Tibetan Royal Year of 2151 | Year of the Wood Dragon

4th Session of 16th TPiE

དབུས་སའི་གཞུང་འབྲེལ་མཛད་སྒོ་ཁག་དང་རྒྱུན་འབྲེལ་སྐབས་གཙོ་བོ་བོད་ཀྱི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་ཆོད་གཏན་འབེབས།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཐོག་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཕུལ་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་པའི་ཁྲོད། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་གང་ཡིན་དང་། དེ་བཞིན་དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་ཆོད་བསྣམས་ཕེབས་ཡོད་སྟབས། སྤྱི་འཐུས་ ༣༥ ནས་རྒྱབ་སྐྱོར་གནང་ཐོག་མང་མོས་ཐག་གཅོད་ཀྱིས་གཏན་འབེབས་གནང་སོང། ཁོང་གིས་གྲོས་ཚོགས་སུ་གྲོས་འཆར་སྙན་སྒྲོན་ཞུ་སྐབས་དེང་སྐབས་བོད་ཀྱི་སྐད་ཡིག་ཉམས་ཆག་ཤུགས་ཆེ་འགྲོ་བཞིན་པའི་གནད་དོན་དེ། གཉད་ནད་རེག་དུག་འམ་ Aids ལྟ་བུའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པར་འགྲེལ་བརྗོད་དང་འབྲེལ། བོད་ཀྱི་སྐད་ཡིག་གཉིས་པོ་ནི་བོད་མིའི་འཐབ་རྩོད་ཀྱི་རྩ་བ་ལྟ་བུ་ཡིན་པས་ང་ཚོའི་ངོས་ནས་གཞུང་གི་རྒྱུན་འབྲེལ་སྐབས་བོད་ཡིག་ཁོ་ན་བེད་སྤྱོད་གནང་དགོས་གལ་སྐོར་དང། དེ་བཞིན་ཁྲིམས་ཐོག་ནས་སྐད་ཡིག་མཁས་དབང་རྣམས་ལ་སྲུང་སྐྱོབ་བྱ་དགོས་གལ་ཡིན་པ་སོགས་གསུངས་སོང་། དེ་རིང་སྤྱི་འཐུས་སྒེར་གྱི་གྲོས་འཆར་དེར་སྤྱི་འཐུས་སྤྱི་མང་མོས་ཐོག་ནས་རྒྱབ་སྐྱོར་གནང་པ་དང་གྲོས་འཆར་ཐོག་ཆ་ཤས་བླངས་པར་ཐུགས་རྗེ་ཆེ་ཞུས་དང་། གྲོས་འཆར་དང་འབྲེལ་བའི་བགྲོ་གླེང་ནང་ཁྱོན་སྤྱི་འཐུས་ ༡༢ ནས་ཆ་ཤས་བཞེས་སོང་བ་མ་ཟད་ཤེས་རིག་བཀའ་བློན་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ནས་ཀྱང་གྲོས་འཆར་དེར་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་སྤྱི་འཐུས་སྤྱི་ཡོངས་ཀྱི་ཆ་ནས་དེང་སྐབས་ང་ཚོའི་སྐད་ཡིག་གཉིས་པོ་ད་ལྟའི་ཆར་ཉམས་ཆག་འགྲོ་བར་ཉེན་ཚབས་ཀྱི་གནས་སྟངས་དེ་ཆགས་དོན་གང་ཡིན་ཞིབ་དཔྱད་གནང་དགོས་པ་དང་། དེ་བཞིན་སྐད་ཡིག་གི་གནས་སྟངས་ཡར་རྒྱས་གཏང་ཆེད་འཛིན་སྐྱོང་བཀའ་ཤག་དང་ཚོགས་པ་རེ་གཉིས་མ་ཡིན་པར་ང་ཚོ་ཚང་མའི་ངོས་ནས་འགན་ཁུར་དང་དོ་སྣང་གནང་གལ་ཡིན་པ་གསུངས་སོང་། སྲིད་སྐྱོང་མཆོག་གཙོས་སྤྱི་འཐུས་ཁག་ཅིག་གིས་གཞུང་འབྲེལ་མཛད་སྒོའི་སྐབས་བོད་ཀྱི་སྐད་ཡིག་གཙོ་བོ་བེད་སྤྱོད་གནང་རྒྱུ་སྤྱི་དང་སྒོས་མཛད་སྒོའི་ཐོག་ཕེབས་པའི་ཕྱི་རྒྱལ་སྐུ་མགྲོན་སོགས་ལ་དམིགས་ནས་དགོས་མཁོ་ལ་གཞིགས་པའི་སྐད་ཡིག་གཞན་སྤྱོད་རྒྱུར་དགོངས་བཞེས་གནང་དགོས་པ་གསུངས་སོང་། དེ་བཞིན་སྤྱི་འཐུས་གཞན་ཞིག་གིས་ཚོར་ཤུགས་ཆེན་པོའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་ཤུགས་ཆེ་ཡོང་བར་བོད་སློབ་ཁག་ཏུ་བོད་དགེ་ཚོར་གསོལ་ཕོགས་སོགས་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན་དགོས་གལ་ཡིན་པའི་འབོད་སྐུལ་ཡང་ཞུས་སོང་། ཡང་སྤྱི་འཐུས་གཅིག་གིས་བོད་མིའི་ཁྲོད་ནས་བོད་ཀྱི་སྐད་ཡིག་གཅེས་སྤྲད་དང་དོ་སྣང་། དེ་ལ་དགའ་ཞེན་ཡོང་བའི་སེམས་ཤུགས་སྤར་ཆེད་དུ་ཐབས་མཁས་པོའི་ཐོག་ནས་གནང་དགོས་པ་ལས་བོད་ཡིག་ཡག་པོ་མི་ཤེས་མཁན་ཚོ་ལ་ མཐོང་ཆུང་དང་འཕྱ་སྨོད། དབྱེ་འབྱེད་རིགས་མི་གནང་པར་རེ་སྐུལ་ནན་པོ་གནང་སོང་། ཤེས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ཐོག་འཐུས་ཤོར་གང་ཙམ་ཕྱིན་ཡོད་སྟབས། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འཐུས་ཇི་ལྟར་ཤོར་ཡོད་མེད་ཐོག་ཞིབ་དཔྱད་གནང་འབྲས་སུ་དམའ་རིམ་འཛིན་གྲྭའི་སློབ་མ་ཚོར་ཆེད་དམིགས་ཀྱིས་ཤུགས་སྣོན་བརྒྱབ་དགོས་གལ་ཡིན་པ་ལྟར་འབད་བརྩོད་གནང་མུས་ཡིན་ཞེས་གསུངས་པ་དང་ཆབས་ཅིག སྐད་ཡིག་གཉིས་པོ་ཡར་རྒྱས་འགྲོ་དང་མི་འགྲོ་ནི་གཙོ་བོ་རྣམ་ཀུན་བེད་སྤྱོད་ག་ཚོད་གཏོང་མིན་ལ་རག་ལས་ཡོད་པས་མང་ཚོགས་ནས་རྒྱུན་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་གང་མང་གནང་རྒྱུར་འབད་བརྩོན་གནང་དགོས་གལ་ཡིན་སྐོར་གསུངས་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་སྒེར་གྱི་གྲོས་འཆར་འདོན་པ་དེར་རྒྱབ་སྐྱོར་གནང་པ་དང་འབྲེལ། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བོད་མིའི་གཞིས་སྒར་ཁག་དང་བོད་སློབ་ཁག་ཏུ་བོད་ཀྱི་སྐད་ཡིག་གཉིས་པོ་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་གནང་རྒྱུའི་ཐད་ལ་ལམ་སྟོན་གནང་མུས་ཡིན་ཞེས་དང་། ལྷག་དོན་གཞུང་འབྲེལ་མཛད་སྒོ་ཁག་གི་སྐབས་སུ་གཙོ་བོ་བོད་ཡིག་བེད་སྤྱོད་གནང་ཐོག་སྐབས་བབ་ཀྱི་མཛད་སྒོའི་སྐུ་མགྲོན་དང་བསྟུན་ནས་དགོས་དབང་གིས་སྐད་ཡིག་གཞན་སྤྱོད་དགོས་པ་ཡོང་གི་འདུག་ཅེས་གསལ་བཤད་གནང་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་བླ་རུང་སྒར་དང་ཡར་ཆེན་སྒར་བཅས་ཀྱི་དཔེ་མཚོན་བཀོད་ནས་རྒྱ་ནག་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་ངོས་ནས་བོད་ཀྱི་སྐད་ཡིག་ཐོག་ལ་སྲིད་བྱུས་འཛིན་སྟངས་དང་ལག་བསྟར་གནང་ཕྱོགས་ཐད་ཁྱད་པར་སྐོར་གསུངས་ཡོད།

སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནས་ཕྱིར་ཐོན་རྐྱེན་ཉིན་རྒྱབ་གྲོས་ཚོགས་ཀྱི་ཚོགས་དུས་དང་པོ་བར་མཚམས་བཞག་པ།

དེ་རིང་བོད་མི་མང་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནས་ཕྱིར་ཐོན་རྐྱེན་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན་ཉིན་རྒྱབ་གྲོས་ཚོགས་ཀྱི་ཚོགས་དུས་དང་པོ་བར་མཚམས་བཞག་དགོས་བྱུང་ཡོད་པ་རེད། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པའི་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་པའི་ཁྲོད། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ས་ཁང་སྒྲིག་གཞི་དང་འབྲེལ་ནས་དྷ་སའི་ཡོངས་གླིང་སློབ་གྲྭའི་སྐོར་ལས་འཕྲོས་ནས་སྤྱི་རྒྱུ་སྒེར་བདག་ཅན་ལ་ངོས་འཛིན་གནང་པའི་སྤྱི་འཐུས་ཤིག་ལ་ཉེ་ཆར་དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་སྲོང་བཙན་གཟེངས་རྟགས་ཞེས་པ་ཞིག་གནང་བ་དེ་ཧ་ཅང་བློ་ཕམ་གྱི་གནད་དོན་ཞིག་རེད་ཅེས་གསུངས་པ་མ་ཟད།  མ་འོངས་པར་གནད་དོན་དེའི་ཐོག་ཞུ་གཏུགས་གནང་མཁན་ཚོས་གཟེངས་རྟགས་ཐོབ་མཁན་དེ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་མིན་པའི་གསལ་བཤད་དགོས་ན་དགའ་ལྡན་ཕོ་བྲང་དུ་འགྲོ་དགོས་སྐོར་གསུངས་སྟབས། སྤྱི་འཐུས་ཁག་གཅིག་གིས་ལས་རིམ་རྣམ་གཞག་བཏོན་ནས་གཟེངས་རྟགས་གནང་མཁན་དེ་དགའ་ལྡན་ཕོ་བྲང་མིན་སྐོར་དང་གོང་ཞུས་སྤྱི་འཐུས་དེ་ཉིད་ནས་གང་གསུངས་པ་དེ་ནི་༸གོང་ས་མཆོག་ལ་བསྙོན་འཛུགས་དང་མཚན་སྨད་ཞུས་པར་ངོས་འཛིན་གྱིས་སྤྱི་འཐུས་དེ་ཉིད་ནས་དགོངས་སེལ་དང་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འཐེན་མ་གནང་བར་དུ་གྲོས་ཚོགས་སུ་བཅར་ཐབས་མེད་ཅེས་གྲོས་ཚོགས་ནས་ཕྱིར་ཐོན་གནང་སོང། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གནད་དོན་དེ་དང་འབྲེལ་ཡོད་སྤྱི་འཐུས་ནས་གང་བཤད་པ་དེ་ཕྱིར་འཐེན་གནང་དགོས་པ་ལམ་སྟོན་གནང་པ་དང་། གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་ནས་ཕེབས་སྟབས་སྤྱི་འཐུས་ཁག་ཅིག་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་རྭ་བ་ལས་ཕྱིར་ཐོན་གནང་སོང་། ཉིན་རྒྱབ་ཚོུད་ ༡།༣༠ ཐོག་ཚོགས་དུས་མུ་མཐུད་ཚོགས་ཡོད་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་གནང་ཕྱོགས་ཀྱི་སྒྲིག་གཞིའི་ནང་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བར་བརྟེན་ཉིན་རྒྱབ་ཚོགས་དུས་དང་པོ་བར་མཚམས་བཞག་དགོས་བྱུང་ཡོད་པ་དང་། དེ་རྗེས་ཚོུད་ ༣།༡༥ ཐོག་གྲོས་ཚོགས་མུ་མཐུད་མཇུག་སྐྱོང་གནང་པའི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཞལ་པར་ཕུལ་རྗེས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྲོང་བཙན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དེ་གའི་དྲུང་ཆེ་ཞིག་སྐུ་སྒེར་གྱི་ངོ་བོ་ཐོག་ཕེབས་པ་མ་གཏོགས་གཟེངས་རྟགས་དེ་དགའ་ལྡན་ཕོ་བྲང་ནས་གནང་པ་ཞིག་མིན་སྐོར་གསལ་བཤད་ཕེབས་ཡོད་པ་གྲོས་ཚོགས་སུ་སྙན་གསེང་གནང་རྗེས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཁོང་ནས་གནད་དོན་དེའི་ཐད་གང་ཞུས་པ་ཆ་ཚང་ཕྱིར་འཐེན་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་། གཞི་རྩའི་དེ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་ལས་འདེབས་གསལ་བཤད་གནང་པའི་ཁྲོད། སྤྱི་འཐུས་མང་ཆེ་བས་བཀའ་ཤག་ནས་དེ་སྔ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡོངས་བསྒྲགས་གནང་ཡོད་པ་དེར་སྐྱོན་བརྗོད་ཀྱིས་མི་འདོད་པའི་གླེང་སློང་ཤུགས་ཆེ་གནང་སོང་། སྐབས་དེར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་བེུད་རང་དབང་སྒེར་ལངས་ཉིན་མོ་དང་བསྟུན་གཞུང་འབྲེལ་གྱི་བོད་ཀྱི་བེུད་ཉིན་མོར་སྲུང་བརྩི་ཞུས་ཏེ་གཟི་བརྗིད་ལྡན་པ་ཞིག་ཡོང་ཕྱིར་ཡིན་ཞེས་དང་སྦྲགས། གལ་ཏེ་དེ་འགྲིག་གི་མེད་པ་དང་བཀའ་ཤག་གིས་མར་སྨན་གནང་པ་དེ་དུག་ཏུ་འགྱུར་གྱི་ཡོད་ན་བོད་ཀྱི་བེུད་ཉིན་མོ་ཕྱིར་འཐེན་བྱ་རྒྱུ་མ་གཏོགས་གཞན་བུའི་ཉིན་མོ་དང་། བེུད་ཉིན་མོ། དགེ་སློང་ཉིན་མོ་སོགས་ཡོང་དཀའ་བ་ཡིན་པར་ལན་འདེབས་གནང་སོང་། འོན་ཀྱང་བགྲོ་གླེང་དེའི་ཐོག་ཆ་ཤས་བཞེས་མཁན་སྤྱི་འཐུས་གཞན་ཞིག་གིས་བོད་ཀྱི་བེུད་སྒེར་ལངས་ཉིན་མོ་དང་བོད་ཀྱི་བེུད་ཉིན་མོ་གཉིས་ཉིན་གཅིག་དུས་གཅིག་ལ་སྲུང་བརྩི་ཞུ་ཐབས་མེད་པས་སོ་སོར་སྲུང་བརྩི་ཞུ་དགོས་པ་གསུངས་སོང་། དེ་བཞིན་སྤྱི་འཐུས་འགའ་ཞིག་ནས་ཉམ་ཐག་གི་གནད་དོན་སྐོར་དང་འབྲེལ་ཆེས་མཐོའི་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ད་བར་ས་ཁག་ ༡༦ ནང་ཉམ་ཐག་བསྐྱར་ཞིབ་ཟིན་པའི་གྲུབ་དོན་གང་ཡིན་དང་། ལྷག་དོན་ནང་སྲིད་ལས་ཁུངས་ཀྱི་ངོས་འཛིན་ཐོ་གཞུང་ནང་ཚུད་པའི་བོད་མི་དེ་དག་དངོས་ཀྱི་ཉམ་ཐག་ཁོངས་སུ་ཚུད་ཀྱི་ཡོད་མེད་ཐད་ལ་དོགས་དྲི་ཕུལ་གནང་སོང་། གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་བོད་མིའི་གཞིས་སྒར་ཁག་ཏུ་ཡོད་པའི་རྒན་གསོ་ཁང་གི་གནས་སྟངས་ཐོག་སེམས་འཚབ་ཀྱིས་རྒན་གསོ་ཁང་རེ་རེའི་ནང་སྨན་ཞབས་པ་གཅིག་དགོས་ངེས་པར་དུ་དགོས་གལ་གཟིགས་ཀྱི་ཡོད་པ་དང་། རྒན་འཁོགས་དེ་དག་གི་སྣང་བ་གཡེང་རྒྱུ་ཆེད་ཁོང་ཚོ་དང་མཐུན་པའི་གནང་སྒོ་ཁག་གོ་སྒྲིག་གནང་བར་འབོད་སྐུལ་ཞུས་སོང་། སྤྱི་འཐུས་གཞན་ཞིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུལ་ཕོངས་རྒན་འཁོགས་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་པ་ཁོ་ཙམ་མིན་པར་གཙོ་བོ་བོད་རིགས་གཞོན་སྐྱེས་ཚོར་ཕ་མའི་རིན་ཐང་སྐོར་དང་འབྲེལ་ནས་སློབ་གསོ་ཡང་ཡང་གནང་གལ་ཡིན་པའི་དགོངས་འཆར་ཕུལ་ཡོད་པ་རེད།

ཆོས་རིག་བཀའ་བློན་མཆོག་ལ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གནད་དོན་སྐོར་འདྲི་རྩད་ནན་པོ་གནང་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གཉིས་པའི་ཐོག་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྐོར་བགྲོ་གླེང་གནང་སྐབས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གདན་ཐོབ་དང་གསོལ་ཕོགས་སྐོར་ལས་འཕྲོས་ཏེ་སྤྱི་འཐུས་ཁག་ཅིག་ནས་བཀའ་བློན་མཆོག་ལ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གནད་དོན་སྐོར་ལ་འདྲི་རྩད་གནང་སོང། དེ་ཡང་ཁ་སང་ཉིན་རྒྱབ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་འདི་ལོ་ཟླ་ ༣ ཚེས་ ༣༡ བར་༸རྒྱལ་བའི་༸སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་སོགས་ཆོས་ཕྱོགས་ཀྱི་ལས་དོན་དང་། གྲྭ་བཙུན་སྔགས་འཆང་གསུམ་ལ་མཐུན་རྐྱེན་སྦྱོར་སྤྲོད་སྐོར། སློབ་ཁག་གི་ལྟ་གྲུབ་དགེ་རྒན་ཚོའི་གསོལ་ཕོགས་དང་བདེ་དོན། སྤྱི་ཚོགས་ནང་ནང་ཆོས་ངོ་སྤྲོད་ལས་དོན་གནང་ལུགས་བཅས་ཀྱི་ཐོག་ནས་ལོ་འཁོར་ལས་བསྡོམས་འདོག་འབུལ་གནང་ཡོད་པ་རེད། དེ་རིང་ཆོས་རིག་ལས་ཁུངས་ཀྱི་ལས་སྡོམས་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་མུ་མཐུད་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་སྐབས་སྤྱི་འཐུས་ཅིག་གིས་ང་ཚོའི་གཞུང་འདི་ཆོས་སྲིད་ཟུང་འབྲེལ་གྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཡིན་པར་ངོས་ལེན་ཞུ་བཞིན་ཡོད་ཀྱང་། ཆོས་སྲིད་གཉིས་ལྡན་གྱི་ཆོས་ཞེས་པ་དེ་གནས་ཆུང་ཆོས་རྒྱལ་ཆེན་པོར་ངོས་འཛིན་ཞུ་བཞིན་པ་དེ་ནོར་འཁྲུལ་ཡིན་པ་དང་དེ་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཡོངས་ལ་ཁྱབ་པའི་སྐུ་རྟེན་ཞིག་གཏན་ནས་ཆགས་ཀྱི་མེད་ཅེས་ཚོར་ཤུགས་ཆེན་པོས་གསུངས་སོང་། སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་གསལ་བཤད་ལན་འདེབས་གནང་པར་གཞུང་བསྟེན་དགྲ་ལྷར་གདན་ཐོབ་དང་གསོལ་ཕོགས་ཕུལ་རྒྱུའི་ལམ་སྲོལ་དེ་སྔ་ལམ་ཞིག་ཆགས་ཡོད་པ་དང། ང་ཚོའི་ཆོས་སྲིད་ཟུང་འབྲེལ་དེ་དུས་དང་མཐུན་པའི་ཆོས་སྲིད་བཟུང་འབྲེལ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། གལ་ཏེ་ལམ་ལུགས་རང་གི་ཐད་བསྒྱུར་བཅོས་དགོས་པར་གཟིགས་ཚེ་དེ་བརྒྱུད་རིམ་གཞན་གི་ཐོག་ནས་གཏན་འབེབས་གནང་དགོས་གལ་ཡིན་པ་གསུངས་སོང་། དེ་མཚུངས་སྤྱི་འཐུས་གཞན་ཞིག་གིས་གནས་ཆུང་ཆོས་རྒྱལ་ཆེན་པོ་དེ་ལོ་རྒྱུས་ལ་ཁུངས་གཏུགས་ནས་ད་ཆ་ཆོས་སྲིད་ཟུང་འབྲེལ་གྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ལུང་འདྲེན་གྱིས་གནས་ཆུང་ཆོས་རྒྱལ་ཆེན་པོ་དེ་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཞེས་དང་། ཅི་སྟེ་གཞུང་བསྟེན་དགྲ་ལྷ་བསྟེན་སྲོལ་དེ་ལ་འགྱུར་བ་ཞིག་གཏོང་དགོས་ཀྱི་ཡོད་ནའང། ཆོས་སྲིད་གཉིས་ལྡན་གྱི་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་གཏང་དགོས་པ་དང་དེ་བཞིན་སྤྱི་འཐུས་གཞན་ཞིག་ནས་གཞུང་འབྲེལ་དགྲ་ལྷ་བསྟེན་སྲོལ་དེ་འགྲིག་མི་འགྲིག་སོགས་ཞུ་དཀའ་བར་འགྲེལ་བརྗོད་གནང་ཡང་སྔར་ལམ་ཁག་ཅིག་འགྱུར་བ་གཏང་ཆེད་བགྲོ་གླེང་དང་གོ་བསྡུར་གནང་རྒྱུ་གལ་ཆེར་གཟིགས་ཀྱི་ཡོད་སྐོར་གསུང་སོང། འོན་ཀྱང་སྤྱི་འཐུས་གཅིག་གིས་ཆོས་དང་སྲིད་གཉིས་ཁ་བྲལ་ཐབས་མེད་སྐོར་གསུངས་པ་དང། སྤྱི་འཐུས་གཞན་ཞིག་ནས་ཀྱང་སྤྱིར་གཞུང་བསྟེན་དགྲ་ལྷ་གལ་ཆེན་པོ་ཡིན་པ་ངོས་ལེན་ཞུ་བཞིན་ཡོད་ཀྱང་སྒྲིག་འཛུགས་ཀྱིས་དགྲ་ལྷ་བེད་སྤྱོད་གཏོང་ཕྱོགས་ལ་དྲི་བ་ཡོད་པ་དང། ཁག་ཅིག་ནས་དེ་རིང་གི་བགྲོ་གླེང་དེའི་གྲོས་ལ་གཞིགས་ཏེ་སྤྱི་འཐུས་རྣམས་ལ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་གནང་རྒྱུ་མེད་པར་འབོད་སྐུལ་གནང་མཁན་བྱུང་སོང། རྩ་བའི་དེ་རིང་ཆོས་རིག་ལས་ཁུངས་ཀྱི་ལས་སྡོམས་དང་འབྲེལ་བའི་བགྲོ་གླེང་དེའི་ཁྲོད་སྤྱི་འཐུས་འགའ་ཞིག་གིས་ཆོས་རིག་ལས་ཁུངས་ཀྱི་ནང་ཆོས་ངོ་སྤྲོད་ལས་དོན་དང་འབྲེལ་ད་བར་ས་གནས་ག་ཚོད་ནང་ནང་དོན་རིག་པའི་ངོ་སྤྲོད་ལས་འགུལ་གང་སྤེལ་ཡོད་མེད་དང་དེ་དང་ལྷན་དུ་ཞར་བྱུང་བོད་ཡིག་བྲིས་ཀློག་སློབ་ཁྲིད་གནང་དགོས་པ། དེ་བཞིན་ནང་ཆོས་ངོ་སྤྲོད་སློབ་ཁྲིད་གནང་མཁན་གྱི་ལྟ་གྲུབ་དགེ་རྒན་རྣམས་གདན་ས་གང་དང་གང་ནས་གདན་ཞུ་གནང་མིན་དང་ཁོང་རྣམས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་ནས་ཡིན་མིན་བཅས་ཀྱི་སྐོར་གསུང་མཁན་ཡང་བྱུང་སོང་། གཞན་ཡང་སྤྱི་འཐུས་ཤིག་གིས་བགྲོ་གླེང་དེའི་ཐོག་ཆ་ཤས་བཞེས་པར་ལྟ་གྲུབ་དགེ་རྒན་ཚོས་ནང་ཆོས་ངོ་སྤྲོད་གནང་སྐབས་གཙོ་ཆེ་ཤོས་དེ་ནང་ཆོས་ངོ་སྤྲོད་གནང་ཡུལ་གྱི་གདུལ་བྱ་དེར་ནང་ཆོས་ངོ་སྤྲོད་ཐུབ་པ་ཞིག་གནང་རྒྱུ་ཡིན་པ་མ་གཏོགས་ནང་ཆོས་ངོ་སྤྲོད་གནང་མཁན་ལ་ཁྱད་པར་གང་ཡང་མེད་སྐོར་གསུངས་པ་དང་འབྲེལ། ལྷག་དོན་ནང་ཆོས་ངོ་སྤྲོད་བྱ་རྒྱུ་ཆེད་དམིགས་བསལ་སློབ་ཚན་ཞིག་གཏན་འབེབས་གནང་ཐུབ་ན་དགེ་མཚན་ཆེ་བར་གཟིགས་ཀྱི་ཡོད་པར་དགོངས་འཆར་ཕུལ་སོང་།

སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས།

དེ་རིང་ཟླ་ ༩ ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༨ བར་འཚོག་རྒྱུའི་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་ཐོག་གཟུགས་གཞི་བདེ་མིན་རྐྱེན་པས་སྤྱི་འཐུས་གཅིག་མ་གཏོགས་གཞན་ཚང་མ་ཚོགས་བཅར་གནང་འདུག་པ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་གནམ་བསྟན་འཕེལ་མཆོག་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས་བོད་ནང་རྒྱ་གཞུང་གི་དྲག་གནོན་དང་སྡུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཞུ་སླད་ད་བར་རང་སྲེག་གནང་མཁན་བོད་མི་ ༡༤༩ བྱུང་བའི་གནས་སྟངས་ཆགས་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་རྣམ་པའི་མངོན་འདོད་ལྟར་རྟོག་ཞིབ་དང་ཚུལ་མཐུན་གྱི་ལན་འདེབས་གང་ཡང་བྱས་མེད་པ་མ་ཟད། བོད་མིའི་ཐོག་ལ་སླངར་ལྷག་དམ་དྲག་གི་སྲིད་བྱུས་སྤེལ་མུས་ཡིན་པ་མངོན་གསལ་དང་སྦྲགས། ད་ལྟའི་གཞུང་འཛིན་པ་ཞི་ཅིང་ཕིང་གཙོས་ཏང་གི་ཚོགས་ཆེན་ ༡༩ པ་ཚོགས་པའི་རྗེས་འབྲེལ་འགོ་ཁྲིད་ཚོས་བོད་ཐོག་དགོངས་པ་ཆེ་བཞེས་གནང་དགོས་གལ་ཡིན་པ་དང་བོད་དོན་བསྐྱར་ཞིབ་ཡོང་རེ་དང་། བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་གནང་གལ་ཡིན་པའི་འབོད་སྐུལ་གནང་སོང་། དེ་བཞིན་ཚོགས་གཙོ་མཆོག་ནས་དེ་སྔ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རུ་ཁག་བོད་ནང་ཕེབས་རྒྱུའི་གོ་སྐབས་བྱུང་བའི་རྗེས་དང། འདི་ལོ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་མ་ཟད། བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ། གཞན་ཡང་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མིའི་རུ་ཁག་དྷ་སར་ཕེབས་པ་སྤྱི་ཡོངས་ཀྱི་ཆ་ནས་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་པོ་གནང་གི་ཡོད་སྟབས། བོད་མིའི་ངོས་ནས་རིག་པ་སྒྲིམ་ནས་བོད་དོན་ཐོག་ཕྱག་ལས་གནང་བ་ཡིན་ན་དོན་དམ་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཤུགས་ཆེན་པོ་ཡོད་པ་གསུངས་སོང། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་དགུང་ལོ་བགྲེས་པོ་ཕེབས་ཟིན་ཀྱང་བོད་མི་དང་བོད་དོན་ཆེད་དུ་སྐུ་ངལ་འཛེམས་གནང་བཞིན་པ་ལྟར་བོད་མི་རྣམས་ནས་ཀྱང་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་༸གོང་ས་མཆོག་གི་ཐུགས་དགོངས་བཞིན་འགན་ཁུར་བླངས་ཐོག་ཕྱག་ལས་གནང་གལ་ཡིན་པ་ནན་བརྗོད་གནང་ཡོད། ཚོགས་གཙོ་མཆོག་གི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་སྤྱི་འཐུས་ཁག་ཅིག་གིས་ཉེ་སྔོན་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་དབར་ཡིག་འབྲེལ་མང་དག་ཞིག་གནང་པའི་ཁྲོད། འཛིན་སྐྱོང་བཀའ་ཤག་གིས་སྤྱི་འཐུས་ལ་བཏང་བའི་ཡིག་འབྲེལ་ཞིག་གི་ནང་བོད་མི་མང་སྤྱི་འཐུས་རྣམས་ནི་བཅའ་ཁྲིམས་རིན་པོ་ཆེར་བརྩི་འཇོག་བྱེད་མཁན་མིན་པ་སོགས་ཀྱི་འགྲེལ་བརྗོད་གནང་ཡོད་པ་ལུང་འདྲེན་གྱིས་བཅའ་ཁྲིམས་ལ་བརྩི་འཇོག་མི་བྱེད་མཁན་སྤྱི་འཐུས་རྣམས་ནས་ཁྲིམས་བཟོའི་ཚོགས་འདུ་ཚོགས་པ་ཡིན་ན་ཏག་ཏག་བསྡད་མིན་གྱི་ལས་རིམ་རྣམ་གཞག་ཕེབས་ཡོད་སྟབས། ཚོགས་གཙོ་མཆོག་གིས་གནད་དོན་དེའི་ཐད་ཉེ་ཆར་བཀའ་ཤག་ནས་དེ་སྔའི་ཡིག་འབྲེལ་རྣམས་ཕྱིར་བསྡུ་ཞུ་རྒྱུའི་ཕྱག་བྲིས་འབྱོར་དོན་ལྟར་གནད་དོན་དེའི་ཐད་ལ་གྲོས་བསྡུར་འཕར་མ་གནང་མི་དགོས་པ་གསུངས་པ་བཞིན་ལས་རིམ་མུ་མཐུད་ཕེབས་ཡོད་པ་རེད། དེ་དོན་སྤྱི་འཐུས་རྣམས་ནས་ཉེ་ལམ་དགོངས་པ་རྫོགས་པའི་བོད་མི་མང་སྤྱི་ཟུར་ཚེ་རིང་སྒྲོལ་མ་ལགས་དང། ཕྱི་ཟླ་ ༣ ཚོགས་དུས་རྗེས་ནས་བོད་དོན་ཆེད་རང་སྲེག་གནང་མཁན་བོད་ནང་གི་བོད་མི་བཞི་ད ང་རྒྱ་གར་ནང་གི་བོད་མི་གཉིས། ལྷག་དོན་ལོའི་ཟླ་ ༤ ཚེས་ ༢༡ ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་འཇམ་དགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་ཟླ་བ་འདིའི་ཚེས་ ༡༤ ཉིན་གཡུང་དྲུང་བོན་གྱི་མངའ་བདག་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་བཅས་ལ་སྤྱི་མོས་ཀྱི་ཐོག་ནས་གཞུང་འབྲེལ་གྱི་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད། སྐབས་དེར་ཆོས་རིག་བཀའ་བློན་མཆོག་ནས་དགའ་ལྡན་ཁྲི་ཐོག་ ༡༠༣ པ་དང་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ཞིང་གཤེགས་དམ་པ་རྣམ་གཉིས་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུས་གནང་སོང། དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དབུ་འཛུགས་དང་བསྟུན། སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱལ་སྒོའི་མདུན་དུ་ཞུ་གཏུགས་གནང་མཁན་ཁག་མི་འདྲ་བ་གསུམ་བྱུང་ཡོད་པ་དང། དེའང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཞུ་འབོད་དང། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་ཐོག་བསམ་ཚུལ་བསྡུ་ལེན་བྱས་པའི་སྙན་ཐོའི་ནང་འཁོད་དོན་ལྟར། མི་མང་བརྒྱ་ཆ་ ༧༤ ཡིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཐེངས་གཉིས་ཀྱི་གནང་ལམ་སྔར་མུས་བཞིན་གནང་དགོས་པ་སོགས་ཀྱི་གནད་དོན་ཁག་ཅིག་འཁོད་ཡོད་པ་རྣམས་གསལ་བཏོན་གྱིས་གྲོས་ཚོགས་འཐུས་མི་རྣམ་པས་མི་མང་གི་མངོན་འདོད་དང་བཙན་བྱོལ་བོད་མིའི་གནས་བབས་དང་འཚམ་པའི་ཕྱག་ལེན་སྔར་ལྷག་གནང་སྐྱོང་ཡོང་བའི་ཞུ་འབོད་ཞུས་པ་མ་ཟད། དེ་བཞིན་བོད་མིའི་ཆིག་སྒྲིལ་ཚོགས་པས་ཡོངས་གླིང་སློབ་གྲྭའི་བདག་དབང་སྐོར་ལ་སྙན་ཞུ་ཕུལ་ཡོད་པའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་བཏང་བའི་དྷ་ས་མི་མང་ཡོངས་གླིང་སློབ་གྲྭ་སྤྱི་རྒྱུ་སྒེར་བདག་པ་སྤྱི་འཐུས་ཟླ་བ་ཚེ་རིང་གི་རྙོག་གླེང་གཙང་སེལ་ཞུ་རྒྱུ་ཐད། ཚོགས་པའི་ཚོགས་མི་ ༢༦༦༠ ལྷག་གི་མཚན་རྟགས་ཡོད་པའི་ཞུ་ཡིག་བཅས་གྲོས་ཚོགས་འཐུས་མི་རྣམས་ལ་ཕུལ་ཡོད་པ་རེད།

གྲོས་ཚོགས་ཀྱི་ལས་ཉིན་དང་པོ་ཆ་ཚང་་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་བཏང་གནང་སོང་།

དེ་རིང་གྲོགས་ཚོགས་ཀྱི་ལས་ཉིན་དང་པོ་ཉིན་འཁྱོངས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་དོན་ཚན་ ༧ ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་ལ་བགྲོ་གླེང་གནང་པའི་ཁྲོད། བཀའ་སྤྱི་གཉིས་ནས་གཞིས་བྱེས་བོད་མི་རྣམས་དང་ལྷག་པར་དུ་བཙན་བྱོལ་ནང་གི་བོད་རིགས་གཞོན་སྐྱེས་ཚོར་རང་ལུས་མེར་སྲེག་གནང་རྒྱུ་མེད་པར་འབོད་སྐུལ་གནང་སོང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ནང་བོད་མི་རང་སྲེག་གནང་མཁན་ཚོ་གཙོས་པའི་བོད་མི་བློས་གཏོང་བ་ཡོངས་ཀྱི་བློས་བཏང་ལ་རྗེས་སུ་ཡི་རངས་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དང་རྒྱ་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་མཚམས་འཇོག་སྐོར་སོགས་འཁོད་པ། སྤྱི་འཐུས་རྣམས་ནས་དོན་ཚན་དེ་དག་རེ་རེའི་ཐོག་ཚོར་ཤུགས་ཆེན་པོས་རྒྱབ་སྐྱོར་དང་སྦྲགས་བགྲོ་གླེང་གནང་སྐབས་སྤྱི་འཐུས་མང་ཆེ་བས་བཙན་བྱོལ་ནང་གི་བོད་པའི་ན་གཞོན་ཚོས་རང་ལུས་མེར་སྲེག་མི་གནང་པར་ཐབས་ལམ་གཞན་གྱི་ཐོག་ནས་བོད་ཀྱི་རྩ་དོན་རྩོད་དགོས་གལ་ཡིན་པའི་འབོད་སྐུལ་ནན་པོ་གནང་སོང་། འོན་ཀྱང་སྤྱི་འཐུས་གཞན་ཞིག་ནས་གྲོས་ཚོགས་རྭ་བ་འདིའི་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་སྐུ་ལུས་མེ་མཆོད་ཕུལ་བ་དེ་འགྲིག་མིན་དང་དེ་མ་འོངས་མུ་མཐུད་ཕུལ་དགོས་མིན་ཐོག་གླེང་སློང་གནང་པ་ལས་རྒྱལ་གཅེས་པ་དེ་དག་གིས་མེ་མཆོད་ཕུལ་དགོས་པའི་རྒྱུ་མཚན་གང་ཡིན་དང་རེ་འདོད་ཇི་ལྟར་བསྒྲུབ་མིན་ཐད་ཐུགས་བསམ་བཞེས་ནས་བགྲོ་གླེང་གནང་ན་དགེ་མཚན་ཆེ་བར་གཟིགས་ཀྱི་ཡོད་པ་གསུངས་སོང་བ་དང་། འཛིན་སྐྱོང་བཀའ་ཤག་ལ་རང་ལུས་མེར་སྲེག་གི་གནད་དོན་ཐད་ལ་ལངས་ཕྱོགས་གསལ་པོ་དགོས་སྐོར་གསུངས་ཡོད། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་བའི་ཁྲོད་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་སྐོར་ལས་འཕྲོས་ཏེ། འདས་པའི་ལོ་རྒྱུས་དང་ཉམས་མྱོང་ལ་གཞིར་བཅོལ་ཐོག་ གལ་ཏེ་རྒྱ་ནག་ནང་འགྱུར་བ་ཕྱིན་པའི་དབང་དུ་བཏང་ན་དེའི་ཐད་བཀའ་ཤག་གིས་ད་ལྟ་ནས་གྲ་སྒྲིག་གང་ཡོད་མེད་བཅས་ཀྱི་དྲི་བ་གནང་པ་མ་ཟད། རྒྱལ་སྤྱིའི་ཚོགས་ཁག་ལ་ཞུ་གཏུགས་གནང་པ་ཙམ་མིན་པར་བཀའ་སྤྱི་གཉིས་ནས་མཉམ་འབྲེལ་ཐོག་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུའི་དུས་ལ་སླེབས་ཡོད་སྐོར་སོགས་གསུང་མཁན་བྱུང་སོང། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་མཚམས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་སྐབས་ཐོག་མར་བཀའ་ཤག་གི་རང་ལུས་མེར་སྲེག་ཐོག་འཛིན་པའི་སྲིད་བྱུས་དེ་གསལ་པོ་ཡིན་ཞེས་འགྲེལ་བརྗོད་དང་འབྲེལ། གཞིས་བྱེས་བོད་མི་རྣམས་དང་ལྷག་པར་དུ་བཙན་བྱོལ་ནང་གི་བོད་མི་གཞོན་སྐྱེས་ཚོར་རང་ལུས་མེར་སྲེག་གནང་རྒྱུ་མེད་པར་འབོད་སྐུལ་གནང་སོང་། སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་གནད་དོན་དང་འབྲེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཆོག་ནས་ཐུགས་སྣང་གནང་མུས་བར་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་དེ་གལ་ཆེ་དོན་ཆེར་བརྩི་ཐོག་སྲིད་བྱུས་དེའི་ཐོག་ནས་བོད་རྒྱ་འབྲེལ་མོལ་སླར་གསོ་བརྒྱུད་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཕྱིར་ད་བར་འབད་བརྩོན་གནང་མུས་ཡིན་པ་དང་མ་འོངས་པའང་མུ་མཐུད་གནང་རྒྱུའི་ཆོད་སེམས་གཏན་པོ་ཡོད་པ་གསུངས་སོང་།

Latest news