅས་མཚན་འདོན་གནང་སྟེ་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་ཞེས་སོགས་གསུངས་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཟུར་པ་ Michelle Bachlet མཆོག་གིས་རང་ཉིད་ཀྱི་ལས་གནས་ནས་མ་འཁྱུར་ཙམ་གྱི་གོང་དུ་ཡུན་རིང་ནས་ངང་སྒུག་བྱེད་བཞིན་པའི་ཤིན་ཅང་ནང་གི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། ད་ཆ་ཨ་རིས་གཙོས་པའི་དབྱིན་ཡུལ་དང་རྒྱལ་ཁབ་གཞན་ཁག་ཅིག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཤིན་ཅང་གི་སྙན་ཐོར་གྲོས་བསྡུར་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་པ་དེ་ལྟར་ཡང་། སྙན་ཐོ་དེར་གོ་བསྡུར་དགོས་མིན་ཐད་ལ་རྒྱལ་ཚོགས་ནང་མང་མོས་ཀྱི་འོས་བསྡུ་གནང་དགོས་ཀྱི་འདུག དབྱིན་ཡུལ་གྱི་གཞུང་ཚབ་ Simon Manley ལགས་ཀྱིས་ཁ་སང་རྒྱལ་ཚོགས་ལ་ང་ཚོའི་ངོས་ནས་རྒྱ་ནག་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་སྣང་མེད་དུ་འཇོག་རྒྱུ་མེད་པ་དང་རྒྱལ་ཚོགས་ཀྱིས་ཀྱང་གནད་དོན་འདི་རིགས་ལ་ཁུ་སིམ་བཞུགས་རྒྱུ་མེད་ཅེས་གསུངས་ཡོད། པར་གྱི་བདག་དབང་སྤྱི་ཚོགས་དྲ་རྒྱ་དང་ Getty Images

༸གོང་ས་མཆོག་ལ་ Trinity གཙུག་ལག་སློབ་ཁང་གི་ཆེ་བསྟོད་གཟེངས་རྟགས་འབུལ་དགོས་པའི་ཞུ་སྐུལ།

རྒྱ་ནག་གིས་གནོན་ཤུགས་ལ་ལྟོས་མེད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Trinity གཙུག་ལག་སློབ་ཁང་གི་ཆེ་བསྟོད་གཟེངས་རྟགས་འབུལ་དགོས་པའི་ཞུ་སྐུལ་གནང་འདུག དེ་སྔ་ཕྱི་ལོ་ ༢༠༡༩ ལོར་ Ireland ནང་དུ་རྟེན་གཞི་བྱས་པའི་ Trinity གཙུག་ལག་སློབ་གཉེར་ཁང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐོ་སློབ་དེའི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་གནང་རྒྱུའི་གྲོས་འཆར་ཞིག་ཕེབས་ཡོད་ཀྱང་། སྐབས་དེར་ཆེ་བསྟོད་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོའམ་ཨའིར་ལེན་ཌི་སྲིད་འཛིན་ཟུར་པ་ Mary McAleese ནས་གདན་དོན་དེར་རྒྱ་ནག་ནས་འཁོན་ལེན་ཡོང་སྲིད་པའི་ཞེད་སྣང་ལ་བརྟེན་ནས་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་བཞེས་ཀྱི་གྲོས་འཆར་དེ་ཉིད་ཕྱིར་འཐེན་བྱས་པ་དང་། སྐབས་དེར་གཙུག་ལག་སློབ་ཁང་གི་ལས་བྱེད་རྒན་བགྲེས་ཤིག་གིས་སློབ་གཉེར་ཁང་གི་ངོས་ནས་རྒྱ་ནག་དང་ལྷན་དུ་ལོ་བཅོ་ལྔའི་རིང་ཕན་ཚུན་དབར་འབྲེལ་བ་དམ་ཟབ་བསྐྲུན་ཐུབ་ཡོད། གཟེངས་རྟགས་དེ་༸གོང་ས་མཆོག་ལ་ཕུལ་བའི་ཐོག་ནས་སྔ་གྱི་འབྲེལ་བ་དེ་བློས་བཏང་བ་ནི་གླེན་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད།ཁ་སང་ Independent གསར་ཤོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ད་ལྟའང་ Trinity གཙུག་ལག་སློབ་གཉེར་ཁང་གི་མཚན་གཞུང་ནང་འཁོད་ཡོད་པར་བརྟེན་མགོན་པོ་༸གང་ཉིད་མཆོག་ལ་ Trinity ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་ཐུབ་རྒྱུ་ཡོད་པ་གསུངས་འདུགཨའིར་ལན་ཌི་ Fine Gael ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Barry Ward ལགས་ཀྱིས་གཙུག་ལག་སློབ་ཁང་གི་ཆེ་བསྟོད་གཟེངས་རྟགས་དང་ཤེས་ཡོན་གྱི་བསྟི་གནས་གང་འདྲ་ཞིག་གི་གནད་དོན་ཡིན་རུང་རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་ཀྱི་འཇིགས་སྣང་འོག་མ་ཚུད་པ་ཞིག་དགོས་སྐོར་དང་། ལྷག་པར་དུ་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་ Trinity གཙུག་ལག་སློབ་ཁང་གིས་ཐག་གཅོད་དེ་ནི་སེམས་འཚབ་བྱས་འོས་པའི་ལས་དོན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་སྐོར་གསུངས་བ་མ་ཟད། ཁོང་གིས་གཟའ་འཁོར་སྔོན་མའི་ནང་མཐོ་སློབ་དེའི་འགོ་འཛིན་ལྕམ་སྐུ་ Linda Doyle ལགས་དང་ལྷན་དུ་དམིགས་བསལ་མཇལ་འཕྲད་ཀྱིས་གནད་དོན་དེའི་ཐོག་གླེང་སླེང་གནང་འདུགཁོང་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་མང་པོས་རྒྱ་ནག་གིས་ཁུལ་དེའི་ཤེས་ཡོན་བསྟི་གནས་ཁང་གི་ནང་དུ་གནོན་ཤུགས་ཆེར་འགྲོ་བཞིན་ཡོད་པའི་ཐད་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་དེ་སྔ་ཁོང་ UCD ཞེས་ Dublin གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ལོ་ཤས་བྱས་པའི་སྐབས་སུའང་རྒྱ་ནག་གིས་ཁུང་རྩི་སློབ་གླིང་གི་མིང་ཐོག་ནས་མ་དངུལ་གཏོང་སྟངས་ཀྱི་ཐད་ལ་བློ་བདེ་པོ་བྱུང་མེད་སྐོར་ཡང་གསུངས་འདུགཁོང་གིས་རྒྱ་ནག་གིས་ཤེས་ཡོན་གྱི་སྡེ་ཁག་ཐོག་ཤུགས་རྐྱེན་ཇི་ཡོད་ཐད་སེམས་འཚབ་དང་འབྲེལ། དཔེར་ན་སློབ་ཕྲུག་ཚོས་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞི་དོན་རྐྱེན་དང་། ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི། དེ་བཞིན་ཡུ་གུར་མི་རིགས་སྡེབ་གསོད་སོགས་ཀྱི་སྐོར་ལ་དཔྱད་རྩོམ་འབྲི་འདོད་ཡོད་ཚེ། དེར་རྒྱབ་སྐྱོརཐོབ་མིན་གྱི་དྲི་བ་བཏང་བ་དང་འབྲེལ། ལྷག་པར་རྒྱ་ནག་གཞུང་གིས་དེ་ལྟར་སྐྱོན་བརྗོད་བྱེད་མཁན་ཚོར་འཕྲུལ་ལས་བརྒྱུད་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་ལ་དམིགས་བསལ་གྱི་ཐུགས་འཚབ་ཡོད་པ་གསལ་འདོན་གནང་འདུག ཁོང་གིས་གསུང་དོན་ལྟར་ན། དེ་སྔ་ཁོང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་བསོད་ཀྱི་གནད་དོན་སྐོར་གསུངས་པའི་རྗེས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་འབོད་འགུག་བྱས་པ་དང་། སྐབས་དེར་ Irish གི་གཞུང་འབྲེལ་མི་སྣས་ཁོང་ལ་གལ་ཏེ་རྒྱ་ནག་གི་གཞུང་ཚབ་ཁང་དུ་བསྐྱོད་ཚེ་ཁོ་ཚོས་འཕྲུལ་རིག་བརྒྱུད་ནས་ཁ་པར་ནང་གི་གནས་ཚུལ་ཡོངས་རྗོགས་རྐུ་འཁྱེར་བྱེད་ཀྱི་ཡོད་པར་བརྟེན་རང་ཉིད་ཀྱི་ཁ་པར་འཁྱེར་རྒྱུ་མེད་པའི་ཉེན་བརྡའང་བཏང་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་རྒྱལ་ཡོངས་འཐུས་མི་བདམས་ཟིན་པ།

ཟླ་བ་རྗེས་མར་འཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་རྣམས་ཀྱི་མིང་གསལ་འདོན་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ཡང་བསྐྱར་ནན་བྱས་འདུགདེ་ཡང་ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུའ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རིང་མིན་ཟླ་བ་ ༡༠ པའི་ཚེས་ ༡༦ ཉིན་འཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་ཁྱོན་ ༢༢༩༦ བདམ་པའི་ལས་དོན་ཡོངས་རྗོགས་བདེ་བླག་ངང་ལེགས་འགྲུབ་ཟིན་སྐོར་དང་འབྲེལ། ཞི་ཅིན་ཕིང་གི་མིང་དེ་ཨང་ ༣༦ ཐོག་བཀོད་པ་མ་ཟད། རྒྱལ་ཡོངས་འཐུས་མི་དེ་དག་དམར་ཤོག་ཚོགས་པའི་རྩ་ཁྲིམས་གཞིར་བཟུང་གྱི་འདེམས་ཡོད་སྐོར་དང་། དེའང་ བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འདེམས་བསྐོའི་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་སྐོར་བཀོད་འདུག རྩ་བའི་ལོ་བཅུ་རའི་ནང་ཐེངས་གཉིས་རེ་ལས་ཚོགས་སྲོལ་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེ་ཚོགས་ལ་རན་པ་དང་བསྟུན། ཁ་སང་སྤྱི་ཚོགས་དྲ་ལམ་ཁག་དང་། ལྷག་པར་བརྒྱུད་ལམ་ཁག་གི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བཟང་བཙོན་གྱི་གནས་སྟངས་འོག་ཡོད་ལུགས་དང་། ཁོང་གི་དམག་གི་དབང་ཆ་འཕྲོག་ཟིན་ལུགས་ཀྱི་གནས་ཚུལ་བཀོད་དེ་ཁྱབ་བརྡལ་ཆེན་པོ་ཕྱིན་ཡོད་པ་རེད།འོན་ཀྱང་གནད་དོན་དེའི་ཐོག་དཔྱད་ཞིབ་པ་ཁག་གཅིག་གིས་གནས་ཚུལ་དེ་བདེན་པ་མིན་སྐོར་བརྗོད་ཡོད་པ་མ་ཟད། ཨ་རིར་གནས་བཞུགས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་དེ་རིང་རང་ཉིད་ཀྱི་ངོ་དེབ་ཐོག་གནས་ཚུལ་དེའི་སྐོར་ལ་དཔྱད་ཞིབ་གནང་བའི་ནང་དུའང་། རྒྱ་ནག་དམར་ཤོག་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་བཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་༢༠༠༠ ལྷག་ཙམ་བདམ་པའི་མིང་གཞུང་ནང་ཞི་ཅིན་ཕིང་གི་མིང་གསལ་འདོན་བྱུང་བ་དེ་ལས་ཤུགས་ཀྱིས་གནས་ཚུལ་དེ་ཉིད་ཕལ་ཆེར་བདེན་པ་མིན་པའི་གཟིགས་ཚུལ་འགྲེལ་བརྗོད་གནང་འདུགདེ་བཞིན་འདི་ག་རླུང་འཕྲིན་ཁང་གིས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱན་མཚན་ལགས་སུ་ཞི་ཅིན་ཕིང་དང་འབྲེལ་བའི་གནས་ཚུལ་དེ་བྱུང་དོན་ཐོག་བཀའ་འདྲི་ཞུ་སྐབས་ཞི་ཅིན་ཕིང་གི་དབང་སྒྱུར་འོག་རྒྱ་ནག་རྒྱལ་ཁབ་ནང་རང་དབང་མེད་པའི་ཐོག་དབང་ཆ་གཅིག་སྡུད་ཀྱིས་མང་གཙོ་ལ་ཁ་གཏད་བཅོག་པའི་རྒྱལ་སྤྱིའི་ཐོག་སྲིད་བྱུས་འཛིན་སྟངས་དང་། རྒྱ་ནག་ནང་ཁུལ་ལ་ལྐོག་ཟ་རུལ་སུངས་གཙང་སེལ་གྱི་སྲིད་བྱུས་འོག་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་མང་པོ་ཞིག་གོ་གནས་ནས་གནས་དབྱུང་བཏང་བ་མ་ཟད། བཙོན་འཇུག་གི་ཁྲིམས་ཆད་བཏང་བ་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ཏེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་མདོར་ན་རྒྱ་ནག་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁོར་ཡུག་ཧ་ཅང་ཉམས་རྒུད་དུ་སོང་བར་བརྟེན་ནང་ཁུལ་གྱི་འགལ་ཟླའི་དབང་གིས་དེ་ལྟར་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།གཞི་རྩའི་བརྒྱུད་ལམ་ཁག་གི་ནང་ཁ་སྔོན་ཕྱི་ཚེས་ ༡༥ དང་ ༡༦ བཅས་ཉིན་གཉིས་རིང་ཨུཛ་བེགྷིས་ཏན་ནང་ Shanghai Cooperation Organisation ཞེས་པའི་ཚོགས་ཆེན་དེ་གྲུབ་མཚམས་སུ་ཞི་ཅིན་ཕིང་སླར་རྒྱ་ནག་ནང་དུ་ལོག་པའི་རྗེས་མང་ཚོགས་ཀྱིས་མཐོང་རྒྱུ་མེད་གནས་ཚུལ་བྱུང་འཕྲལ་ད་ལྟ་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་བཞིན་པའི་གནས་ཚུལ་དེ་བྱུང་ཡོད་པ་དང་། ཁག་གཅིག་གིས་ད་ལྟའི་འཆར་རྒྱ་ནག་ནང་ཏོག་དབྱིབས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་ཁྲོད་ཞི་ཅིན་ཕིག་བཟུར་བཀག་ལ་ཡོད་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

རྒྱལ་ཚོགས་ཀྱིས་བོད་ནང་གི་ནད་ཡམས་ཀྱི་གནས་སྟངས་ལ་ཞིབ་འཇུག་དགོས་པའི་ཞུ་སྙན་ཕུལ་འདུག

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱིས་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་ཀྱི་སྲིད་བྱུས་ལ་ཁག་དཀྲིས་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་ཁག་ཏུ་བོད་མི་མང་ཚོགས་ཐོག་དྲག་གནོན་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་སྦྱོར་གྱི་མེད་པའི་གནད་དོན་ཐད་ལ་ནན་ཏན་གྱིས་ཞིབ་འཇུག་གནང་དགོས་པ་གཙོས་དོན་ཚན་གསུམ་ཅན་གྱི་ཞུ་གཏུག་གི་སྙན་ཞུ་ཞིག་རྒྱལ་ཚོགས་ཀྱི་ཆེས་མཐོའ་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་མཚན་ཐོག་ལ་ཕུལ་འདུག སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ འཚོགས་བཞིན་པ་དང་བསྟུན་ཕྱི་ཚེས་ ༢༣ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Volker Turk མཆོག་ལ་དོན་ཚན་གསུམ་ཅན་གྱི་བོད་དོན་ཞུ་གཏུག་གི་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་ཀྱི་སྲིད་བྱུས་ལ་ཁག་དཀྲིས་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་ཁག་ཏུ་བོད་མི་མང་ཚོགས་ཐོག་དྲག་གནོན་དང་དྲ་ཐོག་བརྒྱུད་ས་གནས་དངོས་ཀྱི་གནས་ཚུལ་སྤེལ་མཁན་རྣམས་འཛིན་བཟུང་བཀག་ཉར་བྱས་པ་དང། དེ་བཞིན་ཟུར་བཀག་ཁང་དང་ནད་གསོ་ཁང་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པར་མ་ཟད་སྨན་བཅོས་དང་ཞལ་ལག་སོགས་དགོས་ངེས་ཅན་གྱི་མཐུན་རྐྱེན་འཐུས་ཚང་སྦྱོར་གྱི་མེད་པའི་གནད་དོན་ཐོག་ལ་ནན་ཏན་གྱིས་ཞིབ་འཇུག་གནང་དགོས་པ་སོགས་ཞུ་གཏུག་གི་སྙན་ཞུ་ཞིག་ཕུལ་འདུག སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ འཚོགས་བཞིན་པ་བསྟུན་ནས་ད་ལྟའི་བོད་ནང་གི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་གཙོས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཉམ་སྲེ་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་སྲོལ་དང་བཅས་པ་རྩ་མེད་བཟོས་ཏེ་བོད་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་། ལྷག་པར་དུ་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་འོག་གར་ཡོད་ཤེས་རྟོགས་མེད་པར་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་བཅས་འཁོད་པའི་དོན་ཚན་གསུམ་ཅན་གྱི་ཞུ་གཏུག་གནང་ཡོད་སྐོར་གསུངས་སོང་།

Latest news