Tibetan Royal Year of 2151 | Year of the Wood Dragon

སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་དགོངས་རྫོགས་ལ་བོད་མི་གཞུང་སྒེར་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཁེ་ཉིན། ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་ལོ་ངོ་མང་ཤོས་སུ་རྒྱ་ནག་གི་བཙོན་ཁང་དུ་བཞུག་མཁན། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས། དགུང་ལོ་ ༩༡ ཐོག་སུད་སིའི་ས་གནས་ Turbenthal ཞེས་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། བོད་མིའི་སྙིང་སྟོབས་དང་དཔའ་ངར་གྱི་མཚོན་རྟགས་ལྟ་བུའི་ཆབ་སྲིད་བཙོན་ཟུར་ཁོང་སྐུ་ཚེ་འཕེན་པ་རྫོགས་པ་དང་འབྲེལ་ནས། འཛམ་གླིང་གི་ས་ཕྱོགས་གང་སར་གནས་བའི་བོད་ཀྱི་ཚོགས་པ་སྐྱིད་སྡུག་དང་མི་སྒེར་མང་པོ་ཞིག་གིས་དམ་པ་གང་ཉིད་དགོངས་པ་རྫོགས་པར་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་སྨོན་སྐྱབས་འཇུག་ཞུ་བཞིན་འདུག
མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་ཡང་ཁོང་གི་དགོངས་རྫོགས་དང་འབྲེལ་བའི་གནས་ཚུལ་འཁོད་པའི་ནང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁོང་ལ་མཚོན་ན་གཞོན་སྐྱེས་ཡིན་པའི་དུས་སྐབས་ནས་བཟུང་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྙིང་སྟོབས་ལ་ཡིད་སྨོན་ཞུ་མཁན་ཞིག་ཡིན་པ་དང་།། ཁོང་སྒེར་གྱི་ངོས་ནས་དམ་པ་དེ་ཉིད་མཆོག་དང་ཐུག་འཕྲད་ཞུ་རྒྱུའི་བསྐལ་བ་བཟང་པོ་བྱུང་བ་མ་ཟད། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༤ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་མི་ཚེའི་མྱོང་ཚོར་ཞེས་པའི་དམ་པ་ཁོང་གི་མི་ཚེའི་ལོ་རྒྱུས་སྐོར་གྱི་དཔེ་དེབ་དབུ་འབྱེད་མཛད་སྒོ་ལའང་བཅར་རྒྱུ་བྱུང་བ་དྲན་གསོ་གནང་བ་དང་འབྲེལ། དེ་རིང་ང་ཚོ་བོད་ཀྱི་དོན་དམ་རྒྱལ་གཅེས་དཔའ་བོ་ཞིག་སྐུ་གཤེགས་སོང་ཞེས་གསུངས་འདུག

དེ་རིང་ཉིན་རྒྱབ་ཏུ་གངས་ཅན་སྐྱིད་གཤོངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ལྷང་ཁག་གིས་ལས་མཚམས་བཞག་སྟེ། བཀའ་སྤྱི་གཉིས་ཀྱི་གཙོ་བྱས་པའི་ལྷན་ཁང་སོ་སོའི་ལས་བྱེད་ཚང་མཛོམས་ཀྱི་ཐོག   ཞིང་གཤེགས་དམ་པ་ཁོང་ཉིད་ཀྱི་ཆེད་དུ་བསྔོ་སྨོན་གསོལ་འདེབས་ཀྱི་ལས་རིམ་ཞིག་ཚོགས་སོང་།
དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཀྱང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། མི་རིགས་རིང་ལུགས་པ་གྲགས་ཅན་གྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་མཆོག་ང་ཚོ་དང་དུས་གཏན་དུ་ཞལ་བྲལ་ཡང་ཁོང་གི་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་ཀྱི་བསམ་བློ་དང་མི་རིགས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་སེམས་དག་ང་ཚོ་ཕྱི་རབས་པ་ཚོས་མུ་མཐུད་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་གསུངས་བ་དང་ཆབས་ཅིག ཁོང་གིས་བོད་མིའི་རང་དབང་འཐབ་རྩོད་ཀྱི་དོན་དུ་དཀའ་སྡུག་ཇི་ཙམ་མྱངས་པའི་ཞིབ་ཕྲའི་ལོ་རྒྱུས་མཁྱེན་འདོད་ན། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་པར་བསྐྲུན་བྱས་པའི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་མི་ཚེའི་མྱོང་ཚོར་ཞེས་པའི་ལོ་རྒྱུས་ལ་ཞིབ་གཟིགས་གནང་རྒྱུའི་འབོད་སྐུལ་ཞུས་འདུག
རྩ་བའི་སྟག་སྣ་འཇིགས་མེད་བཟང་པོ་ལགས་དམ་པ་དེ་ཉིད་རྒྱ་ནག་གི་བཙོན་ནང་མི་ལོ་ ༣༧ ཙམ་གྱི་དཀའ་སྡུག་མྱང་རྗེས། ཕྱི་ལོ་ ༢༠༠༢ ལོར་སྨན་བཅོས་སླད་ཨ་རིར་ཕེབས་ཐུབ་པ་བྱུང་བ་དང་། རྗེས་སུ་རིམ་པས་སུད་སི་ལ་གནས་སྤོས་ཀྱིས་ཁུལ་དེར་གནས་བཞུགས་གནང་ཡོད་པ་རེད། གཤམ་ལ་ཞིང་གཤེགས་དམ་པ་ཁོང་ཕྱི་ལོ་ ༢༠༡༤ ལོར་བཞུགས་སྒར་དུ་ཆེད་བཅར་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་ལ་ཁོང་གི་མི་ཚེའི་མྱོང་བ་ངོ་སྤྲོད་གནང་བ་དང་འབྲེལ། སྲི་ཞུ་ལས་བྱེད་རྣམས་དང་སྤྱི་འཐུས་རྣམས་ཀྱིས་གཙོ་བོ་སྤྱི་སེམས་ཁྱད་པར་ཅན་གྱི་ཐོག་ནས་ཕྱག་ལས་གནང་དགོས་གལ་ཡིན་པ་ལས། མི་སྒེར་གྱི་གནད་དོན་གལ་ཆེན་དུ་བརྩི་མི་རུང་བའི་གདམས་ངག་ཟབ་མོ་གནང་ཡོད།
བོད་མིའི་སྒྲིག་འཛུགས་གཙོ་ཡི་དྲ་གནས་ཐོག་འཁོད་པའི་ཁོང་གི་ལོ་རྒྱུས་ལྟར་ན། དམ་པ་དེ་ཉིད་ནི་ཕྱི་ལོ་ ༡༩༢༩ ནང་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་རྟ་དཀར་གཞིས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༢ ལོར་ཚ་སྤྲུལ་རིན་པོ་ཆེས་བཀོད་མངགས་བཞིན་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༤ ལོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་མིས་སྐྱོན་བརྗོད་བྱས་པའི་ལས་འགུལ་ཞིག་འགོ་བཙུགས་ཤིང་། ལྷ་སའི་སློབ་གྲྭ་ཆུང་བ་ཁག་གཉིས་དང་། ལྷ་སའི་རིག་གཞུང་ཁྲུའུ་ཡི་ལས་བྱེད་རྣམས་འཚོགས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་རྒྱུ་བསམ་འཆར་ཤོད་པའི་སྐབས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེར་སྐྱོན་བརྗོད་དང་ཐེར་འདོན་བྱ་རྒྱུར་མོས་མཐུན་མ་བྱས་སྟབས་༸པཎ་ཆེན་རིན་པོ་ཆེའི་ཕྱོགས་གཏོགས་སུ་ངོས་འཛིན་ཏེ། ཕྱི་ལོ་ ༡༩༦༥ ལོར་ཐོག་མར་གྲྭ་བཞི་བཙོན་ཁང་དང་། དེ་ནས་གསང་ཡིབ་བཙོན་ཁང་དུ་བསྐྱལ་བས་བཙོན་འཇུག་ལོ་གསུམ་བྱས།
ཕྱི་ལོ་ ༡༩༧༠ ལོར་གསར་བརྗེའི་ངོ་ལོག་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་མིང་འོག་སླར་ཡང་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་བཅུ་ལ་བྱས་པ་དང་། དེ་ནས་ཕྱི་ལོ་ ༡༩༨༣ ལོར་ལྷ་སར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བར་བརྟེན་ཡང་བསྐྱར་ཐེངས་གསུམ་པ་འཛིན་བཟུང་བྱུང་སྟེ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བཟོས་བ་མ་ཟད། གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་ཁྲོད་བོད་རང་བཙན་གྱི་སྐད་འབོད་བྱས་པའི་རྐྱེན་གྱིས་བཙོན་འཇུག་ཉེས་ཆད་ལོ་ལྔ་སྤར་བ་སོགས་ཀྱི་འཛིན་བཟུང་རིམ་པའི་ཁྲོད་དུ། ཁོང་མི་ལོ་ཧྲིལ་བོ་༣༧ལྷག་ལ་རྒྱ་ནག་གི་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་རེད།
ཕྱི་ལོ་་༢༠༠༢ ལོར་བཙན་བྱོལ་ལ་འབྱོར་བའི་རྗེས་ནས་བཟུང་། ཁོང་གིས་ཕྱི་ཐེངས་གཉིས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་མིའི་རང་དབང་། བོད་ཀྱི་ཁོར་ཡུག བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་བཅས་ཡར་ཞུ་བྱེད་ཐུབ་པ་དང་། གཞན་ཡང་ཧྥ་རན་སིའི་དོན་གཅོད་བརྒྱུད་ཧྥ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འཇར་མན་ཤར་མའི་བོད་དོན་རྒྱབ་སྐྱོར་ཚོགས་པར་འབྲེལ་བ་གནང་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་རྒྱ་དམར་གྱིས་གདུག་རྩུབ་གཏོང་སྟངས་སྐོར་དྲིལ་བསྒྲགས་གང་ཐུབ་གནང་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།