Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་པའི་སྤྱི་ཚོགས་ནང་དུ་བུད་མེད་ལ་རྩུབ་སྤྱོད་རིགས་འགོག་ཐབས་ཀྱི་ལམ་སྟོན་དཔེ་དེབ་གསར་ཐོན།

བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ངོས་ནས། བོད་པའི་སྤྱི་ཚོགས་ཀྱི་ནང་དུ་བུད་མེད་ཀྱི་གཙོ་བྱས་པའི་ཕོ་མོ་ཡོངས་ལ་ཆགས་སྲེད་རྩུབ་སྤྱོད་འགོག་ཐབས་སྲིད་བྱུས་སམ། ལམ་སྟོན་སྟོན་གྱི་དཔེ་དེབ་ཅིག་གསར་དུ་བརྩམས་ཏེ། བཞུགས་སྒར་གྱི་དབུས་བུད་མེད་ལྷན་ཚོགས་དང་དུས་རྒྱུན་ནས་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་ཁག་ཅིག་ལ་ཐེངས་འདིའི་དཔེ་དེབ་དེའི་བརྗོད་བྱ་ཁག་ངོ་སྤྲོད་ཀྱི་ལས་རིམ་ཞིག་འཚོགས་བཞིན་འདུག གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ལས་བྱེད་ཚེ་རིང་སྐྱིད་ལགས་སུ་ཐེངས་འདིར་དཔར་སྐྲུན་གནང་བའི་ཆགས་སྲེད་ཀྱི་རྩུབ་སྤྱོད་འགོག་ཐབས་ཀྱི་དཔེ་དེབ་དེའི་བརྗོད་བྱ་ཆེ་ཁག་གི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། བརྗོད་བྱ་ཆེ་ཁག་ནི། རང་རེའི་བོད་པའི་སྤྱི་ཚོགས་ཀྱི་ནང་དུ། བཙན་གཡེམ་དང་དྲག་སྤྱོད། དེ་བཞིན་ཆགས་སྲེད་ཀྱི་རྩུབ་སྤྱོད་སོགས་ཡོང་གི་ཡོད་དུས། ཐེངས་འདིའི་དཔེ་ཀྱི་ནང་དུ། གཙོ་བོ་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་གི་གཙོ་བྱས་པའི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཚོགས་པ་གསར་འཛུགས་བྱས་ཏེ་དྲག་སྤྱོད་ཀྱི་རིགས་འགོག་ཐབས་དང་། དེ་བཞིན་ཁྲིམས་ཐོག་ནས་བོད་མི་རྣམས་ཀྱིས་རང་ཉིད་ལ་འཕྲད་བཞིན་པའི་རྩུབ་སྤྱོད་ཀྱི་དཀའ་ངལ་རིགས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་དང་འབྲེལ་མཐུད་སོགས་འཁོད་ཡོད་པར་ངོ་སྤྲོད་གནང་ཡོད།དེ་བཞིན་ཁོང་གིས། བོད་མིའི་སྒྲིག་འཛུགས་ཀྱི་བུད་ནུས་སྟོབས་ཚན་གོང་སྤེལ་ཚན་པའི་་ལས་གཞིའི་འོག བོད་ཀྱི་བུད་མེད་རོགས་རམ་འབྲེལ་མཐུད་ལས་ཁུངས་ཞེས་པ་ཞིག་ཀྱང་གསར་འཛུགས་བྱས་ཡོད་པ་མ་ཟད། སྡེ་ཚན་དེའི་ངོས་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་བུད་མེད་ལ་རྩིབ་སྤྱོད་རིགས་ག་རེ་འཕྲད་པ་ཡིན་ནའང་། རྒྱ་གར་གྱུ་ཡུལ་ཁྲིམས་དང་མཐུན་པའི་ངོས་ནས་ཉེན་རྟོག་པར་ཡར་ཞུ་དང་ཁྲིམས་ཁང་ལ་ཞུ་གཏུག་སོགས་ཀྱི་ལས་གཞི་གཉེར་བཞིན་ཡོད་སྐོར་ཡང་ངོ་སྤྲོད་གནང་ཡོད། གསར་འགོད་པས་ཁོང་ལ་ཉེ་སྔོན་ནས་བོད་ཀྱི་བུད་མེད་ཀྱི་རོགས་རམ་འབྲེལ་མཐུད་ཀྱི་སྦྱར་ཡིག་དེ་སྤྱི་ཚོགས་དྲ་ལམ་དུ་བཀྲམས་ཟིན་པ་ཞིག་ཡིན་སྟབས། ད་ལྟའི་བར་དུ་ཆགས་སྲེད་ཀྱི་དཀའ་ངལ་འཕྲལ་ནས་འབྲེལ་མཐུད་ཁང་ལ་ཡར་ཞུ་བྱེད་མཁན་བྱུང་ཡོད་མེད་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་བར་དུ་བུད་མེད་བཅུ་གྲངས་ཤིག་གིས་འབྲེལ་མཐུད་ཁང་ལ་གནས་ཚུལ་ཡར་ཞུ་བྱས་ཡོད་ལུགས་ངོ་སྤྲོད་ཀྱིས། དེ་དག་ལས་མང་ཆེ་བ་བཟའ་ཚང་བར་གྱི་ཁྱིམ་གྱི་རྩུབ་སྤྱོད་ཀྱི་རིགས་ཡིན་པ་དང་། ཡང་འགའ་ཤས་ཀྱིས་རང་ཉིད་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་ཐད་ནས་དོགས་འདྲི་བྱས་ཡོད་པ་སོགས་ཡིན་ལུགས་མངོན་གསལ་གྱིས། བོད་ཀྱི་བུད་མེད་རྣམས་ཀྱིས་ངོ་ཚ་མི་དགོས་བའི་ཐོག་ནས་མུ་མཐུད་དུ་འབྲེལ་མཐུད་ཁང་ལ་འབྲེལ་གཏུག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། དེ་དང་འབྲེལ་ནས་ཁོང་གིས། གཞི་རྩའི་བོད་ཀྱི་བུད་མེད་རོགས་རམ་འབྲེལ་མཐུད་ལས་ཁུངས་ཀྱི་ཁྱབ་བསྒྲགས་ཀྱི་ནང་དུ་བུད་མེད་ལ་རྩུབ་སྤྱོད་འཕྲད་རིགས་ལ་རོགས་རམ་བྱེད་རྒྱུའི་གནད་དོན་འཁོད་ཡོད་ནའང་། ཐེངས་འདིའི་སྲིད་བྱུས་རང་བཞིན་གྱི་དཔེ་དེབ་ཀྱི་ནང་དུ་བུད་མེད་ཙམ་མིན་པར། སྐྱེས་བ་ཕོ་རྣམས་ལ་ཡང་ཆགས་སྲེད་རྩུབ་སྤྱོད་ཀྱི་རིགས་ཀྱི་དཀའ་ངལ་འགོག་ཐབས་ཀྱི་སྐོར་ནས་ལམ་སྟོན་བྱས་ཡོད་ལུགས་ངོ་སྤྲོད་གནང་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་དེ་ནི་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཁོངས་སུ་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། ཐེངས་འདིའི་སྲིད་བྱུས་རང་བཞིན་གྱི་དཔེ་དེབ་དེ་ནི་ ༢༠༡༨ ལོ་ནས་འགོ་འཛུགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གཞན་ཡང་རྒྱ་གར་གྱི་སྤྱི་ཚོགས་ནང་གི་ཆེད་མཁས་མི་སྣ་སོགས་ཆེད་སྐོང་གིས་ཐེངས་གཉིས་ལ་ཚོགས་འདུ་ཚོགས་ནས་གྲོས་བསྡུར་རིམ་པ་བྱས་པའི་གྲུབ་དོན་དུ་ཉེ་ཆར་རང་དཔར་སྐྲུན་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

ལྕམ་སྐུ་ Jacinda Ardern མཆོག་ལ་འོས་བསྡུའི་ནང་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི།

ཁ་ཉིན་རེས་གཟའ་ཉི་མའི་ཉིན་ NewZealand འོས་བསྡུའི་ཆེན་མོའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་སྤེལ་བའི་ཐོག ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ བར་ཡུལ་དེའི་སྲིད་བློན་གྱི་འགན་ཁུར་བཞེས་བཞིན་པའི་ལྕམ་ Jacinda Ardern མཆོག་གི་སྣེ་ཁྲིད་པའི་ངལ་རྩོལ་ཚོགས་པར། འོས་བསྡུའི་ནང་ཚད་མཐོའི་མང་མོས་ཀྱི་རྒྱལ་ཁ་ཐོབ་པའི་གནས་ཚུལ་ཐོན་མ་ཐག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་ Jacinda མཆོག་ལ་འོས་བསྡུའི་ནང་སླར་ཡང་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་མཛད་འདུག

སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་དགོངས་རྫོགས་ལ་བོད་མི་གཞུང་སྒེར་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད།

ཁེ་ཉིན། ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་ལོ་ངོ་མང་ཤོས་སུ་རྒྱ་ནག་གི་བཙོན་ཁང་དུ་བཞུག་མཁན། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས། དགུང་ལོ་ ༩༡ ཐོག་སུད་སིའི་ས་གནས་ Turbenthal ཞེས་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། བོད་མིའི་སྙིང་སྟོབས་དང་དཔའ་ངར་གྱི་མཚོན་རྟགས་ལྟ་བུའི་ཆབ་སྲིད་བཙོན་ཟུར་ཁོང་སྐུ་ཚེ་འཕེན་པ་རྫོགས་པ་དང་འབྲེལ་ནས། འཛམ་གླིང་གི་ས་ཕྱོགས་གང་སར་གནས་བའི་བོད་ཀྱི་ཚོགས་པ་སྐྱིད་སྡུག་དང་མི་སྒེར་མང་པོ་ཞིག་གིས་དམ་པ་གང་ཉིད་དགོངས་པ་རྫོགས་པར་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་སྨོན་སྐྱབས་འཇུག་ཞུ་བཞིན་འདུག

སྲིད་སྐྱོང་མཆོག་ཐེངས་དང་པོར་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་མགྲོན་འབོད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་སུ་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ཟླ་༡༠ ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་ཐོག་ཐེངས་དང་པོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ Harry S. Truman building ནང་མགྲོན་འབོད་གནང་སྟེ་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གྱི་ཐད་ནས་གླེང་མོལ་བྱུང་ཡོད་པར་འཁོད་འདུགཁ་སང་གི་མགྲོན་འབོད་ཀྱི་སྐབས་སུ། སྲིད་སྐྱོང་མཆོག་གིས་ཁེ་ཉིན་ཨ་རི་གཞུང་གིས་བསྐོ་བཞག་གནང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་སྐུ་ཞབས་ Robert A. Destro  མཆོག་ལ་ཐུག་འཕྲད་གནང་སྟེ། སྐུ་ཞབས་ཁོང་བོད་དོན་གྱི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་བར་དགའ་བསུ་ཞུས་པ་དང་འབྲེལ། སྐུ་ཞབས་ཁོང་གིས་དབུ་མའི་ལམ་བརྒྱུད་ནས་བོད་རྒྱ་འབྲེལ་མོལ་ལ་ཤུགས་སྣོན་རྒྱག་དགོས་བའི་འབོད་སྐུལ་དང་མཉམ་དུ། ད་ཆ་རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་དཀའ་རྙོག་སློང་བཞིན་པའི་གནས་ཚུལ་ཡར་ཞུ་བྱས་ཏེ། གང་མགྱོགས་སྐུ་ཚབ་ཁོང་བཞུགས་སྒར་རྡ་སར་ཆེད་ཕེབས་གནང་རྒྱུར་རེ་བ་ཞུས་པ་ལྟར། དམིགས་བསལ་སྐུ་ཚབ་མཆོག་གིས་ཀྱང་ཁོང་གིས་མ་འོངས་བར་སྲིད་སྐྱོང་དང་མཉམ་འབྲེལ་གྱིས་བོད་དོན་གྱི་ཐད་ནས་ཕྱག་ལས་གནང་རྒྱུ་ཡིན་པའི་ལན་འདེབས་གནང་འདུག དེ་བཞིན་སྐབས་དེར་སྲིད་སྐྱོང་མཆོག་གིས། ཨ་རིའི་སྲིད་གཞུང་གིས་འདི་ལོར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་དགོས་བའི་གལ་གནད་འགྲེལ་བརྗོད་ཀྱིས། རྒྱ་ནག་གི་དབང་བསྒྱུར་འོག  ད་ལྟའི་ཆར་བོད་ནང་གི་གནས་སྟངས་སྤྱི་ཡོངས་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། འདི་ལོའི་ཟླ་བ་དགུ་བའི་ནང་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་ལག་བསྟར་བྱེད་བཞིན་པ་ལྟར་བོད་ཁུལ་དུ་ཡང་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་བཙུགས་ནས་བོད་མི་རྣམས་བཀག་སྐྱིལ་བྱེད་བཞིན་པ་མངོན་གསལ་གནང་བ་དང་འབྲེལ། ཨ་རིའི་སྲིད་གཞུང་གིས་བོད་དོན་རྒྱབ་སྐྱོར་བྱས་པ་དེ་ནི་མ་འོངས་བའི་བོད་པའི་སྲིད་སྐྱོང་རྣམས་ལ་ཡང་ལམ་ཁ་གསར་བ་ཞིག་སྐྲུན་ཡོད་པ་ལྟར། བོད་མི་རྣམས་ཀྱིས་མུ་མཐུད་ནས་ཨ་རིའི་སྲིད་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་བར་དུ་འབྲེལ་མོལ་མང་དུ་ཡོང་རྒྱུར་ཤུགས་སྣོན་བྱེད་རྒྱུ་ཡིན་པར་གསུངས་འདུགརྩ་བའི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་Bloomberg གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་བསྐོ་བཞག་གནང་བའི་སྐོར་གྱི་གནས་ཚུལ་ཕྱི་ལ་ཐོན་མ་ཐག  རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Zhao Lijian གྱིས་ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Robert A. Destro མཆོག་བསྐོ་གཞག་གནང་བ་དེ་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས། དེ་བཞིན་བོད་ནང་བརྟན་བརླིང་མེད་པར་གཏོང་ཆེད་བཟོས་པ་ཞིག་ཡིན་པར་བསྙད་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་སུ་འཁོད་པ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༩ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་སྐྱོང་དམ་འབུལ་གནང་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་གཞུང་འབྲེལ་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ལ་ཡི་གེ་བཏང་སྟེ་་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིལ་ལྷན་ཁང་ལ་བཅར་ཐུབ་མིན་སྐོར་འབྲེལ་བ་གནང་བ་ལྟར།  ད་ཆ་ལོ་དགུའི་རྗེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དང་གཅིག་མཚུངས་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་ཐུག་འཕྲད་གནང་བ་དེ་ནི་འཐབ་ཇུས་ཀྱི་གལ་གནད་ཆེན་པོ་ཞིག་ཡིན་པར་འཁོད་འདུག གཞི་རྩའི་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༨ བར་གཞུང་འབྲེལ་མིན་པའི་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་མི་སྣ་ཚོར་ཟ་ཁང་ཁག་གི་ནང་ཐུག་འཕྲད་གནང་ཡོད་ཀྱང་ཐུག་འཕྲད་སྐོར་གྱི་གནས་ཚུལ་གསང་ཉར་བྱས་ཡོད་པ་མ་ཟད། པར་ཡང་ལེན་དུ་བཅུག་མེད་ནའང་། ད་ཆ་སྲིད་སྐྱོང་མཆོག་དངོས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་གདན་འདྲེན་བྱས་པ་དེ་ནི་ཐོག་དང་པོ་ཆགས་ཡོད་པ་རེད།ཐེངས་འདིའི་སྲིད་སྐྱོང་མཆོག་གི་མགྲོན་འབོད་དང་བསྟུན་ནས། ཨ་རིའི་དོན་གཅོད་ཁང་གིས་དོན་གཅོད་པ། དངོས་གྲུབ་ཚེ་རིང་ལགས་ཀྱིས།  ཨ་རིའི་སྲིད་གཞུང་གི་ལས་ཁུངས་མ་འདྲ་བ་གཞན་དགུ་བརྒྱུད་ནས་ཐེངས་འདིའི་མཇལ་འཕྲད་དེ་གྲུབ་པ་ཞིག་ཡིན་པར་ལུང་འདྲེན་གྱིས།  མཇལ་འཕྲད་འདི་ནི་ཨ་རིའི་སྲིད་གཞུང་གིས་བོད་མིའི་སྒྲིག་འཛུགས་འདི་ཞི་བདེའི་ལམ་ལ་ཕྱོགས་བཞིན་པར་ཡིད་ཆེ་འཕེར་བའི་རྟགས་མཚན་ཞིག་ཡིན་པར་བསྒྲགས་ཏེ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གཉིས་ཀྱིས་ཐེངས་འདིའི་མཇལ་འཕྲད་དེར་ཤུགས་སྣོན་བྱས་པར་བཀའ་དྲིན་ཆེ་ཞུས་འདུག རྩ་བའི་ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཨ་རིའི་མི་འབོར་དང་སྐྱབས་བཅོལ། གཞིས་སྤོ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པ་  Richard Albright མཆོག་དང་། དྲུང་ཆེ་ལས་རོགས་གཞོན་པ་ Carol Thompson O’Connell མཆོག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་རྒན་པ་ཁག་ཅིག་ལའང་ཐུག་འཕྲད་གནང་འདུག

ཨ་རིའི་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་འདུག

ཁ་སང་ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་རྩོལ་བཅས་ཀྱི་གནད་དོན་དང་འབྲེལ་བའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Robert A. Destro  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བའི་གསལ་བསྒྲགས་སྤེལ་སོང་།

ཛ་དྲག་སྐབས་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་གསོལ་སྨན་བསྟེན་གཏུག་གནང་དགོས།

རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེ་འགྲོ་བའི་ཁར་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ནང་གི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་མི་ ༡༦༨ ལ་ཏོག་དབྱིབས་གཉན་རིམས་ཕོག་པ་དང་སྦྲགས།  ཛ་དྲག་བྱུང་ན་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་གསོལ་སྨན་བསྟེན་གཏུག་གནང་དགོས་ཞེས་གསུངས་སོང་།དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༢༩ པའི་སྐབས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་བོད་མི་ ༡༦༨ ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་ཁོངས་ནས་རྒྱ་གར་ནས་བོད་མི་ ༡༣༦ དང་དེ་བཞིན་བལ་ཡུལ་ Kathmandu དང་ Pokhra ཁུལ་ནས་བོད་མི་ ༣༢ དང་།  ནད་ཡམས་དེའི་རྐྱེན་གྱིས་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནས་ཡིན་པའི་སྐྱེས་པ་རང་ལོ་ ༨༥ སོན་པ་ཞིག་འདས་གྲོངས་སུ་གྱུར་འདུག དེ་བཞིན་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ཆ་རྒྱ་གར་ནང་སྒོ་རྒྱ་བསྡམས་པའི་གུ་ཡངས་ཀྱི་རིམ་པ་ལྔ་པ་དང་བསྟུན་རྒྱ་བལ་གཉིས་ནང་ཧིཾ་དྷུའི་ཆོས་ཕྱོགས་ཀྱི་དུས་སྟོན་སོགས་སླེབས་རན་པ་དང་དེ་བཞིན་ནམ་དུས་ལ་ཡང་འགྱུར་ལྡོག་འགྲོ་མུས་ཁྲོད་འདིར་མང་ཚོགས་ནས་ཐུགས་གཟབ་གནང་དགོས་པ་གསུངས་སོང་།  ད་ཆ་བོད་མིའི་གཞིས་ཆགས་ཁག་ནང་བརྟག་དཔྱད་དང་སྨན་བཅོས། འབྲེལ་གཏུག་རྩད་གཅོད་གནང་གི་ཡོད་སྟབས་བོད་མི་ལོ་ན་བགྲེས་པ་ཁག་ཅིག་གིས་སྨན་བཅོས་སྐབས་བོད་སྨན་ཁོ་ན་བསྟེན་པ་མ་གཏོགས་ཕྱི་ལུགས་ཀྱི་ཟུར་ཕོག་ཡོང་གི་འདུག་ཅེས་གསུངས་ནས་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་དང་། ད་ལྟ་གཉན་རིམས་ཀྱི་ཛ་དྲག་གནས་སྐབས་སུ་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་གསོལ་སྨན་བསྟེན་གཏུག་གནང་དགོས་གལ་ཡིན་པ་གསུངས་སོང་། གསར་འགོད་ལྷན་ཚོགས་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ང་ཚོས་ངོས་ནས་ལམ་སྟོན་ཞུ་རྒྱུར་བོད་ལུགས་དང་ཕྱི་ལུགས་གཉིས་ཀ་སོ་སོའི་དགེ་མཚན་ཡོད་པ་བཞིན་ཕྱི་ལུགས་དང་བོད་ཀྱི་གསོ་རིག་གསོལ་སྨན་གཉིས་ཀ་ལྷན་བཞེས་གནང་ཚེ་ངལ་བ་གང་ཡང་འཕྲད་ཀྱི་མེད་པར་བརྟེན་ཛ་དྲག་སྐབས་མང་ཚོགས་ནས་ཕྱི་ལུགས་དང་བོད་ལུགས་གཉིས་ཀའི་དགེ་མཚན་ཡོད་པ་དེ་བཞེས་ཐུབ་པ་གནང་རོགས་ཞེས་འབོད་སྐུལ་གནང་སོང་། དབྱིབས་གཉན་རིམས་དང་འབྲེལ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བདེན་པ་མིན་པའི་གནས་ཚུལ་བརྒྱུད་སྤེལ་བྱེད་བཞིན་ཡོད་པས་མང་ཚོགས་ནས་གནས་ཚུལ་དེ་དག་ལ་ཉམས་ཞིབ་གནང་རོགས་ཞེས་གཞེན་སྐུལ་གནང་ཡོད། ལྷག་པར་དུ་ད་རེས་གསར་འགོད་ལྷན་ཚོགས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པའི་ལས་བྱེད་ཚེ་རིང་དབྱངས་སྒྲོལ་ལགས་ཀྱིས་བོད་མི་མང་ཚོགས་དང་ཟུར་བཀག་འོག་ཡོད་པའི་བོད་མི་རྣམས་ཀྱི་སེམས་ཁམས་འཕྲོད་བསྟེན་བདག་ཉར་གནང་ཕྱོགས་སྐོར་ལམ་སྟོན་གནང་བ་དང་སྦྲགས། ཁོང་གིས་ད་ལྟའི་དཀའ་ཚེགས་ཀྱི་དུས་ཡུན་རིང་ལ་སེམས་ནང་ལ་ཞེད་སྣང་དང་དངངས་སྐྲག་ཡོང་བཞིན་པ་ནི་ཆོས་ཉིད་ལས་མ་འདས་སྟབས་དགོངས་པ་ཆེ་བཞེས་གནང་གནད་ཡིན་པ་གསུངས་སོང་བར་མ་ཟད། དཀའ་ངལ་རིགས་འཕྲད་ཚེ་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་དང་འབྲེལ་བའི་རོགས་རམ་འབྲེལ་མཐུད་པར་འབྲེལ་ལམ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད། གཞི་རྩའི་ད་བར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ཁྲོད་བོད་མི་ ༧༠༠ ལྷག་ཙམ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་ ༢༧༠ ལྷག་དྲག་སྐྱེད་དང་། དེ་མིན་མི་ ༡༧ འདས་གྲོངས་སུ་གྱུར་ཡོད། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༤༠༠ ལྷག་ཡོད་པ་རེད།

མང་གཙོ་ལས་འགུལ་བ་རྣམས་ལ་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་འོས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ཉིན་ཟླ་འདིའི་ཚེས་ ༡༢ ཉིན། CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ VACLAV HAVEL མཆོག་གིས་ཆེད་འཛུགས་གནང་བའི་ FORUM 2000 ཞེས་ཕྱི་ལོ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཀྱི་གོ་སྒྲིག་འོག རྒྱ་ནག་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དོན་བགྲོ་གླེང་ཞིག་གི་ཐོག་ཚོགས་ཞུགས་ཀྱིས། རྒྱ་ནག་གིས་བོད་དང་ཤིན་ཅང་གི་གཙོ་བྱས་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་གཏམ་བཤད་གནང་འདུག

གཞིས་ཁང་བདེ་སྡུག་ཞུ་མཁན་ཚོར་གཞིས་ཆགས་ཁག་ཅིག་ཏུ་ནང་སྟོང་པར་ལྷག་པའི་གཞིས་ཁང་དང་ཉམས་གསོའི་དངུལ་འབོར་འོས་འཚམ་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་ཧི་མཱ་ཅལ་ནང་གཞིས་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོག་གནང་རྒྱུ་ཡིན་པའི་ཐག་གཅོད་དང་འབྲེལ། ཁ་མཐོར་གནས་སྡོད་དང་བོད་ནས་གསར་དུ་ཕེབས་པའི་བོད་མི་རྣམས་ཀྱི་ཁྲོད་ནས་གཞིས་ཁང་བདེ་སྡུག་ཞུ་མཁན་བྱུང་ཚེ་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཅིག་ཏུ་ནང་སྟོང་པར་ལྷག་པའི་གཞིས་ཁང་དང་འབྲེལ་ཉམས་གསོའི་དངུལ་འབོར་འོས་འཚམ་ཞིག་དགོངས་བཞེས་གནང་རྒྱུ་ཡིན་སྐོར་གསུངས་འདུག ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་འཛིན་སྐྱོང་བཀའ་ཤག་གིས་ཟླ་ ༡༠ ཚེས་ ༩ སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་དུ་ད་ཆ་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་ས་ཁང་ཁྲིམས་ཡིག་ནང་གསལ་ཡུལ་མི་ཡིན་ན་མ་གཏོགས་ཕྱི་མིས་ས་ཆ་ཉོ་ཚོང་རིགས་མི་ཆོག་པའི་ཁྲིམས་ཡིག་བཟོས་ཟིན་པར་སོང་། ད་ལྟའི་བཀའ་ཤག་གི་ངོསནས་ཧི་མཱ་ཅལ་ཁུལ་དུ་གཞིས་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། སྤྱིར་བོད་མིའི་གཞིས་ཆགས་ཁག་ཅིག་གི་གཞིས་མི་རྣམས་ཕྱི་ལ་གཏན་ཐོན་བྱས་པ་རྣམས་ཀྱི་ས་ཞིང་རྣམས་ལོ་བསྟུད་མར་བེད་མེད་དུ་བཞག་ཚེ་གཞུང་བཞེས་ཆགས་ཉེན་དང་། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་གཙོ་བོར་གཞིས་མི་གཏན་སྡོད་བྱེད་མཁན་ཡོད་མེད་ཀྱི་གནས་བབས་ལ་ཐུག་ཡོད་སྟབས། གཞིས་ཆགས་ཁག་གི་གཞིས་ཁང་སྟོང་པ་དེ་དག་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་གནད་འགག་གཟིགས་པ་དང་འབྲེལ། ཁྱབ་ཁོངས་ཁ་འཐོར་གནས་སྡོད་དང་བོད་ནས་གསར་དུ་ཕེབས་པའི་བོད་མི་རྣམས་ཧོན་སུར་རབ་རྒྱས་གླིང་དང་། ཨོ་ཌི་ཤ་ཕུན་ཚོགས་གླིང་། མན་སྤར་ཕན་བདེ་གླིང་། སྦན་ད་ར་ནོར་རྒྱས་གླིང་། ཏི་རྫུ་དར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། དེ་བཞིན་བསྟན་འཛིན་སྒང་བཅས་གང་རུང་དུ་གཞིས་ཁང་སྟོང་ལྷག་ཡོད་པ་དེ་དག་ཏུ་གཞིས་ཁང་བདེ་སྡུག་ཞུ་མཁན་བྱུང་ཚེ་དུད་ཚང་སོ་སོའི་མི་འབོར་ལ་གཞིགས་པའི་གཞིས་ཁང་དང་ཉམས་གསོའི་དངུལ་འབོར་འོས་འཚམ་ཞིག་དགོངས་བཞེས་གནང་རྒྱུ་ཡིན་ཞེས་གསུངས་འདུགབོད་མི་རྣམས་བཙན་བྱོལ་དུ་ཐོག་མར་འབྱོར་མ་ཐག་རྒྱ་གར་དབུས་སའི་གཞུང་ནས་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་ལྔས་གཙོས་པའི་བྱང་ཤར་ཁུལ་དུ་ས་ཞིང་མཐུན་རྐྱེན་གནང་བར་མ་ཟད། གཞིས་ཁང་མཐུན་རྐྱེན་ཡང་སྦྱོར་སྤྲོད་གནང་ཡོད་ཀྱང་། བོད་མིའི་ཁྱིམ་ཚང་རེ་ཟུང་ལ་གཞིས་སྐལ་མ་ཐོབ་པར་ཁ་འཐོར་གནས་སྡོད་བྱས་ཡོད་པར་བརྟེན། ཕྱི་ལོ་ ༡༩༨༠ གྱ་གྲངས་སྐབས་སུ་བོད་མིའི་ཁྱིམ་ཚང་དེ་དག་གི་དཀའ་སེལ་ཆེད་མིང་གཞུང་བསྡུ་རུབ་གནང་སྟེ་རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་དོན་ལྟར་འདས་པའི་བཀའ་ཤག་རིམ་པས་སྡེ་ར་ལྡུན་བདེ་སྐྱིད་གླིང་དང། སིམ་ལ་ཁ་ར་པ་ཐར། ཌལ་ཧོར་དུ་ཚེ་རིང་ཁང་དང་སྐལ་བཟང་ཁང་བཅས་གཞིས་ཁང་གསར་རྒྱག་ཆེད་ས་ཆ་མཐུན་འགྱུར་གནང་ཡོད་ཀྱང་། གཞིས་ཁང་གསར་རྒྱག་གི་རོགས་དངུལ་ཐབས་འཚོལ་ལ་འགོག་རྐྱེན་འཕྲད་དེ་ལོ་ཤས་གཞིས་ཁང་གསར་རྒྱག་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པ་རེད་འདུགབཀའ་ཤག་གི་གསལ་བསྒྲགས་དེའི་ནང་འཁོད་གསལ་བཀའ་ཤག་སྐབས་ ༡༢ པའི་ངོས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་༼རྒྱ་གར་གཞུང་ནས་བོད་མི་སྐྱབས་བཅོལ་བའི་ཆེད་གཞིས་གསར་འཛུགས་བསྐྲུན་གང་ཡང་གནང་བཞེད་མེད་པ་དང་། རང་གཞུང་ནས་ཀྱང་ད་ལྟ་ལག་ཡོད་ལས་འཆར་རྣམས་མཇུག་སྐྱོང་བྱ་རྒྱུའི་ཐབས་ཤེས་འབད་བརྩོན་བྱེད་རྒྱུ་ཙམ་ལས་གཞིས་ཁང་གསར་རྒྱག་གི་ལས་གཞི་སྤེལ་རྒྱུའི་མཐུན་རྐྱེན་མེད་པའི་སྐོར་སྔ་རྗེས་བར་གསུམ་དུ་གསལ་བཤད་ཞུས་ཡོད་༽ཅེས་གསལ་བཤད་གནང་ཡོད་པ་ལྟར་ཕྱག་བསྟར་གནང་ཡོད་པ་དེ་ལྟར་ཡང་། གཏན་སྡོད་གཞིས་ཁང་མེད་པའི་བོད་མི་ཁ་འཐོར་དང་བོད་ནས་གསར་དུ་ཕེབས་པ་ཁག་ཅིག་གིས་ཡིག་ངག་གཉིས་ཐོག་ནས་བདེ་སྡུག་ཞུ་སྙན་རིམ་པ་ཕུལ་མཁན་བྱུང་བ་བཞིན། ད་ལྟའི་སྐབས་ ༡༤ དང་ ༡༥ པའི་བཀའ་ཤག་ལྷན་ཚོགས་ནས་དེའི་ཐོག་བཀའ་བསྡུར་ལྷུག་པོ་བྱུང་དོན་བཞིན་འབྲེལ་ཡོད་ནང་སྲིད་ལས་ཁུངས་ནས་སྦིར་ལི་ལི་དང་། སྦེལ་ཀོབ་གཞིས་གྲངས་བདུན་པའི་ཉེ་འགྲམ་དུ་ཁྲིམ་ཚང་གྲངས་ ༨༠ ཆེད་སྡོད་ཁང་གསར་རྒྱག དྷ་ས་མེག་གྷན་དུ་ཆབ་སྲིད་བཙོན་ཟུར་ཆེད་སྡོད་ཁང་གསར་རྒྱག་གནང་བ། དེ་བཞིན་མོན་གྷོ་འདོད་རྒུ་གླིང་དུ་བོད་འབྱོར་ཁྱིམ་ཚང་གྲངས་ ༤༠ ཙམ་ལ་སྡོད་ཁང་གསར་རྒྱག་གི་ལས་གཞི་མཇུག་སྐྱོང་གནང་རྒྱུ་ཡིན་པ་གསུངས་འདུག

ཏོག་དབྱིབས་ཁྱབ་གདལ་དང་འབྲེལ་བོད་མིའི་སྤྱི་ཚོགས་ཁྲོད་དྭང་ཞབས་པ་དགོས་མཁོ་ཡོད་པ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་འདས་པའི་གཟའ་ཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་བཅས་ཀྱི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ནས་ཁྱོན་བོད་མི་ ༡༨༠ ལ་ཏོག་དབྱིབས་ཀྱི་ནད་རྟགས་ཐོན་པ་ཡོང་གྲགས་དང་འབྲེལ། བོད་མིའི་འདུ་སྡོད་ཁག་ཅིག་ཏུ་གནས་སྟངས་ཛ་དྲག་ཁྲོད་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་དྭང་ཞབས་པ་དགོས་མཁོ་ཡོད་པ་གསུངས་སོང་།དེ་རིང་གི་གསར་འགོད་ལྷན་ཚོགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་དབང་དབྱངས་འཛོམས་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་འབོར་ལ་གཞིགས་པའི་ཏོག་དབྱིབས་གཉན་རིམས་ཁྱབ་འདལ་གྱི་གྲངས་ཐོ་དེ་ཧ་ཅང་མཐོ་པོ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྟངས་ཛ་དྲག་ཆགས་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་ཁྱིམ་དུ་བཞུགས་པའི་བགྲེས་སོང་དང་ཕྲུ་གུ་ཚོའི་འཕྲོད་བསྟེན་སྲུང་སྐྱོབ་ཐད་ཐུགས་སྣང་གནང་སྟེ་དགོས་གལ་བྱུང་ན་མ་གཏོགས་ཕྱི་ལ་ཕེབས་རྒྱུ་མེད་པའི་འབོད་སྐུལ་གནང་སོང་། ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མི་ ༡༨༠ ལ་ཏོག་དབྱིབས་ཀྱི་ནད་རྟགས་ཐོན་པའི་ཁོངས་ནས་ ༡༠ བལ་ཡུལ Kathmandu དང་ Pokhra ཁུལ་ནས་ཡིན་པ་དང་། དེ་མིན་ ༡༡༧ ཙམ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཁུལ་ནས་ཆགས་ཀྱི་ཡོད་པ་དང་། དེར་མ་ཟད་མོན་གྷོ་ནང་ནད་ཡམས་དེའི་རྐྱེན་པས་རང་ལོ་ ༨༡ ཡིན་པའི་བགྲེས་སོང་ཞིག་འདས་གྲོངས་སུ་གྱུར་འདུག སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་ད་དུང་ད་བར་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་མི་ས་ཡ་ ༣༥ ལྷག་ཙམ་ལ་ཕོག་ཡོད་པར་འགྲེལ་བརྗོད་དང་སྦྲགས། ནད་དེ་ནམ་རྒྱུན་གྱི་འཆམ་རིམས་བཞིན་མིན་པར་ཆེས་འགོས་ནད་ཅན་ཞིག་ཡིན་པ་མང་ཚོགས་ལ་དྲན་སྐུལ་གནང་བ་མ་ཟད། ད་ལྟའི་ཆར་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་ནད་ཡམས་དེ་དགོན་སྡེ་དང་ཚོགས་པ་སྒྲིག་འཛུགས་ཁག་ནས་ཐོན་གྱི་ཡོད་སྟབས་ཚོགས་ཁང་དང་སྤྱི་ཐབ། ཉལ་ཁང་སོགས་མཉམ་སྤྱོད་གནང་རྐྱེན་ community spread འམ་སྤྱི་ཚོགས་ཁྱབ་གདལ་གྱིས་ཉན་ཁ་ཆེན་པོ་ཆགས་ཡོད་པར་བརྟེན་ཚང་མས་ཁ་རས་གྱོན་རྒྱུ་དང་རྒྱང་བཀྱེད་བསྟེན་རྒྱུ་སོགས་སྔོན་འགོག་གི་ལས་དོན་ཁག་ངེས་པར་དུ་ཐུགས་སྣང་གནང་དགོས་པའི་གཞེན་སྐུལ་གནང་ཡོད། བཙན་བྱོལ་བོད་མིའི་ཁྲོད་ནད་དེ་ཁྱབ་གདལ་འགྲོ་བཞིན་པ་དང་ས་གནས་ཁག་ཅིག་ཏུ་གནས་སྟངས་ཛ་དྲག་ཆགས་པའི་དུས་སྐབས་འདིར་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་དྭང་ཞབས་པ་དགོས་མཁོ་ཆེས་ཆེ་བར་བརྟེན་བོད་མིའི་ཁྲོད་ནས་དྭང་ཞབས་གནང་འདོད་བློ་ཡོད་རིགས་ནས་རང་ཉིད་ཀྱི་བཞུགས་གནས་ས་གནས་སོ་སོའི་ས་གནས་འགོ་འཛིན་ལས་ཁུངས་སུ་འབྲེལ་བ་གནང་དགོས་པའི་རེ་སྐུལ་གནང་སོང་།དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མང་ཚོགས་ནས་སྒེར་གྱི་འཕྲོད་བསྟེན་ཁོ་ན་ཙམ་མ་ཡིན་པར་སྨན་པ་དང་སྨན་ཞབས་པ་རྣམས་ལའང་བསམ་ཤེས་གནང་སྟེ་རང་ཉིད་ལ་ནད་རྟགས་ཐོན་མ་ཐག་དང་གཞན་ལ་དོགས་པ་བྱུང་ཚེ་ངེས་པར་དུ་ས་གནས་འཕྲོད་བསྟེན་སྨན་ཁང་དུ་བརྟག་དཔྱད་གནང་དགོས་པའི་འབོད་སྐུལ་གནང་སོང་། གཞི་རྩའི་ད་བར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ཁྲོད་བོད་མི་སྡོམ་ ༥༣༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་ ༢༣༣ དྲག་སྐྱེད་བྱུང་བ། དེ་མིན་མི་ ༡༥ འདས་གྲོང་སུ་གྱུང་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༢༨༧ ཆགས་ཡོད་པ་རེད།

Latest news