Tibetan Royal Year of 2151 | Year of the Wood Dragon

Day3

བཀའ་ཤག་ནས་རྐྱེན་ལ་མ་ལྟོས་པར་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་པ།

དེ་རིང་ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ལས་ཉིན་གསུམ་པའི་ཐོག་བོད་ལ་༸གོང་ས་མཆོག་ལས་ལྷག་པ་བཀྲིན་ཅན་མེད་གསུངས་པ་དང་ཆབས་ཅིག  བཀའ་ཤག་ནས་རྐྱེན་ལ་མ་ལྟོས་པར་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་། དེ་ཡང་བཀའ་ཤག་གི་གསལ་བཤད་ཅེས་པའི་ལས་རིམ་སྐབས་སྲིད་སྐྱོང་མཆོག་གིས་བོད་དང་རྒྱ་ནག་གནང་གི་འགོ་ཁྲིད་འཕོ་འགྱུར་གྱི་འགྱུར་བ་ཁག་ཅིག་སྐོར་དང་། རྒྱ་གར་གཞུང་དམངས་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་འགྱུར་འགྲོས་སོགས་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་སྐོར་ལ་གསུངས་ཡོད་པ་རེད། ཁྱད་པར་དུ་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་འདིའི་ཐོག་ནས་ད་ལྟ་༸གོང་ས་མཆོག་ཡོ་རོབ་ནང་དུ་མཛད་འཕྲིན་སྐྱོང་བཞིན་པ་དེ་དག་ལ་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་དབུ་ཁྲིད་ཙམ་མ་ཟད། མང་ཚོགས་ཁྲི་ཚོ་མང་པོས་དད་གུས་དང་དགའ་མོས་ཤུགས་ཆེ་ཞུ་མུས་ཐོག་༸རྒྱལ་བའི་མཛད་འཕྲིན་སྔར་ལྷག་རྒྱས་བཞིན་པ་དེ་ནི་ང་ཚོ་དགའ་སྤོབས་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད་སྐོར་གསུངས་སོང་བ་དང། དེ་མཚུངས་སྲིད་སྐྱོང་མཆོག་གིས་ཉེ་ཆར་མི་གཉིས་གསུམ་ཙམ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནས་ཚུལ་བྱུང་ཡོད་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ཞིང་། བོད་ཟེར་ནའང་འདྲ། ནང་ཆོས་ཟེར་ནའང་འདྲ། རྩ་དོན་ཟེར་བ་དེ་དག་ད་བར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གནས་ཐུབ་པ་དེ་དག་ནི་༸གོང་ས་མཆོག་གིས་༸སྐུ་དྲིན་ཉག་གཅིག་གི་ཡིན་པས། བོད་ལ་༸གོང་ས་མཆོག་ལས་ལྷག་པ་བཀྲིན་ཅན་ཞིག་མེད་སྟབས་མགོན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་རྒྱུ་བཀའ་ཤག་གི་འགན་ཡོད་ལ་མུ་མཐུད་དེ་ལྟར་རྒྱུ་གནང་ཡིན་ཅེས་གསུངས་ཡོད། སྒོས་སུ་སྲིད་སྐྱོང་མཆོག་གིས་འགའ་ཞིག་གིས་མང་གཙོ་དང་གཏམ་བརྗོད་རང་དབང་སོགས་བརྗོད་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡོད་སྟབས། བཀའ་ཤག་གིས་རྐྱེན་ལ་མ་ལྟོས་པར་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་ལ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ངག་དེར་གདོང་ལེན་གང་གནང་དགོས་ཀྱང་གནང་ངེས་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་སྐབས་དེར་སྲིད་སྐྱོང་མཆོག་གིས་ཉེ་ཆར་གསར་དུ་བསྐོ་གཞག་བྱེད་པ་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ཝུ་ཡིང་ཇེ་སྐོར་ལས་བོད་དང་རྒྱ་ནག་ནང་གི་འགྱུར་བ་ཁག་ཅིག་སྐོར་ལ་གསུངས་སོང་བ་དང། ལྷག་པར་དུ་དེང་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་ཆབ་སྲིད་ཐོག་ལ་གང་ཙམ་འཁྲུག་པོ་ཞིག་གཟིགས་ཀྱི་ཡོད་པ་གསུངས་གནང་སོང་། གཞན་ཡང་བཀའ་ཤག་གི་གསལ་བཤད་ཀྱི་དེའི་ཐོག་ནས་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཚོགས་གྲུབ་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པའི་སྐོར་དང་། སྔ་ལོ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་༸གོང་ས་མཆོག་མཇལ་འཕྲད་ལས་ཨ་རིའི་གཞུང་ནས་བོད་མིའི་ཐོག་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད་པའི་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་སོགས་ཀྱི་སྐོར་ལ་གསུངས་ཡོད་པ་རེད། དེ་རིང་བཀའ་ཤག་གི་གསལ་བཤད་སྒྲུབ་རྗེས་སྤྱི་འཐུས་རྣམ་པས་གསལ་བཤད་ཀྱི་དོན་གནད་སྤྱི་ལ་བསྔགས་བརྗོད་དང་། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་བོད་ལ་བཀྲིན་ཆེ་ཚུལ་སྐོར་ལ་ཞིབ་ཚགས་གསུངས་པ་དང་། ཁྱད་པར་དུ་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བཀའ་ཤག་གི་བཞེངས་ཕྱོགས་སྐོར་ལ་ཁ་གསལ་ནན་བརྗོད་གནང་པར་ལ་ལས་ཐུགས་རྗེ་ཆེ་ཞུ་ཡང་གསུང་མཁན་བྱུང་ཡོད་པ་རེད། བཀའ་ཤག་གི་གསལ་བཤད་དེའི་ཐོག་ལ་སྤྱི་འཐུས་ཁག་ཅིག་གིས་བོད་རྒྱ་འབྲེལ་མོལ་དང་སྐུ་ཚབ་གསར་པ་བསྐོ་དགོས་གལ་ཡིན་པ། དེ་བཞིན་སྒྲིག་འཛུགས་ནས་བོད་དོན་ལས་འགུལ་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་དྲི་བ་ཁག་ཅིག་ཕེབས་ཡོད་ནའང། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་མཆོག་ལ་བཀའ་ལན་གྱི་གོ་སྐབས་ལས་རིམ་རྗེས་མར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ས་གནས་ཁག་ཏུ་སྨན་པ་མེད་པའི་དཀའ་ངལ་སེལ་སླད་འཕྲོད་བསྟེན་ལས་ཁུངས་གཙོས་སྤྱི་ཚོགས་རང་ནས་དེར་ཐུགས་འགན་བཞེས་དགོས་པ་གསུངས་སོང་།

དེ་རིང་ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གྲོས་ཚོགས་ལས་ཉིན་གསུམ་པའི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་པའི་ཁྲོད། བཙན་བྱོལ་བོད་མིའི་ས་གནས་ཁག་ཏུ་སྨན་པ་དང་འཕྲོད་ལས་པ་མེད་པའི་དཀའ་ངལ་ཡོད་སྟབས་དཀའ་ངལ་དེ་སེལ་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ཙམ་མིན་པར་བོད་པའི་སྤྱི་ཚོགས་རང་གི་ངོས་ནས་ཐུགས་འགན་བཞེས་ཏེ་ཐབས་ལམ་ཚོལ་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་དེ་རིང་སྔ་དྲོ་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པ་འདིའི་ཐོག་སྤྱི་འཐུས་ཤིག་གིས་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྤེལ་བའི་འཕྲོད་བསྟེན་ལས་གཞི་ཆེ་ཤོས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ཉིད་ཡིན་མིན་དང་། དེ་བཞིན་ནད་རིགས་སྔོན་འགོག་ཐད་ལས་འཆར་དང་ལས་རིམ་གང་ཡོད་མེད་བཅས་ཀྱི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་བཀའ་བློན་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའིསྤྱི་ཚོགས་ཁྲོད་སྤེལ་བའི་འཕྲོད་བསྟེན་ལས་གཞི་ཆེ་ཤོས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་གཅིག་པོ་མིན་པ་དང་། ནད་རིགས་སྔོན་འགོག་སླད་འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུའི་ལས་རིམ་དང་ཀྲི་བི་ནད་གཞིའི་སྔོན་འགོག་དང་སྨན་བཅོས། འཕྲོད་བསྟེན་སློབ་གསོ་དང་སྦྱོང་བརྡར། གཞན་ཡང་གཉན་ནད་རེག་དུག་སྔོན་འགོག་དང་ལྟ་སྐྱོང་སོགས་ཀྱི་ལས་འཆར་མང་པོ་ཞིག་གི་ཐོག་ལ་ལག་བསྟར་གང་ལེགས་ཞུས་དང་ཞུ་མུས་ཡིན་པ་གསུངས་སོང་། འཕྲོད་བསྟེན་གྱི་ནད་རིགས་སྔོན་འགོག་གི་ལས་འཆར་ལས་བོད་མིའི་གཞིས་ཁག་ཏུ་ཁྱིམ་ཚང་རེ་རེར་འཕྲོད་ལས་པ་ཆེད་བསྐྱོད་ཀྱིས་སློབ་གསོ་དང་བརྟག་དཔྱད་བཅས་གནང་གི་ཡོད་ཀྱང་། བོད་མིའི་གཞིས་སྒར་ཁག་མང་པོའི་ནང་ད་དུང་ཡང་འཕྲོད་ལས་པ་མེད་པའི་དཀའ་ངལ་དེ་མུར་ཡོད་སྐོར་བཀའ་འདྲི་ཞུས་པར། བཀའ་བློན་མཆོག་གིས་ས་གནས་ཁག་ཅིག་གི་ནང་ལ་ད་དུང་ཡང་འཕྲོད་ལས་པ་མེད་པའི་དཀའ་ངལ་གཏན་གཏན་འཕྲད་བཞིན་པར་ངོས་འཛིན་ཞུས་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ས་གནས་དེ་དག་ནང་འཕྲོད་བསྟེན་པ་གང་ཐུབ་ཅི་ཐུབ་ཀྱིས་ཆེད་གཏོང་བྱ་རྒྱུར་འབད་བརྩོན་གནང་དང་གནང་མུས་ཡིན་པ་མ་ཟད། ཉེ་བའི་ཆར་ས་གནས་ཐག་རིང་ཁག་ཏུ་ཆེད་དུ་དམིགས་ཏེ་འཕྲོད་ལས་པ་ཆེད་གཏོང་གིས་བོད་མིར་བརྟག་དཔྱད་གནང་པ་དང་། དེ་དག་གི་གྲངས་ཐོ་བསྡུ་ལེན་བྱས་པ་དང་ནད་རིགས་སྔོན་འགོག་ཡོང་ཐབས་ཀྱི་དམིགས་ཚད་ངེས་ཅན་ཞིག་འཛིན་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། ལྷག་པར་དུ་སྔ་དྲོའི་ཚོགས་ཐུན་དེའི་སྐབས་སྤྱི་འཐུས་འགའ་ཞིག་གིས་ཀྱང་ས་གནས་སྨན་ཁང་ཁག་ལ་ད་ཆ་སྨན་པ་མ་འདང་བའི་རྒྱུ་མཚན་གང་ཡིན་དང་དཀའ་ངལ་དེ་སེལ་ཐབས་སླད་འཆར་གཞི་གང་ཡོད་དམ་ཞེས་དང་། ཁོར་ཡུག་གཙང་བཟོ་གནང་ཐབས་ལ་འབད་པ་གང་གནང་ཡོད་མེད་བཅས་ཀྱི་ཐད་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་བོད་རིགས་སློབ་མ་ཉུང་ཤས་མ་གཏོགས་མང་དག་ཞིག་སྨན་པའི་ཡིག་རྒྱུགས་མ་འཕྲོད་པ་དང་། དེ་མིན་གསོལ་ཕོགས་དང་མཐུན་རྐྱེན་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ས་གནས་ཁག་གི་ནང་སྨན་པ་འདང་ངེས་ཤིག་ཡོང་ཐུབ་ཀྱི་མེད་སྐོར་གསུངས་སོང་བ་དང་། དཀའ་ངལ་ཡོད་པ་དང་དཀའ་ངལ་དེ་སེལ་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ཙམ་མིན་པར་བོད་པའི་སྤྱི་ཚོགས་རང་གི་ངོས་ནས་ཐུགས་འགན་བཞེས་ཏེ་ཐབས་ལམ་ཚོལ་དགོས་གལ་ཡིན་པ་སོགས་གསུངས་ཡོད་པ་རེད།

Latest news