Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཐེ་ཝན་རྒྱ་ནག་ནས་ཁ་བྲལ་ཐབས་ཀྱི་བྱ་སྤྱོད་ལ་རྒྱ་གཞུང་གིས་དྲག་པོའི་འགོག་རྒོལ་བྱ་རྒྱུའི་ཉེན་བརྡ།

ཁ་ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་རྒྱལ་སྲུང་གི་དུས་རབས་གསར་པའི་རྒྱབ་ཤ་དཀར་པོ་ཞེས་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་འདོན་སྤེལ་གནང་སྟེ་ཐེ་ཝན་དེ་རྒྱ་ནག་དང་ཆིག་སྒྲིལ་བྱེད་ཐབས་ཀྱི་འབད་རྩོན་དེའི་ནང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་རིགས་ལ་ངོ་རྒོལ་གྱིས་དམག་ཐབས་བྱ་རྒྱུའི་ཉེན་བརྡ་བཏང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༢༤ ཉིན་འདོན་སྤེལ་གནང་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེའི་ནང་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནས་སྟངས་དང་ད་ལྟའི་དུས་རབས་གསར་པའི་རྒྱ་ནག་རྒྱལ་སྲུང་ཀྱི་སྲིད་བྱུས་དང་རྒྱ་ནག་དམག་དཔུང་གི་དམིགས་ཡུལ་དང་ལས་དོན་སྒྲུབ་ཕྱོགས། དེ་བཞིན་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱལ་སྲུང་དང་དམག་དཔུང་ནང་བཅོས་སྒྱུར་བྱ་རྒྱུ།  རྒྱལ་སྲུང་ཀྱི་ཚད་ལྡན་འགྲོ་གྲོན་དང་མ་འོངས་འགྲོ་བ་མིའི་སྤྱི་ཚོགས་བདེ་ཐབས་ཡོང་སླད་དུ་མཉམ་ཞུགས་བྱེད་ཕྱོགས་བཅས་ཀྱི་གླེང་གཞི་དོན་ཚན་དྲུག་འབུར་འདོན་བྱས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ལས་འགན་འཁུར་བ་ནས་བཟུང་རྒྱ་ནག་ཁྱོན་ཡོངས་ཀྱི་རྒྱལ་སྲུང་ཀྱི་སྲིད་བྱུས་གསལ་འདོན་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག རྒྱལ་སྲུང་ཀྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེའི་དོན་ཚན་དང་པོའི་ནང་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནས་སྟངས་ནང་གཙོ་བོ་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་དང་ཁྱད་པར་དུ་ཉེ་ཆར་ཨ་རིས་ཐེ་ཝན་ལ་རང་སྲུང་གི་དྲག་ཆས་གོ་མཚོན་ཕོན་ཆེ་ཞིག་ཚོང་འགྲེམས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་བཅས་ལུང་འདྲེན་གནང་སྟེ། པེ་ཅིང་སྲིད་གཞུང་གིས་ཨ་རིས་རྒྱལ་ཡོངས་བདེ་འཇགས་དང་རྒྱལ་སྲུང་ཐབས་བྱུས་ལ་བཅོས་སྒྲིག་བྱས་ནས་ཕྱོགས་གཅིག་གི་སྲིད་བྱུས་ལ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་དེས་རྒྱ་ནག་རྒྱལ་སྲུང་གི་བརྟན་ལྷིང་ལ་གཏོར་བཤིག་བྱེད་པར་ངོས་འཛིན་གྱིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་གསལ་འདོན་གནང་བ་མ་ཟད། རྒྱབ་ཤ་དཀར་པོའི་ཡིག་ཆེ་དེའི་བཀོད་ཁྱབ་ཧ་ཅང་གསལ་པོ་བྱས་ཡོད་པ་ནི་ཐེ་ཝན་རང་བཙན་ཕྱོགས་སུ་སྐྱོད་ཆོག་གི་མེད་པ་དང་། གལ་ཏེ་དེའི་ཕྱོགས་སུ་སྐྱོད་པ་ཡིན་ན་རྒྱ་ནག་གིས་ཀྱང་དེའི་ཕྱོགས་སུ་སྐྱོད་པར་བཀག་འགོག་དང་། མི་སུ་འདྲ་ཞིག་གིས་ཐེ་ཝན་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་བྱེད་ཚེ་རྒྱ་ནག་གི་དམག་དཔུང་གིས་འབྱུང་འགྱུར་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་དམག་ཐབས་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་ཡང་བཏང་ཡོད་པ་བཀོད་འདུག གཞན་ཡང་དོན་ཚན་དང་པོའི་ནང་ཕྱི་ཕྱོགས་ཀྱི་ཁ་བྲལ་རིང་ལུགས་བརྒྱུད་བོད་རང་བཙན་རྩོད་ལེན་དང་དེ་བཞིན་རྒྱ་ནག་རྒྱལ་ཡོངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཟོ་མཁན་ཤར་ཏུར་ཀིས་ཏན་གྱི་གནད་དོན་སོགས་ཀྱང་མངོན་གསལ་བྱས་འདུག ཡང་རྒྱབ་ཤ་དཀར་པོའི་དོན་ཚན་གཉིས་པའི་ནང་གསེས་དུས་རབས་གསར་པའི་དམག་འཐབ་ཀྱི་ཐབས་བྱུས་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་ནང་རྒྱ་གཞུང་གིས་དྲག་ཤུགས་བེད་སྤྱོད་བྱ་རྒྱུར་བསྡུར་གྱི་མེད་པ་དང་དགོས་ངེས་ཀྱི་སྐབས་སུ་སྤྱོད་པ་ནི་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱི་ཐེ་བྱུས་དང་ཐེ་ཝན་རང་བཙན་རྩོད་ལེན་གྱི་ཁ་བྲལ་བ་མི་ཉུང་བ་ཞིག་གི་ལས་འགུལ་ལ་དམིགས་པ་ཞིག་ཡིན་པ་ལས་ཐེ་ཝན་གྱི་སྤུན་ཟླར་དམིགས་པ་ཞིག་རྩ་བ་ནས་མིན་ཞེས་བཤད་པ་མ་ཟད། རྒྱ་ནག་རྒྱལ་སྲུང་ངོས་ནས་གཙོ་བོ་སྤྱི་ཚོགས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་སླད་ཐེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་མ་ཟད། ཁྱད་པར་དུ་བོད་རང་བཙན་རྩོད་མཁན་གྱི་ཁ་བྲལ་རིང་ལུགས་པ་རྣམས་ལ་འགོག་རྒོལ་དང་གདོང་ལེན་ཤུགས་ཆེ་བྱ་རྒྱུར་དམིགས་ཀྱི་ཡོད་པར་བསྐྱར་ནན་བྱས་འདུག བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་བོད་མིའི་སྒྲིག་འཛུགས་ནས་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་ལས་རང་བཙན་རྩོད་ཀྱི་མེད་ཀྱང་། རྒྱ་གཞུང་གིས་དུས་རྟག་ཏུ་བོད་མི་རྣམས་རང་བཙན་རྩོད་མཁན་གྱི་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་གྱི་གཞི་མེད་སྐྱོན་འཛུགས་བྱེད་བཞིན་པར་ངོས་ལེན་རྩ་བ་ནས་ཞུ་ཐབས་མེད་པའི་བསྐྱར་ནན་གྱི་ལན་འདེབས་གནང་སོང་།

སྐུ་ཞབས་སེན་ཕྷོརཌ་ལགས་ཀྱིས་ San Diego གཙུག་ལག་སློབ་ཁང་ལ་ཨ་སྒོར་ས་ཡ་ ༡༠༠ ཞལ་འདེབས་གནང་འདུག

སྐུ་ཞབས་ Thomas Denny Sanford ལགས་ནས་༸གོང་ས་མཆོག་གི་བཀའ་སློབ་ལས་སེམས་འགུལ་ཐེབས་ཏེ་ San Diego གཙུག་ལག་སློབ་ཁང་ལ་སླར་ཡང་ཨ་སྒོར་ས་ཡ་ ༡༠༠ ཞལ་འདེབས་གནང་འདུག དེའང་ sandiego uniontribune  གསར་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་སྐུ་ཞབས་ Denny Sanford ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་ལམ་སྟོན་ཕེབས་བཞིན་ཡོད་པ་ལྟར་རང་ཅག་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་སྙིང་རྗེ་དང་བྱམས་བརྩེའི་བཟང་པོའི་ཡོན་ཏན་ཐོག་སློབ་གཉེར་གནང་རྒྱུ་དང་དེ་བཞིན་བཟང་པོའི་ཡོན་ཏན་དེ་རྣམས་སྨན་པ་ཚོའི་ཕྱག་ལས་ནང་གོང་འཕེལ་ཡོང་ཐབས་བཅས་ལ་ཆེད་དམིགས་གནང་སྟེ་ཞལ་འདེབས་གནང་བ་ཞིག་ཆགས་ཀྱི་འདུག སྐུ་ཞབས་ Sanford ལགས་ནས་ཉེ་ཆར་ San Diego གཙུག་ལག་སློབ་གཉེར་ཁང་ལ་ཨ་སྒོར་ས་ཡ་ ༡༠༠ ཐམ་པའི་ཞལ་འདེབས་གནང་བ་དེ་ནི་ཕྱི་ལོ་ ༢༠༡༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ California མངའ་ཁུལ་གྱི་ UCSD ཞེས་པའི་ San Diego གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་མཛད་སྐབས་དང་འབྲེལ་ནས་༸གོང་ས་མཆོག་དང་ལོགས་སུ་ཞལ་མཇལ་བྱུང་ཡོད་པ་དང་འབྲེལ། ཁོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་བཀའ་ཆོས་སོགས་བསྩལ་བ་དག་དང་། ཁྱད་པར་དུ་༸གོང་ས་མཆོག་གི་དགོངས་གཞི་ཚན་རིག་དང་ཆོས་ལུགས་གཉིས་ཟུང་འབྲེལ་ཐོག་ནས་གཞི་དངོས་པོར་གཏིང་ཟབ་དཔྱད་རྒྱུའི་ལམ་སྟོན་ཁག་ལ་ཡིད་མོས་བྱུང་ཡོད་པ་གསུངས་འདུག་པ་མ་ཟད། ༸གོང་ས་མཆོག་ནི་འགྲོ་བ་མིའི་རང་གཤིས་བཟང་སྤྱོད་དང་བྱམས་བརྩེ་སོགས་གོང་སྤེལ་གནང་བ་དང་དེ་བཞིན་འཛམ་གླིང་ཁྱོན་ལ་དེ་འབྲེལ་སློབ་གསོ་སྤེལ་མཁན་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་ལྟར་ཁོང་གིས་ཞལ་འདེབས་དེ་ལྟར་ཕུལ་ནས་༸གོང་ས་མཆོག་གི་དགོངས་གཞི་ཁག་རྒྱ་སྐྱེད་གནང་གི་ཡོད་པ་གསུངས་འདུག སྐུ་ཞབས་ Sanford ལགས་ཀྱིས་ད་དུང་སྨན་པ་ཚོའི་ལས་རིགས་གཉེར་སྐབས་བྱམས་བརྩེ་དེ་ངེས་པར་དུ་དགོས་མཁོ་ཞིག་ཆགས་ཡོད་པ་དང་། ང་ཚོས་སྨན་པའི་ཆེད་ལས་ཡར་རྒྱས་དང་སྲུང་སྐྱོབ། དེ་བཞིན་ཁྱབ་སྤེལ་གནང་བའི་བརྒྱུད་རིམ་ནང་བྱམས་བརྩེ་ལག་བསྟར་གནང་ཐུབ་ཚེ་འཛམ་གླིང་འདི་བདེ་ཞིང་སྐྱིད་པ་ཞིག་ཡོང་བར་ཕན་ཐོགས་ཡོད་སྐོར་གསུངས་འདུག གཞན་ཡང་ཁོང་གིས་ཆོགས་ལུགས་ཀྱི་གནང་སྲོལ་དང་ཆབ་སྲིད་ཀྱི་སྒྲོམ་གཞི་རྐྱང་པས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཐུབ་ཀྱི་མེད་པ་དང་། དེ་བཞིན་ཀླད་པའི་བྱེད་ལས་གང་ཡིན་ཤེས་པ་ཙམ་གྱིས་སྙིང་རྗེ་དང་བྱམས་བརྩེའི་དོན་རྟོགས་རྒྱུ་དཀའ་བ་ཡིན་སྟབས། ཀླད་པའི་བྱེད་ལས་དེ་དག་ཤེས་པའི་ཐོག་ནས་ནང་སེམས་ཀྱི་ཡོན་ཏན་བྱམས་སྙིང་རྗེར་ནུས་པ་ལྡན་པའི་ཕན་ཐབས་ལ་འབོད་དགོས་གལ་ཡིན་པ་གསུངས་འདུག་པ་དང་ཆབས་ཅིག ཁོང་རང་ཉིད་མ་གྲོངས་པའི་སྔོན་ལ་དཔལ་འབྱོར་གང་ཡོད་པ་དེ་དག་ཆ་ཚང་ཞལ་འདེབས་སུ་གནང་འདོད་ཡོད་པ་མ་ཟད། ལྷག་དོན་ཁོང་གིས་འགྲོ་བ་མི་ཞེས་པ་དེ་བཟང་པོའི་ཡོན་ཏན་དང་འབྲེལ་ནས་རིམ་བཞིན་ཡར་རྒྱས་འགྲོ་རྒྱུ་ཡོད་པ་བཞིན་དེ་ལྟར་ཡོང་བར་རེ་བ་ཆེན་པོ་ཡོད་སྐོར་གསུངས་འདུག དེ་བཞིན་ San Diego གཙུག་ལག་སློབ་ཁང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་གཞོན་པ་སྐུ་ཞབས་ David Brenner ལགས་ཀྱིས་ཀྱང་སྐུ་ཞབས་ Sanford ལགས་ནི་བྱམས་པ་དང་བཟང་སྤྱོད་གཉིས་ཟུང་འབྲེལ་ཡོང་བར་ཐུགས་རེ་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། སྤྱིར་ཚོང་རིགས་དང་འབྲེལ་བའི་གཙུག་ལག་སློབ་ཁང་ལ་ཞལ་འདེབས་དེ་ལྟར་ཐོབ་པར་ཡ་མཚན་རྒྱུ་གང་ཡང་མེད་ཀྱང་། ཞལ་འདེབས་ཐོབ་དོན་ལྟར་ཁ་ཡོད་ལག་ཡོད་དགོས་མཁོ་ཡོད་སར་རག་མིན་ཐད་ལ་རྩོད་གཞི་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་སྐུ་ཞབས་ Sanford ལགས་ཀྱིས་བྱམས་སྙིང་རྗེ་དང་འབྲེལ་བའི་ལས་གཞི་ཐོག་མ་དངུལ་འབོར་ཆེན་ཞལ་འདེབས་གནང་བ་དེ་ནི་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་གསུངས་འདུག གཞི་རྩའི་སྐུ་ཞབས་ Thomas Denny Sanford ལགས་ Saint Pau ནང་ཕྱི་ལོ་ ༡༩༣༥ ཟླ་ ༡༢ ཚེས་ ༢༣ ཉིན་འཁྲུངས་ཡོད་པ་དང་། ཁོང་དགུང་ལོ་བཞིར་སོན་སྐབས་ཁོང་གི་ཨ་མ་ལགས་ནུ་སྐྲན་རྐྱེན་པས་འདས་གྲོངས་སུ་གྱུར་སྟབས་པཱ་ལགས་ཀྱིས་དགུང་ལོ་བརྒྱད་ལ་སོན་སྐབས་ཁོང་གོས་ཟོག་ཚོང་ཁང་དུ་ཁྲིད་ནས་ཕྱག་ལས་གནང་བཅུག་ཡོད་པ་རེད། ཁོང་གིས་རང་ཉིད་བྱིས་དུས་སྐབས་སུ་ངལ་བ་གང་འཕྲད་ལ་གདོང་ལེན་གནང་སྟེ་མཐར་ Minnesota གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན་རྗེས། ཁོང་གིས་ First Premier Bank འམ་དངུལ་ཁང་ཆེད་འཛུགས་གནང་བ་དང་དེའི་འགན་འཛིན་དང་གཙོ་གཉེར་བ་ཡང་གནང་འདུག ལྷག་དོན་སྐུ་ཞབས་ Denny Sanford ལགས་ཀྱིས་ད་བར་འཕྲོད་བསྟེན་དང་སྨན། དེ་བཞིན་ཤེས་ཡོན་སོགས་ཀྱི་ཐོག་ཨ་སྒོར་ཐེར་འབུམ་ ༡ ལྷག་གི་ཞལ་འདེབས་གནང་མྱོང་ཡོད་པའི་ཁྲོད་ཕྱི་ལོ་ ༢༠༡༣ ལོར་ UCSD གཙུག་ལག་སློབ་གཉེར་ཁང་དེའི་ཚན་རིག་ལྟེ་གནས་ཁང་དུ་ཉམས་ཞིབ་པ་ཚོས་སྨན་རྫས་གསར་པ་འཚོལ་ཞིབ་དང་བཅོས་ཐབས་ཀྱི་རིག་གསར་ཞིབ་འཇུག་གནང་ཕྱིར་ཨ་སྒོར་ས་ཡ་ ༡༠༠ ཞལ་འདེབས་དང་སློབ་གཉེར་ཁང་དེའི་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གི་ངོས་ནས་བཟང་སྤྱོད་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་བྱིས་པ་ཚོར་རྩུབ་སྤྱོད་དང་དབང་ཡོད་དེ་བཞིན་དབྱེ་འབྱེད་སོགས་ཀྱི་བྱ་སྤྱོད་འགོག་ཐབས་སླད་དུ་ཨ་སྒོར་ས་ཡ་ ༡༠༠ ཐམ་པ་བཅས་ཞལ་འདེབས་གནང་མྱོང་འདུག

ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་སྐུ་ཚབ་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།

ཟླ་བ་འདིའི་ཚེས་ ༡༧ ཉིན་ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ Lo Wen-jia ལགས་ཀྱིས་སྣེ་ཁྲིད་འོག་ཡར་ཐོན་ཚོགས་པའི་སྤྱི་དམངས་འབྲེལ་ལམ་སྡེ་ཚན་གྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ Hsieh Yu-Li ལགས་དང་ཚོགས་པའི་མགྲིན་ཚབ་པ།  སྤྱི་དམངས་འབྲེལ་ལམ་སྡེ་ཚན་གྱི་ངེས་སྟོན་པ་གཞོན་པ་སྐུ་ཞབས་ Wen Lii ལགས་བཅས་བཞུགས་སྒར་དུ་ཆེད་བཅར་གྱིས་ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཁ་ཞུས་ཡོད་པ་རེད།  སྐུ་ཞབས་ Lo Wen-jia ལགས་ཀྱིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་གྱིས་ད་རེས་འཚམས་གཟིགས་འདི་ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་སྐུ་ཚབ་ཐོག་ནས་བཅར་བ་དང་། གཙོ་བོ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་ཞུ་ཆེད་ཡིན་ཞེས་གསུངས་སོང་བ་དང་། ལྷག་དོན་ཚོུད་གཅིག་ཙམ་གྱི་མཇལ་མོལ་དེའི་རིང་མགོན་པོ་༸གང་ཉིད་མཆོག་དང་ལྷན་ཐེ་ཝན་གྱི་མང་གཙོ་འཕེལ་རྒྱས། སླད་མར་ཐེ་ཝན་དང་བོད་གཉིས་ཀྱི་རང་དབང་རྩོད་ལེན་གནང་ཕྱོགས་ཀྱི་དགོངས་ཚུལ་བརྗེ་ལེན་གནང་བ་མ་ཟད། ༸གོང་ས་མཆོག་ནས་ཐེ་ཝན་གྱི་མང་གཙོ་སྟོབས་ཤུགས་དེ་གནད་ཆེ་ཞིག་ཡིན་སྐོར་བཀའ་སློབ་ནན་པོ་བསྩལ་བ་དང་ཆབས་ཅིག་ཏུ་ཐེ་ཝན་གྱི་མང་གཙོ་སྟོབས་ཤུགས་དེ་ཐེ་ཝན་གྱི་མ་རྩ་ཆེ་ཤོས་ཡིན་པར་ལམ་སྟོན་མཛད་སྐོར་གསུངས་སོང་།  དེ་བཞིན་ཁོང་གིས་༸གོང་ས་མཆོག་ལ་ཐེ་ཝན་དང་བོད་གཉིས་ནས་ཐུན་མོང་གི་གདོང་ལེན་གནང་ས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་ཆགས་ཡོད་པ་དང་། ཐེ་ཝན་མི་རིགས་ནས་རང་ཉིད་ཀྱི་མང་གཙོ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད་སྒོས་འཛམ་གླིང་ཁྲོད་ལ་མང་གཙོ་རྩོད་མཁན་ཚོར་རྒྱབ་སྐྱོར་གནང་དགོས་པའི་འོས་འགན་ཡོད་སྐོར་སྙན་གསེང་ཞུས་ཡོད་པ་གསུངས་ཡོད། མཇལ་འཕྲད་དེའི་ཁྲོད་རིག་གཞུང་གི་སྟོབས་ཤུགས་དང་བོད་བརྒྱུད་ནང་བསྟན་གྱི་རིན་ཐང་སོགས་ཀྱི་ཐོག་བཀའ་མོལ་གནང་བ་དང་ཕྱོགས་མཚུངས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལའང་བཀའ་མོལ་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དགུང་ལོ་ ༡༠༠ ལྷག་བར་དུ་༸སྐུ་འཚོ་བཞུགས་མཛད་རྒྱུ་དང་འབྲེལ། ༸སྐུའི་ཡང་སྲིད་ཐད་དམར་ཤོག་ཚོགས་པའི་འཐུས་མི་ནས་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་གང་ཡང་མེད་པར་བཀའ་བསྩལ་བ་མ་ཟད།  སྐུ་ཞབས་ Lo Wen-jia ལགས་ནས་༸སྐུའི་ཡང་སྲིད་དེ་ཐེ་ཝན་ནང་འཁྲུངས་སྲིད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དེ་ཡོང་སྲིད་པ་དང་ནང་པའི་རྒྱལ་ཁབ་ནང་༸སྐུའི་ཡང་སྲིད་འཁྲུངས་ངེས་ཡིན་སྐོར་བཀའ་བསྩལ་ཡོད་སྐོར་གསུངས་ཡོད། ལྷག་དོན་ཁོང་གིས་བོད་མིར་བརྡ་ལན་དང་འབྲེལ་ཏེ་ཐེ་ཝན་དང་བོད་དབར་གདོང་ལེན་གནང་ཡུལ་དང་དཀའ་ངལ་གཅིག་མཚུངས་ཡིན་པས་ང་ཚོ་མཉམ་རུབ་ཀྱི་ཐོག་ནས་དེར་འབད་རྩོད་གནང་དགོས་པ་གསུངས་སོང་བ་དང་། དེ་བཞིན་མགྲིན་ཚབ་པ་སྐུ་ཞབས་ Wen Lii ལགས་ཀྱིས་བོད་མིའི་མང་གཙོའི་མྱོང་བ་དེ་ཐེ་ཝན་ལ་སེམས་འགུལ་ཐེབས་གཞི་ཞིག་ཏུ་གྱུར་བ་མ་ཟད། ང་ཚོའི་གནས་སྟངས་ཛ་དྲག་ཅི་འདྲ་ཞིག་གི་འོག་ལྷུང་ཀྱང་མང་གཙོའི་ལྟ་གྲུབ་དང་ལམ་སྲོལ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཅས་འགྲོ་བ་མིའི་རིན་ཐང་ཁག་མུ་མཐུད་ནས་སྲུང་གནང་དགོས་པའི་བརྡ་ལནགནང་བས་དེའི་ཐེ་ཝན་ཙམ་མ་ཟད་ཧོང་ཀོང་དང་ཡུ་གུར་སོགས་རྒྱའི་དབང་སྒྱུར་འོག་ཏུ་ལྷུང་བའི་མི་རིགས་ཡོངས་ལ་སེམས་འགུལ་ཐེབས་སྐོར་གསུངས་སོང་།  རྩ་བའི་ཐེ་ཝན་ནང་མང་གཙོ་ཡར་ཐོན་ཚོགས་པས་གཞུང་འཛིན་པའི་རྗེས་སུ་༸རྒྱལ་བའི་བཞུགས་གནས་བཞུགས་སྒར་དྷ་རྨ་ས་ལར་སྐུ་ཚབ་ཆེད་བཅར་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་གྱི་མཛད་རིམ་ཁྲོད་ཐེ་ཝན་ནས་བོད་མི་ལ་མཛའ་གྲོགས་ཀྱི་རང་བཞིན་མཚོན་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག  དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་དང་ཐུག་འཕྲད་གནང་བ་མ་ཟད།  ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་སུ་སྐོར་སྐྱོད་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ཨ་རིའི་སློབ་ཕྲུག་བཅོ་ལྔ་ལ་བླང་དོར་གྱི་བཀའ་སློབ་བསྩལ་བ།

དེ་རིང་སྔ་དྲོ་ཚོུད་ ༡༠ པ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་གི་སློབ་ཕྲུག་བཅོ་ལྔ་ལ་༸རྒྱལ་བའི་གཟིམ་ཆུང་མཇལ་ཁ་བསྩལ་བ་དང་ལྷག་དུ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གཙོ་གྱུར་འགྲོ་བ་མིའི་རིགས་ཀྱི་རིན་ཐང་དང་འཛམ་གླིང་གི་ཞི་བདེ་སོགས་ཀྱི་སྐོར་ལ་ལམ་སྟོན་མཛད་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་རང་གཤིས་ནི་སྙིང་རྗེ་དང་ལྡན་པ་ཞིག་ཡིན་པར་བཀའ་བསྩལ་ཏེ་མིའི་རིགས་ཡོད་ཚད་གཅིག་སྒྲིལ་གྱིས་མཉམ་གནས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་དེང་དུས་ཀྱི་རྒྱལ་སྤྱིའི་ཤེས་ཡོན་སྲིད་བྱུས་དེ་དངོས་གཙོ་རང་ལུགས་ལ་གཞིར་བཞག་པ་ཞིག་ཡིན་པ་བཀའ་ཕེབས་དང་སྦྲགས། དངོས་གཙོ་རང་ལུགས་ཁོ་ནས་མི་འདང་བར་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ནང་མིའི་ནང་སེམས་ཀྱི་འཕྲོད་བསྟེན་ལ་ཕན་པའི་གནའ་བོའི་རྒྱ་གར་གྱི་རིག་གཞུང་དང་ཤེས་ཡོན་དེ་འཇོག་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག གསར་འགོད་པས་སློབ་ཕྲུག་ཚོགས་པ་དེའི་ཚོགས་གཙོ་ Rachal Posner ལགས་སུ་མཇལ་ཁའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་སྐོར་སྐྱོད་དེ་ནི་རྒྱལ་སྤྱིའི་འཚོ་བ་དང་རྒྱ་གར་གྱི་སྲོལ་རྒྱུན་གྱི་རིག་གཞུང་ཞེས་པའི་ལས་གཞིའི་འོག་ཨ་རིའི་སློབ་གྲྭ་འདྲ་མིན་ཁག་བཅོ་ལྔ་ལྷག་གི་འཐུས་ཚབ་སློབ་མ་དྷ་སར་ཆེད་བཅར་ཞུས་ཡོད་པ་ལྟར། དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་སྒྱུ་འཕྲུལ་ལྟ་བུ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས་དགའ་པོ་ཞེ་དྲག་བྱུང་སོང་ཞེས་ངོ་སྤྲོད་གནང་སོང་། དེ་དང་འབྲེལ་ནས་ཁོང་གིས་དྷ་སར་བཅར་དོན་གཙོ་བོ་ནི་རང་ཉིད་ཨ་རིའི་མི་སེར་ཞིག་ཡིན་སྟབས་བོད་མིའི་སྐྱབས་བཅོལ་གྱི་གནས་སྟངས་དང་འཐབ་རྩོད་ཀྱི་ངོ་བོ་བཅས་ཀྱི་སྐོར་ལ་རྒྱུས་ལོན་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་ལྟར།  རྒྱལ་སྤྱིའི་ཐོག་གནས་ཚུལ་དེའི་བརྡ་ལན་འཕྲོད་པའི་ཐོག་ནས་ནམ་ཞིག་བོད་ལ་རང་དབང་ཐོབ་སླད་དུ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་གསུངས་ཡོད།   དེ་བཞིན་ཇཱོན་ཟེར་བའི་སློབ་ཕྲུག་ཅིག་ལ་བོད་པའི་སྤྱི་ཚོགས་ནང་སླེབས་ནས་ཚོར་བ་ཇི་བྱུང་ཐོག་བཅར་འདྲི་ཞུས་པར་ཁོང་གིས་སྔོན་ཆད་བོད་པའི་སྤྱི་ཚོགས་ཀྱི་སྐོར་ལ་ཤེས་རྟོགས་གང་ཡང་མེད་ནའང་། ཐེངས་འདིར་བོད་པའི་སྤྱི་ཚོགས་སུ་བསླེབས་པ་དང་བསྟུན་ནས་བོད་མིའི་སྐྱབས་བཅོལ་གྱི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལ་ཤེས་རྟོགས་བྱུང་བ་མ་ཟད། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཟིན་ནའང་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རང་དབང་འཐབ་རྩོད་གནང་བཞིན་པ་དེ་ནི་ཡུལ་གཞན་དུ་མཐོང་དཀོན་པའི་སྣང་ཚུལ་ཞིག་ཆགས་སྐོར་གསུངས་སོང་བ་དང་ཆབས་ཅིག བོད་དོན་བདེན་མཐའ་གསལ་རྒྱུར་དུས་ཡུན་རིང་པོ་འགོར་སྲིད་ཀྱང་བོད་མི་རྣམས་སེམས་ཤུགས་མི་ཆག་པར་ཡིད་ཆེས་བརྟན་པོ་གནང་རོགས་ཞེས་གསུངས་ཡོད།

ཨིན་ཡུལ་གྲོས་ཚོགས་སུ་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་ཆེད་འདོན། 

ཨིན་ཡུལ་གྲོས་ཚོགས་སུ་བོད་ནང་རང་དབང་ཐོག་ཕར་འགྲོ་ཚུར་འོང་གི་འགྲོ་སྐྱོད་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet ཞེས་པ་ཆེད་འདོན་གནང་བ་དང་འབྲེལ། ཁྲིམས་འཆར་དེ་བརྒྱུད་ནས་ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་རྒྱུན་མི་ཆད་པར་བརྙས་བཅོས་གཏོང་བཞིན་པའི་བྱ་སྤྱོད་ལ་བཟོད་སྒོམ་མུ་མཐུད་ནས་གནང་གི་མིན་ཞེས་གསུངས་འདུག ཁྲིམས་འཆར་དེ་ཁ་སང་ཕྱི་ཚེས་ ༢༣ ཉིན་ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་ཉིན་རྒྱབ་ཚོགས་དུས་ཐོག་ཨིན་ཡུལ་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཀྱིས་ཆེད་འདོན་གནང་འདུག་པ་དང་། སྐབས་དེར་ཁོང་གིས་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་མི་ས་ཡ་གཅིག་ལྷག་ཚེ་སྲོག་ཤོར་བ་དང་བོད་མི་ ༡༥༠ ལྷག་གིས་རྒྱ་གཞུང་ལ་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་བ་དང་། དེ་བཞིན་རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་བཅས་ད་ལྟའི་ཆར་བོད་ཀྱི་སྣོད་བཅུད་གཉིས་ཀར་ཛ་དྲག་དང་དང་ཚབས་ཆེའི་གནས་སྟངས་སུ་འགྱུར་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་སོགས་རང་དབང་ཐོག་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་དང་རྟོག་ཞིབ་ཆེད་སྐྱོད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་སྟེ་ཨིན་ཡུལ་གཞུང་ནས་བོད་མིའི་གནད་དོན་ཁུལ་སིམ་པོར་བསྡད་རྒྱུ་མེད་ཅེས་གསུངས་པ་དང་འབྲེལ་གྲོས་ཚོགས་སུ་ཁྲིམས་འཆར་དེ་འགོད་འབུལ་ཞུས་འདུག སྐུ་ཞབས་ Tim Loughton ལགས་ཀྱིས་ཁྲིམས་འཆར་དེ་དང་འབྲེལ་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ནས་ཁེ་ཕན་བླངས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རང་དབང་ཐོག་ནས་སྐོར་སྐྱོད་ཀྱིས་རྒྱ་གཞུང་ལྟ་གྲུབ་ཁྱབ་སྤེལ་དང་དྲིལ་བསྒྲགས་སྤེལ་བཞིན་པའི་ལས་དོན་ཁག་མཚམས་འཇོག་ངེས་པར་བྱེད་དགོས་པ་དང་། ལྷག་པར་དུ་ཉེ་སྔོན་ཨ་རིའི་གྲོས་ཚོགས་ངོས་ནས་ཨ་རིའི་མི་སེར་དང་གཞུང་འབྲེལ་མི་སྣ་ཁག་བོད་ནང་རང་དབང་ཐོག་འདྲ་མཉམ་འགྲོ་འོང་བྱ་རྒྱུའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་བ་གཞིར་བཟུང་ད་ཆ་ཡོ་རོབ་དང་ཨིན་ཡུལ་གཞུང་གཉིས་ནས་ཨ་རི་ལྟར་གཅིག་མཚུངས་ཀྱི་བཞེངས་ཕྱོགས་འཛིན་རྒྱུའི་དུས་ལ་བབ་ཡོད་པ་དང་། ཁྲིམས་འཆར་དེ་བརྒྱུད་ནས་རྒྱ་ནག་གཞུང་ལ་ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་རྒྱུན་མི་ཆད་པར་བརྙས་བཅོས་གཏོང་བཞིན་པའི་བྱ་སྤྱོད་དེར་སྣང་མེད་དང་བཟོད་སྒོམ་མུ་མཐུད་ནས་གནང་རྒྱུ་མེད་ཅེས་རྒྱ་གཞུང་ལ་གསལ་འདོན་བྱ་རྒྱུ་ཡིན་པ་གསུངས་འདུག སྐུ་ཞབས་ Tim Loughton ལགས་ཀྱིས་ད་རེས་ཁྲིམས་འཆར་དེ་དང་འབྲེལ་ནས་ཨིན་ཡུལ་ཕྱི་སྲིད་ལས་ཁུངས་ནས་ལོ་གཅིག་ནང་ཚུད་ལ་ཨིན་ཡུལ་གྱི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། ཡུལ་འཁོར་སྤྲོ་འཆམ་པ་བཅས་བོད་དང་རྒྱ་ནག་གི་མངའ་ཁུལ་ཁག་ཏུ་འགྲོ་འོང་ག་ཚོད་ཙམ་གང་ཐུབ་པའི་གྲངས་ཐོ་ཁག་མཚུངས་བསྡུར་གྱིས་ལོ་འཁོར་སྙན་ཐོ་ཞིག་གྲོས་ཚོགས་ནང་འགོད་འབུལ་ཞུ་དགོས་པའི་དགོས་འདུན་ཡང་ཆེད་འདོན་གནང་ཡོད་པ་རེད། ཁ་སང་གྲོས་ཚོགས་འཐུས་མི་སྐུ་འཚབ་ Tim Loughton ལགས་ཀྱིས་ཨིན་ཡུལ་གྲོས་ཚོགས་སུ་ཁྲིམས་འཆར་དེ་འགོད་འབུལ་ཞུས་གྲུབ་རྗེས་སྤྱི་ཚོགས་དྲྭ་ལམ་ཐོག་བརྙན་པར་ལམ་ནས་ཁྲིམས་འཆར་དེ་དང་འབྲེལ། རྒྱ་གཞུང་གི་ངོས་ནས་བོད་དེ་ཕྱི་ལ་སྒོ་མོ་ཕྱེས་ནས་བོད་ནང་གི་དངོས་ཡོད་གནས་བབ་ལ་རྟོག་ཞིབ་གནང་འཇུག་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་མི་དང་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་མིའི་ཐོག་དྲང་བདེན་མ་བྱེད་ཚེ་དེ་འབྲེལ་རྒྱ་ནག་གཞུང་གི་འགན་ཡོད་མི་སྣ་ཁག་ཨིན་ཡུལ་དུའང་ཡོང་རྒྱུའི་རེ་བ་དུས་ནམ་ཡང་མ་བྱེད་ཅེས་གསུངས་འདུག རླུང་འཕྲིན་ཁང་གིས་ཁྲིམས་འཆར་དེ་དང་འབྲེལ་ནས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཀུན་དགའ་ལགས་སུ་བཅར་འདྲི་ཞུས་པར་ཁྲིམས་འཆར་དེ་ནི་ད་བར་ས་གནས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁག་དང་བོད་མི་སོགས་ནས་ལོ་མང་རིང་ནས་ཞུ་འབོད་རིམ་པ་ཞུས་པའི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། རིང་མིན་ཁྲིམས་འཆར་དེ་གྲོས་ཚོགས་སུ་བགྲོ་གླེང་བརྒྱུད་ནས་གཏན་འབེབས་གནང་རྒྱུའི་ལས་རིམ་ཡོད་པ་དེ་ལྟར་ཡང་། ད་རེས་ཨིན་ཡུལ་གྱི་གནད་འགགས་ཆེ་བའི་གྲོས་ཚོགས་ཀྱི་དུས་ཚོད་དེ་ལྟ་བུའི་ཐོག་བོད་ནང་གི་གནད་དོན་དང་ཁྲིམས་འཆར་དེ་ཆེད་འདོན་གནང་བ་ནི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་མ་ཆོག་ཡོད་མ་རེད་ཅེས་གསུངས་སོང་།

༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་གར་གཞུང་ནས་བཞེངས་ཕྱོགས་བརྟན་པོ་འཛིན་དགོས།

ཉེ་ལམ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་ཐོན་བཞིན་པ་ལྟར་དེ་རིང་ DNA གསར་ཁང་གིས་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་རིག་གཞུང་ཐོག་བཤད་པ་དང་དཔྱད་རྩོམ་སྤེལ་མཁན་སྐུ་ཞབས་ Prasenjit Chowdhury ལགས་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་དེར་རྒྱ་དཀར་ནག་གཉིས་ཀྱི་བཞེངས་ཕྱོགས་སོགས་དང་འབྲེལ་བའི་དཔྱད་གཏམ་ཞིག་སྤེལ་འདུག དེའི་ནང་སྐུ་ཞབས་ Prasenjit Chowdhury ལགས་ཀྱིས་ཉེ་ཆར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པའི་འགན་འཛིན་གཞོན་པ་ Wang Neng Sheng དང་། པེ་ཅིང་དུ་རྟེན་གཞི་བྱས་པའི་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གི་སྤྱི་ཁྱབ་ Zha Luo ཟེར་བ་གཉིས་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། རྒྱ་གར་གཞུང་ལ་ཐེ་བྱུས་གནང་རྒྱུའི་དབང་ཆ་གང་ཡང་མེད་པ་མ་ཟད་གལ་སྲིད་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ཟེར་བས་བདམས་པའི་༸སྐུའི་ཡང་སྲིད་ལ་ངོས་འཛིན་ཞུ་ཚེ་རྒྱ་གར་དང་རྒྱ་ནག་དབར་གྱི་ཆབ་སྲིད་གནད་དོན་ལ་དོ་ཕོག་ཤུགས་ཆེར་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་བ་ལུང་འདྲེན་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ནས་ངོས་འཛིན་ཞུས་པའི་༸སྐུའི་ཡང་སྲིད་ལ་ངོས་ལེན་མེད་ཅེས་ཡོངས་བསྒྲགས་གནང་བ་ལྟར། རྒྱགར་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐོག་རྒྱ་ནག་ལ་ཆེས་དགའ་དགའ་དང་ཞི་འཇམ་གྱི་རྣམ་འགྱུར་མ་བསྟན་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་བཞེངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་པའི་སྐུལ་མ་གནང་འདུག ཁོང་ནས་དེ་སྔ་ཕྱི་ལོ་ ༡༩༥༤ ལོར་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་པ་དང་། ཕྱི་ལོ་ ༢༠༠༣ རྒྱ་ནག་གིས་འབྲས་ལྗོངས་ས་མཚམས་ས་ཁུལ་ཁག་ཅིག་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་སྐབས་གནད་དོན་འགྲིག་འཇགས་ཡོངས་ཐབས་སུ་སྲིད་བློན་ Atal Bihari Vajpayee མཆོག་གིས་སླར་བོད་དེ་རྒྱ་ནག་གི་ཤས་ཡིན་སྐོར་གསུངས་པ་དང་། དེ་བཞིན་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པའི་ངོས་ནས་གཞུང་འབྲེལ་གནད་ཡོད་མི་སྣ་རྣམས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲོག་ཞུས་པའི་མཛད་རིམ་ཐོག་མཉམ་ཞུགས་གནང་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་སོགས་ལུང་འདྲེན་གྱིས་རྒྱ་གར་གཞུང་ནས་མུ་མཐུད་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་གི་གནང་སྟངས་ལྟར་རྒྱ་ནག་ལ་འཇིགས་སྣང་ཁོ་ན་གནང་ནས་བཞུགས་ཚེ་རིམ་པས་རྒྱལ་སྤྱིའི་ཐོག་ནས་རྒྱ་གར་ལ་གཟིགས་ཕྱོགས་མི་ལེགས་པ་ཞིག་ཡོང་ངེས་ཡིན་པ་གསུངས་འདུག ལྷག་དུ་སྐུ་ཞབས་ Prasenjit Chowdhury ལགས་ནས་རྒྱ་གར་གཞུང་ནས་རྒྱ་ནག་གི་འདོད་མོས་ལྟར་འདས་པའི་ལོ་ངོ་དེ་དག་ཁྲོད་དུ་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་པ་བཞིན་ཡོད་ཀྱང་། རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དེ་ནི་ད་ལྟའང་ཀྱ་གེ་ཀྱོག་གེ་ངང་གནས་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་གར་གཞུང་ནས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་གོང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གྲུབ་འབྲས་ཐོན་ཡོད་མེད་ལ་དཔྱད་ཞིབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་ནག་ལ་རྒྱབ་སྐྱོར་གནང་ཚེ་དེ་སྔ་རྒྱ་གར་གྱིས་བོད་ཐོག་ནོར་འཁྲུལ་བཟོས་ཟིན་པའི་སྲིད་བྱུས་ཐོག་ཁ་སྣོན་ཆགས་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་ནས་ཀྱང་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དང་འབྲེལ་བ་བཏགས་ཚེ་དེས་རྒྱ་ནག་གཞུང་ནས་རྒྱ་གར་གཞུང་ལ་ཡིད་ཆེས་མེད་པའི་རྣམ་པ་ཞིག་མཚོན་གྱི་རེད་ཅེས་ནན་པོ་གསུངས་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ Reuters  གསར་ཁང་གི་བཅར་འདྲིར་བཀའ་ལན་མཛད་སྐབས་མ་འོངས་པར་༸སྐུའི་ཡང་སྲིད་དེ་རང་དབང་གི་རྒྱལ་ཁབ་ནས་གཅིག་དང་རྒྱ་ནག་སྲིད་གཞུང་གིས་ངོས་འཛིན་བྱས་པའི་གཅིག་བཅས་གཏན་འབེབས་བྱུང་ཚེ། མི་མང་གི་ངོས་ནས་རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་གུས་བརྩི་ཞུ་ཐབས་མེད་སྟབས་རྒྱ་ནག་ལ་དཀའ་ངལ་འཕར་མ་ཞིག་ཆགས་ངེས་ཡིན་པར་བཀའ་ནན་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་མི་ལོ་དྲུག་ཅུ་ལྷག་གི་རིང་བཞུགས་ཞག་མཛད་བཞིན་ཡོད་སྟབས་༸སྐུའི་ཡང་སྲིད་དེ་རྒྱ་གར་རང་དབང་ལུང་པའི་ནང་ལ་འཁྲུངས་སྲིད་སྐོར་བཀའ་བསྩལ་ཡོད་པ་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ཚོགས་པའི་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་དེ་༸རྒྱལ་མཆོག་༸རྗེ་དགེ་འདུན་གྲུབ་པའི་དགུང་གྲངས་ཙམ་དུ་ཕེབས་སྐབས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བོད་མི་གཙོས་པའི་དད་ལྡན་མང་ཚོགས་རྣམས་ལ་གོ་བསྡུར་གྱིས་༸རྒྱལ་དབང་༸སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་གནང་རྒྱུ་ཡིན་པ་མ་ཟད། གལ་སྲིད་༸སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དགོས་གལ་དུ་གཟིགས་ཚེ་དེའི་གནང་སྒོའི་འགན་དབང་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་གཞན་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་ཚོས་མཚོན་པའི་སྲིད་དབང་འཛིན་པ་སུ་ཞིག་ལའང་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་ཞུ་མི་དགོས་པ་བཅས་ཀྱི་བཀའ་སློབ་ནན་པོ་ཕེབས་ཡོད་པ་རེད།  

ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་གི་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་གླེང་བ།

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཚོགས་བཞིན་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐེངས་གཉིས་པའི་ཉིན་མཐའ་མའི་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་གིས་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གླེང་སྐབས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་འབུར་འདོན་དང་སྦྲགས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐྱོ་པོ་ཡོད་པ་གསུངས་འདུག སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་གིས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏང་ཡུལ་ས་གནས་དང་ཆོས་ལུགས་ཁག་རེ་རེ་བཞིན་གསལ་འདོན་གནང་སྐབས། དེ་སྔ་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ཆ་ཁོང་རྣམ་པ་གར་སོང་ཆ་མེད་གྱུར་ནས་ལོ་ཉི་ཤུ་རྩ་བཞི་འགྲོ་བཞིན་ཡོད་པ་འབུར་འདོན་དང་སྦྲགས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དེ་དག་ཁྲོད་དུ་བོད་མིའི་ཆོས་དད་རང་དབང་ཐོག་བཟང་ཕྱོགས་ཀྱི་ཡར་རྒྱས་མེད་པར་མུ་མཐུད་དམ་དྲག་དང་སྔར་ལྷག་ཚོད་འཛིན་བྱེད་བཞིན་ཡོད་པ་གསུངས་འདུག སྲིད་འཛིན་གཞོན་པ་མཆོག་ནས་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ཁ་ཆེའི་ཆོས་དད་པ་ས་ཡ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་གནད་དོན་དང་། རྒྱ་ནག་ཁྱོན་ཡོངས་སུ་ཡོད་པའི་ཡི་ཤུའི་ལྷ་ཁང་དང་དཔེ་ཆ་ཁག་རྩ་གཏོར་གཏོང་བཞིན་པའི་གནད་དོན། ལྷག་པར་དུ་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་ཕྱག་ལས་གནང་མཁན་ཚོ་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ཁོང་རྣམ་པའི་ནང་མི་སྤུན་མཆེད་ཚོར་སུན་གཙེར་ཆེན་པོ་བཟོ་བཞིན་པ་སོགས་འགྲེལ་བརྗོད་དང་འབྲེལ། ཨ་རིའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་དུ་ཚོང་དོན་གཙོས་པའི་གྲོས་མོལ་གང་འདྲ་ཞིག་གནང་ཡང་། རྒྱ་ནག་ནང་དཀའ་སྡུག་མྱོང་བཞིན་པའི་ཆོས་དད་པ་རྣམ་པའི་གནད་དོན་ངེས་པར་དུ་གླེང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུག གཞི་རྩའི་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲོག་ཞུས་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་ཆིག་སྟོང་ལྷག་ནས་མཉམ་ཞུགས་གནང་ཐོག་ཕྱི་ཚེས་ ༡༦ ནས་ཁ་སང་བར་ཉིན་གྲངས་གསུམ་རིང་འཚོགས་ཡོད་པ་དང་། ལྷན་ཚོགས་ཉིན་གཉིས་པའི་སྐབས་སུ་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་གཙོས་པའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་གྱི་གནད་དོན་ཐོག་དངོས་སུ་དཀའ་སྡུག་ཚད་མེད་མྱངས་མཁན་རྒྱལ་སྤྱིའི་སྐུ་ཚབ་ཁག་གཅིག་ཨ་རི་ཕོ་བྲང་དཀར་པོའི་ནང་ཨ་རིའི་སྲེད་འཛིན་སྐུ་ཞབས་ཌོ་ནལཌ་ཊམ་མཆོག་དང་མཇལ་འཕྲད་བརྒྱུད་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཀྱང་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་མཆོག་དང་བཀའ་མོལ་ཞུ་རྒྱུའི་ལས་རིམ་ལས་ཁྲོད་དུ་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲོན་ཚབ་པ་ Lu Kang གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཨ་རིས་གོ་སྒྲིས་ཞུས་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐོག་རྒྱ་ནག་ནང་ཆོས་དད་རང་དབང་མེད་སྐོར་བརྗོད་པ་རྣམས་བདེན་པ་མིན་པ་དང་། རྒྱ་ནག་ནང་སོ་སོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ཆོས་དད་རང་དབང་ཡོད་ཅེས་བརྗོད་པ་དང་ཆབས་ཅིག ཨ་རི་གཞུང་ནས་ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་ཆོས་ཕྱོགས་སྲིད་བྱུས་ལ་མི་འདོད་པའི་མི་སྣ་ཁག་གཅིག་གདན་ཞུས་ཀྱིས་སྲིད་འཛིན་ Donald Trump མཆོག་དང་གླེང་མོལ་ཞུ་རྒྱུའི་གོ་སྐབས་སྐྲུན་པ་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་པ་ཞིག་རེད་ཅེས་ཨ་རི་གཞུང་ལ་སྐྱོན་བརྗོད་བྱས་འདུག འོན་ཀྱང་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Mike Pompeo མཆོག་ནས་ཁ་སང་ལྷན་ཚོགས་ཀྱི་མཇུག་བསྡོམ་གསུངས་བཤད་དང་སྦྲགས། རྒྱ་ནག་རྒྱལ་ཁབ་དེ་ནི། དུས་རབས་འདིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་ཤིང་ཅང་མི་མང་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་དུས་རབས་འདིའི་ནག་ཉེས་ཆེ་ཤོས་དེ་རེད་ཅེས་རྒྱ་ནག་ལ་མུ་མཐུད་བསྐྱོན་བརྗོད་ནན་པོ་བྱས་འདུག ལྷག་པར་དུ་སྐུ་ཞབས་ Mike Pompeo མཆོག་ནས་རྒྱ་ནག་གཞུང་ནས་རྒྱ་ནག་ནང་ཙམ་མ་ཟད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ལ་ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲད་པ་དེ་རྒྱ་ནག་ནང་ལ་ཆོས་དད་རང་དབང་མེད་པའི་རྣམ་པ་གསལ་པོ་མཚོན་གྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་གནོན་ཤུགས་དེར་ལྟོས་མེད་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་བསྔགས་བརྗོད་གནང་འདུག གཞི་རྩའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ལྷན་ཚོགས་འདི་བཞིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་སྲིད་གཞུང་ནས་རྒྱལ་སྤྱིའི་མང་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་ལྷན་ཚོགས་དང་པོ་དེ་སྔར་ལོའི་ཕྱི་ཟླ་བདུན་པའི་ནང་ཚོགས་ཡོད་པ་དང་། ལས་དོན་དེའི་སླད་ཨ་རི་གཞུང་དང་ལྷན་ཚོགས་ནས་ལོ་རེར་ཨ་སྒོར་ས་ཡ་བཞི་བརྒྱ་ལྷག་གི་འགྲོ་གྲོན་གནང་བཞིན་ཡོད་པ་རེད།

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་བོད་ཀྱི་བཙོན་པ་དགུའི་གནས་སྟངས་ཞུ་སྐུལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཁག་གཅིག་གིས་རྒྱ་ནག་ལ་ཞུ་ཡིག་ཞིག་ཕུལ་ཏེ་ཕྱི་ལོ་ ༢༠༡༥ ལོར་ཀིརྟི་དགོན་གྱི་གྲྭ་འབྲུག་གྲགས་དང་བློ་བཟང་མཁས་སྒྲུབ་སོགས་བོད་མི་དགུ་ཡིས་༸སྐུའི་གྱ་སྟོན་སྲུང་བརྩི་གནང་བ་དང་འབྲེལ་ནས་རྒྱ་ནག་གི་ཁོང་རྣམས་འཛིན་བཟུང་བྱས་ཏེ་ལོ་ ༡༤ ནས་ ༥ ཀྱི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རྣམས་ཀྱི་ད་ལྟའི་གནས་སྟངས་ཕྱིར་སྒྲོག་དགོས་པའི་རེ་སྐུལ་གནང་འདུག དེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གྱི་སྐུ་ཚབ་ཚོགས་ཆུང་དེས་བོད་མི་དེ་དག་གི་ད་ལྟའི་གནས་སྟངས་ལ་སེམས་འཚབ་ཡོད་པ་ཡོངས་གྲགས་གནང་ཡོད་པ་མ་ཟད། རྒྱ་ནག་གིས་ཁྲིམས་སྒྲིག་གི་ལམ་ལུགས་ལ་བརྩི་འཇོག་གང་ཡང་མེད་པར་བོད་མིའི་མངོན་འདོད་ཡོད་ཚད་ནག་ཉེས་ཅན་ལ་བསྒྱུར་ཏེ་རྒྱལ་ཁབ་ཁ་བྲལ་གྱི་བསྙོན་འཛུགས་འོག་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་འཁོད་འདུག རྒྱལ་ཚོགས་ཀྱི་སྐུ་ཚབ་ལྔ་ལས་གྲུབ་པའི་ཞུ་ཡིག་དེར་མཚན་རྟགས་རྒྱག་མཁན་ཁོངས་སུ་རྒྱལ་ཚོགས་ཀྱི་རིག་གཞུང་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Karima Bennoune ལགས་དང་སྨྲ་བརྗོད་རང་དབང་གཅེས་འཛིན་གྱི་དམིགས་བསལ་སྐུ་ཚབ་ David Kaye ལགས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་གནད་དོན་དང་གྲངས་ཉུང་མི་རིགས་གྱི་གནད་དོན། དེ་བཞིན་ཆོས་དད་རང་དབང་སྡེ་ཁག་བཅས་ཀྱི་དམིགས་བསལ་སྐུ་ཚབ་ལྔ་ཡོད་པ་རེད། ཚོགས་ཆུང་དེས་ཞུ་ཡིག་དེའི་ནང་རྒྱ་ནག་གིས་ནག་ཉེས་ཁྲིམས་སྒྲིག་གི་དོན་ཚན་ ༡༠༣ གྱི་ནང་གསེས་དོན་ཚན་གཉིས་པ་བེད་སྤྱོད་ཀྱིས་རྒྱལ་ཁབ་ཁ་བྲལ་སྐུལ་སློང་ཟེར་བའི་ཁྲིམས་དོན་གྱི་འོག་ནས་བོད་མིའི་སྨྲ་བརྗོད་རང་དང་ཆོས་ལུགས་ཀྱི་རང་དབང་། དེ་བཞིན་རིག་གཞུང་དང་འདུ་འཛོམས་ཀྱི་རང་དབང་ཡོད་ཚད་ལ་བཏང་འཛིན་བྱེད་བཞིན་པ་མངོན་གསལ་གནང་སྟེ། བོད་མི་དགུ་པོ་དེ་དག་འཛིན་བཟུང་བྱེད་ལུགས་ཀྱི་སྐོར་ནས་ཁྲིམས་སྒྲིག་གི་བརྒྱུད་རིམ་གང་ཡང་གསལ་བཤད་གནང་མེད་པ་མ་ཟད། ཁོང་ཅག་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་སྟངས་ཙམ་ཡང་ཕྱིར་བསྒྲགས་བྱས་མེད་པར་སེམས་ཁྲལ་ཆེན་པོ་ཡོད་ཚུལ་བརྗོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མན་ཡན་ལག་ལས་ཁུངས་ཀྱི་ངེས་སྟོན་པ་སྐུ་ཞབས་ Kai Mueller  ལགས་ཀྱིས་རྒྱ་ནག་གི་དུས་ཡུན་རིང་པོ་ནས་བཟུང་བོད་མི་རྣམས་ལ་བསྙོན་འཛུགས་འདྲ་མིན་བྱས་པ་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་ཐབས་བྱས་ཡོད་པ་མངོན་གསལ་གནང་བ་དང་འབྲེལ། འཛམ་གླིང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་༸གོང་ས་ཏཱ་ལའི་བླ་མའི་༸སྐུའི་གྱ་སྟོན་སྲུང་བརྩི་གནང་རྐྱེན་བོད་མི་དགུ་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི་རྒྱ་ནག་གི་བོད་མིར་བསྙོན་འཛུགས་བྱེད་བཞིན་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན་པར་གསུངས་འདུག ཁོང་གིས་ད་དུང་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ལྔས་བོད་མི་དགུ་པོ་དེ་དག་གི་གནད་དོན་དང་འབྲེལ་ནས་རྒྱ་ནག་གིས་བོད་མིར་བསྙོན་འཛུགས་བྱེད་བཞིན་པ་དེ་ཡོང་གྲགས་གནང་སྟེ་ཁོང་རྣམ་པའི་གནས་སྟངས་ཐོག་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུར་སྐུལ་མ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག  རྒྱ་ནག་གིས་བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་གློད་བཀྲོལ་མ་ཐོབ་བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་མུ་མཐུད་དེ་རྒྱ་ནག་ལ་གནོད་ཤུགས་སྤྲད་ནས་བོད་མི་རྣམས་ཀྱིས་རང་དབང་གི་སྒོ་ནས་རང་གི་ཆོས་དང་རིག་གཞུང་ལག་བསྟར་ཐུབ་རྒྱུར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག

ཨ་རིའི་སྲིད་འཛིན་མཆོག་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་འབོད་སྐུལ།

ཁ་ཉིན་ཕྱི་ཚེས་ ༡༦ ནས་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཐོག་ཡུལ་དེར་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། ཁ་སང་ལྷན་ཚོགས་ཉིན་གཉིས་པའི་སྐབས་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག ཉི་མ་ལྷ་མོ་ལགས་ནི་ཐེངས་འདིའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་བོད་པའི་སྐུ་ཚབ་ཀྱི་མིང་ཐོག་ནས་ཆེད་ཕེབས་གནང་ཡོད་པ་དང་། ཁ་སང་ཉི་མ་ལྷ་མོ་ལགས་ཀྱིས་གཙོས་པའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དངོས་སུ་དཀའ་སྡུག་ཚད་མེད་མྱངས་པའི་རྒྱལ་སྤྱིའི་སྐུ་ཚབ་ཁག་གཅིག་ཨ་རི་ཕོ་བྲང་དཀར་པོའི་ནང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌ་ཊམ་མཆོག་དང་མཇལ་འཕྲད་བརྒྱུད་ནས་བཀའ་མོལ་གྱི་གོ་སྐབས་བྱུང་ཡོད་པ་ལྟར། ཁོང་གིས་དང་ཐོག་དེར་སྲིད་འཛིན་མཆོག་དང་མཇལ་འཕྲད་ཀྱི་བདེ་སྡུག་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་ཡོད་པའི་བོད་མི་ཚོར་ཨ་རིའི་ངོས་ནས་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ཕེབས་ཐུབ་རྒྱུ། དེ་བཞིན་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་བཅས་ཚོར་ཤུགས་ཆེན་པོས་འབོད་སྐུལ་ཞུས་འདུག འབོད་སྐུལ་དེའི་ཁྲོད་ཉི་མ་ལྷ་མོ་ལགས་ནས་ངའི་དབྱིན་སྐད་དེ་ཡག་པོ་དེ་ཙམ་མེད་ཅེས་དགོངས་སེལ་ཞུས་པར་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ནས་གང་ཡང་གནང་གི་མ་རེད། ཁྱེད་ཀྱི་དབྱིན་སྐད་ཡག་པོ་འདུག་ཅེས་གསུངས་པ་དང་ཆབས་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་བཀའ་ལན་གནང་འདུག གཞི་རྩའི་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ནི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌ་ཊམ་མཆོག་དང་མཇལ་འཕྲད་ཀྱི་བོད་དོན་ཞུ་སྐུལ་གནང་མཁན་བོད་པ་ཆེས་ཐོག་མ་དེ་ཡིན་པ་རེད། ཁ་སང་ཨ་རི་ཕོ་བྲང་དཀར་པོའི་ནང་ཨ་མི་རི་ཀའི་སྲིད་འཛིན་མཆོག་དང་མཇལ་འཕྲད་མ་གནང་གོང་དུ་ཡི་ཤུ་རྣམ་དག་གི་གནད་ས་ཝ་ཊི་ཀན་གྱི་ཨ་རི་གཞུང་ཚབ་ལྕམ་སྐུ་ Callista Gingrich ལགས་ནས་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ཚོམས་ཁང་ Burns ཞེས་པར་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་བཅར་བ་དང་གནད་ཡོད་མི་སྣ་ཚོར་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་གཉིས་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། འཛམ་གླིང་ཐོག་ཆོས་དད་རང་དབང་ལ་བརྩི་བཀུར་མི་བྱེད་མཁན་གྱི་རྒྱལ་ཁབ་གཙོ་བོ་གཅིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་དང་། དེ་ཡང་རྒྱ་ནག་གཞུང་ནས་ཆོས་ལུགས་ཀྱི་མི་སྣར་སུན་གཙེར་དང་། སྡང་ཟུག བཙོན་འཇུག་སོགས་ཀྱི་ལས་དོན་རྣམས་གོ་རིམ་ལྡན་པའི་ཐོག་ནས་ལག་བསྟར་བྱས་པ་མ་ཟད། ཁ་ཆེ་དང་ཡི་ཤུ། ནང་པ་བཅས་གྲངས་ཉུང་མི་རིགས་ཐོག་དམིགས་བསལ་གྱི་དམ་དྲག་དང་གཉའ་གནོན་གཏོང་བཞིན་ཡོད་པ་ཐེར་འདོན་གནང་འདུག ལྷག་པར་དུ་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ལྕམ་སྐུ་ Callista Gingrich ལགས་ནས་ཉེ་དུས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་ཤུགས་ཆེ་བྱེད་བཞིན་པར་སྐྱོན་བརྗོད་དང་སྦྲགས། ༸གོང་ས་མཆོག་ནི་བོད་མིའི་སེམས་ཁུངས་ནས་བརྩི་བཀུར་དང་དད་མོས་ཞུ་ཡུལ་ཞིག་ཡིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་དེ་རྒྱ་གཞུང་ནས་ཐེ་བྱུས་གང་ཡང་བྱེད་དབང་མེད་པར་དད་མོས་དང་བརྩི་བཀུར་ཅན་གྱི་བོད་མི་རང་ངོས་ནས་ངོས་འཛིན་ཞུ་རྒྱུ་ཞིག་རེད་ཅེས་ནན་པོ་གསུངས་འདུག དེ་བཞིན་སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་༸གོང་ས་མཆོག་གི་བཀའ་དགོངས་ཇི་བསྩལ་ལྟར་སྒྲུབ་མཁན་ཞིག་ཡིན་པ་དང་། རིན་པོ་ཆེ་དམ་པས་བོད་ནང་གི་ཆོས་ཕྱོགས་ཀྱི་ལས་དོན་ཙམ་མ་ཟད། སྤྱི་ཚོགས་ཀྱི་ཞབས་ཞུ་མང་དག་ཅིག་སྒྲུབ་བཞིན་ཡོད་སྟབས་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་འཛིན་བཟུང་གིས་སྲོག་ཐོག་དང་ཚེ་བཙོན་སོགས་ཀྱི་ཁྲིམས་ཐག་རིམ་པ་བཅད་དེ་མཐར་བཙོན་ཁང་དུ་དགོངས་པ་རྫོགས་པའི་གནས་སྟངས་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རིན་པོ་ཆེ་མཆོག་གིས་གཙོས་པའི་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སོགས་ནས་བོད་ནང་གི་ཆོས་དད་རང་དབང་གི་གནས་བབས་གང་འདྲ་ཡོད་མེད་མཚོན་ཐུབ་སྐོར་གསུངས་འདུག སྐབས་དེར་ཉི་མ་ལྷ་མོ་ལགས་ཀྱི་གསུང་བཤད་དེ་དག་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་དབྱིན་སྒྱུར་གནང་ཡོད་པ་དང་། གསུང་བཤད་ཀྱི་མཐའ་མ་དེར་ཉི་མ་ལྷ་མོ་ལགས་ནས་ཨ་རི་སྲིད་གཞུང་དང་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་བཙོན་ཁང་ནང་སྐུ་གྲོངས་པའི་གནད་དོན་ཐད་རྒྱ་ནག་གཞུང་ལ་འདྲི་རྩད་ནན་པོ་གནང་དགོས་པ་དང་། རྒྱལ་སྤྱིའི་གཞུང་དང་ཉམས་ཞིབ་པ། དེ་བཞིན་གསར་འགོད་པ་རྣམས་ནས་རྒྱ་གཞུང་གིས་བོད་ནང་ཆོད་དད་རང་དབང་ཡོད་ལུགས་བརྗོད་བཞིན་པ་དེ་བདེན་པ་ཡིན་མིན་དཔྱད་ཞིབ་སླད་བོད་ནང་ཕེབས་དགོས་པ། རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་ནང་ཆོས་ལ་སློབ་གཉེར་གནང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ནས་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པ་ཆེ་མཆོག་གཙོ་གྱུར་བོད་པའི་ཚབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་མ་ཟད། ཁོང་རྣམ་པའི་མ་འོངས་ཀྱི་གནས་སྟངས་ཇི་ཆགས་འགན་དེ་རྒྱ་ནག་གཞུང་ལ་ཡོད་ཅེས་འབོད་སྐུལ་དོན་ཚན་ལྔ་སྟོན་འདུག རྩ་བའི་ཁ་ཉིན་ནས་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་ཆིག་སྟོང་ལྷག་ནས་མཉམ་ཞུགས་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་དང་ཚོགས་དུས་དང་པོའི་ཐོག་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་དང་། གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Frank Wolf ལགས་སོགས་ནས་རྒྱ་ནག་གི་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤིན་ཅང་བཅས་སུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་རྣམས་ས་གནས་མི་མང་གི་ཆོས་དད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཤུགས་ཆེ་གཏོང་བཞིན་པ་སོགས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད།

Latest news