Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བདེ་མཆོག་ལཱུ་ཨི་པའི་བཀའ་དབང་ཞུ་བར་ཆོས་ཞུ་བས་ཐུགས་འཇགས་དགོས་པའི་གཞེན་བསྐུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༨ ནས་ ༡༠ བར་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་བསྟུན། བཀའ་དབང་སྐབས་ཆོས་ཞུ་བ་ཡོངས་ནས་བྱུང་ན་ལཱུ་ཨི་པའི་བདག་བསྐྱེད་དང་མ་མཐའ་ནའང་དག་པ་གསུམ་གྱི་རྣལ་འབྱོར་ཁ་འདོན་དུ་ཁས་ལེན་ངེས་པར་དུ་དགོས་པའི་གསལ་བསྒྲགས་གནང་འདུགཁ་སྔོན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་སྤེལ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་གཏན་ཁེལ་བའི་༸དཔལ་འཁོར་ལོ་སྡོམ་པ་ལཱུ་ཨི་པའི་བཀའ་དབང་སྐབས་ཆོས་ཞུ་བ་ཡོངས་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དོན་གཉེར་སྦྱངས་པ་ཡོད་པའི་ཐོག བྱུང་ན་ལཱུ་ཨི་པའི་བདག་བསྐྱེད་དང་། མ་མཐའ་ནའང་དག་པ་གསུམ་གྱི་རྣལ་འབྱོར་ཁ་འདོན་དུ་ཁས་ལེན་ངེས་པར་དགོས་པ་དེ་ལུགས་དབང་ཞུ་བ་ཡོངས་ཀྱིས་དགོངས་འཇགས་ཡོད་པ་ཞུ་ཞེས་བཀའ་ཡིག་སྩལ་འདུག   གཞི་རྩའི་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་འདི་ལོའི་ཟླ་ ༧ ཚེས་ ༨ ནས་ ༡༠ བཅས་ཉིན་གྲངས་གསུམ་རིང་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་ཕྱི་ཚེས་ ༩ དང་ ༡༠ བཅས་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་གཏན་ཁེལ་ཡོད་པ་རེད།

༸གོང་ས་མཆོག་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་སླར་ཆིབས་བསྒྱུར་མཛད་པ།  

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སླར་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་༧༌༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཞོགས་པ་དུས་ཚོད་སྟོང་པ་ཡོད་པ་དང་། ཉིན་དགུང་མཇལ་ཁ་ཁ་ཤས་ཡོད་པ་ལས་སྔ་དྲོ་ལས་རིམ་གཞན་མེད་པས་ངོས་རང་འདིར་ཡོང་བ་ཡིན། མི་མང་པོ་ཞིག་གིས་མ་ཎི་རིལ་བུ་ལོངས་སུ་སྤྱོད་པ་དང་རྩ་ཆེན་པོར་རྩིས་བཞིིན་ཡོད་པས་མ་ཎི་ཏོག་ཙམ་གསོག་ཐུབ་ན་བསམ་སོང་ཞེས་བཀའ་བསྩལ་སོང་།མགོན་པོ་༸གང་ཉིད་མཆོག་མ་ཎི་གསོག་སྒྲུབ་མཛད་རྗེས་ཕོ་བྲང་དུ་ཆིབས་སྒྱུར་གྱིས་བོད་རིགས་དང་རྒྱ་གར་བ། སོག་པོ་བཅས་ཀྱི་མི་སྣ་ཁག་གཅིག་ལ་མཇལ་ཁ་སྩལ་ཡོད་པ་རེད། གཞི་རྩའི་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་བ་འདིའི་ཕྱི་ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་བོད་རིགས་གཞོན་སྐྱེས་རྣམས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་བསྟུན་༸རྒྱལ་བའི་ཕོ་བྲང་ནས་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོ་གའི་ཐོག་ནས་མ་ཎི་རིལ་བུ་གསོག་སྒྲུབ་གནང་བཞིན་ཡོད་པ་རེད།རྩ་བའི་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ནམ་ཡིན་ལ་མ་ཎི་དུང་སྒྲུབ་གསོག་གནང་གི་ཡོད་པ་དང་། ད་ལན་མ་ནི་དུང་སྒྲུབ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཞབས་བརྟན་གཙོས་བོད་བསྟན་སྲིད་སྤྱིའི་བདེ་ཐབས་སླད་དུ་ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་ནས་དབུ་འཛུགས་ཀྱིས་གཟའ་འཁོར་གཅིག་གི་རིང་ཚོགས་བཞིན་ཡོད་པ་རེད།

ས་ག་ཟླ་བའི་དུས་ཆེན་ཉིན་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ། 

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ཟླའི་དུས་ཆེན་ཉིན་མོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གཉིས་རིང་གི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། རིང་མིན་མགོན་པོ་༸གང་ཉིད་མཆོག་ལ་བོད་མིའི་ཚོགས་སྡེ་ཁག་ཅིག་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་འདུགལོ་ཤས་གོང་ནས་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༦ ཚེས་ ༡༣ བོད་ཟླ་ ༤ ཚེས་ ༡༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་ཚོགས་ལ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྟ་གོན་དང་ཕྱི་ཚེས་ ༡༤ ཉིན་དབང་དངོས་གཞི་དང་། རྗེའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་སྩལ་གཏན་ཁེལ་འདུགཕྱི་ཟླ་ ༧ ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་། དེ་ཡང་ཚེས་ ༨ ཉིན་གྱི་སྔ་དྲོ་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་། ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དངོས་གཞིའི་བཀའ་དབང་ཡང་སྩལ་གཏན་ཁེལ་ཡོད་པ་རེད།དེ་དང་ཕྱོགས་མཚུངས་རིང་མིན་གཞུང་འབྲེལ་མིན་པའི་ཚོགས་ཁག་ཅིག་ནས་ཕྱི་ཟླ་ ༦ དང་། ༩ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་ཁག་ཅིག་ཐུགས་ཁེལ་འདུག དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢༤ བོད་ཟླ་ ༤ ཚེས་ ༢༦ རེས་གཟའ་པ་སངས་ཉིན་མངའ་རིས་སྤྱི་མཐུན་ཚོགས་པ་དང་། བྱང་རིགས་གཞིས་བྱེས། བྱེས་འབྱོར་ཡ་འབྲོག འཇོལ་ཀོང་རྒྱལ་བ་གསུམ་བཅས་ཀྱི་རྒྱུན་ལས་དང་། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ་བཅས་ཚོགས་སྒེར་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༩ ཚེས་ ༧ བོད་ཟླ་ ༧ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་མོན་ཡུལ་ལྷ་སྡེ་མི་སྡེ་དང་། གཞིས་བྱེས་ཇོ་ནང་པ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་སློབ་ཁག་གཉིས་ཀྱི་དགེ་ལས་སློབ་ཟུར་ཐུན་མོང་། སིཌ་ནི་བོད་རིགས་མཐུན་ཚོགས། མདོ་སྨད་མང་འབའ་བྱ་གསུམ་བཅས་ཀྱིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་ཁེལ་འདུགརྩ་བའི་འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཤུགས་ཆེར་སོང་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་བརྒྱུད་མང་ཚོགས་ལ་བཀའ་ཆོས་དང་བཀའ་དབང་། བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱས་པར་བསྐྱངས་ཡོད་ཀྱང་། ད་ཆ་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་ཞི་སྟབས་རིམ་པས་སྔར་བཞིན་མཛད་འཆར་ཁག་མུ་མཐུད་བསྐྱང་གནང་མཛད་བཞིན་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།

༸རྒྱལ་བའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་དབུ་འཛུགས་གནང་བ་དང་བསྟུན་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་ཚོགས་མགོན་དུ་དབུ་བཞུགས་མཛད་སོང་།རྩ་བའི་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གཉིས་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་སྐབས་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཆོ་གའི་ཐོག་ནས་མ་ཎི་རིལ་བུ་གསོག་སྒྲུབ་གནང་བཞིན་ཡོད་པ་རེད། གཞི་རྩའི་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ནམ་ཡིན་ལ་མ་ཎི་དུང་སྒྲུབ་གསོག་གནང་གི་ཡོད་པ་དང་། དེའང་སྔ་དྲོ་ཚོུད་ ༦༌༣༠ ནས་ ༡༡༌༣༠ བར་དང་ཉིན་རྒྱབ་ཚོུད་ ༡༌༣༠ ནས་ ༥ བར་ཚོགས་ཀྱི་ཡོད་པ་རེད།གཤམ་དུ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་གྲྭའི་དཔེ་ཁྲིད་སློབ་དཔོན་དགེ་བཤེས་བློ་བཟང་གྲགས་པ་ལགས་ལ་མ་ཎི་དུང་སྒྲུབ་ཀྱི་གོ་དོན་དང་ཚོགས་དམིགས་སོགས་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཞུས་པའི་བརྙན་པར་གྱི་དྲ་ཐག་བཀོད་ཡོད་པས་གསན་གཟིགས་ཡོང་བ་ཞུ། https://www.youtube.com/watch?v=yzJS1k-aoQE

 ཁྱེད་རང་ཚོས་ངོས་ལ་རྩིས་པོ་ཡོད་ན་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམས་ཤིག

དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གཉིས་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་མཇུག་སྒྲིལདང་སྦྲགས་ཏེ་༸གོང་ས་མཆོག་གིས་༸རྒྱལ་བ་རིན་པོ་ཆེས་རྩ་ཆེན་པོ་རྩིས་ས་དེ་བྱང་ཆུབ་ཀྱི་སེམས་ཡིན་སྟབས། ཁྱེད་རང་ཚོས་ངོས་ལ་རྩིས་པོ་ཡོད་ན་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམས་ཤིག་ཅེས་བཀའ་སྩལ་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༧ པ་མ་ཟིན་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཚོགས་བརྒལ་བའི་འདུ་འཛོམས་གནང་ཡུལ་ཐེག་ཆེན་ཆོས་གླིང་དུ་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་སྤྱན་རས་གཟིགས་ཀྱི་བཀའ་དབང་དངོས་གཞི་དབུ་འཛུགས་མཛད་པ་དང་འབྲེལ། ༸གོང་ས་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ནི་ནང་པའི་ལུང་པ་མང་པོར་རྩ་ཆེན་པོ་རྩིས་ཀྱི་ཡོད་པ་དང་རྒྱ་ནག་ལྟ་བུ་ནང་དུའང་ཨ་ཝ་ལོ་ཀི་ཏེཤ་ཝ་ར་ཟེར་ནས་རྩ་ཆེན་པོ་རྩིས་ཀྱི་ཡོད་མ་ཟད་བོད་ལ་ཆ་བཞག་ན་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཆགས་ཏེ་སྔར་ཆོས་རྒྱལ་ཚོའི་སྐབས་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པར་བཀའ་སྩལ་མཛད་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བཀའ་དབང་སྩལ་བའི་ཁྲོད་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པས་སེམས་ལ་ཞི་བདེ་ཡོང་གི་ཡོད་པ་དང་། སེམས་ལ་ཞི་བདེ་ཡོང་བའི་རྒྱུ་རྐྱེན་ལ་བརྟེན་ནས་ལུས་པོ་བདེ་ཐང་ཡོང་གི་ཡོད་སྟབས། སེམས་ལ་ཞི་བདེ་འཐོབ་རྒྱུ་དེ་ནི་འཕྲོད་བསྟེན་ལེགས་ཤོས་རེད། ཁྱེད་རང་ཚོའི་སེམས་ཀྱི་ཞི་བདེར་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།༸གོང་ས་མཆོག་གིས་ཁྱེད་རང་ཚོས་གལ་ཏེ་༸རྒྱལ་བ་རིན་པོ་ཆེ་བླ་མར་བརྩིས་ཀྱི་ཡོད་ན། ༸རྒྱལ་བ་རིན་པོ་ཆེས་རྩ་ཆེན་པོར་བརྩི་ས་དེ་བྱང་ཆུབ་ཀྱི་སེམས་ཡིན། ཁྱེད་རང་ཚོས་ངོས་ལ་རྩིས་པོ་ཡོད་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམས་ཤིག་ཅེས་བཀའ་སྩལ་ཡོད།ད་དུང་མགོན་༸གང་ཉིད་མཆོག་གིས་ངོས་རང་རྒྱ་གར་ནང་བསྡད་ནས་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་བྱེད་ཐུབ་པ་ཆགས་ཡོད་པ་དེ་ལྟར་ནའང་བོད་ནང་ཡོད་པ་ཡིན་ན་དེ་ལྟར་གནང་དཀའ་སྐོར་བཀའ་སྩལ་བ་དང་འབྲེལ། ཁྱེད་རང་ཚོས་རང་ཉིད་ཀྱི་ངོ་ཤེས་པ་ཚོར་༸སྐུ་མདུན་གྱིས་སེམས་བཟང་པོ་དང་ཀུན་ལ་ཕན་སེམས། དེ་བཞིན་མ་ཎི་བགྲོངས་ཤིག་ཅེས་བཀའ་སྩལ་སྐོར་ལན་སྤྲོད་དགོས་ཞེས་བཀའ་སྩལ་མཛད་སོང།སྤྱིར་ཐེངས་འདིའི་ཆོས་འབྲེལ་ཐོག་རྒྱ་གར་གཙོས་པའི་ཨ་རི་ནས་སློབ་གྲྭ་དང་མཐོ་སློབ་འགྲིམ་བཞིན་པའི་བོད་ཕྲུག་ ༣༠༠༠ མན་ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གཉིས་ཀྱི་བཀའ་ཆོས་རྣམས་རྣམ་ཀུན་ལྟར་སྐད་ཡིག་སྣ་མང་ཐོག་ཐད་སྲིང་གནང་ཡོད།དེ་རིང་༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་དབང་དངོས་གཞི་སྩལ་སྒྲུབ་རྗེས་ངོས་ཀྱི་དམིགས་འོག་ཏུ་ཡོད་པའི་བོད་ཀྱི་རྒྱ་ཆེ་མི་མང་རྣམས་ནི་༸རྒྱལ་བ་རིན་པོ་ཆེར་ཡིད་ཆེས་རྩེ་གཅིག་བྱེད་མཁན་ཤ་སྟག་ཆགས་ཡོད་ཁྱེད་རང་ཚོར་དབང་ཐོབ་ཡོད་ལ། ངོས་ལ་རྒྱ་རིགས་དད་མོས་ཡོད་མཁན་ཚོས་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་བརླབས་འཇུག་པར་ཤོག་ཟེར་ནས་སྨོན་ལམ་སྐྱོན་གྱི་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་དང་སེམས་སྐྱིད་པོ་བགྱིས་ཤིག ངོས་རང་ལོ་ན་ ༨༧ ལ་བསླེབས་ཡོད་པ་དང་ད་དུང་ལོ་བཅོ་ལྔ་ཉི་ཤུ་བསྡད་རྒྱུ་ཡིན། བོད་ནང་གི་དཀའ་ངལ་དེ་རིམ་པས་སེལ་ཐུབ་ཀྱི་རེད་ཅེས་ཀྱི་བཀའ་སྩལ་སོང་། ༸སྐུ་པར་ཁག་ཅིག་གི་བདག་དབང་༸སྐུ་སྒེར་ཡིག་ཚང་།

བོད་རིགས་གཞོན་སྐྱེས་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གྲངས་གཉིས་རིང་བསྐྱང་རྒྱུའི་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་ཡོན་ཏན་གཞིར་འགྱུར་མ། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་སོང་། དེ་རིང་ཉིན་དང་པོའི་སྔ་དྲོ་ཕྱག་ཚོད་ ༦།༣༠ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྤོས་སྣེའི་སྤྱན་འདྲེན་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་གཙོས་པའི་མང་ཚོགས་སྟོང་ཕྲག་ལྷག་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་སོང་། སྐབས་དེར་༸གོང་ས་མཆོག་གིས་དྲ་རྒྱ་བརྒྱུད་བཀའ་དབང་ཞུ་མཁན་ཚོར་དབང་ཐོབ་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ། སྡོད་ས་ཉེ་འགྱངས་ཀྱི་ཁྱད་པར་མེད་པ་དང་དད་པ་དམ་ཚིག་ལའང་ས་མཚམས་མེད་སྟབས། ངོས་ཀྱིས་བོད་ནང་གི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་གཙོས་པའི་རྒྱ་རིགས་ནང་པ་དད་མོས་ཡོད་མཁན་ཚང་མ་ དམིགས་འོག་ཏུ་བཅུག་གི་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་བའི་ཁྲོད་བོད་ཕྲུག་ཚོའི་ངོས་ནས་ཕྱག་དཔེ་བལྟ་དགོས་གལ་ཡིན་པ་དང་དེ་ལྟར་གནང་བར་ངེས་པར་དུ་རབ་ཏུ་བྱུང་མི་དགོས། ང་ཚོ་སྟོན་པའི་རྗེས་འབྲངས་པ་ཞིག་ཡིན་སྟབས། ཕྱག་དཔེ་གཟིགས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་སྐོར་ལམ་སྟོན་བཀྲིན་ཆེ་བ་སྩལ་བ་དང་ཆབས་ཅིག བོད་ཕྲུག་ཚོའི་ཚད་མ་རིག་པའི་འགྲོ་སྟངས་ལ་དོ་སྣང་རྒྱ་གང་ཆེ་བྱེད་དགོས་པ་དང་། རིགས་ལམ་གྱི་ཐོག་ནས་སྐད་ཆ་བཤད་རྒྱུ་དེ་དག་ཆོས་དད་ཀྱི་སྐད་ཆ་ཞིག་མིན་པ་དང་། མཚན་ཉིད་རིགས་པའི་འགྲོ་སྟངས་ཤེས་པ་དེས་རང་ཉིད་སྒེར་གྱི་མི་ཚེལའང་ཕན་ཐོགས་ཡོད་པར་བཀའ་སྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོར་བཀའ་ཆོས་སྩལ་རྒྱུ་དེ་དྷ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་བོད་ཁྱིམ་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་པ་ལྟར་དྷ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་དེ་ལྟར་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གང་ཡིན་དང་ཐེངས་འདིའི་བཀའ་ཆོས་ཐོག་བོད་ཕྲུག་ཐོ་འགོད་གནང་མཁན་ག་ཚོད་བྱུང་ཡོད་པ་སོགས་ཀྱི་ཐོག་བཅར་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གིས་དུས་ཀུན་ཏུ་བོད་རིགས་གཞོན་སྐྱེས་ཚོས་ནང་ཆོས་ཐོག་སློབ་སྦྱོང་བྱེད་དགོས་གལ་དང་ནང་ཆོས་ཀྱི་ཐོག་ནས་འཛ་གླིང་སྤྱིར་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ཡོད་སྐོར་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་ལྟར་ང་ཚོས་ཕྱི་ལོ་ ༢༠༠༧ ནས་བཟུང་ལོ་ལྟར་མ་ཆད་པར་༸མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་བཀའ་ཆོས་བསྩལ་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་ཐེངས་འདིའི་བོད་རིགས་གཞོན་སྐྱེས་རྣམས་ལ་སྩལ་བའི་བཀའ་ཆོས་འདི་ནི་ཐེངས་ ༡༥ པ་ཆགས་ཀྱི་ཡོད་པ་དང་བཀའ་ཆོས་ཞུ་བར་ཐོ་འགོད་གནང་མཁན་བོད་ཕྲུག་ ༣༠༠༠ མིན་ཙམ་བྱུང་ཡོད་པར་ངོ་སྤྲོད་གནང་ཡོད།རྩ་བའི་༸གོང་ས་མཆོག་གི་བཀའ་ཆོས་རྣམས་དུས་རྒྱུན་བཞིན་སྐད་ཡིག་སྣ་མང་ཐོག་ཐད་སྲིང་གནང་ཡོད་པ་དང་། སང་ཉིན་ཉིན་གཉིས་པའི་བཀའ་ཆོས་ཐོག་༸གོང་ས་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དངོས་གཞི་སྩལ་གནང་མཛད་རྒྱུ་ཡིན་པ་རེད།  ༸གོང་མཆོག་གི་མཛད་རིམ་ལ་གཞིགས་ན། ཕྱི་ཟླ་ ༦ ཚེས་ ༡༤ བོད་ཟླ་ ༤ ཚེས་ ༡༥ ས་ག་ཟླ་བའི་དུས་ཆེན་ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཟླ་ ༧ ཚེས་ ༨ ནས་ཚེས་ ༡༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་བཞུགས་སྒར་དྷརྨ་སཱ་ལཱར་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་མ་ཟད། དེའང་ཚེས་ ༨ ཉིན་གྱི་སྔ་དྲོ་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་ཕྱི་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་གཏན་ཁེལ་ཡོད་པ་རེད། ༸སྐུ་པར་ཁག་ཅིག་གི་བདག་དབང་༸སྐུ་སྒེར་ཡིག་ཚང་།

སེམས་ཀྱི་ཞི་བདེ་སྐྲུན་མཁན་བོད་ཀྱི་ཆོས་རིག་གིས་རྒྱ་ནག་མི་མང་དུང་ཕྱུར་ཁ་ཤས་ཡོད་པ་ཚོར་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཟོ་བསྐྲུན་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་དཔེ་དེབ་དང་ www.monlamdic.com ཞེས་པའི་ཚིག་མཛོད་ཆེན་མོའི་དྲ་རྒྱ་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྐྱོན་དུ་བལྟས་ནས་མེད་པར་བཟོ་ཐབས་དང་། ཐ་ན་བོད་ཡིག་སློབ་པ་ལའང་དམ་དྲག་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་སེམས་ཀྱི་ཞི་བདེ་སྐྲུན་མཁན་བོད་ཀྱི་ཆོས་རིག་གིས་འཛམ་བུ་གླིང་སྤྱི་དང་སྒོས་རྒྱ་ནག་མི་མང་དུང་ཕྱུར་ཁ་ཤས་ཡོད་པ་ལ་དངོས་ཡོད་ཀྱིས་སེམས་ཀྱི་ཞི་བདེ་དང་། སྤྱི་ཚོགས་བག་ཕེབས་དང་ཞི་བདེ་ཡོང་བ་ལ་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་བཀའ་སྩལ་སོང་།དེ་རིང་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་གཞུགས་སྒར་དུ་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་པོ་དང་འབྲེལ་བའི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་དང་སྨོན་ལམ་ཚིག་མཛོད་ཆེན་མོའི་དྲ་རྒྱ་དབུ་འབྱེད་བཀའ་དྲིན་སྩལ་ཡོད།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་གངས་ཅན་པའི་ཆོས་དང་རིག་གཞུང་ཧ་ཅང་གི་ཕྱུག་པོ་ཡིན་པ་མ་ཟད། བོད་ཀྱི་རིག་གཞུང་གིས་ཁ་ཡོད་ལག་ཡོད་ཀྱིས་མིའི་སེམས་ལ་ཞི་བདེ་སྤྲོད་ཐུབ་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་། མགོན་པོ་༸གང་ཉིད་མཆོག་ལ་ཆ་མཚོན་ན་བོད་ཀྱི་རིག་གཞུང་ལ་སྦྱང་པའི་དགེ་སློང་ཞིག་ཆགས་ཡོད། གང་ལྟར་སོ་སོའི་ལུང་པར་བྲལ་ཏེ་བཙན་བྱོལ་ལ་སླེབས་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ཀྱང་སེམས་ཀྱི་ཞི་བདེ་དཀྲུགས་ཐུབ་ཀྱི་མི་འདུག་ལ། དེར་གནས་ཐུབ་ཡོད་པ་དེ་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་དང་གོམས་གཤིས་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ལམ་སྟོན་སྩལ་སོང་།མགོན་པོ་མཆོག་གིས་བོད་མིའི་ངོས་ནས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་མཐའ་གཅིག་ཏུ་རང་བཙན་རྩོད་ཀྱི་མེད་པ་དང་། རང་སྐྱོང་གི་མིང་ཐོག་ནས་བདག་པོ་ཡག་པོ་རྒྱག་ཐུབ་པ་ཞིག་དང་། དེའི་ཐོག་རྒྱ་ནག་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཁྱབ་སྤེལ་གཏོང་ཐུབ་ན། འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ནང་དུ་ང་ཚོའི་བྱམས་པ་དང་བརྩེ་བའི་ཤུགས་རྐྱེན་ཏན་ཏན་བྱུང་ཐུབ་པ་ཞིག་རེད། ཚང་མས་སེམས་ཤུགས་བསྐྱེད་ནས་གནང་ཤོག་ཅེས་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་སྩལ་ཡོད།༸གོང་ས་མཆོག་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་མི་ཡོངས་ལ་ཡི་རངས་བསྔགས་བརྗོད་མཛད་པ་དང་སྦྲགས་ཏེ། ཚིག་མཛོད་འདི་ལྟ་བུ་རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་ལམ་སྟོན་དང་། དང་ཐོག་རྒྱ་ནག་སྐམ་ས་ཆེན་མོར་ཐད་ཀར་གཏོང་མ་ཐུབ་ཀྱང་ཐེ་ཝན་དང་ཧོང་ཀོང་ལ་གཏོང་བའི་འབད་བརྩོན་གནང་དགོས་ཞེས་དང་། རྒྱ་མི་གུང་ཁྲན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་དུག་རེད་ཟེར་བར་ཆོས་གང་འདྲ་ཡོད་པ་དང་། རིག་གཞུང་གང་འདྲ་ཡོད་པ་སྟོན་ཐུབ་པ་ཞིག་དང་། རིམ་བཞིན་རྒྱ་རིགས་སྤུན་ཟླ་ཚོས་ཤེས་ཐུབ་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ལམ་སྟོན་རྒྱ་ཆེར་མཛད་ཡོད།བོད་ཀྱི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་རྒྱ་གར་ཕགས་པའི་ཡུལ་དུ་དེང་སྐབས་ནུབ་ཕྱོགས་ཀྱི་དེང་དུས་ཤེས་ཡོན་དང་འཕྲུལ་ཆས་ཡག་པོ་ཡོད་སྟབས། རྒྱ་གར་བ་ཚོས་སྔ་མོའི་རིག་གཞུང་འདི་དང་དེ་རིང་ཁ་སང་གི་དངོས་པོ་ཡར་རྒྱས་གཉིས་པོ་ཟུང་འབྲེལ་ཐོག་ནས་གནང་ཐུབ་ཡག་ཡོད་སྐོར་དང་འབྲེལ། ༸སྐུའི་འཕྲོད་བཞེས་ཀྱི་གནས་ཚུལ་ཡག་པོ་བྱུང་སོང་ན་རིང་མིན་མགོན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དེ་ལྡི་ལི་བཙུག་ལག་སློབ་གྲྭ་ཁག་གི་དགེ་རྒན་རྣམས་དང་མཇལ་འཕྲད་མཛད་དེ་དེ་དག་ཐོག་བཀའ་བསྡུར་མཛད་འཆར་ཡོད་པར་བཀའ་སྩལ་སོང་།གཞི་རྩའི་དེ་རིང་གི་མཛད་སྒོ་ཐོག་དམིགས་བསལ་སྐུ་མགྲོན་དུ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་ས་སྐྱ་ཁྲི་འཛིན་ ༤༢ པ་དང་ ༤༣ པ། ཞྭ་དཀར་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཕེབས་གནང་འདུག ༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོག་རྩོམ་སྒྲིག་པའི་ཕྱག་ལས་གནང་མཁན་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་ ༡༡༣ སྐོར་ཞིག་ལ་གཟེངས་བསྟོད་ཕྱག་འཁྱེར་སྩལ་གནང་མཛད་སོང་།བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག ༸དཔལ་ས་སྐྱ་ཁྲི་འཛིན་ ༤༣ པ་མཆོག་བཅས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་སྐྱོང་དང་ཆོས་བརྒྱུད་གྲུབ་མཐའ་ཁག་དང་། ཤེས་ཡོན་སྡེ་ཚན་ཁག་མཉམ་འབྲེལ་གྱིས་རྩོམ་སྒྲིག་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་དང་ཚིག་མཛོད་ཆེན་མོའི་ལས་གཞི་སྤེལ་ཐུབ་པར་ཡི་རང་བསྔགས་བརྗོད་མཛད་ཡོད། བོད་ཀྱི་སྐད་ཡིག་འདི་ད་ལྟ་སའི་གོ་ལ་འདིའི་སྟེང་དུ་སྐད་ཡིག་ ༧༠༠༠ ལྷག་ཙམ་ཞིག་གསོན་གནས་ཡོད་པའི་ཁྲོད་ནས་ནང་པའི་ཆོས་དང་ནང་དོན་རིག་པའི་གཞུང་ལུགས་ཀྱི་རང་རྩོམ་དང་སྒྲ་སྒྱུར་གཉིས་ཀའི་ཐོག་ནས་གྲངས་འབོར་དང་སྤུས་ཚད་ཐོག་ནས་རྩེ་ཕུད་སོན་པ་དེ་བོད་ཀྱི་ཡིག་ཆགས་ཡོད་སྟབས། མ་འོངས་པར་ནང་པའི་གཞུང་ལུགས་ལ་གཟིགས་དགོས་ཚེ་བོད་སྐད་ལ་མ་བལྟ་ཐབས་མེད་དང་། བོད་སྐད་ཡག་པོ་ཤེས་པར་བོད་ཀྱི་ཚིག་མཛོད་འདི་ལྟ་བུར་བལྟ་དགོས་པ་ཞིག་ཆགས་པར་བརྟེན་མ་འོངས་པའི་མི་རབས་ཚོས་ལས་གཞི་འདིའི་རིགས་རྒྱུན་འཛིན་གལ་ཆགས་ཡོད་པ་སོགས་གསུངས་སོང་།བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་བཅས་ཀྱིས་བོད་ནང་རྒྱ་ནག་གི་དྲག་གནོན་འོག་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་ཁྲོད་ལས་གཞི་འདི་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་ཡོད།རྩ་བའི་དེ་རིང་དབུ་འབྱེད་གནང་བའི་སྨོན་ལམ་ཚིགས་འཛོད་ཆེན་མོ་དང་དྲ་རྒྱ་དབུ་བྱེད་གནང་བ་དེ་དག་གི་ཆེད་དུ་ཆོས་བརྒྱུད་ཁག་འདྲ་མིན་གྱི་མི་ ༢༠༠ ལྷག་གིས་ལོ་ངོ་ ༩ ཙམ་གྱི་རིང་ལ་རྩོམ་སྒྲིག་ཕྱག་ལས་གནང་ཡོད་པ་ལྟར་མཛད་སྒོའི་དངོས་གཞི་ཐོག་ཕེབས་ཐུབ་པ་མི་གྲངས་ ༡༡༣ བྱུང་འདུག

བོད་ཀྱི་གནས་སྟངས་ལ་གཞིགས་ཏེ་དགུང་གྲངས་བརྒྱ་ཙམ་བཞུགས་རྒྱུར་བཀའ་བཞེས་སྨིན་སྩལ།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་༸དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་གཙོས་པའི་བོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་སྦྲགས། བོད་ཀྱི་གནས་སྟངས་ལ་གཞིགས་ཏེ་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་རིང་པོར་བཞུགས་མ་ཐུབ་ཚེ་སངས་རྒྱས་པའི་བསྟན་པ་སྤྱི་དང་སྒོས་བོད་རྒྱ་ཆེ་མི་མང་གི་རེ་འདོད་བསྒྲུབ་ཀྱི་མེད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་ཙམ་བཞུགས་རྒྱུར་བཀའ་བཞེས་བཟང་པོ་སྨིན་མཛད་སོང་། ༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ལོ་གཉིས་ཙམ་གྱི་གོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དགུང་གེགས་དང་བསྟུན་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་ཡོད་པ་དེ་ལྟར་ནའང་། དུས་ཡུན་དེའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་བའི་རྐྱེན་གྱིས་བྱུང་མེད་པ་རེད། ད་ཆ་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་ཡར་རྒྱས་སུ་སོང་བར་བརྟེན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ངོས་ནས་བཀའ་བཞེས་སྨིན་སྩལ་ཐོབ་དོན་བཞིན་ཉེ་ལམ་ཕྱི་ཚེས་ ༢༠ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་རྣམས་ལྡེ་ར་ལྡུན་ནས་ཆིབས་ཐོན་གྱིས་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་གནང་སྟེ་ཕྱི་ཚེས་ ༢༡ ནས་དབུ་འཛུགས་ཀྱིས་བརྟན་བཞུགས་སྒྲུབ་ཞག་གནང་ཡོད།དེ་རིང་བརྟན་བཞུགས་བསྟར་འབུལ་དངོས་གཞི་སྔ་དྲོ་ཕྱག་ཚོད་ ༨ ཙམ་ལ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆོན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སུ་༸དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ ༤༣ པ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་དངོས་དང་འབྲེལ་བའི་མཎྡྲལ་ལྗགས་བཤད་གནང་སོང་།བརྟན་བཞུགས་བསྟར་འབུལ་ཞུ་གྲུབ་མཚམས་སུ་་༸གོང་ས་མཆོག་གིས་དེ་རིང་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་གཉིས་ཀྱིས་དབུས་པའི་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་པ་དང་སྦྲགས། བོད་བསྟན་སྲིད་སྤྱིའི་གནས་སྟངས་ལ་གཞིགས་ཏེ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་རིང་པོར་བཞུགས་མ་ཐུབ་ཚེ་སངས་རྒྱས་པའི་བསྟན་པ་སྤྱི་དང་སྒོས་བོད་རྒྱ་ཆེ་མི་མང་གི་རེ་འདོད་བསྒྲུབ་ཀྱི་མེད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་ཙམ་བཞུགས་རྒྱུར་བཀའ་བཞེས་བཟང་པོ་སྨིན་མཛད་ཡོད་པར་མ་ཟད། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རིས་སུ་མ་ཆེད་པའི་ཆོས་བརྒྱུད་ཁག་སོ་སོར་ཐུན་མོང་མ་ཡིན་པའི་མན་ངག་གང་ཡོད་པ་དེ་ཆོས་བརྒྱུད་གཞན་དང་མ་འདྲ་བ་ཞིག་ཆགས་ཀྱི་ཡོད་སྐོར་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་། ཐེངས་འདིའི་བརྟན་བཞུགས་འདི་ནི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་ལ་ཚོགས་སྡེ་ཁག་མང་པོས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པའི་ཁོངས་ནས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་གི་བརྟན་བཞུགས་ཐོག་ས་ཕྱོགས་འདྲ་མིན་ནས་བཅར་བའི་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པའི་སྐུ་ཚབ་མི་སྣ་དང་། སྤུར་ཝ་ལ་ས་སྐྱའི་གཞིས་ཆགས། དེ་བཞིན་ལྡེ་ར་ལྡུན་དང་ཌལ་ཧོར་སོགས་ནས་བོད་མིསྟོང་ཕྲག་མང་པོ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འདུ་འཛོམས་གནང་ཡོད་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་སྐབས་སུ་བོད་གོང་དཀར་ལུགས་ཀྱི་གོང་དཀར་རྔ་འཆམ་གྱི་སྤྱན་འདྲེན་དང་། དེ་བཞིན་ས་སྐྱ་གཞིས་ཆགས་དང་བོད་ཀྱི་ཟློས་གར་ཚོགས་པས་བཀྲིས་ཞོལ་པ་དང་མཆོད་དབྱངས་སོགས་ཕུལ་ནས་ཆོས་དང་འཇིག་རྟེན་གཉིས་ཟུང་འབྲེལ་གྱི་ཐོག་ནས་སྤྱན་འདྲེན་ཞུས་ཡོད་པ་དང་། བོད་མི་སྟོང་ཕྲག་མང་པོས་ཕྱག་ལ་དཀར་གཙག་གི་མཇལ་དར་དང་གདུག་སྤོས། དེ་བཞིན་མེ་ཏོག་བཅས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཐེངས་འདིའི་བརྟན་བཞུགས་ཡོངས་སུ་གྲུབ་པའི་རྗེས་སུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་རྣམ་པ་དང་། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་སྐུ་མགྲོན་རྣམས་ལ་དགོང་དྲོ་བོད་ཀྱི་ཟློས་གར་ཚོགས་པར་བོད་ཀྱི་ཐུན་མིན་རིག་གཞུང་གི་རྐང་བྲོ་གླུ་གཞས་ཁག་ཅིག་གཟིགས་འབུལ་དང་གསོལ་སྟོན་བཤམ་གྱི་ཡོད་པ་རེད། ༸སྐུ་པར་གྱི་བདག་དབང་༸དཔལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གིས་ཨོསྟྲེ་ལི་ཡཱི་སྲིད་བློན་གསར་པར་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Anthony Albanese ལགས་ཨོསྟྲེ་ལི་ཡཱིའི་Australia རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་སྟེ་ཡུལ་དེའི་སྲིད་བློན་སྐབས་ ༣༡ པར་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། མ་འོངས་ལས་དོན་དང་མི་མང་གི་མངོན་འདོད་ཁག་གང་ལེགས་གྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུགཁ་ཉིན་ཕྱི་ཚེས་ ༢༡ ཉིན་Australia ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་སྟེ་ཨོ་གླིང་ངལ་རྩོལ་ཚོགས་པ་ལ་རྒྱལ་ཁ་ཐོབ་སྟེ་ཚོགས་པའི་འགན་འཛིན་སྐུ་ཞབས་ Anthony Albanese ལགས་ཀྱིས་དེ་རིང་ཨོསྟྲེ་ལི་ཡཱིའི་སྲིད་བློན་གྱི་ལས་ཁུར་དམ་འབུལ་བཞེས་ཡོད་པ་ལྟར། ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Anthony Albanese ལགས་ལ་དགའ་བསུའི་འཚམས་འདྲི་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༨༢ ལོར་ཨོསྟྲེ་ལི་ཡཱའི་རྒྱལ་ཁབ་ཏུ་ཐོག་མར་ཆིབས་བསྒྱུར་མཛད་པ་ནས་བཟུང་ད་བར་ཁུལ་དེའི་ནང་ཡོད་པའི་ཤེས་རིག་གི་བསྟི་གནས་དང་ཞི་བདེའི་ཚོགས་པ་ཁག་གི་མགྲོན་འབོད་ཞུས་དོན་བཞིན་ཁུལ་དེར་ཡང་ཡང་ཆིབས་བསྒྱུར་མཛད་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། སྐབས་དེར་ལས་རིགས་འདྲ་མིན་གཉེར་བཞིན་པའི་ས་གནས་མི་མང་གི་གུ་ཡངས་དང་བག་ཕེབས་ཀྱི་བསམ་བློས་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་ཚོར་ཆེན་པོ་སྦྱིན་མྱོང་ཡོད་སྐོར་བཀའ་སྩལ་བ་དང་དང་ཆབས་ཅིག ས་གནས་མི་མང་ཚོས་མགོན་པོ་མཆོག་གིས་བྱམས་སྙིང་རྗེ་དང་། བཟོད་སྒོམ། དགོངས་ཡངས་སོགས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་ཆོས་ལུགས་མཐུན་འབྲེལ་ཐོག་ཐུགས་བརྩོན་མཛད་བཞིན་ཁག་ལ་དོ་སྣང་དང་དགའ་མོས་གནང་བཞིན་པ་དེས་ཐུགས་འགུལ་ཆེན་པོ་ཐེབས་ཡོད་སྐོར་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་ནས་ཨོསྟྲེ་ལི་ཡཱ་མི་མང་དང་དབུ་ཁྲིད་རིམ་བྱོན་གྱིས་ད་བར་བོད་མི་ཚོ་ལ་རང་ཉིད་ཀྱི་ནང་པའི་རིག་གཞུང་རྒྱུན་འཛིན་བྱེད་རྒྱུར་རྒྱབ་སྐྱོར་གནང་དང་གནང་བཞིན་དེ་ནི་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པ་དང་། ནང་པའི་གཞུང་ནས་གསུངས་བའི་འཚེ་མེད་ཞི་བ་དང་། སྙིང་རྗེའི་བསླབ་བྱ་ཁག་ནི་གང་ཟག་སྒེར་གྱི་སེམས་ལ་ཞི་བདེ་བསྐྲུན་རྒྱུ་མ་ཚད་པར་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་ནུས་པ་ལྡན་ཡོད་པ་སོགས་བཀའ་སྩལ་བ་དང་སྦྲགས། སྐུ་ཞབས་ Anthony Albanese ལགས་གིས་སྲིད་བློན་གྱི་ལས་ཡུན་རིང་ལ་ཨོསྟྲེ་ལི་ཡཱ་མི་མང་གི་རེ་བ་དང་མངོན་འདོད་ཁག་བསྒྲུབ་རྒྱུ་དང་། ཞི་བདེ་དང་མཛའ་མཐུན་ལྡན་པའི་འཛམ་གླིང་བསྐྲུན་ཆེད་ཡོང་འགྱུར་གྱི་དཀའ་སྡུག་ཁག་ལ་གདོང་ལེན་གནང་ཐུབ་པའི་ཐུགས་སྨོན་མཛད་ཡོད།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་གིས་ཀྱང་སྐུ་ཞབས་ Anthony Albanese ལགས་ཨོསྟྲེ་ལི་ཡཱའི་སྲིད་བློན་གྱི་ཐུགས་འགན་བཞེས་པར་འཚམས་འདྲི་དང་སྦྲགས། སྲིད་འཛིན་ལས་ཡུན་རིང་ད་བར་གཞུང་འཛིན་རིམ་བྱོན་ནས་བོད་དོན་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་རྒྱབ་སྐྱོར་དང་རོགས་གནང་ཁག་མུ་མཐུན་གནང་སྐྱོང་ཡོང་བའི་ཐུགས་རེ་ཡོད་ཅེས་གསུངས་འདུགརྩ་བའི་ཐེངས་འདིའི་ཨོསྟྲེ་ལི་ཡཱའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་དུ་ཨོ་གླིང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ་དེ་ནི་འདས་པའི་ལོ་བཅུའི་ནང་གི་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། སྐུ་ཞབས་ Anthony Albanese ལགས་ཀྱི་དེ་རིང་སྲིད་བློན་གྱི་ལས་ཁུར་དམ་འབུལ་ཞུས་གྲུབ་མཚམས་སུ་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་སྐབས་ད་ལྟའི་ཆར་ཨོསྟྲེ་ལི་ཡཱ་དང་རྒྱ་ནག་གི་གཉིས་ཀྱི་འབྲེལ་བ་ནི་གནས་སྟངས་ཁག་པོ་ཞིག་གི་ཐོག་གནས་ཡོད་པ་དང་། འགག་རྩ་གཙོ་བོ་དེ་རྒྱ་ནག་ལ་ཐུག་ཡོད་པ་དང་ཨོསྟྲེ་ལི་ཡཱའི་ངོས་ནས་རང་ཉིད་ཀྱི་རིན་ཐང་དང་ལངས་ཕྱོགས་ཁག་སྲུང་སྐྱོབ་ངེས་ཅན་གནང་ངེས་ཡིན་པ་གསུངས་འདུག

Latest news