Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཝེ་ཏི་ནམ་ནང་པའི་གཅིག་གྱུར་དགོན་པའི་དགོན་བདག་ Thich Quang Do མཆོག་དགོངས་པ་རྫོགས་པར་ཐུགས་གསོ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ The Unified Buddhist Church of Vietnam ཞེས་ཝེ་ཏི་ནམ་ནང་པའི་གཅིག་གྱུར་དགོན་པའི་དགོན་བདག་གམ་མཁན་པོ་ Thich Quang Do མཆོག་དགུང་ལོ་ ༩༢ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དམ་པ་ཁོང་གི་ཤུལ་ལུས་ཆོས་ཕྱོགས་ཀྱི་སློབ་མ་རྒན་གྲས་ཚོ་དང་དེ་བཞིན་དད་ལྡན་རྗེས་འབྲང་པ་ཡོངས་ལ་ཐུགས་གསོ་བསྩལ་འདུག ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་ནས་མཁན་པོ་ Thich Quang Do མཆོག་དང་དངོས་སུ་ཞལ་མཇལ་མྱོང་མེད་ཀྱང་། མཁན་པོ་མཆོག་གིས་ཐུགས་ཐག་གཙང་བཅད་ཀྱིས་གཞན་གྱི་དོན་དུ་ཞབས་ཕྱི་བསྒྲུབས་ཡོད་པ་དང་། ང་ཚོའི་ངོས་ནས་མཁན་པོ་ Thich Quang Do མཆོག་གིས་སྐུ་ཚེ་གང་པོར་འགྲོ་དོན་མཛད་དེ་སྐུ་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་ཡོད་པ་དེའི་ཐོག་ནས་རྗེས་སུ་དྲན་ངེས་རེད་ཅེས་བཀའ་བསྩལ་འདུག གཞི་རྩའི་ཝེ་ཏི་ནམ་ནང་པའི་གཅིག་གྱུར་དགོན་པའི་དགོན་བདག་ Thich Quang Do མཆོག་ནི་ཕྱི་ལོ་ ༡༩༢༨ ཟླ་ ༡༡ ཚེས་ ༢༧ ཉིན་ཝེ་ཏི་ནམ་དུ་སྐུ་འཁྲུངས་པ་དང་། མཁན་པོ་མཆོག་གིས་སྙིང་སྟོབས་ཞུམ་པ་མེད་པར་འགྲོ་བ་མའི་གཞི་རྩའི་ཐོབ་ཐང་དང་ཆོས་ལུགས་ཀྱི་རང་དབང་ཆེད་དུ་ཕྱག་ལས་རླབས་ཆེན་གནང་བར་བརྟེན་བཙོན་འཇུག་གི་དཀའ་སྡུག་ཇི་སྙེད་ཅིག་མྱངས་མྱོང་ཡོད་པར་མ་ཟད། ཉེ་བའི་མི་ལོ་ཉི་ཤུ་རིང་ལ་མཁན་པོ་མཆོག་བཟང་བཙོན་དུ་བཀར་བསྐྱིལ་གནང་མྱོང་ཡོད་པ་རེད། མཁན་པོ་མཆོག་གིས་ཕྱག་ལས་དེ་ལྟར་གནང་ཁག་ལ་ངོས་འཛིན་གྱིས་རྒྱལ་སྤྱིའི་ཁྲོད་ནས་གཟེངས་རྟགས་མང་དག་ཅིག་འབུལ་བཞེས་གནང་མྱོང་ཡོད་པ་དང་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མིའི་ཁོངས་སུ་ཐེངས་འགར་མཚན་འདོན་གནང་ཡོད་པ་རེད། ལྷག་དོན་མཁན་པོ་ Thich Quang Do མཆོག་གིས་ཕྱི་ལོ་ ༢༠༠༨ ལོ་ནས་འདི་ལོར་སྐུ་ཚེ་མ་རྫོགས་པའི་བར་དུ་ཝེ་ཏི་ནམ་ནང་པའི་གཅིག་གྱུར་དགོན་པའི་དགོན་བདག་གི་ཐུགས་འགན་བཞེས་ཡོད་པ་རེད།

རྒྱལ་ཚོགས་ཀྱི་འགན་འཛིན་རྒྱ་ནག་ཏུ་ཕེབས་སྐབས་བོད་དོན་གླེང་སློང་དགོས་བའི་ཞུ་སྐུལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Michelle Bachelet མཆོག་རྒྱ་ནག་ནང་ཕེབས་འཆར་ཡོད་པ་ལྟར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་མོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དངོས་སུ་གཟིགས་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་སྔོན་གནས་ཚུལ་སྤེལ་བར་འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Michelle Bachelet མཆོག་གིས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་སོགས་ཀྱི་ནང་གཞུང་འབྲེལ་སྐོར་བསྐྱོད་གནང་འཆར་ཡོད་སྟབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལྕམ་སྐུ་ལགས་ཀྱི་ཐེངས་འདིའི་སྐོར་སྐྱོད་དང་འབྲེལ་ཏེ་བོད་ནང་ལའང་ཕེབས་ཐབས་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྒྱ་ནག་གི་འགོ་ཁྲིད་དང་མཉམ་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབོད་སྐུལ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གིས་རྒྱ་ནག་ནང་སྐོར་བསྐྱོད་གནང་རྒྱུ་ཡིན་པར་འཚམས་འདྲི་དང་སྦྲགས། རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་བོད་ནི་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་གཞུང་གིས་ད་བར་བོད་ནང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་སྐུ་ཚབ་རྣམས་བོད་ནང་གི་གནས་སྟངས་རྒྱུས་ལོན་ཆེད་གཏོང་གི་མེད་པ་དང་། བོད་ནི་འཛམ་གླིང་གི་ཆེས་ཁེར་རྐྱང་དང་རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུ་ནི་བྱང་ཀོ་རི་ཡ་ལས་ལྷག་པའི་བཀག་སྡོམ་ཆེ་བ་ཡོད་པར་བརྗོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ནང་གི་ཁྲིམས་དོན་ཞུ་གཏུག་འགན་འཛིན་སྐུ་ཞབས་ Kai Mueller མཆོག་གིས་རྒྱ་ནག་གཞུང་གིས་དུས་རྒྱུན་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་སྟངས་འཛིན་དོ་དོམ་ནན་པོ་བྱེད་ཀྱི་ཡོད་པ་དང་སྦྲགས། བོད་ནི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་འོག་ཏུ་དབྱེ་འབྱེད་རང་བཞིན་ལྡན་པའི་སྲིད་བྱུས་ལག་བསྟར་བྱེད་ས་ཞིག་ཆགས་ཡོད་པར་མངོན་གསལ་གནང་འདུག བོད་མིའི་ཆོས་དང་རིག་གཞུང་ལ་རྒྱ་ནག་གིས་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པར་གསུངས་པ་དང་ལྷན་དེ་རིང་གི་ཤིན་ཅང་གི་དྲག་གནོན་ནི་རྒྱ་ནག་གིས་བོད་ནང་ལག་བསྟར་བྱས་པའི་གྲུབ་དོན་ཞིག་ཡིན་པར་ལུང་འདྲེན་གྱིས་ལྕམ་ Bachelet མཆོག་གིས་ཐེངས་འདིའི་སྐོར་སྐྱོད་དང་ལྷན་རྒྱ་ནག་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་དང་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ། དེ་བཞིན་བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་སོགས་ཀྱི་སྐོར་རྒྱ་གཞུང་གི་འགོ་ཁྲིད་དང་ལྷན་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་གནང་བར་མ་ཟད་བོད་ནི་རྒྱ་ནག་གི་སྟངས་འཛིན་ནན་པོ་བྱེད་སའི་ས་ཁུལ་ཞིག་ཆགས་ཡོད་པར་བརྟེན་བོད་ནང་གཟིགས་ཞིབ་གནང་ཐུབ་ཚེ་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་རྒྱུར་རོགས་འདེགས་ཆེན་པོ་ཞིག་ཡིན་པར་གསུངས་འདུག རྩ་བའི་ཕྱི་ལོ་ ༡༩༩༨ ནས་འདས་པའི་ལོ་ངོ་ ༢༢ རིང་ལ་རྒྱ་ནག་གི་བཀག་སྡོམ་འོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཞིག་བོད་ནང་སྐོར་བསྐྱོད་གནང་མྱོང་མེད་པ་དང་། ལྕམ་སྐུ་ Bachelet མཆོག་ད་རེས་བོད་དུ་ཕེབས་ཐུབ་ན་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ཞིག་བོད་ནང་དུ་སྐོར་བསྐྱོད་ལ་ཕེབས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ཁོང་ནམ་ཞིག་ལ་རྒྱ་ནག་ཏུ་ཕེབས་འཆར་ཡོད་མེད་སོགས་ཀྱི་དུས་ཚོད་གཏན་འཁེལ་གསལ་པོ་མེད་པ་རེད།

སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་བོད་ཀྱི་ལོ་གསར་སྲུང་བརྩི།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཐུན་མིན་རིག་གཞུང་དང་འབྲེལ་བའི་རྐང་བྲོ་གླུ་གཞས་འཁྲབ་སྟོན་བརྒྱུད་ནས་བོད་ཀྱི་ལོ་གསར་རྟེན་འབྲེལ་གྱི་དགའ་སྟོན་སྲུང་བརྩི་ཞུས་འདུག བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་དང་བསྟུན་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་སྤྱི་ཁང་དུ་ལོ་གསར་གྱི་ཚེས་ ༦ ཕྱི་ཟླ་ ༢ ཚེས་ ༢༩ ཉིན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་དང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། ས་གནས་ཀྱི་དཔོན་རིགས་ཁག་ཅིག དེ་བཞིན་བོད་མི་མང་ཚོགས་ལྷན་འཛོམས་ཀྱིས་ལོ་གསར་སྲུང་བརྩི་ཞུས་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མི་ནང་ཁུལ་མཐུན་སྒྲིལ་དང་འབྲེལ། ༸སྐུ་ཉིད་བོད་མིའི་གནས་བཞུགས་ས་ཕྱོགས་ཁག་ཏུ་འཚམས་གཟིགས་སུ་ཕེབས་སྐབས་བོད་མི་ནང་ཁུལ་དབར་རྡོག་རྩ་ཆིག་སྒྲིལ་དང་མཐུན་སྒྲིལ་ལེགས་པོ་ཡོད་པ་གཟིགས་པ་དང་སྒོས་བོད་ནང་བོད་མིའི་བརྒྱ་ཆ་ ༩༧ དང་ཕྱེད་ཀ་ཡོད་པ་དེ་དག་གིས་རང་དབང་ཅན་གྱི་ལུང་པར་གནས་བཞུགས་བོད་མི་བརྒྱ་ཆ་ ༢ དང་ཕྱེད་ཀ་ལ་དུས་རྟག་ཏུ་རེ་བ་བཅོལ་བཞིན་ཡོད་སྟབས། ང་ཚོས་ངེས་པར་དུ་སྐད་འཕྲིན་སོགས་ཀྱི་བརྒྱུད་ནས་དོན་མེད་ཀྱི་གནད་དོན་ལ་དབུ་མ་འཁོར་བར་བོད་ཀྱི་རྩ་དོན་རྩོད་པ་དང་དེ་འབྲེལ་ཕྱག་ལས་གནང་དགོས་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ཉེ་ལམ་ཨ་རི་ Elmhurst མངའ་ཁུལ་དུ་ཆགས་པའི་ Queens དཔེ་མཛོད་ཁང་ནང་རྒྱ་ནག་གཞུང་ཚབ་ཀྱིས་འགྲོ་གྲོན་འོག་བོད་ཀྱི་གནད་དོན་ཐད་པར་རིས་ཀྱི་འཁྱོག་བཤད་འགྲེམས་སྟོན་སྤེལ་ཡོད་པ་དང་། འཁྱོག་བཤད་ཀྱི་འགྲེམས་སྟོན་དེར་ནིའུ་ཡོག་གནས་བཞུགས་བོད་མི་རྣམས་ནས་འགྲེམས་སྟོན་ཕྱིར་འཐེན་དགོས་པར་ལས་འགུལ་བསྟུད་མར་སྤེལ་ནས་མཐར་དེ་ལྟར་ཕྱིར་འཐེན་གནང་ཐུབ་པ་བྱུང་བར་བསྔགས་བརྗོད་དང་སྦྲགས། བོད་མི་རྣམས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་སླད་ལས་འགུལ་མང་ཙམ་དང་ཤུགས་ཆེར་སྤེལ་དགོས་པར་མ་ཟད། ལས་འགུལ་དེ་ཡང་ཁྲིམས་དང་མཐུན་པ། ཞི་བ་དང་དེ་བཞིན་ཆེ་མཐོང་ལྡན་པའི་སྒོ་ནས་སྤེལ་དགོས་པ་གསུངས་འདུག མཛད་སྒོར་ལྷན་ཞུགས་ནིའུ་ཡོག་ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ Jessica Ramos ལགས་དང་ས་གནས་རྫོང་ཁག་གི་འཐུས་ཚབ་སྐུ་ཞབས་ Jimmy Van Bramer ལགས། སྐུ་ཞབས་ Costa Constantinides ལགས་རྣམས་ནས་ལོ་གསར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད་བོད་རིགས་སྤྱི་མཐུན་ཚོགས་པས་ཁོང་རྣམས་ནས་བོད་དོན་སླད་རྒྱབ་སྐྱོར་གཡོ་མེད་གནང་བར་ལེགས་གསོའི་གཟེངས་རྟགས་ཕུལ་འདུག གཞི་རྩའི་སྲིད་སྐྱོང་མཆོག་ཕྱི་ཚེས ༢༩ ཕྱི་དྲོ་ཆུ་ཚོད་ ༢༌༣༠ ཐོག་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ Hunters གཙུག་ལག་སློབ་གྲྭའི་ནང་China’s threat to global democracy & Human rights ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐོག་མཉམ་ཞུགས་གནང་ཡོད་པ་དང་། རྒྱལ་སྤྱིའི་ཡུར་གུ་མཐུན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་ཀྱིས་གཙོས་པའི་ སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། དེ་བཞིན་ Keep Taiwan Free ཞེས་པའི་ཚོགས་པའི་སྐུ་ཚབ། གནམ་སྡེ་སྒོར་མོ་ཆེའི་སློབ་ཕྲུག་ཚོགས་པའི་འགོ་ཁྲིད། ཧོང་ཀོང་གི་ལས་འགུལ་བ་སོགས་ནས་མཉམ་ཞུགས་གནང་འདུག བགྲོ་གླེང་དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་ནང་གི་མང་གཙོ་དང་འབྲེལ་ཏེ་ད་ཆ་རྒྱ་ནག་ནང་ཏོག་དབྱིབས་ཀྱི་ནད་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཁར་ནད་རིམས་དེ་འབྲེལ་དངོས་ཡོད་གནས་སྟངས་ཐད་བཀའ་མོལ་གནང་བར་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་རྒྱ་གཞུང་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ད་ཆ་ནད་རིམས་དེའི་རྐྱེན་པས་རྒྱ་ནག་གི་དཔལ་འབྱོར་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་མང་གཙོར་བསྒྱུར་ན་རྒྱ་ནག་མང་ཚོགས་དང་གཞུང་ཁོ་ན་ཙམ་མིན་པར་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོང་ངེས་ཡིན་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་དང་ལྷག་པར་དུ་རྒྱ་ནག་གི་མང་གཙོའི་མཚན་ཉིད་འགྲེལ་བརྗོད་བྱེད་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་འདུགསྐབས་དེར་སྲིད་སྐྱོང་མཆོག་ལ་སྐུ་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བའི་རིང་ལ་ཞི་བདེ་དང་འཚེ་བ་མེད་པ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སླད་ཞུ་གཏུག་སོགས་ཀྱི་ཕྱག་ལས་རྒྱ་ཆེ་གནང་བར་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་ཕུལ་འདུག རྩ་བའི་སྲིད་སྐྱོང་མཆོག་ཉེ་ལམ་བྱང་ཨ་མི་རི་ཀའི་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ Samuel D. Brownback མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern མཆོག་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་སོགས་ཀྱི་མཛད་འཆར་བསྐྱངས་པ་དང་། དེ་བཞིན་ཡོ་རོབ་རྒྱལ་ཁབ་ Austria ནང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཨོ་སི་ཀྲི་ཡའི་བོད་རིགས་མི་མང་ཚོགས་པས་སྲིད་སྐྱོང་མཆོག་གིས་ད་བར་སྲིད་སྐྱོང་གི་ཕྱག་ལས་གནང་རིང་ལ་ཆབ་སྲིད་དང་དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་ཐོག་ཞབས་འདེགས་གང་ལེགས་ཞུས་པར་ཆེ་བསྟོད་ཀྱི་བཀའ་དྲིན་ཅན་ལ་བཀྲིན་ཆེ་ཞེས་པའི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།

འགྲོ་བ་མིའི་སེམས་ཁམས་གསོ་བཅོས་དང་འབྲེལ་བའི་ཤུགས་རྐྱེན་སྤྲོད་ཐུབ་མཁན་མི་སྣ་བརྒྱའི་ཁོངས་ནས་ཨང་དང་པོར་བདམས་ཐོན།

དབྱིན་ཡུལ་གྱི་རྒྱལ་ས་ London ནང་གི་ Watkins Mind Body Spirit ཞེས་པའི་དུས་དེབ་པར་སྐྲུན་ཁང་གིས་ཕྱི་ལོ་ ༢༠༡༡ ནས་ལོ་ལྟར་འཛམ་གླིང་ནང་འགྲོ་བ་མིའི་སེམས་ཁམས་གསོ་བཅོས་དང་འབྲེལ་བའི་ཤུགས་རྐྱེན་སྤྲོད་ཐུབ་མཁན་མི་སྣ་བརྒྱའི་ཆེ་བསྟོད་མཚན་གཞུང་འདོན་སྤེལ་གནང་བཞིན་ཡོད་པའི་ཁྲོད། འདི་ལོའི་མི་སྣ་བརྒྱའི་ཁོངས་ཨང་དང་པོ་དེ་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདམས་ཐོན་བྱུང་འདུག འདི་ལོའི་མཚན་གཞུང་ཁྲོད་དང་པོ་༸གོང་ས་མཆོག་དང་གཉིས་པར་ཡི་ཤུའི་བླ་ཆེན་ Pop Francis མཆོག་དང་ཨང་གསུམ་པར་སུད་ཌེན་རྒྱལ་ཁབ་ཀྱི་རང་ལོ་བཅུ་བདུན་ཡིན་པའི་ཁོར་ཡུག་གི་ལས་འགུལ་བ་གྲགས་ཅན་བུ་མོ་ Greta Thunberg ལགས་སོགས་བདམས་ཐོན་བྱུང་འདུག Watkins Mind Body Spirit དུས་དེབ་པར་སྐྲུན་ཁང་ནས་དེ་དོན་གནས་ཚུལ་སྤེལ་བའི་ནང་། རླབས་ཆེན་གྱི་མི་སྣ་བརྒྱ་དེ་དག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གསུམ་ནི་དང་པོ་དེ་འོས་གཞིའི་མི་སྣ་དེ་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡ བར་འཚོ་བཞུགས་ཡིན་དགོས་པ་དང་། གཉིས་པ་གང་ཟག་དེས་འཛམ་གླིང་ཡོངས་སུ་དམིགས་བསལ་གྱི་མཛད་རྗེས་བཞག་ཡོད་པ། གསུམ་པ་གང་ཟག་དེའི་སྐོར་དྲྭ་ལམ་ཁག་ཏུ་མང་ཚོགས་ཀྱིས་རྣམ་ཀུན་ནས་གླེང་སློང་དང་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཡོད་པ་བཅས་རེད་འདུག རྩ་བའི་ Watkins Mind Body Spirit ཞེས་པའི་དུས་དེབ་པར་སྐྲུན་ཁང་གིས་ཕྱི་ལོ་ ༢༠༡༡ ནས་ལོ་ལྟར་འཛམ་གླིང་ནང་འགྲོ་བ་མིའི་སེམས་ཁམས་གསོ་བཅོས་དང་འབྲེལ་བའི་ཤུགས་རྐྱེན་སྤྲོད་ཐུབ་མཁན་མི་སྣ་བརྒྱའི་ཆེ་བསྟོད་མཚན་གཞུང་འདོན་སྤེལ་གནང་དོན་ལྟར། ད་དབར་༸གོང་ས་མཆོག་ལ་བསྟུད་མར་ཨང་དང་པོ་ཐེངས་དྲུག་དང་ཨང་གཉིས་པ་གཉིས། དེ་བཞིན་ཨང་གསུམ་པ་གཅིག་བཅས་སུ་བདམས་བྱུང་ཡོད་པ་རེད།

Queens དཔེ་མཛོད་ཁང་གི་བོད་དོན་འཁྱོག་བབཤད་ཀྱི་འགྲེམས་སྟོན་ཕྱིར་བསྡུ།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Queens དཔེ་མཛོད་ཁང་ནས་ཉེ་ལམ་བོད་དང་བོད་མིའི་སྐོར་འཁྱོག་བཤད་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་གཉེར་བཞིན་པར་བོད་མི་རྣམས་ཀྱིས་ངོ་རྒོལ་གནང་བར་བརྟེན་ཟླ་བ་སྔོན་མའི་ཚེས་ ༢༢ ཉིན་འགྲེམས་སྟོན་དེ་ཡོངས་སུ་ཕྱིར་འཐེན་གནང་འདུག ཁ་སྔོན་ཨ་རིའི་ Jackson Height Post ཞེས་པའི་གསར་ཁང་གིས་ Queens དཔེ་མཛོད་ཁང་གིས་གཞུང་འབྲེལ་གྱིས་གསལ་བསྒྲགས་ཤིག་གནང་བར་བོད་ནང་གི་བོད་མི་དང་བོད་མིའི་རིག་གཞུང་མཚོན་པའི་འགྲེམས་སྟོན་སྟེ་བོད་ནང་གི་ཉིན་གཅིག་གི་འཚོ་བ་ཞེས་པའི་བརྗོད་གཞི་ཅན་གྱི་འགྲེམས་སྟོན་དེ་ནི་རྒྱ་ནག་གཞུང་ཚབ་པ་དང་མཉམ་འབྲེལ་གྱིས་ཆེད་སྒྲིག་བྱས་པ་ཞིག་ཡིན་པར་ངོས་ལེན་གྱིས་ད་ནས་བཟུང་རྙོག་གླེང་ཆེ་བའི་འགྲེམས་སྟོན་དེ་ཕྱིར་བསྡུ་བྱེད་རྒྱུ་ཡིན་པར་བརྗོད་ཡོད་སྐོར་འཁོད་འདུག ཐེངས་འདིའི་རྒྱ་ནག་ནག་གི་དྲིལ་བསྒྲགས་རང་བཞིན་གྱི་བོད་དོན་འཁྱོག་བརྗོད་ཀྱི་འགྲེམས་སྟོན་དེར་བོད་མི་མང་པོས་ཉིན་ལྟར་ངོ་རྒོལ་སྐད་འབོད་གནང་ཡོད་པར་མ་ཟད། ས་གནས་ཀྱི་དཔོན་རིགས་ཚོ་དང་མཇལ་འཕྲད་ཀྱིས་རེ་ཞུ་ཞུས་པ་དང་དེ་བཞིན་དྲྭ་ལམ་ནས་དཔེ་མཛོད་ཁང་གིས་རྒྱ་ནག་གི་དྲིལ་བསྒྲགས་དེ་དག་གང་མགྱོགས་ཕྱིར་འཐེན་བྱེད་དགོས་པའི་མཚན་རྟགས་ ༤༦༠༠ བསྡུ་རུབ་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་ཡོད་སྟབས་ཕྱིར་འཐེན་བྱས་པ་ཞིག་ཆགས་ཀྱི་འདུག ལས་འགུལ་ལ་རྒྱལ་ཁ་ཐོབ་པའི་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Tom Suozzi ལགས་ཀྱིས་ཐེངས་འདིར་ Queens དཔེ་མཛོད་ཁང་གིས་རྒྱ་ནག་གི་དྲིལ་བསྒྲགས་རང་བཞིན་གྱི་འགྲེམས་སྟོན་དེ་ཕྱིར་འཐེན་གནང་བ་ནི་རྒྱལ་ཁ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན་གནད་དོན་འདི་ལྟ་བུའི་ནང་དངུལ་དང་ཆབ་སྲིད་ཚུད་ཡོད། འོན་ཀྱང་མཐའ་མཇུག་བདེན་མཐའ་གསལ་བ་རེད། ང་ཚོས་དཔེ་མཛོད་ཁང་གི་འབྲེལ་ཡོད་མི་སྣས་འགྲེམས་སྟོན་དེ་མཚམས་འཇོག་བྱས་པར་ཐུགས་རྗེ་ཆེ་ཞུ་དགོས་པར་མ་ཟད་ལས་འགུལ་གོ་སྒྲིག་པ་དང་རྒྱབ་སྐྱོར་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུ་དགོས། འདི་ནི་བློ་འཚབ་སྐྱེ་གཞིའི་གནད་དོན་རེད། ཨ་རིའི་མི་མང་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར། ཧོང་ཀོང་ནང་གི་སློབ་མ་ཚུད་པའི་རང་གི་མི་སེར་ཚོར་ཇི་ལྟར་སྟངས་འཛིན་བྱེད་བཞིན་པ་ཤེས་དགོས། ང་ཚོ་འཛམ་གླིང་འདིའི་མི་རིགས་ཀུན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས། ངས་མུ་མཐུད་ཁྱེད་ཚོའི་ཆེད་འཐབ་རྩོད་བྱ་རྒྱུ་ཡིན། བོད་མིས་རྒྱལ་ཁ་བླངས་པར་དགའ་བསུ་ཞུ་བཞིན་ཡོད་པའི་གཏམ་བཤད་བཅས་སྤེལ་འདུག  གསར་ཁང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གཏམ་བཤད་སྤེལ་བའི་དུམ་བུ་ཞིག་ལུང་འདྲེན་བྱས་པའི་ནང་རྒྱ་ནག་གཞུང་ཚབ་པས་ཐེངས་འདིར་རྒྱ་ནག་གི་འཁྱོག་བརྗོད་དྲིལ་བསྒྲགས་དེ་ཕྱིར་འཐེན་བྱས་པ་དེ་ནི་བོད་མིའི་ལས་འགུལ་དང་བདེན་པ་ནི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་དྲིལ་བསྒྲགས་ལས་སྟོབས་ཤུགས་ཆེ་བ་ཡོད་པ་མཚོན་གྱི་ཡོད་པར་གསུངས་ཡོད་སྐོར་དང་།  དེ་བཞིན་ད་དུང་ཁོང་གིས་ཐེངས་འདིའི་ལས་འགུལ་དེ་ནི་ Queens དཔེ་མཛོད་ཁང་གི་ངོས་ནས་རྒྱ་ནག་གཞུང་གིས་རྩ་འཛུགས་བྱས་པའི་དྲིལ་བསྒྲགས་རྣམས་ལ་གཟབ་གཟབ་བྱེད་དགོས་པའི་སློབ་ཚན་ཞིག་ཆགས་ཡོད་པར་མ་ཟད། ང་ཚོས་ངེས་པར་དུ་དཔེ་མཛོད་ཁང་དང་གཙུག་ལག་སློབ་ཆེན་ཁག དེ་བཞིན་ཤེས་ཡོན་ལྟེ་གནས་ཡོངས་ལ་ལྟ་རྟོག་གིས་གནས་ཚུལ་ཡོད་ཚད་ཕྱི་གསལ་ནང་གསལ་རག་ཐབས་ལ་རྒྱུན་སྐྱོང་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པའང་འཁོད་འདུག

མོན་གྷོ་འདོད་རྒུ་གླིང་དུ་བོད་དོན་གོ་རྟོགས་ཀྱི་རྐང་འཁོར་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་གནང་བ།

བཞུགས་སྒར་དྷ་རྨ་ས་ལ་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བར་བོད་དོན་གོ་རྟོགས་ཀྱི་རྐང་འཁོར་སྐོར་བསྐྱོད་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Sandesh Meshram འམ་བོད་མིང་དུ་སྐུ་ཞབས་བསམ་གཏན་ཡེ་ཤེས་ལགས་དེ་རིང་ཕྱི་ཚེས་ ༢༡ ཉིན་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་བོད་དོན་གོ་རྟོགས་ཀྱི་རྐང་འཁོར་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་གནང་འདུག གསར་འགོད་པས་དེ་རིང་སྔ་དྲོ་སྐུ་ཞབས་བསམ་གཏན་ཡེ་ཤེས་ལགས་སུ་ལས་འགུལ་སྤྱི་ཡོངས་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་འདས་པའི་ཟླ་བ་གཉིས་ལྷག་ཙམ་གྱི་རིང་མངའ་སྡེ་འདྲ་མིན་ ༡༢ ལྷག་དང་གྲོང་ཁྱེར་མང་དག་ཅིག་ནང་སྤྱི་ལེ་ ༧༣༠༠ ལྷག་རྐང་འཁོར་སྐོར་སྐྱོད་གནང་སྟེ་རྒྱ་གར་གྱི་ས་གནས་གྲོས་འཐུས་དང་མང་ཚོགས། དེ་བཞིན་རྒྱ་གར་གྱི་མཐོ་རིམ་སློབ་གཉེར་ཁང་ཁག་ཅིག བོད་པའི་མཐོ་སློབ་དང་སློབ་གྲྭ་སོགས་ལའང་བོད་དང་འབྲེལ་བའི་གསུང་བཤད་གནང་ཡོད་སྐོར་གསུངས་སོང་བ་དང་། རྒྱ་གར་གྱི་གཞོན་སྐྱེས་ཚོས་ཀྱང་བོད་དོན་ཏོག་ཐུགས་སྣང་ཆེན་པོ་གནང་གི་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་དེ་རིང་ལས་འགུལ་མཇུག་སྒྲིལ་དང་འབྲེལ་མྱོང་ཚོར་ཇི་བྱུང་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་བོད་དོན་དང་འབྲེལ་བའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཡོངས་སུ་ལེགས་གྲུབ་བྱུང་བ་མ་ཟད་བོད་ཀྱི་གྲོགས་ཕོ་མོ་ཚོ་དང་དེ་བཞིན་མི་རབས་རྒན་པ་རྣམས་དང་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་སོང་བ་དང་སྦྲགས། ཁོང་གིས་བོད་མི་ཚོས་རང་དབང་ལུང་པའི་ནང་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ཁོ་ན་ཙམ་མིན་པར་ལོ་འཁོར་མོའི་རིང་ལ་བོད་དོན་གྱི་ལས་འགུལ་ཆེ་ཆུང་ལ་བལྟོས་མེད་བསྟུད་མར་སྤེལ་དགོས་གལ་ཡིན་པའི་ལམ་སྟོན་གནང་གི་འདུག གཞན་ཡང་ཁོང་གིས་བོད་ཀྱི་གཞོན་སྐྱེས་ཚོའི་ངོས་ནས་རང་མི་རིགས་ཀྱི་ཐུན་མིན་ཆོས་རིག་དང་ལེགས་བྱང་བཅས་པ་མི་ཉམས་རྒྱུན་འཛིན་དང་དེ་དག་སྲུང་སྐྱོབ་བྱེད་དགོས་གལ་ཡིན་པའི་འབོད་སྐུལ་གནང་སོང་། དེ་བཞིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་སུ་དེ་རིང་མཛད་སྒོ་དང་འབྲེལ་བའི་སྤྱི་ཡོངས་ཐོག་ལ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཁ་སང་གསར་འགོད་ལྷན་ཚོགས་གནང་ཡོད་པ་དང་དེ་རིང་ལས་འགུལ་མཇུག་སྒྲིལ་དང་འབྲེལ་བའི་མཛད་སྒོ་དེ་ཚགས་ཚུད་ལེགས་གྲུབ་བྱུང་ཡོད་པར་ངོ་སྤྲོད་གནང་ཡོད། རྩ་བའི་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་མཁན་སྐུ་ཞབས་ Sandesh Meshram ལགས་ཁོང་ད་ལྟའི་ཆར་ Nagpur བོད་དོན་རྒྱབ་སྐྱོར་ནང་མའི་ས་གནས་འབྲེལ་མཐུད་པའི་འགན་ཁུར་བཞེས་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་ ༤༠ ཙམ་ནས་བོད་དོན་ལ་ཚོར་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་མཁན་རྒྱ་གར་ཡུལ་མི་ཞིག་ཡིན་པ་རེད། བསམ་གཏན་ཡེ་ཤེས་ལགས་ནས་ཐོག་མར་ཕྱི་ལོ་ ༡༩༩༦ ལོར་བཞུགས་སྒར་དྷ་རྨ་ས་ལ་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་འདུག་པ་མ་ཟད། ད་བར་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་རྐང་འཁོར་སྐོར་བསྐྱོད་ཐེངས་གསུམ་གནང་མྱོང་ཡོད་པར་མ་ཟད། ད་རེས་རྐང་འཁོར་སྐོར་སྐྱོད་ཐེངས་བཞི་པ་འདི་འདས་ལོ་ཟླ་ ༡༢ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་  Janjagaran Cycle Yatra “Free Tibet, Save India” འམ་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་ཞེས་པའི་བརྗོད་ཚིག་འོག་དབུ་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ ༡༢ ནང་ཕྱི་ལེ་ ༧༣༠༠ ལྷག་བརྒྱུད་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྟེ་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མཇུག་སྒྲིལ་གནང་གཏན་ཁེལ་ཡོད་ཀྱང་། ཉེ་སྔོན་ཁོང་ལ་གློ་བུར་དུ་ནད་མནར་རྐྱེན་པས་དེ་རིང་ཟླ་ ༢ ཚེས་ ༢༡ ཉིན་ལས་འགུལ་དེ་ལེགས་གྲུབ་གནང་ཡོད་པ་རེད།

རྒྱ་ནག་གི་འཁྱོག་བཤད་འགྲེམས་སྟོན་ཕྱིར་འཐེན་མ་བྱས་པ་དེ་མཚམས་འཇོག་དགོས་པའི་ཞུ་སྐུལ།  

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Queens དཔེ་མཛོད་ཁང་ནས་ཉེ་ལམ་བོད་དང་བོད་མིའི་སྐོར་འཁྱོག་བཤད་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་གཉེར་བཞིན་པར་བོད་མི་རྣམས་ཀྱིས་ངོ་རྒོལ་གནང་ནས་ད་ཆ་བདུན་ཕྲག་གཅིག་ཙམ་འགྲོ་མུས་ཁྲོད་འདིར་ཁ་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་ཁག་གཅིག་ནས་ནིའུ་ཡོག་གྲོང་ཁྱེར་ལྷན་ཁང་ཁག་གི་འགན་འཛིན་ཚང་འཛོམས་ཐོག་བོད་དོན་གླེང་སློང་གིས་དེ་འབྲེལ་འགྲེམས་སྟོན་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག ཟླ་བ་འདིའི་ཚེས་ ༢༠ ཉིན་ Queens ས་ཁུལ་གྱི་ Forest Hills  མི་མང་སྤྱི་ཁང་ནང་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Bill de Blasio ལགས་དབུ་བཞུགས་ཐོག་གྲོང་ཁྱེར་དེའི་ལྷན་ཁང་ཁག་གི་འགན་འཛིན་རྣམ་པ་དང་ལས་བྱེད་བཅས་མི་གྲངས་བཞི་བརྒྱ་ཙམ་འདུ་འཛོམས་གནང་བའི་ཚོགས་འདུ་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གཙོས་ལས་བྱེད་གསུམ་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཚོགས་པ་དེའི་རྒྱུན་ལས་ཚོགས་མི་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་ཨ་རིའི་ Queens Elmhurst དཔེ་མཛོད་ཁང་ནས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལོག་པ་བྱས་ནས་བོད་དོན་པར་རིས་འགྲེམས་སྟོན་བྱེད་བཞིན་པའི་གནད་དོན་སྐོར་གླེང་སློང་གནང་སྟེ་འགྲེམས་སྟོན་དེ་དེ་མ་ཐག་ཏུ་ཕྱིར་འཐེན་གནང་དགོས་པའི་དགོས་འདུན་གྱི་ཞུ་སྙན་ཞིག་ཀྱང་ཕུལ་བར་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Bill de ལགས་ཀྱིས་བོད་པར་སྡུག་བསྔལ་མྱོང་པ་བཞིན་ལྟར་གཞན་སུས་ཀྱང་དེ་ལྟར་མྱངས་མྱོང་མེད་པ་དང་ཁོང་ནས་གནད་དོན་དེའི་སྐོར་གསན་རྒྱུ་བྱུང་མེད་པ་དང་། ད་ཆ་དེ་འབྲེལ་ཐོག་དམིགས་བསལ་དོ་སྣང་གནང་གི་ཡིན་ཞེས་གསུངས་འདུག་པར་མ་ཟད། ཁོང་ནི་རྒྱ་ནག་གཞུང་གིས་མི་མང་ཐོག་དྲག་གནོན་བྱེད་བཞིན་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཐད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས། ང་ཚོའི་དཔེ་མཛོད་ཁང་གང་རུང་ཞིག་གིས་རྒྱ་ནག་གི་ལྟ་སྤྱོད་དྲིལ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་མཐོང་གི་མི་འདུག དེས་ན་གནད་དོན་དེའི་ཐད་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་དང་བཀའ་མོལ་གནང་རྒྱུའི་ཞལ་བཞེས་གནང་འདུག རྩ་བའི་འདས་པའི་གཟའ་འཁོར་གཅིག་ལྷག་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ་རྣམ་པ་སོགས་མཉམ་སྦྲེལ་གྱིས་ Queens  དཔེ་མཛོང་ཁང་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་དེར་ངོ་རྒོལ་གྱིས་འགྲེམས་སྟོན་ཁང་གི་ཕྱི་ཕྱོགས་སུ་བོད་ནང་གི་དངོས་ཡོད་གནས་སྟངས་མཚོན་ཐབས་དང་བོད་མིས་རང་ལུས་མེར་བསྲེགས་གནང་བའི་སྐུ་པར་སོགས་སྒྲིག་གཤོམ་གནང་སྟེ་མང་ཚོགས་ཁྲོད་རྒྱ་གཞུང་གིས་གཉེར་བཞིན་པའི་འགྲེམས་སྟོན་དེ་རྫུན་གཏམ་ཁོ་ན་ཡིན་པ་གསལ་འདོན་གྱིས་ངོ་རྒོལ་ལས་འགུལ་དང་མཚན་རྟགས་བསྡུ་རུབ་བཅས་མུ་མཐུད་གནང་མུས་ཡིན་པར་མ་ཟད། བོད་མིའི་སྐུ་ཚབ་ཚབ་རྣམ་པ་དང་དཔེ་མཛོད་ཁང་གི་འབྲེལ་ཡོད་ལས་བྱེད་དབར་ཐུག་འཕྲད་ཀྱིས་འགྲེམས་སྟོན་དེ་ཕྱིར་འཐེན་བྱེད་དགོས་པའི་གྲོས་བསྡུར་གནང་ཡོད་ཀྱང་ད་བར་ Queens  འགྲེམས་སྟོན་ཁང་ནས་དེ་འབྲེལ་གྱི་འགྲེམས་སྟོན་ཕྱིར་འཐེན་གནང་རྒྱུར་ངོས་ལེན་གནང་མེད་པར་མུ་མཐུད་གཉེར་བཞིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་དོན་འཁྱོག་བཤད་ཀྱི་འགྲེམས་སྟོན་དེ་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་རྒྱབ་སྐྱོར་བྱས་པ་དང་དེ་ཕྱི་ཟླ་དྲུག་པ་བར་ Elmhurst ཡི་ Queens དཔེ་མཛོད་ཁང་ཙམ་མིན་པར་དཔེ་མཛོད་ཁང་གཞན་བརྒྱད་ཀྱི་ནང་དེ་ལྟར་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། འགྲེམས་སྟོན་དེ་དེང་རབས་ཀྱི་རྒྱ་ནག་ཅེས་པའི་འགྲེམས་སྟོན་གྱི་ཆ་ཤས་ཡིན་པ་དང་དེའི་བརྗོད་གཞི་ནི་བོད་ནང་གི་དུས་རྒྱུན་གྱི་འཚོ་བ་ཞེས་པ་དེ་རེད་འདུག

སྲིད་སྐྱོང་མཆོག་གིས་ཨ་རི་ནང་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས་མཛད་རིམ་མུ་མཐུད་སྐྱོང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྱང་ཨ་རིའི་ནང་གི་མཛད་རིམ་ཁག་རེ་ཞིག་གྲུབ་རྗེས་ཡོ་རོབ་རྒྱལ་ཁབ་ Austria ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གྲུབ་རྗེས་ཟླ་བ་འདིའི་ཕྱི་ཚེསས་ ༡༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་འབྱོར་བ་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་གནད་ཡོད་མི་སྣ་ཁག་གཅིག་དང་གྲོས་ཚོགས་ཀྱི་ལས་བྱེད་དང་མཇལ་འཕྲད་ཀྱི་སོགས་ཀྱི་མཛད་རིམ་ཁག་མུ་མཐུད་སྐྱོང་ཡོད་པ་རེད་འདུག དེའང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ཚེསས་ ༡༨ ཉིན་ Austria ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ཐོན་གནང་ཡོད་པ་ལྟར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་གནད་ཡོད་མི་སྣ་ཁག་གཅིག་དང་གྲོས་ཚོགས་ཀྱི་ལས་བྱེད་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པའི་སྐོར་ལ་བཀའ་བསྡུར་ཤུགས་ཆེ་གནང་འདུག དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལས་བྱེད་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱི་ཕྱི་སྲིད་སློབ་སྟོན་པ་དང་དེ་བཞིན་ལྕམ་སྐུ་ Nancy Pelosi མཆོག་གི་སློབ་སྟོན་པ་བགྲེས་པ་བཅས་ལ་གྲོས་ཚོགས་འོག་མར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པར་དགའ་སྟོན་ཞུ་ཕྱིར་དགུང་ཚིགས་ཤིག་གོ་སྒྲིག་གནང་བ་བརྒྱུད་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་བོད་དོན་གྱི་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཆེས་ཆེར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པ་གཙོ་བོ་སྐུ་ཞབས་ Scott Busby མཆོག་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་མི་ཛ་དྲག་གནས་སྟངས་དང་བོད་དང་རྒྱ་ནག་གཉིས་ཀྱི་ས་བབ་ཆགས་ཚུལ་སོགས་ཀྱི་སྐོར་ལ་གླེང་སློང་གནང་འདུག་པར་མ་ཟད། སྲིད་སྐྱོང་མཆོག་ལ་ཨ་རིའི་ Virginia མངའ་སྡེ་ནང་རྟེན་གཞི་བྱས་པའི་ཝར་ཇི་ནི་ཡ་ཁྲིམས་ཀྱི་གཙུག་ལག་སློབ་ཁང་ནས་མགྲོན་འབོད་ཞུས་དོན་བཞིན་ཕྱི་ཚེས་ ༢༡ ཉིན་ཝིར་ཇི་ནི་ཡ་ཁྲིམས་ཀྱི་གཙུལ་གལ་སློབ་ཁང་དུ་གསུང་བཤད་གནང་གཏན་ཁེལ་ཡོད་པ་རེད། རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་རྒྱབ་ནས་བྱང་ཨ་མི་རི་ཀའི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ Samuel D. Brownback མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern མཆོག་བཅས་སོ་སོར་མཇལ་འཕྲད་གནང་སྟེ་ཁོང་གིས་དེ་སྔ་ ༢༠༡༩ ལོར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་བཏོན་པར་ཐུགས་རྗེ་ཆེ་ཞུའི་མཛད་འཆར་ཁག་ཅིག་གྲུབ་རྗེས་ཕྱི་ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་རིང་ཡོ་རོབ་རྒྱལ་ཁབ་ Austria ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ཨོ་སི་ཊེ་ཡའི་ Tyrol མངའ་སྡེའི་རྒྱལ་ས་ Innsbruck ནང་རྟེན་གཞི་བྱས་པའི་ University of Innsbruck’s Winter School ཞེས་དགུན་ཁའི་སློབ་དུས་དབུ་འབྱེད་མཛད་སྒོར་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སྐོར་ལ་གསུང་བཤད་གནང་བ་དང་། དེ་བཞིན་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་བཀོལ་སྤྱོད་ཆོག་པའི་སྲིད་བྱུས་རྣམས་ཇི་བཞིན་ལག་བསྟར་བྱེད་ཀྱི་མེད་པའི་ཁར་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་བསྙོན་དཀྲི་བཙན་འགེལ་གྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་མ་ཟད། མི་རིགས་ཤིག་གི་སྐད་ཡིག་གཏོར་བཤིག་བཏང་བ་ནི་མི་རིགས་ཤིག་གི་ངོ་བོ་གཏོར་བཤིག་བཏང་བ་རེད་ཅེས་སོགས་གསུང་བཤད་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སུ་སྲིད་སྐྱོང་མཆོག་ནས་ཨོ་སི་ཀྲི་ཡ་ Grafenworth ས་གནས་རྫོང་དཔོན་སྐུ་ཞབས་ Alfred Riedl མཆོག་དང་མཇལ་མོལ་གནང་བ་མ་ཟད། ཨིན་སི་བྷི་རག་གཙུག་ལག་སློབ་ཁང་གི་སློབ་སྤྱི་སྐུ་ཞབས་ prof. Dr. H.C. Mult Tilmann Mark ལགས་ཀྱིས་གཙོས་སློབ་དཔོན་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། ད་ལྟའི་ཆར་སྲིད་སྐྱོང་མཆོག་ཨ་རི་ནང་གི་མཛད་རིམ་ཁག་མུ་མཐུད་སྐྱོང་བཞིན་ཡོད་པ་རེད།

བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་འདུག

འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུ་ལ་ཉེ་བ་དང་འབྲེལ། དེའང་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་ཐེ་ཝན་གྱི་རྒྱལ་ས་ Taipei ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་མདུན་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེའི་ནང་ཐེ་ཝན་མི་མང་དང་གཞོན་སྐྱེས་གཙོས་པའི་ཉི་ཧོང་མང་ཚོགས་བཅས་མཉམ་ཞུགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག དེའི་སྐོར་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་དང་ལས་འགུལ་གོ་སྒྲིག་གནང་མཁན་སྐུ་ཞབས་བཀྲིས་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཉིན་མོར་རྐང་འཁོར་སྐོར་སྐྱོད་གནང་བ་དང་དགོང་མོར་བོད་དོན་དང་འབྲེལ་བའི་གསུང་བཤད་ཀྱི་ལས་རིམ་གཉེར་གྱི་ཡོད་པར་མ་ཟད་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་མོལ་ཡང་གནང་གི་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་ཐེངས་འདིའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཐེ་ཝན་གྱི་མི་མང་གཙོས་པའི་གཞོན་སྐྱེས་དང་ཉི་ཧོང་གི་མང་ཚོགས་དོན་གཉེར་བ་བཅས་མང་དུ་འགྲོ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་བར་མ་ཟད། ལས་འགུལ་ནང་དངོས་སུ་དང་བླངས་ཐོག་ནས་མཉམ་ཞུགས་གནང་མཁན་ཚོའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་བརྒྱུད་ནས་རང་ཉིད་ཀྱི་རྒྱལ་ཁབ་ལ་དགའ་ཞེན་གྱི་བསམ་བློ་ཤུགས་ཆེ་ཡོང་བར་ཕན་ཐོགས་བྱུང་གི་ཡོད་པའི་མྱོང་ཚོར་གསུང་མཁན་ཡོད་སྐོར་གསུངས་སོང་། ཁོང་གིས་ནན་ཏན་དུ་གསུངས་པར་བོད་མིའི་ངོས་ནས་བོད་ཀྱི་གནམ་ལོ་གསར་བཞད་ཉིན་དགའ་སྤྲོའི་དཔལ་ལ་རོལ་རྒྱུ་དང་སྦྲགས། ང་ཚོ་འདིར་བཙན་བྱོལ་དུ་ཕེབས་དོན་གང་ཡིན་མ་བརྗེད་པར་ ་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུ་སླད་ད་ལྟ་ནས་སྟ་གོན་གནང་དགོས་གལ་ཡིན་པའི་གཞེན་སྐུལ་གནང་ཡོད། གཞི་རྩའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁང་གིས་བོད་མིའི་རང་དབང་སྒེར་ལངས་དང་བསྟུན་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་འདི་ཕྱི་ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ་སྟེ་༸སྐུའི་བླ་གཟའ་ལྷག་དཀར་ཉིན་དབུ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ བོད་མིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་བར་གྱི་རེས་གཟའ་ལྷག་པ་ནམ་ཡིན་ལ་བསྟུད་མར་སྤེལ་གནང་གི་ཡོད་པ་དང་། བོད་མིའི་གསུམ་བཅུའི་དུས་དྲན་ཉིན་ལས་འགུལ་ལེགས་གྲུབ་ཀྱི་མཛད་སྒོ་དང་འབྲེལ་ཏེ་མཉམ་ཞུགས་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་འབུལ་ལམ་ཞུ་རྒྱུ་སོགས་གནང་རྒྱུ་རེད་འདུག

Latest news