Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ལ་དྭགས་མི་དམངས་ཡོངས་ཀྱིས་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་མི་དམས་ཡོངས་ཀྱིས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་འདུག དེ་རིང་ཟླ་ ༧ ཚེས་ ༣༠ ཉིན་ལ་དྭགས་ཞི་བའི་འཚལ་ཕོ་བྲང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དབུས་པའི་ལ་དྭགས་ཡུལ་མི་དང་། ས་གནས་བོད་མི་བཅས་ཐུན་མོང་གིས་དགའ་གུས་དད་གསུམ་གྱི་ཐོག་ནས་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ ༨༠ ཕེབས་པ་དང་བསྟུན།མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་ས་གནས་དགོན་ཁག་ ༡༦ གི་མཁན་བློ་སྤྲུལ་རྣམ་པ། ས་གནས་གཞུང་འབྲེལ་དཔོན་རིགས། བོད་མིའི་སྐུ་ཚབ་དང། དེ་བཞིན་སེར་སྐྱ་མང་ཚོགས་ ༥༠༠༠ ལྷག་འདུ་འཛོམས་ཐོག་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་འདུགསྐབས་དེར་མགོན་པོ་མཆོག་གིས་སེམས་པ་བཟང་པོ་བྱ་གལ་ཆེ་བ་དང་བྱང་ཆུབ་སེམས་སྒོམ་ནས་སྟིང་ཉིད་རྟོགས་པའི་ལྟ་བས་རྩིས་ཟིན་པ་ཞིག་གནང་དགོས་གལ་ཆེ་བ་སོགས་ཀྱི་ཐད་ལ་བཀའ་བསྩལ་མཛད་འདུག རྩ་བའི་སྔ་དྲོ་༸གོང་ས་མཆོག་གིས་ལ་དྭགས་སླེ་ཞི་བའི་འཚལ་ཕོ་བྲང་དུ་ལ་དྭགས་མགོན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། དད་ལྡན་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དགེ་བཤེས་གླང་རི་དམ་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང། པཎ་གྲུབ་བཅུ་བདུན་གྱི་བཤད་ལུང། དེ་བཞིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀྲིན་ཆེ་བ་བསྩལ་འདུག

ལ་དྭགས་མི་དམངས་ཡོངས་ནས་༸སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་པ།

དེ་རིང་རྒྱ་གར་བྱང་ཕྱོགས་ཇ་མུ་དང་ཀ་ཤ་མིར་ནང་དུ་རྟེན་གཞི་བྱས་པའི་ལ་དྭགས་མི་དམངས་དང་ས་གནས་ཀྱི་གཞུང་འབྲེལ་དཔོན་རིགས་རྣམས་ནས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པར་དགའ་དད་སྤྲོ་གསུམ་གྱིས་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུས་ནས་༸སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་འདུག མཛད་རིམ་དེ་ནི་ལ་དྭགས་ཀྱི་གྲོང་ཁྱེར་སླེ་ཉེ་འཁྲིས། Ladakh Sindh Sanskrit ཚོགས་ཁང་ཆེན་མོའི་ནང་དུ་ཚོགས་པ་དང། སྐབས་དེར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཁང་གི་གཙོ་འཛིན་བཀའ་བློན་རིག་འཛིན་དཔལ་འབར་མཆོག མངའ་སྡེའི་བློན་ཆེན་སྐུ་ཞབས་ཚེ་རིང་རྡོ་རྗེ་མཆོག ངག་དབང་རིག་འཛིན་མཆོག་དང། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་རྣམ་པ། དེ་བཞིན་ལ་དྭགས་མི་མང་སྤྱི་འཐུས་ཐུབ་བསྟན་ཚེ་དབང་ལགས་སོགས་ཆེས་མཐོའི་དཔོན་རིགས་ཁག་གཙོས་པའི་གཞུང་ཞབས་ ༥༠༠ སོགས་ཆེད་ཕེབས་གནང་ཡོད་འདུག ཉིན་དགུང་ཚོུད་ ༡༡།༣༠ ཡོལ་ཙམ་ལ་༸གོང་ས་མཆོག་དབུ་བཞུགས་ཐོག་༸སྐུའི་གྱ་སྟོན་གྱི་རྟེན་འབྲེལ་དུས་སྟོན་སྲུང་བརྩིའི་ཐོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཁང་གི་གཙོ་འཛིན་བཀའ་བློན་རིག་འཛིན་དཔལ་འབར་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ད་རེས་སླར་ཡང་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་པར་བཀྲིན་བླ་མེད་དུ་ཆེ་ཞེས་གུས་འདུད་ཀྱིས་ཞུས་པ་མ་ཟད།དེ་རིང་གི་དུས་ཚིགས་ཁྱད་པར་བ་འདིའ་ཐོག་ནས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་ཞུས་ནས་སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་པ་དང་སྦྲགས། ད་བར་མགོན་པོ་༸གང་ཉིད་མཆོག་གིས་སྐུ་དྲིན་ལ་བརྟེན་ནས་ལ་དྭགས་དགོན་གྲོང་གཉིས་ལ་ཤེས་ཡོན་སོགས་ཕྱོགས་གང་སྤྱིའི་ཐད་ནས་ཡར་རྒྱས་ཧ་ཅང་ཆེན་པོ་སོང་ཡོད་པར་བཀྲིན་རྗེས་དྲན་ཞུས་འདུག་པ་དང། སླད་མར་ཡང་མགོན་པོ་༸གང་ཉིད་ཀྱི་ཐུགས་རྗེའི་བྱིན་རླབས་བསྩལ་སྐྱོང་ཡོང་བའི་གསོལ་འདེབས་སོགས་ཞུས་ཡོད་པ་རེད་འདུག སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་བའི་ཁྲོད་དུ་བོད་གངས་ཅན་ལྗོངས་སུ་དར་བའི་པའི་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་དང་བོད་རང་གི་ཆོས་བརྒྱུད་ཆེན་པོ་བཞིའི་བླ་ཆེན་རྣམ་པའི་དགོངས་པ་དང་མཐུན་པར་སྔར་ལྷག་རྒྱུན་གནས་ཐུབ་ཐབས་དང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིག་གནང་གལ་ཆེ་བ་སོགས་ཀྱི་ཐད་བཀའ་སློབ་བསྩལ་གནང་མཛད་འདུག གཞན་ཡང་དེ་རིང་གི་མཛད་འཆར་གཙོ་བོ་གཅིག་ནི་ལ་དྭགས་ནང་རྟེན་གཞི་བྱས་པའི་དཔེ་ཐུབ་དགོན་པར་སྔ་དང་མི་འདྲ་བ་ནང་པའི་ཆོས་བརྒྱུད་ཆེན་པོ་བཞིའི་དགོན་སྡེ་ཆེ་ཁག་༡༦ གི་དགེ་འདུན་པ་བརྒྱ་ལྷག་ཆེད་བཅར་གྱིས་འཚོགས་བཞིན་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་དགོན་དུ་ཆིབས་སྒྱུར་བཀྲིན་བསྐྱངས་འདུག

བོད་རང་དབང་ཚོགས་པས་སི་ཁོ་ཊི་ལན་ཌི་གཞུང་ཕྱོགས་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་བ་མི་གནང་བའི་ཞུ་འབོད་གནང་བ།

དབྱིན་ཡུལ་ནང་བརྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་སི་ཁོ་ཊི་ལན་ཌིའི་གཞུང་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་མཉམ་དུ་མུ་མཐུད་འབྲེལ་ལམ་བྱེད་བཞིན་པ་མ་ཟད། སླར་ཡང་ཡུལ་དེའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཉི་ཤུ་རྩ་གཅིག་ལྷག་གསར་རྒྱག་བྱ་རྒྱུའི་འདུན་པ་དང་ལས་འཆར་ཁག་སྐྱོན་བརྗོད་ནན་པོ་ཞུས་འདུག ཟླ་ ༧ ཕྱི་ཚེས་ ༢༦ ཉིན་སི་ཁོ་ཊི་ལན་ཌིའི་བློན་ཆེན་ལྕམ་སྐུ་ Nicola Sturgeon ལགས་ནས་རྒྱ་ནག་ནང་ཚོང་དང་། དཔལ་འབྱོར་། ཤེས་ཡོན་དང་ དེ་བཞིན་རིག་གཞུང་བརྗེ་རེས་སོགས་ཀྱི་གནད་དོན་ཐད་འཚམས་གཟིགས་གནང་བཞིན་པའི་ཁྲོད་། རྒྱ་ནག་ནང་ཡོད་པའི་སི་ཁོ་ཊི་ལན་ཌེའི་ཚོང་པ་དང་སློབ་ཕྲུག་རྣམས་ལ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ལ་ཆེ་བསྟོད་དང་སྦྲགས། སློབ་གླིང་དེ་དག་རྒྱུད་སི་ཁོ་ཊི་ལན་ཌིའི་སློབ་ཕྲུག་དང་མི་དམངས་རྣམས་ལ་ལས་གནས་ཀྱི་གོ་སྐབས་དང་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ཆེན་པོ་ཡོད་ལུགས་བརྗོད་པ་དང། ཁུང་ཙི་སློབ་གླིང་དང་འབྲེལ་བ་བཞག་ཐོག་སི་ཁོ་ཊི་ལན་ཌི་ནང་ཡོད་པའི་གཞི་རིམ་སློབ་གྲྭ་ཁག་ཉི་ཤུ་རྩ་གཅིག་གི་ནང་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་སོགས་སློབ་ཁྲིད་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་པ་གསུངས་འདུག བོད་རང་དབང་ཚོགས་པའི་གསར་འགོད་འགན་འཛིན་སྐུ་ཞབས་ Alistair Currie ལགས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་སི་ཁོ་ཊི་ལན་ཌི་དང་རྒྱ་ནག་གི་མི་སེར་དབར་འབྲེལ་བ་ཇི་མང་དུ་འགྲོ་བཞིན་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་མཉམ་དུ་སི་ཁོ་ཊི་ལན་ཌིའི་གཞུང་ཕྱོགས་ནས་མུ་མཐུད་འབྲེལ་བ་དམ་ཟབ་བྱེད་མཞིན་པར་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་དང། རྒྱ་ནག་གི་ཁུང་ཙི་སློབ་གླིང་དེ་དག་གིས་སི་ཁོ་ཊི་ལན་ཌི་ནང་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་ཁག་དར་སྤེལ་བྱེད་པ་དང་མཉམ་དུ་རིམ་བཞིན་སི་ཁོ་ཊི་ལན་ཌིའི་སློབ་ཕྲུག་དང་མི་དམངས་ཀྱི་སྨྲ་བརྗོད་རང་དབང་སོགས་ལ་དོ་ཕོག་ཤུགས་ཆེ་ཡོང་ངེས་ཡིན་པའི་ཉེན་བརྡ་བཏང་འདུག་པ་མ་ཟད། རྒྱ་གཞུང་གིས་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་ཀྱི་ཐོག་ནས་རྡོག་རོལ་གཏོང་མཁན་ཞིག་ཡིན་སྟབས། སི་ཁོ་ཊི་ལན་ཌིའི་གཞུང་ཕྱོགས་ནས་ཀྱང་རྒྱ་ནག་གི་གཡོ་སྒྱུའི་རང་བཞིན་ལྡན་པའི་སྲིད་བྱུས་དང་ལས་འཆར་ཁག་ལ་དང་ལེན་ནམ་ཡང་གནང་རྒྱུ་མེད་པ་རེད་ཅེས་ཞུ་འབོད་གནང་འདུག དེ་མཚུངས་དེ་རིང་ཨ་རི་ནང་ཡོད་པའི་ EPoch Times གསར་ཤོག་ཐོག་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཨུ་རུ་སུའི་ནང་གི་ཁྲིམས་རྩོད་པ་ཞིག་གིས་རྒྱལ་ཁབ་དེའི་གྲོང་ཁྱེར་ Blagoveshchensk ནང་རྟེན་གཞི་བྱས་པའི་ Blagoveshchensk State Pedagogical གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་བརྒྱབ་དགོས་པ་དང་། དེ་བཞིན་སློབ་གླིང་དེ་དང་འབྲེལ་བ་ཡོད་སློབ་གཞི་དང་དགེ་རྒན་ཁག་ཕྱིར་འབུད་བྱ་དགོས་པའི་ཁྲིམས་གཏུགས་བྱས་འདུག

༸གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་དགེ་སློབ་ ༧༠༠༠ ལྷག་ལ་ནང་པའི་ཚན་རིག་དང་ལྟ་གྲུབ་གྱི་སྐོར་བཀའ་སློབ་བསྩལ་འདུག

༸གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་དགེ་སློབ་ ༧༠༠༠ ལྷག་ལ་ནང་པའི་ཚན་རིག་དང་ལྟ་གྲུབ་གྱི་སྐོར་བཀའ་སློབ་བསྩལ་འདུག དེ་རིང་ཟླ་ ༧ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ནང་ཉིན་དང་པོའི་མཛད་འཆར་དབུ་བཙུགས་དང་སྦྲགས།ལ་དྭགས་ནང་རྟེན་གཞི་བྱས་པའི་འཇམས་དབྱངས་སློབ་གྲྭའི་རྩེད་ཐང་དུ་ཁུལ་དེའི་གཞུང་སྒེར་གཉིས་ཀྱི་སློབ་གྲྭ་ཁག་གི་དགེ་ལས་དང་། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག དེ་བཞིན་མཐོ་རིམ་སློབ་མའི་གཞོན་སྐྱེས་སོགས་ཁྱོན་མི་གྲངས་ ༧༠༠༠ ལྷག་ལ་བྱམས་པ་དང་སྙིང་རྗེ། ནང་པའི་ཚན་རིག་དང་ལྟ་གྲུབ་གྱི་སྐོར་བཀའ་སློབ་སྩལ་བ་དང་གཞོན་སྐྱེས་ཚོར་ནང་པའི་ལྟ་གྲུབ་ཤེས་པ་ཙམ་མ་ཡིན་པར་དངོས་ཐོག་ཉམས་ལེན་གྱིས་ཉིན་རེའི་འཚོ་བའི་ནང་བདེ་སྐྱིད་ཞིག་སྐྲུན་ཐུབ་པ་དགོས་གལ་ཆེ་བར་བཀའ་བསྩལ་འདུགདེ་ཡང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སླེ་གྲོང་ཁྱེར་ནང་ཡོད་པའི་ཇོ་ཁང་ནང་གནས་གཟིགས་དང་། བསྔོ་སྨོན་གསོལ་འདེབས་གསུང་འདོན་གནང་བ་དང་སྦྲགས་དེའི་ཐོག་བཅར་བའི་ལ་དྭགས་དགོན་ཚོགས་ཀྱི་སྐུ་ཚབ་རྣམ་པ་དང་དགོན་ཁག་བཅུ་དྲུག་གི་དགེ་འདུན་པ་རྣམས་ལ་བཀའ་བསྒྱུར་གྱི་ཕྱག་དཔེ་དེ་དག་ཆོས་བཤོམས་ནང་སྒྲིག་ཏེ་མ་འཇོག་པར་སློབ་སྦྱོང་གི་འདུ་ཤེས་ཐོག་སློབ་གཉེར་བྱ་དགོས་པའི་བཀའ་བསྩལ་འདུགདེ་རྗེས་མགོན་པོ་མཆོག་ལ་དྭགས་ས་ཁུལ་གྱི་འབྲོག་པའི་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་སླད་ཆེད་འཛུགས་གནང་བའི་འཇམ་དབྱངས་སློབ་གྲྭར་ཆིབས་སྒྱུར་གྱིས་བུ་མོའི་སྡོད་ཁང་གསར་པ་དབུ་འབྱེད་ཀྱི་བཀྲིན་ཆེ་བ་མཛད་འདུག

༸གོང་ས་མཆོག་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཚོུད་ ༡༠།༣༠ ཡས་མས་སུ་ལ་དྭགས་སླེ་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག མགོན་པོ་༸གང་ཉིད་མཆོག་ལ་དྭགས་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཇ་མུ་ཀ་ཤ་མིར་མངའ་སྡེ་བློན་ཆེན་ཚེ་རིང་རྡོ་རྗེ་ལགས། མངའ་སྡེ་གྲོས་ཚོགས་འཐུས་མི་ངག་དབང་རིན་འཛིན་ཇོ་ར་ལགས་རྣམ་གཉིས་དང་། དགའ་ལྡན་ཁྲི་རིན་པོ་མཆོག་དབུས་པའི་གཞུང་འབྲེལ་མི་སྣ་ཁགདེ་བཞིན་ལ་དྭགས་ནང་པའི་ཚོགས་པ་དང་ཆོས་ལུགས་ཁག་གི་སྐུ་ཚབ་སོགས་ཆེད་ཕེབས་དང། ས་གནས་མང་ཚོགས་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་ཐོག སྦ་སྐུ་ལ་གནམ་ཐང་ནས་དཔེ་ཐུབ་དགོན་པའི་བར་བཀྲིས་པའི་མཆོད་རྫསདང་བདུག་སྤོས། ཞུགས་ཏོག་གཞན་ཡང་དགའ་གུས་ཀྱི་གླུ་སྒར་བཅས་ཀྱིས་གདན་འདྲེན་གཟབ་རྒྱས་ཞུས་འདུག མགོན་པོ་མཆོག་དཔེ་ཐུབ་དགོན་པར་ཞབས་གསོར་འཁོད་མ་ཐག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ཁྲི་རིན་པོ་ཆེ་མཆོག་གིས་མཎྡྲལ་རྟེན་གསུམ་འདེགས་འབུལ་གནང་བ་དང། གྲོ་མ་འབྲས་སིལ་བཤམས་སྟོན་ཐོག་ཕེབས་བསུའི་མཛད་སྟོན་ཚོགས་གནང་འདུག ༸གང་ཉིད་མཆོག་ད་ལན་ལ་དྭགས་སུ་བཀྲིན་ཆེན་པོས་ཆིབས་སྒྱུར་བསྐྱངས་མཛད་དོན་གཙོ་བོ་ནི། ལ་དྭགས་ནང་པའི་ཆོས་ཚོགས་དང་དགོན་པའི་ཚོགས་པ་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་དཔེ་ཐུབ་དགོན་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་སླད་ཆེད་ཕེབས་མཛད་པ་ཞིག་ཡིན་འདུག མགོན་པོ་མཆོག་གིས་རིང་མིན་སྤྱི་ལོ་ ༢༠༡༦ ནང་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་ནས་ཡུན་རིང་བཞུགས་གནང་མཛད་རྒྱུའི་བཀའ་བཞེས་བཟང་པོའང་བསྩལ་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཚེས་ ༢༧ ནས་༣༠ བཅས་སུ་ཆིབས་སྒྱུར་མཛད་པའི་ཁྲོད་དུ། ཕྱི་ཚེས་ ༢༨ ཉིན་སླེ་གྲོང་ཁྱེར་ནང་ཡོད་པའི་ཇོ་ཁང་ནང་གནས་གཟིགས་དང་། དེ་བཞིན་ལ་དྭགས་ས་ཁུལ་གྱི་འབྲོག་པའི་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་སླད་ཆེད་འཛུགས་གནང་བའི་འཇམ་དབྱངས་སློབ་གྲྭར་ཆིབས་སྒྱུར་གྱིས་བུ་མོའི་སྡོད་ཁང་གསར་པ་དབུ་འབྱེད་དང་། མཐོ་རིམ་སློབ་མའི་གཞོན་སྐྱེས་ཚོར་ལེགས་ངན་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག དེ་མཚུངས་ཕྱི་ཚེས་ ༢༩ ཉིན་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ། ཁུལ་དེར་དད་ལྡན་མང་ཚོགས་རྣམས་ལ་དགེ་བཤེས་གླང་རི་དམ་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་རྒྱུ། ལྷག་དོན་ཕྱི་ཚེས་ ༣༠ ཉིན་ལ་དྭགས་ལྕོག་ལམ་སར་ཞི་བའི་འཚལ་ཕོ་བྲང་དུ་མང་ཚོགས་ ༥༠༠༠༠ ལྷག་འདུ་འཛོམས་ཀྱིས་༸སྐུའི་གྱ་སྟོན་སྲུང་བརྩི་དང་དུས་མཚུངས་ལ་དྭགས་མི་མང་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་ཀྱང་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་འདུག

༸གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུ།

རྒྱ་གར་བྱང་ཕྱོགས་ ཇ་མུ་ཀཤ་མིར་ མངའ་སྡེ་ནང་དུ་རྟེན་གཞི་བྱས་པའི་ལ་དྭགས་ནང་པའི་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩོལ་ཐོབ་སྟེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༢༧ནས་༣༠བར་ཉིན་བཞི་རིང། ལ་དྭགས་སུ་ཆིབས་སྒྱུར་བཀྲིན་བསྐྱང་གཏན་འཁེལ་འདུག ༸གོང་ས་མཆོག་ཕྱི་ཚེས་༢༧ ཉིན་བཞུགས་སྒར་ནས་ཆིབས་སྒྱུར་བསྐྱང་གནང་གི་འདུག་པ་དང། ས་གནས་ཀྱི་མཛད་འཆར་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་མང་ཚོགས་ལ་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་། ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་དང་། དེ་བཞིན་མཐོ་རིམ་སློབ་མའི་གཞོན་སྐྱེས་ཚོར་བླང་དོར་བཀའ་སློབ་བཀྲིན་བསྩལ་འཆར་འདུག ལྷག་པར་དུ་ཕྱི་ཚེས་༣༠ཉིན། ཞི་བའི་འཚལ་ཕོ་བྲང་དུ་མང་ཚོགས་ཁྲི་ལྔ་ལྷག་འདུ་འཛོམས་ཀྱིས་༸སྐུའི་གྱ་སྟོན་སྲུང་རྩིས་དང་དུས་མཚུངས་ལ་དྭགས་མི་མང་ཡོང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་འདུག

རྒྱལ་ཚོགས་ངོས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ཐད་འགན་འཁུར་དགོས་པའི་ཞུ་འབོད་ཞུས་བ།

དེ་རིང་ཚེས་ ༡༨ སྔ་དྲོ་ཚོུད་ ༡༠།༠༠ པའི་ཐོག་དྷ་སར་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོ་ནས་རྒྱ་གར་གྱི་ཁྲིམས་ཁང་བར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་དྲང་བདེན་དགོས་ཞེས་པའི་ཕྲད་དར་སོགས་འཕྱར་ནས་རྔམ་སྟོན་གོམ་བགྲོད་ཀྱི་ལསུ་འགུལ་སྤེལ་གནང་ཡོད་པ་རེད། དེ་རིང་གི་ལས་འགུལ་དེའི་ཐོག་ནས། འཛམ་གླིང་ས་གནས་གང་སར་གནས་པའི་བོད་མི་ཚོས་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་དཀྲོངས་པར་ལན་འདེབསཞིག་བྱེད་དགོས་ཞེས་དང།བོད་མི་ཞི་རྒོལ་བ་ཚོར་དྲག་གནོན་བྱ་རྒྱུ་ཕྲལ་དུ་མཚམས་འཇོག་བྱེད་དགོས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ཐད་འགན་འཁུར་ལེན་དགོས་པའི་རེ་འདུན་དོན་ཚན་གསུམ་བཟོས་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་ཐོག་རྒྱ་གཞུང་ལ་ངོ་རྒོལ།

རྒྱ་ནག་གཞུང་གིས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་བཙོན་ཁང་ནང་དགོངས་པ་རྫོགས་ཡོད་ཚུལ་བརྗོད་མ་ཐག ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གཞོན་པ་པདྨ་གཡུ་གོ་ལགས་དང་ཚོགས་པ་དེའི་འབྲེལ་མཐུད་འགན་འཛིན་ཚེ་དཔག་སྦ་ཡུལ་ལགས། དེ་བཞིན་ནིའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་བཅས་གསུམ་ཁུལ་དེར་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ནང་དུ་ཕྱིན་ནས། གཞུང་ཚབ་ཀྱི་ལས་མི་རྣམས་ལ་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་བཙོན་ཁང་ནང་སྐུ་བཀྲོངས་ཡོད་པའི་ངོ་རྒོལ་བྱས་པ་མ་ཟད། རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་དང་བཞུགས་སྒར་དྷ་ས་བཅས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་འོག མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་བ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་James McGovernལགས་ཀྱིས་རྒྱ་གཞུང་ནས་ངེས་པར་དུ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཁོང་གི་ནང་མིར་རྩིས་སྤྲོད་བྱེད་ནས། བོད་མིའི་་སྲོལ་རྒྱུན་དང་མཐུན་པའི་སྒོ་ནས་ཞུགས་འབུལ་བྱ་བཅུག་དགོས་པའི་འབོད་སྐུལ་ཞུས་པ་དང། ད་རེས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙོན་འཇུག་འོག་སྐུ་འདས་གྲོངས་སུ་གྱུར་པའི་གནད་དོན་དེས། དོན་དངོས་བོད་ནང་གི་ད་ལྟའི་གནས་སྟངས་དེ་ཇི་ཙམ་གྱི་ཛ་དྲག་ཏུ་གྱུར་བཞིན་ཡོད་པ་གསལ་བཏོན་བྱས་ཀྱི་ཡོད་སྐོར་ནན་བརྗོད་གནང་འདུགདེ་བཞིན་དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དབྱིན་ཡུལ་གཞུང་གི་ངོས་ནས་དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཙམ་མ་ཟད། དུས་ནམ་ཡིན་ལ་རྒྱ་ནག་གི་སྐུ་ཚབ་དང་ལྷན་དུ་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག་བཙོན་འཇུག་བྱས་པའི་སྤྲུན་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་གླེང་གློང་གང་ཐུབ་བྱེད་ཡོད་པ་དེ་ལྟར་ཡང་། ད་རེས་རིན་པོ་ཆེ་ཁོང་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་ཡོད་པ་དེ་ནི་དབྱིན་ཡུལ་གཞུང་ལའང་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

༸གོང་ས་མཆོག་གིས་སྒོམ་རིམ་བར་པའི་ཆོས་འབྲེལ་སྩལ་བ།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཁ་སང་ཚེས་༩ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ ནིའུ་ཡོག་གྲོང་ཁྱེར་གྱི་ ཇ་ཝིཏ་ ཚོགས་ཁང་ཆེན་མོའི་ནང་བོད་རིགས་གཙོ་བོར་གྱར་བའི་རྒྱ་རིགས་དང་སོག་རིགས་སོགས་དད་ལྡན་མང་ཚོགས་ཆིག་ཁྲི་བཞི་སྟོང་བརྒལ་བ་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བའི་ཆོས་འབྲེལ་བཀྲིན་བསྩལ་འདུག སྔོན་འགྲོའི་ནང་ཆོས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེ་གར་འདུས་པའི་ནང་པའི་རྗེས་འབྲང་པ་ཀུན་ལ་དེང་གི་དུས་ཚོད་འདིར་ནང་སངས་རྒྱས་པའི་ཆོས་འདི་ནི་འཛམ་གླིང་གི་གཅེས་ནོར་ལྟ་བུ་གྱུར་ཡོད་སྟབས། གཞུང་ལ་བསླབ་པ་སློབ་གཉེར་གནང་དགོས་གལ་དང། ཉམས་ལེན་པ་ཚོས་ཀྱང་འདྲ་ཆག་ཆག་སྤངས་ནས་བློ་ཆོས་སུ་སོང་བ་དང། ཆོས་སུ་ཆོས་སུ་སོང་བ་འབད་གལ་ཆེ་ཞིང། ཆོས་ཀྱི་ཤེས་ཚད་དང་གོ་དོན་ལེགས་པོ་ཞིག་ཡོད་ན་ནང་ཆོས་ལ་བྲོ་བ་མི་འདྲ་བ་ཞིག་ཁ་རྒྱུ་ཡོད་པ་སོགས་ཀྱི་ལམ་སྟོན་དང་བཅས་སྒོམ་རིམ་བར་པའི་བཀའ་ཆོས་བཀྲིན་བསྩལ་འདུག ཕྱི་ཚེས་༡༠སྔ་དྲོ་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཉིན་རྒྱབ་ཏུ་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ལྷན་འཛོམས་ཐོག་༸གང་ཉིད་ཀྱི་བཀྲིན་རྗེས་དྲན་གྱི་མཛད་རིམ་ཞིག་གོ་སྒྲིག་ཞུས་འདུག

Latest news