Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བྱང་ཨ་རི་ཁུལ་གྱི་བོད་རིགས་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་ཤིག་གསར་འཛུགས་ཞུ་རྒྱུ་རེད་འདུག

དེའང་ཟླ་ ༩ ཚེས་ ༨ ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༡༠ བར་ཉིན་གྲངས་གསུམ་རིང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༦ པ་དེ་ཚོགས་ཡོད་པ་དང་། ཨ་རིའི་སྐུ་ཚབ་དོན་གཅོད་དང་བྱང་ཨ་རིའི་སྤྱི་འཐུས་གཙོ་བཞུགས་ཀྱིས་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ནས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་དང་༸སྐུ་ཕྱྭའི་ཉེན་སྲུང་གི་གནད་དོན། བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་དོན། དེ་བཞིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་བོད་མི་ནང་ཁུལ་མཐུན་ལམ་དང་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་གོང་མཐོར་ཇི་ལྟར་གཏོང་དགོས་མིན་བཅས་ཀྱི་གྲོས་གཞི་གཙོ་ཁག་གསུམ་གྱི་ཐོག་ལ་གྲོས་བསྡུར་གནང་མཐར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནས་ས་གནས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུ་དང། འདི་ལོའི་ཕྱི་ཟླ་ ༡༢ ནང་ནིའུ་ཡོག་གྲོང་ཁྱེར་དུ་ཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་སྤེལ་རྒྱུ། བྱང་ཨ་རི་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གོ་སྒྲིག་ཞུ་རྒྱུ། ལྷག་པར་དུ་ཐེངས་འདིའི་ཚོགས་ཆེན་ཐོག་ནས་བྱང་ཨ་རི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་སྤྱི་ལ་ཁྱས་པའི་སྒྲིག་འཛུགས་ཤིག་གསར་འཛུགས་ཞུ་རྒྱུ་སོགས་ཀྱི་གྲོས་ཆོད་བཞག་འདུག རྩ་བའི་བྱང་ཨ་རི་དང་ཁེ་ན་ཌ་གཉིས་བསྡོམས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁྱོན་ ༣༢ ཡོད་པ་དང། ཐེངས་འདེའི་བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༦ པའི་ཐོག་སྤྱི་མཐུན་ཚོགས་པ་ ༢༨ ཀྱི་ཚོགས་བཅར་བ་ ༦༣ ནས་མཉམ་ཞུགས་གནང་འདུག ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་སྟེ། བོད་མི་ཚོས་ཕྱི་ནང་གཉིས་ཀྱི་དགྲ་བོ་སུ་ཡིན་ངོ་ཤེས་པའི་ཐོག་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་རིགས་རྩ་བ་ནས་གནང་རྒྱུ་མེད་པའི་སྐོར་གསུངས་འདུག བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ པ་དེ་ཀོ་ལོ་ར་དྲོ་མངའ་ཁུལ་གྱི་ Boulder ས་གནས་སུ་ཚོགས་ཡོད་པ་དང་། ད་རེས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༦ པ་དེའི་ཐོག་ནས་ཚོགས་ཆེན་ ༡༧ པ་དེ་ལྷོ་ཁེལ་ཕོ་ནི་འམ་ཡང་ན་བྱང་ཁེལ་ཕོ་ནི་ཡ་གང་རུང་དུ་ཚོགས་གཏན་འཁེལ་འདུག

རྒྱ་གཞུང་ལ་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་བཏོན་སོང་།

ཁ་སང་ཟླ་ ༩ ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༩།༣༠ སྟེང་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག དམིགས་གསལ་སྐུ་མགྲོན་བོད་ཀྱི་བེུད་ལྷནཚོགས་ཀྱི་སློབ་སྟོན་པ་དང་ཚོགས་གཙོ་ཟུར་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། བེུད་སྤྱི་འཐུས་དང་ལས་ཟུར་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་གནང་སྟེ་ལོ་ངོ་ ༣༣ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་དོན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལུས་སྲོག་བློས་གཏོང་གནང་མཁན་གྱི་བེུད་སྙིང་སྟོབས་ཅན་རྣམས་ལ་རྗེས་དྲན་ཞུས་པ་དང་སྦྲགས། རྒྱ་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་དང། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་དང། དེ་བཞིན་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་བླ་རང་སྒར་དང་ཡར་ཆེན་སྒར་དུ་གཏོར་བཤིག་གི་ལས་དོན་སྤེལ་བཞིན་པ་མཚམས་འཇོག་དགོས་པ། བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བར་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་དོན་ཚན་ ༤ ཅན་གྱི་དགོས་འདུན་ཞིག་ཀྱང་བཏོན་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་དོན། བེུད་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་ལྷག་བསམ་ལ་ཡི་རངས་བསྔགས་བརྗོད་མཛད་པ་དང་འབྲེལ། ཚོགས་པའི་ངོས་ལས་གཞི་གང་ཞིག་སྤེལ་བ་རྣམས་ལས་བསྡོམས་ནང་དུ་འཁོད་ཐུབ་པ་ཙམ་མིན་པར་རྒྱུན་སྐྱོང་ཐུབ་པ་གནང་དགོས་གལ་དང། བེུད་ལྷནཚོགས་ཀྱི་ངོས་ནས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་བཙན་བྱོལ་བོད་མི་རྣམས་ཀྱི་དབར་ལ་ཤེས་ཡོན་དང་རིག་གཞུང་གོང་འཕེལ་ཐད་ཕྱག་ལས་གནང་དགོས་གལ་ཡིན་པ་མ་ཟད། དེ་བཞིན་མི་ཚེའི་ནང་ཕུགས་རྒྱང་རིང་པོའི་བདེ་སྐྱིད་ཡོང་ཕྱིར་ནང་ཆོས་ཀྱི་གོ་རྟོགས་སྤེལ་དགོས་པ། ལྷག་པར་དུ་བེུད་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་མི་འབོར་འཕེལ་རྒྱས་ཐད་ཐུགས་འཁུར་ཆེ་བཞེས་གནང་མུས་ཁག་ལ་བསྔགས་བརྗོད་དང་ལས་གཞི་དེ་དག་རྒྱ་སྐྱེད་གཏང་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་བསྩལ་སོང། དེ་བཞིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཕྱག་ནས་རྡ་སར་གནས་སྡོད་ཨ་ཅག་དབྱངས་ལྷ་མོ་ལགས་ནས་ཉིན་ལྟར་གླིང་སྐོར་གཡས་ཡོན་དུ་ཁོར་ཡུག་གཙང་བཟོ་གནང་བར་ལེགས་གསོའི་གསོལ་རས་ཤིག་བསྩལ་ཡོད་པ་རེད། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དང་ཆབ་སྲིད་བཙོན་ཟུར་སྤེལ་གོང་བློ་བཟང་ཡོན་ཏན་ལགས་ནས་ཕྱི་ལོ་ ༡༩༥༩ ལོར་ཆོས་གསུམ་གྱི་བེུད་རྣམས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་བེུད་སྟོང་ཕྲག་མང་པོས་རྡོག་རྩ་ཆིག་སྒྲིལ་ཐོག་རྒྱ་དམར་གྱི་བཙན་གནོན་ལ་འཐབ་རྒོལ་ཇི་ལྟར་གནང་བའི་སྐོར་ལ་གསུང་བཤད་དང། དེ་བཞིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ནས་ཕྱི་ལོ་ ༡༩༨༤ ལོར་བཙན་བྱོལ་དུ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་གནང་དོན་གཙོ་བོ་དང་ཇི་ལྟར་གནང་ཚུལ་སྐོར་བཀའ་གསུང་བཤད་གནང་ཡོད་པ་རེད།

མེག་སི་ཁོ་གྲོང་ཁྱེར་ནང་དུ་ལྷོ་བྱང་ཨ་མི་རི་ཀའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཟླ་ ༩ ཚེས་ ༡ ཉིན་ནས་ཚེས་ ༣ བར་བྱང་ཨ་མི་རི་ཀའི་གླིང་ཆེན་ཁུལ་གྱི་མེག་སི་ཁོ་རྒྱལ་ཁབ་ཀྱི་རྒྱལ་ས་ Mexico City ནང་དུ་བྱང་དང་ལྷོ་ཨ་མི་རི་ཀའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཚོགས་འདུག ད་རེས་ཀྱི་ཚོགས་འདུ་ཐོག་ཨ་རི་དང་ཁེ་ན་ཌ། ཅི་ལེ་བྷརྫིལ། མེག་སི་ཁོ་བཅས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༤༣ གཙོས་པའི་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་གྱི་འབྲེལ་མཐུད་པ་བཅས་འདུ་འཛོམས་བྱུང་འདུག ཐེངས་འདིའི་ཚོགས་འདུ་སྐབས་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་བོད་དོན་ཐོག་གོ་རྟོགས་མེད་མཁན་གྱི་མང་ཚོགས་དང་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་ཀྱི་ལས་འགུལ་དང་། མཉམ་འབྲེལ་གྱི་བོད་དོན་ལས་འགུལ་ནུས་པ་གོང་མཐོར་གཏོང་ཐབས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཁུལ་དབར་ལ་འབྲེལ་ལམ་སྲ་བརྟན་རྒྱུན་སྐྱོང་ཡོང་རྒྱུ་སོགས་ཀྱི་ཐད་ལ་ཚོགས་མི་ནང་ཁུལ་དབར་སྦྱངས་བཤད་དང་བསམ་ཚུལ་སྤེལ་རེས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ལྷོ་བྱང་ཨ་མི་རི་ཀའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དང་འབྲེལ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པ་ཡོད།

ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་ཆུང་ཆུང་དང་གཅིག་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝི་ཏི་ནམ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཤིག་གི་ཐོག་ལྷན་བཞུགས་གནང་པ་དང་འབྲེལ། ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་དང་གཅིག་པ་རེད་ཅེས་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཟླ་ ༩ ཚེས་ ༢ ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་ Westminster གྲོང་ཁྱེར་ནང་གི་ཝི་ཏི་ནམ་དགོན་པར་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་་འདུག The orange County Register ཞེས་པའི་ས་གནས་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་མཆོག་གིས་ཝི་ཏི་ནམ་དང་བོད་གཉིས་རྒྱ་ནག་དམར་པོའི་གཞུང་འོག་བཙན་གནོན་མྱངས་དང་མྱོང་བཞིན་ཡོད་པ་གཅིག་མཚུངས་ཆགས་ཀྱི་ཡོད་པ་དང་། ལོ་ངོ་ ༢༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ལོ་ངོ་ ༡༠༠ ཙམ་ལས་འགྲོ་གྱི་མེད་སྟབས། ནང་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ཕྲུ་གུ་ཆུང་ཆུང་སྤྱོད་ངན་ཞིག་དང་གཅིག་མཚུངས་རེད་ཅེས་གསུངས་འདུག ལྷག་དོན་ཁོང་གིས་ད་ལྟའི་ཆར་ནང་ཆོས་གཞི་རྩ་བརྟན་པོ་ཆགས་ཡོད་པས་ཇི་སྲིད་ནང་པ་སངས་རྒྱས་པའི་བསྟན་པ་གནས་པ་དེ་སྲིད་དུ་བོད་དོན་གནས་ཀྱི་རེད་ཅེས་གསུངས་འདུག ལྷན་ཚོགས་དེའི་ཐོག་ལ་རྒྱ་གཞུང་གིས་ད་བར་བོད་མཐོ་སྒང་ས་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་ལ་སོགས་པའི་ལས་གཞི་འདྲ་མིན་སྤེལ་བཞིན་པར་བརྟེན། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་དང་ཐེབས་བཞིན་སྐོར་དང་རྒྱ་རིགས་མི་འབོར་ཕོན་ཆེ་གནས་སྤོས་བྱེད་རྐྱེན་བོད་ནང་བོད་མི་རིགས་ཀྱི་གཞུང་ལ་དོ་ཕོག་འབྱུང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱང་གནང་འདུག ལྷན་ཚོགས་དེའི་ཐོག་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སོགས་མི་སྣ་ ༣༠༠ ལྷག་འདུ་འཛོམས་བྱུང་འདུག་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་ Dana Rohrabache ལགས་ཀྱིས་ཨ་རིའི་རྒྱལ་ཁབ་ནི་མི་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན། དེ་བཞིན་གྲངས་ཉུང་མི་རིགས་བཅས་ཚང་མ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་ཡོད་པ་དང་། དམར་ཤོག་ཚོགས་པའི་ལྟ་གྲུབ་འདི་ལྐོག་ཟ་དང་དབང་ཆ་འཐབ་རྩོད་འོག་རིམ་བཞིན་མེད་པ་ཆགས་འགྲོ་གྱི་ཡོད་ཅེས་གསུངས་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེའི་ཐོག་དབུ་བཞུགས་མ་གནང་གོང་ཟླ་ ༩ ཚེས་ ༡ ཉིན་ཨ་རིའི་ California མངའ་སྡེའི་གྲོང་ཁྱེར་ Los Angeles ནང་གནས་སྡོད་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས། Alan Lowenthal ལགས་དང་། Judy Chu ལགས་རྣམ་གཉིས་དང་མཇལ་འཕྲད་ཀྱིས་ད་ལྟ་བོད་ནང་གི་བོད་མིའི་གནས་སྟངས་དང། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་གླེང་མོལ་ཞུས་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Alan Lowenthal ལགས་ཀྱིས་ཨ་རིའི་གཞུང་གི་ངོས་ནས་བོད་མིའི་དབུ་ལམ་གྱི་སྲིད་བྱུས་ཐོག་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་ནན་བརྗོད་གནང་པ་དང་འབྲེལ།  བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་འཕྲལ་དུ་ཡར་རྒྱས་གཏོང་རྒྱུ་ནི་ཤིན་ཏུ་གནད་ཆེར་བརྩི་བཞིན་ཡོད་པ་སོགས་གསུངས་པ་མ་ཟད། སྲིད་སྐྱོང་མཆོག་གི་རེ་འདུན་ལྟར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཐད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་ཁས་ལེན་ཡང་གནང་འདུག གཞན་ཡང་ལྷོ་ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་སྲིད་སྐྱོང་མཆོག་ཁུལ་དེའི་མངའ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་འབྲེལ། སྲིད་སྐྱོང་མཆོག་གིས་གཙོས་པའི་མངའ་ཁུལ་དེའི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ལ་ཉིན་དགུང་གི་གསོལ་སྟོན་བཤམས་འདུག་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས། Alan Lowenthal ལགས་དང། Judy Chu ལགས་དང་འབྲེལ་ཡོད་ལས་བྱེད། ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་ Westminister དང།  Garden Grove བཅས་ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་དང། VOICE འགྲོ་བ་མི་ཐོབ་ཐང་ལས་ཁུངས་ཀྱི་འགན་འཛིན་སོགས་གནད་ཡོད་མི་སྣ་འདུ་འཛོམས་བྱུང་འདུག ལྷག་པར་དུ་གྲོས་འཐུས་རྣམ་གཉིས་ནས་ཨ་རིའི་གཞུང་ནས་མང་གཙོ་དང་རང་དབང། དེ་བཞིན་བོད་ཀྱི་གནད་དོན་དེ་ཞི་མོལ་ལམ་ནས་སེལ་ཐབས་བྱ་རྒྱུར་རྒྱབ་སྐྱོར་ཡོད་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་ཞུ་ཐོག་༸གང་ཉིད་མཆོག་ནས་ཁོང་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ལས་དོན་གཉེར་རྒྱུར་སེམས་ཤུགས་འཕར་མ་གནང་བྱུང་ཞེས་གསུངས་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཕྱི་ཟླ་བརྒྱད་པའི་ཚེས་༢༧ནས་དབུ་བཙུགས་ཀྱིས། ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་ཁག་ལས་བོད་མིའི་གནས་སྡོད་ས་ཁུལ་ ༡༡ ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང། འདས་པའི་ཉིན་ཤས་ནང་སྲིད་སྐྱོང་མཆོག་གིས་ཨ་རིའི་ Colorado མངའ་ཁུལ་གྱི་གྲོང་ཁྱེར་ Denver དང། California མངའ་ཁུལ་གྱི་ San Francisco དང། Los Angeles གཞན་ཡང་ Portland དང། Seattle བཅས་ཀྱི་ནང་གཞུང་འབྲེལ་འཚམས་གཟིགས་གནང་སྟེ་ས་གནས་བོད་རིགས་ཚོགས་པ་དང། མཐོ་སློབ་ཁག་གི་སློབ་མ་བཅས་ལ་གཏམ་བཤད་གནང་འདུག དེ་བཞིན་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་མོལ་ཡང་གནང་ཡོད་པ་རེད།  

སྦེང་ལོར་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་དང་སྦྲགས་ཏེ་གཞོན་ནུའི་འགན་འཛིན་ལྷན་ཚོགས་ ༤༨ པ་མཇུག་སྒྲིལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཁ་སས་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་བ་དང་སྦྲགས། ཁུལ་དེར་ཚོགས་པའི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་དེ་ཡོངས་སུ་མཇུག་སྒྲིལ་གནང་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་དེ་ཟླ་ ༨ ཚེས་ ༢༩ ཉིན་ནས་ཟླ་ ༩ ཚེས་ ༢ བར་སྦེང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་ཚོགས་ཁང་དུ་ཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་ནས་ཁྱོན་གྲོས་གཞི་ཁག་ ༩ ཐོག་བཀའ་བསྡུར་གནང་སྟེ་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་མ་ཟད། རྒྱ་གར་སྤྱི་ཚོགས་ནང་ལོ་རྒྱུས་ཐོག་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གོ་རྟོག་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་མིའི་སྤྱི་ཚོགས་ནང་ད་ནས་བཟུང་རྒྱ་ནག་གི་དངོས་ཟོག་ཉི་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་གཅིག་གཏན་འབེབས་གནང་འདུག ཐེངས་འདིའི་ཚོགས་འདུ་ཐོག་ནས་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ། བོད་ཀྱི་ལོ་རྒྱུས་སྨྲ་བ་གདན་ཞུས་ཀྱིས་བོད་པའི་གཞོན་སྐྱེས་ཚོར་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གོ་རྟོག་ལས་འགུལ་སྤེལ་རྒྱུ་དང་། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དབུས་པའི་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་གནང་རྒྱུ། བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་མངོན་འདོད་བསྒྲུབ་ཐབས་དང་སྦྲགས། ལྷག་དོན་ཁོང་རྣམ་པའི་ཞལ་ཆེམས་ནང་གསལ་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་མི་ཉམས་རྒྱུན་འཛིན་སླད་ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་བོད་ཀྱི་སྐད་ཡིག་ཉིན་མོ་གཏན་འབེབས་དང་སྲུང་བརྩི་ཞུ་རྒྱུ་། གཞན་ཡང་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་དོར་ཏེ་ཆིག་སྒྲིལ་གྱི་སྟོབས་ཤུགས་རྒྱུན་གནས་ཐུབ་ཐབས་སུ་དབུས་ས་གཉིས་ནས་ཤུགས་སྣོན་རྒྱག་རྒྱུ་དང་ནང་ཆོས་ངོ་སྤྲོད་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་བྱ་གོ་རྟོག་སྤེལ་རྒྱུ་མ་ཟད། སྒྲིགས་འཛུགས་དབུ་བརྙེེས་ནས་ལོ་ངོ་ ༥༠ འཁོར་ལ་ཉེ་བ་ཡིན་སྟབས་ལྔ་བཅུའི་དུས་དྲན་སྲུང་བརྩི་བྱ་རྒྱུའི་ལས་དོན་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་ཞུ་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་འདུག

བཞུགས་སྒར་དུ་བོད་གཞུང་མང་ཡོངས་ནས་མང་གཙོ་དུས་ཆེན་ཐེངས་ ༥༧ སྲུང་བརྩི་གཟབ་རྒྱས་ཞུས་སོང་།

དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Kaul Singh Thakur མཆོག་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་ཡོ་རོབ་སུ་ཝེ་ཌན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Carl Schlyter མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ། མི་མང་དང་སློབ་ཕྲུག དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༧ སྲུང་བརྩི་གཟབ་རྒྱས་ཞུས་སོང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་ལ་སྐུ་ངལ་འཛེམས་མེད་ཀྱིས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་བསྒྱུར་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་དང་སྦྲགས།  ད་ཆ་བཙན་བྱོལ་བོད་མིའི་མང་གཙོའི་སྤྱི་ཚོགས་འདིར་ཀུན་ནས་བསྟོད་བསྔགས་བྱ་ཡུལ་ཞིག་ཏུ་འགྱུར་བ་ནི། མགོན་པོ་༸གང་ཉིད་མཆོག་གིས་དབུ་ཁྲིད་ལམ་སྟོན་ཡང་དག་མཛད་པ་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ད་ལན་གོ་སྐབས་འདི་བརྒྱུད་ནས་༸གོང་ས་མཆོག་ལ་བཀྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་སྙིང་ཐག་པ་ནས་ཐུགས་རྗེ་བཀྲིན་ལན་བརྒྱར་ཆེ་ཞེས་ཞུས་སོང་། ལྷག་པར་དུ་མགོན་པ་མཆོག་གི་བཀྲིན་ལ་བརྟེན་ནས་བོད་མིའི་ཆིག་སྒྲིལ་གྱི་ནུས་ཤུགས་གོང་མཐོར་འཕེལ་ཡོད་ནའང། སྐབས་རེ་མང་གཙོའི་རང་དབང་ཐོབ་ཐང་ལ་བསྙད་དེ་ལུང་ཚན་དང་ལྟ་གྲུབ་སོགས་བརྒྱུད་བོད་མིའི་ཆིག་སྒྲིལ་དང་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཉིས་ཀར་གནོད་སྐྱོན་ཆེན་པོ་བཟོ་ངེས་ཡིན་སྟབས། དེའི་ཐོག་བོད་མི་ཚོགས་སྒེར་ཚང་མའི་ངོས་ནས་དྲན་ཤེས་བག་ཡོད་གནང་རྒྱུར་ཡིད་གཟབ་དགོས་གལ་ཆེ་བ་མ་ཟད། རང་རིགས་རྒན་གཞོན་ཚང་མས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་རིགས་གཟབ་ནན་དགོས་པར་དྲན་སྐུལ་དང་སྐུལ་འདེབས་ནན་པོ་གནང་སོང། རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ཤེས་ཐོག་གཞིས་བཞུགས་སྤུན་ཟླ་རྣམས་ནས་བོད་ཀྱི་རྩ་ཆེན་སྐད་ཡིག་དང་ནང་དོན་རིག་པར་སློབ་གཉེར་ངེས་པར་དུ་བྱེད་དགོས་པ་དང་། རྒྱ་ནག་གི་སྐད་ཡིག་ཁྲིམས་ལུགས་བཅས་པར་སློབ་སྦྱོང་གནང་སྟེ། བོད་མི་རིགས་ཀྱི་བདེན་དོན་དང་ཁྲིམས་མཐུན་ཐོབ་ཐང་ཁག་རྩོད་དགོས་གལ་ཡིན་པ་གསུངས་སོང་། ལྷག་པར་དུ་རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་རྒྱའི་དཀའ་རྙོག་སེལ་འདོད་ཡོད་ཚེ་༸གོང་ས་མཆོག་ལ་ཁ་བྲལ་བའི་མཚན་སྨད་ཞུ་མཚམས་འཕྲལ་དུ་བཞག་དགོས་ཞེས་དང། མགོན་པ་༸གང་ཉིད་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་པ་ལས། དགག་རྡོ་ལྟ་བུ་གཏན་ནས་མིན་པས་རྒྱ་གཞུང་ནས་དེ་ལྟར་ངོས་འཛིན་གསལ་པོ་དང་དུས་ཚོད་དམ་འཛིན་གྱིས་བོད་དོན་འགྲིག་འཇགས་གང་མྱུར་དང། རིང་མིན་རྒྱ་ནག་ཏང་གི་ཚོགས་ཆེན་ ༡༩ སྐབས་འགོ་ཁྲིད་འཕོ་འགྱུར་ཟིན་རྗེས་བོད་དོན་ཐོག་གྲོས་མོལ་འགོ་འཛུགས་ཡོང་བར་རེ་བ་གནང་བཞིན་ཡོད་ཅེས་ནན་བརྗོད་གནང་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་༸གོང་ས་མཆོག་གིས་ཐོག་མར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་གསར་བཙུགས་དང་ཆབས་ཅིག ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཆེད་འཛུགས་མཛད་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་དང་པོའི་སྤྱི་འཐུས་རྣམས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་བཟུང་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་ཏེ་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཆགས་ཡོད་ཅེས་གསུངས་སོང་བ་མ་ཟད། ལྷག་པར་དུ་བོད་མིའི་མང་གཙོ་ནི།་མགོན་པོ་༸གང་ཉིད་མཆོག་གིས་ཐབས་མཁས་ཐུགས་རྗེ་ཆེན་པོས་བོད་མི་མང་ལ་གསོལ་བསྩལ་གནང་བའི་མང་གཙོའི་འཕེལ་རིམ་དམིགས་བསལ་ཅན་ཞིག་ཡིན་པ་རེད་ཅེས་གསུངས་སོང། དེང་སྐབས་རྒྱ་གཞུང་གིས་བོད་མིའི་སྐད་ཡིག་དང་ཆོས། རིག་གཞུང། ཁོར་ཡུག་སོགས་སྒོ་གང་ས་ནས་རྩ་གཏོར་གཏོང་བཞིན་པ་དང། བོད་ཐོག་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་རྐྱེན་བོད་ནང་གི་ཛ་དྲག་གནས་སྟངས་ཁག་ལུང་འདྲེན་དང་འབྲེལ། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་ད་བར་བོད་ནང་ཤེས་རྟོགས་གསལ་པོར་བྱུང་བ་བོད་མི་ ༡༤༩ ཡིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་བསྲེགས་གནང་ཡོད་པ་དང། རྒྱ་གཞུང་ནས་བོད་མི་རང་མེར་སྲེག་གཏོང་མཁན་གསོན་པོར་གནས་པ་ཡོངས་ཀྱི་འཕྲོད་བསྟེན་ལ་འགན་ཁུར་དགོས་ཞེས་ནན་བརྗོད་གནང་ཡོད། དེ་བཞིན་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་Kaul Singh Thakur མཆོག་གིས་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་ཡོ་རོབ་སུ་ཝེ་ཌན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Carl Schlyter མཆོག་རྣམ་གཉིས་ཀྱིས་བོད་མི་ཚོ་ནི་རང་ཉིད་ཀྱི་མང་གཙོ་ཐོབ་ཐང་རྩོད་ལེན་བྱེད་མི་དགོས་པར་༸གོང་ས་མཆོག་ནས་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་པ་འདི་ནི་རླབས་ཆེན་ཞིག་རེད་ཅེས་༸གོང་ས་མཆོག་དང་བོད་མིའི་མང་གཙོའི་ལམ་ལུགས་ལ་ཆེ་བསྟོད་དང་ཡི་རང་བསྔགས་བརྗོད་ཞུས་གནང་སོང་། ལྷག་དོན་འཛམ་གླིང་ཐོག་རྒྱ་ནག་མ་གཏོགས་རྒྱལ་ཁབ་གཞན་རྣམས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་འདིའི་ཐོག་སྙན་གྲགས་ཆེ་བའི་མང་གཙོའི་དབུ་ཁྲིད་ཅིག་ལ་ངོས་འཛིན་ཞུ་གྱི་ཡོད་པ་སོགས་གསུངས་ཡོད། མཛད་སྒོའི་ཐོག་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་ཁག་གསུམ་ནས་རྒྱུགས་སྤྲོད་ནང་ཨང་རིམ་རྩེ་ཕུད་སོན་མཁན་སློབ་མ་ཁག་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་བསྟོད་བྱ་དགའ་དང། འདི་ལོ་འབུམ་རམས་པ་སློབ་ཐོན་སློབ་མ་ལྔ་ལ་གཟེངས་བསྟོད་བྱ་དགའ། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་སོགས་གནང་ཡོད་པ་རེད། བོད་ཀྱི་ཟློས་སྒར་ཚོགས་པ་དང་སློབ་གྲྭ་ཁག་གི་སློབ་མ་ཚོས་བོད་ཀྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་པའི་བརྒྱུད་བོད་མིའི་མང་གཙོ་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་བོད་སྒར་བསམ་ཡས་གླིང་གི་མི་མང་ཚོས་ཁྲིམས་མཐུན་གྱི་འཚོ་བ་སྐྱེལ་ཐབས་གནང་དགོས་པར་ལམ་སྟོན་གནང་སོང་།

དེ་རིང་ཟླ་ ༩ ཚེས་ ༢  ཉིན་བཙན་བྱོལ་དུ་ཡོད་པའི་བོད་མིའི་གནས་ཡུལ་ཚང་མའི་ནང་དུ་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར།  རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭའི་ཐང་སྟེང་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་སྐབས་དེར་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱང་གནང་པ་དང་འབྲེལ། ཉེ་བའི་ལོ་ཤས་གོང་བོད་སྒར་བསམ་ཡས་གླིང་འདི་གནས་དང་མ་གནས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་ཡོད་པའི་གནས་སྟངས་ཁག་དྲན་སྐུལ་གནང་སྟེ། ད་ཆ་སླར་བོད་སྒར་ནང་ཁྲིམས་མཐུན་མ་ཡིན་ཨར་ལས་དང་། མི་ཚོང་། ཆང་ཁང་དང་རྒྱན་རྩེད། འཆལ་སྤྱོད་སོགས་ངོ་ཚ་ཁ་སྐྱེངས་དགོས་པའི་གནས་ཚུལ་མང་པོ་ཞིག་ཡོང་བཞིན་ཡོད་པའི་གནས་སྟངས་གསལ་བཤད་དང་ཆབས་ཅིག རྩ་བའི་ང་ཚོ་ཚང་མ་འཚོ་བ་སྐྱེལ་དགོས་པ་ཡིན་ནའང་འཚོ་བ་དེ་ལུང་པའི་ཡུལ་གོམས་གཤིས་ལུགས་དང་ས་གནས་ཀྱི་ཁྲིམས་དང་མི་འགལ་བའི་ཐོག་ནས་སྐྱེལ་དགོས་པར་འབོད་སྐུལ་ནན་པོ་གནང་སོང་བ་དང་། ལྷག་པར་བོད་སྒར་ནང་མགོན་པ་གྲྭ་ཚང་ཁག་གི་མགྲོན་ཁང་མང་པོ་ཞིག་ཡོད་སྟབས། བླ་བྲང་སོགས་ཀྱི་རྒྱབ་བརྟེན་ཤུགས་ཆེན་པོ་ཡོད་པའི་གདེང་སྤོབས་འོག་ཁྲིམས་འགལ་གྱི་ལས་ཀ་མ་བྱས་པར་ངེས་པར་དུ་བོད་སྒར་གྱི་ནང་ཁྲིམས་དང་ས་གནས་ཀྱི་ཡུལ་ཁྲིམས་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་ཡོད་པ་རེད། ད་དུང་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་རྒྱ་གར་མི་སེར་ལག་འཁྱེར་ལེན་ཕྱོགས་དང་འབྲེལ་བའི་ཐོག་གསུངས་པར་རྒྱ་གར་ནང་སྐྱེས་པའི་བོད་རིགས་ན་གཞོན་ཚོར་ཁྲིམས་ཐོག་ནས་ལག་འཁྱེར་ཞུ་ཆོག་པའི་ཐོབ་ཐང་དེ་ཡོད་པ་ཡིན་ནའང་། ཉེ་བའི་ཆར་བོད་མི་ཁག་ཅིག་གིས་མི་སེར་ལག་འཁྱེར་རག་ཐབས་སུ་ཁྲིམས་ཁང་ལ་ཁ་མཆུ་བརྒྱབ་པ་དང་།  དོ་བདག་ལག་འཁྱེར་མཁོ་སྤྲོད་བྱེད་མཁན་ས་གནས་རྒྱ་གར་ལས་བྱེད་ལ་ཁ་གཏད་དུ་ཁ་མཆུ་བརྒྱབས་པ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད། དེང་སྐབས་ལྡི་ལི་དོན་གཅོད་ཀྱི་ལས་བྱེད་ཚོ་འབྲེལ་ཡོད་རྒྱ་གར་དཔོན་རིགས་དང་འབྲེལ་བ་ཞུ་སྐབས་གནས་སྟངས་དེ་དག་གི་རྐྱེན་པས་བོད་མི་མང་ཚོགས་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་སྐོར་སོགས་གསུངས་པ་མ་ཟད། ལྷག་པར་བོད་རིགས་ན་གཞོན་རྒྱ་གར་མེ་སེར་ལག་འཁྱེར་ཞུ་འདོད་ཡོད་རིགས་རྣམས་ལའང་དོན་དངོས་མི་སེར་ལག་འཁྱེར་དེས་ཕུགས་ཀྱི་ཁེ་ཕན་ཡོད་མེད་ཐོག་བསམ་བློ་ནན་གཏན་གཏོང་དགོས་སྐོར་གསུངས་སོང་། བོད་སྒར་བསམ་ཡས་གླིང་གི་མཛད་སྒོ་དེའི་ཐོག་ས་གནས་བོད་ཁྱིམ་ཉིན་སློབ་ཕྲུག་དང་ལ་དྭགས་དྷ་རྨ་ས་ལའི་སྐྱིད་སྡུག་གི་ངོས་ནས་རིག་གཞུང་འཁྲབ་སྟོན་གནང་པའི་བརྒྱུད་བོད་མིའི་མང་གཙོ་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

ས་ཁག་བདུན་གྱི་བོད་མི་བརྒྱ་ཆ་ ༧༤ ལྷག་ནས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་ཀྱི་ཡོད་པ་གསུངས་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་བེུད་ལྷན་ཚོགས་གཉིས་མཉམ་འབྲེལ་ཐོག་ནས་ཁ་སང་ཟླ་ ༩ ཚེས་ ༡ ཉིན་རྒྱབ་རྡ་སའི་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། ཚོགས་པ་གཉིས་ཀྱི་ངོས་ནས་འདི་ཕྱི་ཟླ་ ༧ ནས་ལོ་གཅིག་རིང་བཙན་བྱོལ་བོད་མར་མང་གཙོའི་གོ་རྟོགས་དང་ཡར་རྒྱས་གོང་འཕེལ་གཏོང་བའི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་གནང་སོང་བ་དང་ཆབས་ཅིག ཉེ་ཆར་མང་གཙོ་ཞེས་པའི་བརྗོད་གཞི་ཐོག་ནས་ཆེས་ཐོག་མའི་བསྐོར་བསྐྱོད་ཀྱི་ལས་རིམ་ཞིག་གནང་པའི་ཁྲོད། ཚོགས་འདུར་བཅར་མཁན་བོད་མི་བརྒྱ་ཆ་ ༧༤ ལྷག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོ་དང་དངོས་གཞི་འོས་བསྡུ་གཉིས་ཀ་དགོས་ཀྱི་ཡོད་པ་གསུངས་འདུག སྐོར་བསྐྱོད་ཀྱི་ལས་རིམ་དེ་ནི་མོན་གྷོ་འདོད་རྒུ་གླིང་དང་ཨོ་རི་ས་ཕུན་ཚོགས་གླིང་། ལྡི་ལི་བསམ་ཡས་གླིང་སོགས་གཞིས་སྒར་ཁག་བདུན་ནང་གནང་འདུག་པ་དང་། ས་གནས་སོ་སོར་མི་མང་གི་མངོན་འདོད་གང་ཡིན་ཐད་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་གནང་འདུག་པ་མ་ཟད། ལྷག་པར་དུ་ལས་རིམ་གོ་སྒྲིག་ཚོགས་པ་གཉིས་ཀྱི་ངོས་ནས་བོད་མིའི་མང་གཙོ་དང་འབྲེལ་ཏེ་རྣམ་ཀུན་སྤྱི་ཚོགས་ནང་འབྱུང་བཞིན་པའི་གནད་དོན་གལ་ཆེ་ཁག་ཅིག་འདེམས་སྒྲུབ་གནང་ནས་དྲི་ཤོག་གི་ངོ་བོའི་ཐོག་ནས་མང་ཚོགས་ཀྱི་མངོན་འདོད་བསྡུ་རུབ་བྱས་སྐབས། ཚོགས་འདུར་བཅར་མཁན་དང་དེ་བཞིན་བརྒྱུད་ལམ་གཞན་ནས་འབྲེལ་བ་གནང་མཁན་བོད་མི་ ༣༠༠ ལྷག་ནས་མང་ཆེ་བས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་དགོས་མིན་དང་དུས་ཡུན་འགྲིག་མིན། དེ་བཞིན་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་དང་བེུད་ཆེད་དམིགས་བསལ་ཞབས་སྐྱག་འཇོག་དགོས་མིན་སོགས་དོན་ཚན་གནད་འགག་སྐོར་ཞིག་བསྡུ་རབ་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཐེངས་འདིའི་སྐོར་བསྐྱོད་ཀྱི་ལས་རིམ་ལས་མང་ཚོགས་ཀྱི་མངོན་འདོད་བསྡུ་རབ་གནང་ཡོད་པ་ཁག་རིམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྤྱི་ཁྱབ་འོས་བསྡུ་ལས་ཁང་སོགས་སུ་འབུལ་འཆར་འདུག་པ་མ་ཟད། ལྷག་པར་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཁ་སང་གི་གསར་འགོད་ལྷན་ཚོགས་དེའི་ཐོག་ནས་སྤྱི་འཐུས་རྣམ་པར་གནད་དོན་དེ་དག་འཚོགས་ལ་ཉེ་བའི་གྲོས་ཚོགས་འདིའི་ནང་བསྣམས་ཕེབས་གལ་དུ་འབོད་སྐུལ་གནང་ཡོད་པ་རེད། རྩ་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་བེུད་ལྷན་ཚོགས་གཉིས་ནས་ད་བར་སྲིད་སྐྱོང་དང་འོས་སྤྱི་གཉིས་ཀྱི་འོས་བསྡུ་རིམ་སྐབས་ཙམ་མ་ཟད། རྣམ་ཀུན་ནས་མང་གཙོ་གོང་འཕེལ་དང་འབྲེལ་བའི་སྤྱི་ཚོགས་ནང་ལས་འགུལ་སྔ་རྗེས་སྤེལ་དང་སྤེལ་མུས་ཡིན་པ་ལྟར། ཐེངས་འདིའི་ལོ་གཅིག་རིང་གི་བཙན་བྱོལ་བོད་མིའི་མང་གཙོ་གོང་འཕེལ་གྱི་ལས་འགུལ་འདི་ཡང་གཞི་རྐང་གཞུང་དང་མང་ཚོགས་དབར་ལ་འབྲེལ་ཟམ་ལྟ་བུ་བྱ་རྒྱུར་དམིགས་པ་ཞིག་རེད་འདུག

བོད་ཀྱི་རྐང་སྤོལ་རུ་ཁག་ ༢༠༡༨ ལོའི་ CONIFA འཛམ་གླིང་རྐང་སྤོལ་འགྲན་བསྡུར་ནང་མཉམ་ཞུགས་གནང་རྒྱུ་རེད་འདུག

བོད་ཀྱི་རྐང་རྩེད་སྤོ་ལོའི་ཁག་རིང་མིན་ ༢༠༡༨ ལོའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་གནང་རྒྱུ་རེད་འདུག དེ་ནི་བཙན་བྱོལ་ནང་གི་སྐྱེས་པའི་རྐང་སྤོལ་རུ་ཁག་ལ་ལོ་ངོ་བཅུ་ལྷག་ཙམ་རྗེས་སུ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་མཉམ་ཞུགས་གནང་པ་ཐོག་མ་ཆགས་ཀྱི་ཡོད་པ་རེད། Confederation of Independent Football Associations (CONIFA) ཞེས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནི། དུས་རྒྱུན་ FIFA འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མ་ཚུད་པའི་འཛམ་གླིང་ཁྲོད་ཀྱི་གྲངས་ཉུང་མི་རིགས་དང་སྐྱབས་བཅོལ་བ་། དེ་བཞིན་རང་མི་རིགས་ཀྱི་རིག་གཞུང་དང་རྒྱལ་ཁབ་མཚོན་ཐུབ་པའི་མི་རིགས་ཁག་ལ་ཆེད་དམིགས་གནང་པའི་རྩེད་འགྲན་ཞིག་ཆགས་ཀྱི་ཡོད་པ་དང། ཚོགས་པ་དེའི་འོག་བྱང་ཨ་རི་དང་ཡོ་རོབ། ཨེ་ཤ་ཡ། ཨ་ཕི་རི་ཀ མཚོ་ངོས་རྒྱལ་ཁབ་བཅས་ཀྱི་ཚོགས་མི་རྒྱལ་ཁབ་ ༤༧ ཡོད་པ་རེད། CONIFA རྩེད་འགྲན་དེ་རིང་མིན་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ཚེས་ ༣༡ ནས་ཟླ་ ༦ ཚེས་ ༩ བར་ དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཚོགས་ཀྱི་ཡོད་པ་དང། འགྲན་བསྡུར་ནང་ཐོག་མའི་འཆར་འཛམ་གླིང་ནང་གི་གླིང་ཆེན་ཆེ་ཁག་བཞིའི་ནང་ཡོད་པའི་ཚོགས་མི་རྒྱལ་ཁབ་ཕན་ཚུན་དབར་ཚུད་རྒྱུགས་གནང་པའི་ཐོག་ནས་རྩེ་ཕུད་སོན་པའི་རྒྱལ་ཁབ་ ༡༦ གི་སྐུ་ཚབ་རུ་ཁག་ ༢༠༡༨ ལོའི་རྐང་སྤོལ་འགྲན་བསྡུར་ནང་དངོས་སུ་མཉམ་ཞུགས་གནང་གི་ཡོད་པ་རེད། འོན་ཀྱང་བོད་ཀྱི་རྐང་སྤོལ་རུ་ཁག་རྩེད་འགྲན་དུ་ཚུད་ཕྱིར་འགྲན་བསྡུར་གང་ཡང་གནང་མི་དགོས་པར་ Wild Card ཞེས་པའི་མཉམ་ཞུགས་བྱ་རྒྱུའི་དམིགས་བསལ་གོ་སྐབས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་རྩེད་འགྲན་དེའི་བརྒྱུད་རྒྱལ་སྤྱིའི་ཁྲོད་བོད་ཀྱི་རིག་གཞུང་དང་བོད་པ་ཚོ་རྒྱལ་ཁབ་ཡོད་པའི་མི་རིགས་ཤིག་མཚོན་ཐུབ་པའི་གོ་སྐབས་རག་པ་འདི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང། རྩ་བའི་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དེ་དེ་སྔ་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བཀར་ཟུར་རྗེ་བཙུན་པདྨ་མཆོག་གིས་དབུ་ཁྲིད་གནང་པ་དང་། བོད་ཁྱིམ་ནས་མཐུན་འགྱུར་གནང་སྟེ་ཕྱི་ལོ་ ༡༩༩༩ ལོར་ཆེད་བཙུགས་གནང་པའི་བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་རྩེད་རིགས་ཚོགས་པ་ཐོག་མ་དེ་ཡིིན་པ་རེད། ད་བར་རྩེད་རིགས་ཚོགས་པ་དེས་གཙོ་འགན་བཞེས་ཐོག་ཕྱི་ལོ་ ༢༠༠༣ ནས་གཙོ་བོ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གོ་སྒྲིག་གནང་གི་ཡོད་པ་དང་། བཙན་བྱོལ་ནང་གི་བུ་དང་བོུའི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་གསར་བཙུགས་གནང་པ་མ་ཟད། སློབ་གྲྭ་ཁག་གི་ནང་དུ་བསིལ་སྤོལ་འགྲན་སྡུར་སོགས་གོ་སྒྲིག་གནང་དང་གནང་མུས་ཡིན་པ་རེད། ལྷག་དོན་གནས་ཡུལ་རྒྱ་གར་དང་ཕྱིའི་རྒྱལ་ཁབ་ཁག་གི་རྩེད་འགྲན་ཁག་ཏུ་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཡང་བྱུང་ཡོད་པ་རེད། བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་ནས་རྒྱལ་སྤྱིའི་རྩེད་འགྲན་ཁྲོད་མཉམ་ཞུགས་ཐོག་མ་དེ་ཕྱི་ལོ་ ༢༠༠༦ ལོར་ཇར་མ་ནིའི་གྲོང་ཁྱེར་ Hamburg ནང་ 2006 FIFI Wild Cup ཞེས་པའི་རྩེད་འགྲན་ནང་མཉམ་ཞུགས་གནང་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཟུང་འབྲེལ་གྱིས་འདི་ལོའི་ཟླ་ ༩ ཚེས་ ༢༥ ནས་ཟླ་ ༡༠ ཚེས་ ༢ བར་བཞུགས་སྒར་དུ་བོད་མིའི་གཞིས་ཁག་ནང་ཁུལ་གྱི་བསིལ་སྤོར་རྩེད་འགྲན་ཞིག་ཀྱང་འཚོགས་རྒྱུ་རེད་འདུག

Latest news