Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སླད་ཕྱག་རོགས་གནང་མཁན་ཀུན་ལ་བཀྲིན་ཆེ་ཞེས་བཀའ་སྩལ་བ།

འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་གྱི་ཡོད་པ་དང་བསྟུན། མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་ཉིད་ལ་ཞི་བདེའི་གཟེངས་རྟགས་ཐོབ་སླད་སྐབས་དེ་དུས་སུ་ཕྱག་རོགས་གནང་མཁན་ཀུན་ལ་བཀའ་དྲིན་ཞེས་བཀའ་སྩལ་འདུག རིང་མིན་ཟླ་ ༡༢ ཚེས་ ༡༠ ཉིན་མོ་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་དུས་དྲན་མཉམ་འཛོམས་འཁེལ་གྱི་ཡོད་པ་རེད། ཁ་སང་ཐེ་ཝན་ནང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ལམ་སྟོན་དང་ཁུལ་དེར་རྟེན་གཞི་བྱས་པའི་དགའ་ལྡན་ཤར་བརྩེ་ཆོས་ཚོགས་དང་བོད་རིགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་གནང་སྟེ་ཡུལ་དེའི་ཚོགས་ཁང་ཆེན་མོ་ཞིག་ཏུ་ཆོས་ལུགས་འདྲ་མིན་གྱི་རིག་གཞུང་འཁྲབ་སྟོན་དང་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་ཀྱི་འགྲེམས་སྟོན་བརྒྱུད་དུས་ཆེན་དེ་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུགསྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་དད་ལྡན་མང་ཚོགས་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་དྲན་ཐོག་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་། མགོན་པོ་༸གང་ཉིད་མཆོག་ནི་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པ་དང་མགོན་པོ་༸གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེ་ནི་འཛམ་གླིང་ཐོག་གཞན་ཕན་བསྒྲུབ་རྒྱུའི་ཆ་རྐྱེན་ཞིག་ཆགས་ཡོད་པར་མ་ཟད། ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྙན་གྲགས་ཅན་གྱི་མི་སྣ་གཞན་དང་འབྲེལ་ལམ་མཛད་རྒྱུའི་གོ་སྐབས་མང་པོ་ཐོབ་པ་བརྒྱུད་ཐུགས་བསྐྱེད་གསར་པ་དུ་མ་འཁྲུངས་ཡོད་པར་བཀའ་སྩལ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་ལ་གཟེང་རྟགས་དེ་ཐོབ་སླད་ཕྱག་རོགས་གནང་མཁན་གྱི་ཚོགས་སྒེར་ཀུན་ལ་བཀའ་དྲིན་ཆེ་ཞེས་བཀའ་སྩལ་མཛད་འདུགཁ་སང་ཐེ་ཝན་ནང་ཆོས་ལུགས་འདྲ་མིན་གྱི་རིག་གཞུང་འཁྲབ་སྟོན་གནང་བ་དང་དེ་རིང་ཁུལ་དེར་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པས་གོ་སྒྲིག་གནང་སྟེ་ས་གནས་ཀྱི་སློབ་ཆེན་ཞིག་ནས་གཟའ་འཁོར་གཅིག་གི་རིང་བོད་ཀྱི་འདས་མ་ད་གསུམ་གྱི་གནས་བབ་འཁོད་པའི་པར་རིས་འགྲེམས་སྟོན་དང་བོད་པའི་གློག་བརྙན་གཟིགས་འབུལ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྒྱུ་རྩལ་དང་བཅས་པ་ས་གནས་མང་ཚོགས་ཁྲོད་ངོ་སྤྲོད་ཞུ་ཕྱིར་འགྲེམས་སྟོན་ཀྱི་ལས་རིམ་ཞིག་ཀྱང་གཉེར་བཞིན་འདུགརྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༠ ལོ་འདི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར། ཁ་སང་ཐེ་ཝན་ནང་ཆོས་ལུགས་འདྲ་མིན་གྱི་རིག་གཞུང་འཁྲབ་སྟོན་གནང་བ་བརྒྱུད་མགོན་པོ་༸གང་ཉིད་མཆོག་ལ་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ་དེ་ནི་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་གཙོ་བོ་ཆོས་ལུགས་མཐུན་འབྲེལ་གཞི་རྩར་བཟུང་ནས་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་འདུག

རྒྱ་གཞུང་ལ་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བསྐོ་རྒྱུའི་ཐོབ་ཐང་མེད།

ཨ་རི་གཞུང་གི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་དམིགས་བསལ་སྐུ་ཚབ་ Sam Brownback ལགས་ཀྱིས་བོད་མི་ཚོར་རང་ཉིིད་ཀྱི་འདོད་མོས་ལྟར་མ་འོངས་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུར་ཨ་རི་གཞུང་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་དང་འབྲེལ། རྒྱ་གཞུང་ལ་གནད་དོན་དེའི་ཐོག་ཐོབ་ཐང་དང་ཐེ་བྱུས་བྱ་རྒྱུའི་དབང་ཚད་རྩ་བ་ནས་ཡོད་མ་རེད་ཅེས་གསུངས་སོང། ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་སུད་སིའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་ཇི་ནི་ཝའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་རི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ནང་གི་ཆོས་དད་རང་དབང་དང༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བསྐོ་བཞག་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་ནས་གླེང་མོལ་ལས་རིམ་ཞིག་སྐོང་ཚོགས་གནང་ཡོད་པ་རེད། ཨ་རི་གཞུང་ཚབ་པ་སྐུ་ཞབས་ Andrew Bremberg ལགས་ཀྱིས་གླེང་མོལ་ལས་རིམ་དེ་གཙོ་སྐྱོང་གནང་སྟེ་ཨ་རི་གཞུང་གི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback ལགས། ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Robert A. Destro ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་ཁུངས་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་བཅས་ཆེད་འབོད་ཀྱིསབོད་ནང་གི་ཆོས་དད་རང་དབང་སྐོར་གླེང་མོལ་གནང་ཡོད་པ་རེད། སྐབས་དེར་སྐུ་ཞབས་ Sam Brownback ལགས་ཀྱིས་གླེང་མོལ་གྱི་ལས་རིམ་འདིི་ནི་དུས་ཚོད་དང་མཐུན་པ་ཞིག་དང་རྒྱལ་སྤྱིའི་མི་མང་ནས་དོ་སྣང་གནང་དགོས་པ་ཞིག་ཆགས་ཡོད་པ་རེད། རྒྱ་ནག་དམར་པོའི་གཞུང་གིས་༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་བསྐོ་བཞག་བྱ་རྒྱུའི་བདག་དེ་རྒྱ་གཞུང་ཁོ་ནར་ཡོད་ལུགས་བརྗོད་བཞིན་ཡོད་པ་དེ་ལྟར་ཡང། བོད་མི་ཚོར་རང་ཉིིད་ཀྱི་འདོད་མོས་ལྟར་མ་འོངས་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་རང་དབང་ཡོད་པ་ལས་རྒྱ་གཞུང་ལ་གནད་དོན་དེའི་ཐོག་ཐོབ་ཐང་དང་ཐེ་བྱུས་བྱ་རྒྱུའི་དབང་ཚད་རྩ་བ་ནས་ཡོད་མ་རེད་ཅེས་གསལ་པོ་གསུངས་པ་མ་ཟད། རྒྱ་དམར་པོའི་གཞུང་གཙོས་འཛམ་གླིང་ཐོག་རྒྱལ་ཁབ་སུ་འདྲ་ཞིག་ལ་ཡང་གནད་དོན་དེའི་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐང་གི་འབྲུ་དོན་ནང་གསལ་བའི་ཆོས་ལུགས་ལ་དད་མོས་བྱེད་མཁན་ཚོའི་གཞི་རྩའི་ཐོབ་ཐང་ཞིག་ཆགས་ཡོད་སྐོར་གསུངས་ཡོད། གླེང་མོལ་ལས་རིམ་གོ་སྒྲིག་དང་གཙོ་སྐྱོང་གནང་མཁན་ཨ་རི་གཞུང་ཚབ་སྐུ་ཞབས་ Andrew Bremberg ལགས་ཀྱིས་དེང་སྐབས་རྒྱལ་སྤྱིའི་ཁྲོད་ཤར་ཏུར་ཀི་སི་ཐན་གྱི་གནད་དོན་གླེང་སློང་ཤུགས་ཆེ་གནང་བཞིན་པའི་དུས་སྐབས་འདིར་ང་ཚོའི་ངོས་ནས་རྒྱ་ནག་གི་བཙན་གནོན་འོག་ལོ་མང་རིང་དཀའ་སྡུག་མྱོང་བཞིན་པ་བོད་པ་ནང་པ་ཚོའི་གནད་དོན་དེ་གཅིག་མཚུངས་ལྟར་གླེང་སློང་དང་དྲན་གསོ་བྱེད་དགོས་ཞེས་དང། བོད་པའི་ནང་པ་ཚོར་ཆོས་དད་རང་དབང་དང་ཆོས་ལུགས་དད་མོས་ནི་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ཞིག་ཡིན་སྟབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚང་མས་དེ་ལྟར་སྲུང་སྐྱོབ་གནང་རྒྱུའི་འོས་འགན་ཡོད་ཅེས་ནན་བརྗོད་གནང་ཡོད། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Robert A. Destro ལགས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་བསྐོ་བཞག་བྱ་རྒྱུའི་བདག་དབང་རྩོད་བཞིན་པ་ནི་རྒྱ་ནག་གཞུང་གི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་འདི་རྒྱ་ནག་དམར་ཤོག་ཅན་དུ་བསྒྱུར་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པ་དང། དེ་འབྲེལ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ཡང་རྩ་མེད་གཏོང་བཞིན་ཡོད་པ་མ་ཟད། དེ་བཞིན་རྒྱ་གཞུང་གིས་རྒྱལ་ནང་གནས་ཚུལ་ཐོག་དོ་དམ་སྟངས་འཛིན་བྱས་དང་བྱེད་མུས་ཡིན་པའི་ཁར་མང་ཚོགས་ཀྱི་བསམ་སྤྱོད་ཐོག་ལའང་སྟངས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་ཡོད། ལྷག་པར་དུ་ཁོང་གིས་བོད་བརྒྱུད་ནང་བསྟན་ནི་རྒྱ་ནག་དམར་པོའི་གཞུང་ལ་བདག་པ་ཞིག་མིན་པར་བོད་མི་དང་དེ་འབྲེལ་རྗེས་འདྲང་པ་ཚོར་བདག་པ་ཞིག་རེད་ཅེས་ནན་བརྗོད་གནང་བ་མ་ཟད། ཨ་རིི་གཞུང་གི་ངོས་ནས་རྒྱ་ནག་གཙོས་རྒྱལ་ཁབ་གང་འདྲ་ཞིག་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུའི་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པར་མ་ཟད་རྒྱ་གཞུང་གིས་འཛམ་གླིང་ཆོས་ལུགས་དང་རྒྱལ་ཁབ་གཞན་གྱི་ཐོག་སྟངས་འཛིན་བྱ་ཐབས་བྱེད་བཞིན་པ་འདི་ནི་འཛམ་གླིང་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཉེན་འཚབ་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུགཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཙམ་མིན་པར་འཛམ་གླིང་སྤྱིའི་གནད་དོན་ཞིག་ཆགས་ཀྱི་ཡོད་རེད། གལ་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་དང་མང་གཙོ་དོན་དོན་གཉེར་བ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནད་དོན་ཐོག་གླེང་སློང་མ་གནང་ཚེ་དེས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་མང་གཙོ་དོན་གཉེར་བ་ཞིག་ཆགས་ཀྱི་ཡོད་མ་རེད་ཅེས་གསུངས་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱི་རྒྱལ་སྤྱིའི་གཞུང་མང་ཚང་མས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་མོལ་གནང་སྐབས་བོད་ནང་གི་ཆོས་དད་རང་དབང་དང་༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་བརྗོད་གཞི་གཙོ་བོར་ངོས་འཛིན་གནང་སྟེ་རྒྱ་ནག་གཞུང་ལ་འདྲི་རྩད་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པར་མང་ཚོགས་ཀྱི་ཆོས་དད་རང་དབང་མཚོན་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་ལ་གུས་བརྩི་ཞུ་བཅུག་དགོས་ཞེས་དང། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་ལས་སྡེ་ཚན་ ༥༠ ཡིས་རྒྱ་ནག་ཐོག་རང་དབང་ཅན་གྱི་དམིགས་བསལ་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་རེ་འདུན་ཆེད་འདོན་གནང་དོན་ལྟར་དེའི་ཐོག་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་དང་ཁྱད་པར་དུ་ཆོས་དད་རང་དབང་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་བསྐོ་བཞག་བྱ་རྒྱུར་རྒྱལ་ཚོགས་ནང་ཚོགས་མི་རྒྱལ་ཁབ་ཁག་ནས་ཟུང་འབྲེལ་གྱིས་བསྒྲགས་གཏམ་སྤེལ་གནང་ཡོང་བ་སོགས་དགོས་འདུན་ཡང་ཆེད་འདོན་གནང་ཡོད་པ་རེད། གཞི་རྩའི་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་གོང་མར་༸གོང་ས་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ཐག་གཅོད་བྱ་རྒྱུའི་ལམ་ལུགས་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་སོགས་བསྐོ་གཞག་གནང་རྒྱུའི་སྲོལ་རྒྱུན་ལམ་ལུགས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པའི་སྤྱི་མོས་ཀྱིས་གྲོས་ཆོད་བཞག་ཡོད་པ་དང་། དེ་བཞིན་ ༢༠༡༩ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་ཟིན་པའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་གནང་དགོས་པ་དང་། གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་བརྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དེ་འབྲེལ་དཔོན་རིགས་ནས་ཐེ་བྱུས་ཞུས་ཚེ་ཨ་རི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་ཚོང་དོན། མཐོང་མཆན་སོགས་བཀག་སྡོམ་གྱི་ཉེས་ཆད་འགེལ་རྒྱུ་ཡིན་པ་བཅས་འཁོད་ཡོད་པ་རེད།

ཉི་ཧོང་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྔ་སྣུར་གྱིས་སྲུང་བརྩི།

ཟླ་བ་འདིའི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ལ་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གཞུང་གིས་དྲག་གནོན་བྱས་མྱོང་ཡོད་པའི་མི་རིགས་ཁག་ཅིག་གི་གཞུང་འབྲེལ་མིན་པའི་ཚོགས་པ་སྟེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྷོ་སོག ཡུ་གུར་བ། ཧོང་ཀོང་། དེ་བཞིན་ཐེ་ཝན་ཚོགས་པ་བཅས་ཟུང་འབྲེལ་གྱིས་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ཁག་ལ་འགོག་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག

༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་བོད་མི་ཚོས་ལག་བསྟར་བརྒྱུད་དེ་རྒྱལ་སྤྱིའི་ཁྱོན་ལ་ཁྱབ་སྤེལ་གནང་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར། དེ་རིང་ནས་བདུན་ཕྲག་གཅིག་གི་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པས་དབུས་པའི་རྒྱལ་ཁབ་འདྲ་མིན་ ༡༩ ཡི་མཁས་དབང་དང་ཤེས་ཡོན་ཅན་གྱི་མི་སྣ་གྲངས་ ༡༢༠ ནས་དྲ་བརྙན་བརྒྱུད་སྐད་རིགས་ ༡༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་གསུང་བཤད་གནང་རྒྱུའི་ལས་རིམ་ཞིག་གོ་སྒྲིག་ཞུས་འདུགལས་རིམ་དབུ་འཛུགས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དབུ་འབྱེད་གསུང་བཤད་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་སྤྱི་ཡོངས་ཀྱི་ངོ་སྤྲོད་གསུང་བཤད་གནང་སོང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸སྐུའི་ཐུགས་བསྐྱེད་བཞིའི་ཐོག་བཀའ་བསྡུར་གནང་རྒྱུའི་ལས་རིམ་ཞིག་གོ་སྒྲིག་གནང་དོན་ནི་ ༢༠༢༠ ལོ་འདི་བཞིན་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་པར་མ་ཟད། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་ནས་ས་གནས་གཞིས་ཆགས་དང་སློབ་གྲྭ། དོན་གཅོད་ཁག་དང་བོད་དོན་རྒྱབ་སྐྱོར་བ་གཙོས་འཛམ་གླིང་ཡུལ་གྲུ་ཀུན་ལ་ལས་རིམ་མང་དག་ཅིག་སྤེལ་འཆར་ཡོད་ཀྱང་། ནད་ཡམས་ཁྱབ་གདལ་རྐྱེན་གྱིས་དངོས་སུ་དེ་ལྟར་གནང་ཐུབ་མེད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་ལེགས་པར་རྟོགས་ཐུབ་ཚེ་མི་སྒེར་དང་ནང་མི། སྤྱི་ཚོགས་དང་རྒྱལ་ཁབ། དེ་བཞིན་འཛམ་གླིང་ཡོངས་ལ་ཕན་ངེས་ཡིན་པ་དང་། མགོན་པ་༸གང་ཉིད་མཆོག་གི་གསུང་སྟེ་བྱམས་སྙིང་རྗེ་དང་ཡ་རབས་བཟང་སྤྱོད་ཅེས་པ་དེ་ཕྱག་བསྟར་གནང་མཁན་གཙོ་བོ་དེ་བོད་མི་ཚོ་ཡིན་པར་ཙམ་མ་ཟད་བོད་མི་རྣམས་མདུན་ལ་འཐོན་ནས་གཞན་ལ་མིག་དཔེ་ཆགས་ཐུབ་པར་གནང་དགོས་ཞེས་གསུངས་སོང་།སྲིད་སྐྱོང་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་གྲོས་ཚོགས་ལྟ་བུ་ཆེས་ཐོག་མར་གསར་འཛུགས་གནང་མཁན་ཁོངས་སུ་༸གོང་ས་མཆོག་དངོས་སུ་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་མཛད་དེ་བཀའ་སློབ་ལམ་སྟོན་སྩལ་རྒྱུ་གཙོས། གནམ་གཤིས་འགྱུར་ལྡོག ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་འཛམ་གླིང་གི་འགོ་འཁྲིད་ཁྲོད་བཀའ་སློབ་ལམ་སྟོན་མཛད་མཁན་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུ་བསྐྱར་གསོ་གནང་རྒྱུ་དང་འབྲེལ་བའི་ཐོག་བོད་རིགས་ཤིག་གི་ངོས་ནས་གང་ཞིག་གནང་ཐུབ་བམ་ཞེས་པའི་གནད་དོན་ཐོག་དགོངས་པ་ཆེས་བཞེས་མཛད་དོན་ལྟར་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞི་པོ་དངོས་ཀྱི་ལག་བསྟར་ཐོག་ནས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་སྤེལ་གནང་དགོས་གལ་ཡིན་པར་གསུངས་ཡོད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཐུགས་བསྐྱེད་བཞིའམ་མགོན་པོ་༸གང་ཉིད་མཆོག་༸སྐུ་སྒེར་གྱིས་བཀའ་སྩལ་སྐབས་ཀྱི་ཐུགས་བསྐྱེད་བཞི་ཞེས་པ་དེ་ང་ཚོའི་ངོས་ནས་ལམ་སྟོན་ཆེན་པོ་བཞི་ལ་ངོས་འཛིན་ཞུ་གལ་ཡིན་པར་འགྲེལ་བརྗོད་གནང་བ་དང་འབྲེལ། ཐུགས་བསྐྱེད་དང་པོ་ནི་འགྲོ་བ་མིའི་རིགས་ཡོངས་ལ་སྩལ་བའི་ལམ་སྟོན་ཆེན་པོ་དང་། ཐུགས་བསྐྱེད་གཉིས་པ་ནི་འཛམ་གླིང་གི་ཆོས་ལུགས་པ་ཡོངས་ལ་སྩལ་བའི་ལམ་སྟོན། ཐུགས་བསྐྱེད་གསུམ་པ་ནི་བོད་མི་ཡོད་དོ་ཅོག་ལ་སྩལ་བའི་ལམ་སྟོན། དེ་བཞིན་ཐུགས་བསྐྱེད་བཞི་པ་རྒྱ་གར་བ་ཡོངས་ལ་སྩལ་བའི་བླང་དོར་ལམ་སྟོན་གྱི་བཀའ་སློབ་བཅས་ཡིན་པ་བཀའ་སྩལ་སོང་། རིན་པོ་ཆེ་མཆོག་གིས་ཐུགས་བསྐྱེད་བཞིའི་སྐོར་ཞིབ་རྒྱས་ངོ་སྤྲོད་མ་གནང་གོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་ཕྱིར་བསྡུ་མཛད་དེ་ཆོས་ཕྱོགས་ཁོ་ནའི་ཐུགས་འགན་ལས་གཞན་གང་ཡང་བཞེས་ཀྱི་མེད་སྟབས། དུས་དེ་ནས་བཟུང་མགོན་པོ་མཆོག་གིས་ཐུགས་བསྐྱེད་བཞི་པོ་དེ་དག་བཞེས་པ་ཞིག་ཡིན་པ་དང་། སྤྱིར་མི་རིགས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་དང་བསམ་བློའི་རིམ་པ་སླེབས་སྟངས་དང་འབྲེལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་བཞིའམ་ལམ་སྟོན་ཆེན་པོ་བཞི་ཕེབས་རྒྱུའི་དགོས་དོན་གཙོ་བོ་ནི་མིའི་རིགས་ཀྱི་ཤེས་རིག་གི་གསར་བརྗེའམ་སེམས་ཁམས་ཀྱི་གསར་བརྗེ་ཆེན་པོ་ཞིག་ལ་ངོས་འཛིན་ན་ཆོག་སྐོར་གསུངས་སོང་། གཞི་རྩའི༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གསུང་བཤད་ཀྱི་ལས་རིམ་དེ་བདུན་ཕྲག་གཅིག་གི་རིང་དྲ་ཐོག་ནས་འཚོགས་གཏན་འཁེལ་བ་ལྟར་སང་ཉིན་ནས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ། དེ་བཞིན་ཕྱི་ནང་གི་མཁས་དབང་དང་ཤེས་ཡོན་ཅན་སོགས་ནས་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གསུང་བཤད་གནང་གི་འདུག་པ་དང་། བདུན་ཕྲག་གཅིག་གི་ལས་རིམ་ཡོངས་རྫོགས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་བརྙན་འཕྲིན་གྱི་ངོ་དེབ་དང་ Youtube གཉིས་ཀྱི་བརྒྱུད་རྒྱང་བསྲིང་ཞུ་རྒྱུ་ཡིན་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཨ་རིར་འགྲོ་རྒྱུར་དམ་དྲག་ཆེ་རུ་བཏང་འདུག

ཨ་རིའི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་དང་ཁོང་ཚོའི་གཉེན་འབྲེལ་རྣམས་ཨ་རིར་སྐྱོད་སྐབས་ཟླ་བ་གཅིག་གི་རིང་ལས་མཐོང་མཆན་སྤྲོད་རྒྱུ་མིན་པའི་ཁྲིམས་སྒྲིག་གསར་བ་ཞིག་བཟོས་འདུག

རྒྱ་ནག་གི་བདེ་འཇགས་ཚན་ཁག་གི་བོད་རིགས་ལས་བྱེད་རྣམས་ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་སྤྲད་འདུག

རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་ལས་དོན་གཟེངས་ཐོན་གྱི་ཕྱག་ལས་གནང་མཁན་གྱི་མི་སྣར་ལོ་འཁོར་གྱི་གཟེངས་རྟགས་འབུལ་བཞིན་པའི་ཁོངས་སུ། འདི་ལོར་བོད་ཁུལ་གྱི་བདེ་འཇགས་དང་འབྲེལ་བའི་བོད་རིགས་གྲངས་ ༣༠ ལ་མིག་དཔེར་འོས་བའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་སྤྲད་འདུག

འཇར་མན་གཞུང་གི་སྙན་ཐོའི་ནང་བོད་དང་ཤིན་ཅང་ནང་གི་གནས་བབ་ཛ་དྲག་ཡིན་པ་གསལ་འདོན།

འཇར་མན་གཞུང་གིས་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཅུ་བཞི་བ་དེ་འདོན་སྤེལ་བྱས་པའི་ནང་། རྒྱ་ནག་གི་དབང་བསྒྱུར་འོག་ཏུ། བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཛ་དྲག་གི་ངོ་བོར་གནས་ཡོད་པར་མངོན་གསལ་གནང་བ་དང་འབྲེལ། དྲག་གནོན་དང་མྱུལ་ཞིབ་ཀྱིས་མི་མང་བཀག་སྐྱིལ་ཡང་གཞི་རྒྱ་ཆེ་རུ་བཏང་ཡོད་ལུགས་དམིགས་བཀར་གྱིས་གསལ་འདོན་གནང་འདུགའཇར་མན་གྱི་ Business Daily གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། གཞི་རྩའི་འཇར་མན་གཞུང་གིས་འདས་པའི་ལོ་མང་ནས་རྒྱ་ནག་དང་འབྲེལ་བའི་ཕྱི་འབྲེལ་གྱི་སྲིད་བྱུས་ལ་གཟབ་གཟབ་གནང་བཞིན་ཡོད་པ་མ་ཟད། རྒྱ་ནག་ལ་ཕོག་ཐུག་བཏང་བ་ཡིན་ན་འཇར་མན་གྱི་བཟོ་ལས་ཀྱི་ཁྲོམ་རར་དོ་ཕོག་འགྲོ་ངེས་ཡིན་པར་དགོངས་བཞིན་ཡོད་ནའང་། ཐེངས་འདིར་འཇར་མན་གྱིས་རྒྱ་ནག་དང་འབྲེལ་བའི་ཕྱི་འབྲེལ་གྱི་གནས་བབ་དེའི་ཁ་ཕྱོགས་བསྒྱུར་བའི་ཐོག   འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཆེད་འདོན་གྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་ཡིན་པར་མངོན་གསལ་གྱིས། རྒྱ་ནག་གི་བྱེད་བབ་དེར་སྐྱོན་བརྗོད་དྲག་པོ་གནང་འདུག ཐེངས་འདིའི་སྙན་ཐོའི་ནང་དུ། རྒྱ་ནག་གི་ནང་དུ་སྤྱི་མང་གི་ཐོབ་ཐང་ཆེས་ཇེ་ཞན་དུ་འགྱུར་བཞིན་པར་མངོན་གསལ་གྱིས།  ད་ཆ་རྒྱ་ནག་གི་ནང་དུ་ཆབ་སྲིད་དང་འབྲེལ་བའི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། དེ་བཞིན་ཆོས་ལུགས་དང་ཚན་རིག་སོགས་ཀྱི་རང་དབང་ལ་བཀག་སྡོམ་ཆེས་ཆེར་བྱེད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཞི་རྒོལ་ནང་ཞུགས་མཁན་རྣམས་དུས་ཡུན་རིང་པོ་བཙོན་འཇུག་བྱེད་བཞིན་པ་སོགས་ལུང་འདྲེན་གྱིས། རྒྱ་ནག་གི་ནང་དུ་ཁྲིམས་ལུགས་ལ་རྩིས་མེད་ཀྱི་ཐོག་ནས་དམར་ཤོག་སྲིད་གཞུང་ནི་མི་མང་ལ་བཤུ་གཞོག་བྱེད་སྤྱད་ཀྱི་ལག་ཆ་ལྟ་བུར་འགྱུར་བཞིན་ཡོད་སྐོར་ཡོངས་གྲགས་གནང་འདུག གཞན་ཡང་སྙན་ཐོའི་ནང་།  བོད་དང་ཤིན་ཅང་གི་ནང་དུ་ངལ་རྩོལ་བསྒྱུར་བཀོལ་ཤུགས་ཆེར་བྱེད་བཞིན་པ་མ་ཟད། མི་མང་གི་སྐྱེ་སྒོ་ཡང་ཚད་བཀག་བཟོས་ཏེ་སྟངས་འཛིན་བྱེད་ཀྱི་ཡོད་ལུགས་ངོ་སྤྲོད་ཀྱིས། འཇར་མན་གྱིས་ཞིབ་འཇུག་བྱས་པ་ལྟར་ན། དེ་ལྟ་བུའི་དྲག་གནོན་གྱི་སྲིད་བྱུས་དེ་ནི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་རིག་གཞུང་དང་ཆོས་ལུགས་རྣམས་རྒྱ་བསྒྱུར་བྱེད་རྒྱུར་དམིགས་ཡོད་པ་ཞིག་ཡིན་སྐོར་གསལ་འདོན་གྱིས། ཤིན་ཅང་གི་གཙོ་བྱས་པའི་གྲངས་ཉུང་མི་རིགས་རྣམས་ཀྱིས་རྒྱ་ནག་གིས་རྩ་འཛུགས་བྱས་པའི་སྲིད་གཞུང་གི་རིག་གཞུང་ལྟ་གྲུབ་དེར་བརྩི་སྲུང་བྱེད་དགོས་བ་ཞིག་བཟོས་ཡོད་སྐོར་ཕྱིར་བསྒྲགས་གནང་འདུགགཞན་ཡང་རྒྱ་ནག་གིས་དུས་རྒྱུན་ནས་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་གྱི་མིང་ཐོག་ནས་ཤིན་ཅང་ཁུལ་དུ་དེང་རབས་འཕྲུལ་ལས་ཀྱི་ཁྱད་ཆས་ལྡན་པའི་གསང་བའི་མྱུལ་ཞིབ་ཀྱི་ལྟ་སྲུང་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་སྦྲགས་ནས། ཕྱི་ཕྱོགས་སུ་སུ་ཡོད་པའི་ཡུ་གུར་བཙན་བྱོལ་བ་རྣམས་ཀྱིས་རྒྱ་ནག་གིས་ཡུ་གུར་གྱི་རིག་གཞུང་རྩ་གཏོར་གཏོང་གི་ཡོད་པར་སྐྱོན་བརྗོད་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤིན་ཅང་གི་ནང་དུ་ཞིབ་འཇུག་བྱེད་དགོས་བའི་ཞུ་སྐུལ་གནང་བཞིན་པར་འཁོད་འདུག ཕྱོགས་མཚུངས་སྙན་ཐོ་དེའི་ནང་དུ། བོད་དང་ཤིན་ཅང་ཙམ་མ་ཡིན་པར། རྒྱ་ནག་གིས་ཧོང་ཀོང་གི་ཁུལ་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་ཕྱོགས་ལ་ཡང་བློ་འཚབ་ཡོད་པར་བརྗོད་དེ། ད་ཆ་རྒྱ་ནག་གི་དབང་འཛིན་གསར་བའི་ལམ་ལུགས་ཀྱི་ནང་དུ། ཧོང་ཀོང་གི་སྤྱི་མང་གི་རང་དབང་བརླགས་བཞིན་པ་མ་ཟད། ཕྱོགས་འགལ་གྱི་ཆབ་སྲིད་ཚོགས་པ་དང་རང་དབང་ལྡན་པའི་གསར་ལམ་ཁག་ལ་བཙན་དབང་གི་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་སྐོར་མངོན་གསལ་གནང་འདུག སྙན་ཐོ་དེ་ཕྱི་ལོ་ཐོན་པ་དང་། འཇར་མན་ནང་གི་ CDU ཞེས་པའི་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་ཆབ་སྲིད་ཚོགས་པའི་ཆེད་མཁས་བ་སྐུ་ཞབས Michael Brand ལགས་ཀྱིས་ཐེངས་འདིའི་འཇར་མན་གྱི་ཕྱི་སྲིད་ལས་དོན་ཚན་པས་སྙན་ཐོ་དེ་འདོན་སྤེལ་གནང་བར་བསྔགས་བརྗོད་གནང་སྟེ། རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་བཙན་རྒྱལ་དེ་ནི་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྟན་བརླིང་ལ་ཉེན་ཁ་ཞིག་ཆགས་ཡོད་སྐོར་མངོན་གསལ་གྱིས། ཡུ་རབ་རྒྱལ་ཚོགས་ཀྱིས་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཊན་(Joe Biden) དང་ལྷན་དུ་མཉམ་ལས་ཀྱིས། རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ལ་ཁ་གཏད་གཅོག་དགོས་བའི་གོམ་སྟབས་གསར་བ་ཞིག་ལག་བསྟར་བྱེད་དགོས་བར་སྐུལ་མ་གནང་འདུག གཞི་རྩའི་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཉན་ཞིབ་ལས་རིམ་ཞིག་ཚོགས་པའི་ཐོག རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ འཇར་མན་སྡེ་ཚན་གྱི་ངེས་སྟོན་པ་སྐུ་ཞབས་ Kai Muller ལགས་ཀྱིས་མཉམ་ཞུགས་གནང་སྟེ། རྒྱ་གཞུང་གིས་བོད་དེ་རྒྱ་སྡེར་བསྒྱུར་ཐབས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པ་དང་། བོད་མིའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་དང་། བོད་མི་རྣམས་གང་བྱུང་འཛིན་བཟུང་བཀང་ཉར་བྱེད་བཞིན་པ་སོགས་དང་འབྲེལ་ནས། བོད་ནང་གི་གནས་བབ་ཛ་དྲག་ཆགས་ཡོད་སྐོར་གསུངས་ཡོད་པ་རེད།

ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གསུམ་ལ་ཁྲིམས་ཐག་བཅད་འདུག

དེ་ཡང་ཁ་སང་ཧོང་ཀོང་ཁྲིམས་ཁང་གིས་མང་གཙོའི་ན་གཞོན་ལས་འགུལ་བ་གྲགས་ཅན་ Joshua Wong ལགས་ཀྱིས་ཕྱི་ལོ་༢༠༡༩ ལོར་སྲིད་གཞུང་ལ་རྒོལ་ལན་སློག་པའི་ཉེས་མིང་གི་འོག་ཁོང་ལ་ལོ་གཅིག་དང་ཟླ་བ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་པ་དང་། དེ་བཞིན་ཁོང་གི་ལས་རོགས། ན་གཞོན་བུད་མེད་ Agnes Chow དང་ Ivan Lam ལགས་གཉིས་ཀྱིས་ཀྱང་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་ཀྱི་སྐབས་སུ་མི་མང་ལ་སྐུལ་སློང་གིས་གཞུང་རྒོལ་གྱི་ལས་འགུལ་སྤེལ་བར་བསྙད་ནས་ཟླ་བ་བདུན་ནས་ཟླ་བ་བཅུའི་བར་ཁྲིམས་ཐག་བཅད་འདུག

འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཐེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ པའི་ ༡ དགོངས་དོན་བཞིན་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཐེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུགདེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བཀའ་དྲུང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་བར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) གི་དགོངས་དོན་ཏེ། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་རྒྱུ་ཞེས་གསལ་བ་ལྟར་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཐེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག་པ་དང་། ཁོང་ནས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡ ཚེས་ ༤ ནས་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་རྒྱུ་རེད་འདུག གཞི་རྩའི་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནི་བོད་མི་མང་སྤྱི་འཐུས་ཟུར་པ་དང་སྐབས་བཅོ་ལྔ་པཔའི་བཀའ་ཤག་གི་ལས་ཡུན་ནང་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པའི་འགན་བཞེས་པ་མ་ཟད། ཉེ་བའི་འཆར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་གནང་ཡོད་པ་རེད།

Latest news