Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྔོན་ཁབ་དང་འབྲེལ་བའི་གྲུབ་འབྲས་གང་ཐོན་པ་དེ་དག་སྤྱི་སྒེར་མཉམ་རུབ་ཀྱི་ནུས་པའི་ཐོག་ནས་བྱུང་བ་ཞིག་རེད།

དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་བཅས་ལྷན་ཞུགས་ཐོག་ད་བར་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་ལས་གཞི་གང་གནང་དང་མ་འོངས་པར་དེ་འབྲེལ་ལས་གཞི་ཇི་ཡོད། དེ་བཞིན་འདས་པའི་ཟླ་བ་གཉིས་ལྷག་རིང་འཛིན་སྐྱོང་བཀའ་ཤག་གི་ལས་དོན་སོགས་ཀྱི་ཐད་ལ་གསལ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གནང་ཡོད། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་ཐུགས་འགན་བཞེས་མ་ཐག་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་བཅོས་སྒྲིག་གནང་རྒྱུ་དང་སྔོན་འགོག་གི་ལས་དོན་ཐོག་ནུས་པ་མཉམ་སྤུངས་གནང་རྒྱུ་སོགས་ཀྱི་ལས་གཞི་བང་སྒྲིག་གནང་བ་ལྟར། ད་ལྟའི་ཆ་ལ་རྒྱ་གར་ནང་ཡོད་པའི་བོད་མི་བརྒྱ་ཆ་ ༥༢ ལྷག་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་དང་པོ་དང་། བརྒྱ་ཆ་ ༣༨ ལྷག་ལ་སྔོན་ཁབ་གཉིས་པ་བཅས་བརྒྱབས་ཡོད་སྟབས་ད་ཆར་རྒྱ་གར་ནང་གི་བོད་མི་བརྒྱ་ཆ་ ༩༡།༡༩ ལ་སྔོན་ཁབ་ཐོབ་ཡོད་པ་དང་། དེ་བཞིན་བལ་ཡུལ་ནང་ཡོད་པའི་བོད་མི་ཚོར་སྔོན་ཁབ་ཐོབ་ཆེད་བོད་མིའི་སྒྲིག་འཛུགས་ནས་ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་བ་ཞུས་ཏེ་ཐབས་ཤེས་གང་ཡོང་ཞུས་ཀྱང་། འབྲེལ་ཡོད་རྒྱལ་ཁབ་སོ་སོའི་སྲིད་བྱུས་འཛིན་ཕྱོགས་སོགས་ཀྱི་དབང་གིས་ཐོག་མའི་དམིགས་ཡུལ་ལྟར་བྱུང་མེད་ཀྱང་། བལ་ཡུལ་གཞུང་ནས་ད་རེས་སྔོན་ཁབ་ཀྱི་མཐུན་རྐྱེན་གང་ཡོད་པ་དེ་དག་བོད་མི་ཚོར་དབྱེ་འབྱེད་མེད་པར་གནང་ཡོད་སྟབས། ད་ཆ་བལ་ཡུལ་ནང་ཡོད་པའི་བོད་མི་བརྒྱ་ཆ་ ༢༥ ལྷག་ལ་སྔོན་ཁབ་ཐོབ་ཟིན་སྐོར་གསུངས་ཡོད། ད་བར་སྔོན་ཁབ་དང་འབྲེལ་བའི་གྲུབ་འབྲས་གང་ཐོན་པ་དེ་དག་སྤྱི་དང་སྒེར་ཐུན་མོང་ནས་ནུས་པ་མཉམ་སྤུངས་གནང་བ་ལས་བྱུང་བ་ཞིག་ཡིན་པ་དང་། ད་རེས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་གཙོས་ལས་གཞི་སྤྱི་ཡོངས་ཐོག་རོགས་རམ་གནང་མཁན་དགོན་པ་གྲྭ་ཚང་ཁག་དང་ཚོགས་སྐྱིད་ཁག དེ་བཞིན་མི་སྒེར་སོགས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་མ་འོངས་པར་གཉན་རིམས་ཀྱི་གནས་སྟངས་བཟང་དུ་སོང་སྐབས་འབྲེལ་ཡོད་ཚང་མར་བཀའ་དྲིན་རྗེས་དྲན་གྱི་ཕྱག་འཁྱེར་གནང་རྒྱུའི་གྲ་འགྲིག་ཀྱང་གནང་མུས་ཡིན་པ་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་ནས་ད་ལྟའི་ཆ་ལ་སྨན་པ་དང་ཚན་རིག་མཁས་པ་ཚོས་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པ་ཞིག་ཡོང་རྒྱུ་ཡིན་པར་ཚོད་དཔག་གནང་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་སྔོན་ཚུད་ནས་བོད་མི་གནས་ཡུལ་གྱི་ས་གནས་ཁག་ལ་འཆར་འགོད་ཐོག་སྤྱི་ཡོངས་ཀྱི་གནས་སྟངས་ལ་གཟིགས་ཞིབ་སླད་གཏང་རྒྱུ་ཡིན་པ་སོགས་གསུངས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནས་དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་དང་པོའི་ནང་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་གནས་ཡུལ་གཞིས་ཆགས་ཁག་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གོ་རྟོགས་ལས་གཞི་དང་དེ་ནས་རིམ་པས་ཚོགས་ཆུང་དེ་ཆེད་འཛུགས་གནང་རྗེས་ས་གནས་ཁག་ལ་ཏོག་དབྱིབས་ཟུར་འཇོག་ཁང་གསར་འཛུགས་དང་དེ་དག་མཐུན་རྐྱེན་སྦྱོར་སྤྲོད་གནང་བ་སོགས་ཀྱི་གནས་སྟངས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད། ཚོགས་ཆུང་དེའི་ཚོགས་མིའི་ཁོངས་སུ་ཡོད་པ་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ནས་ཉེ་ལམ་བདེ་ལེགས་སྨན་ཁང་ལ་རྒྱ་གར་གཞུང་ནས་སྔོན་ཁབ་རྒྱག་རྒྱུ་དང་སྔོན་ཁབ་ཉོ་ཆོག་པའི་བཀའ་འཁྲོལ་གཉིས་ཀ་ཐོབ་པ་ལྟར། རིམ་པས་བོད་མི་ཚོར་སྔོན་ཁབ་ཐོག་དམིགས་བསལ་གྱི་དཀའ་ངལ་མི་འཕྲད་པའི་རེ་བ་དང་ལྷག་པར་དུ་བོད་པ་མི་ཉུང་བ་ཞིག་རྒྱ་གར་གྱི་ས་གནས་ཁག་ཏུ་དགུན་ཚོང་གཉེར་བར་ཕེབས་ཀྱི་ཡོད་སྟབས། སྔོན་འགོག་གི་བྱ་གཞག་ཁག་འཐུས་ཤོར་མེད་པ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད། དེ་བཞིན་ཚོགས་ཚུང་དེའི་ཚོགས་མིའི་ཁོངས་སུ་ཡོད་པ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ནས་སློབ་གྲྭ་ཁག་ཏུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་ཇི་ཡོད་དང་། སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྨན་རྩིས་ཁང་ནས་གཉན་རིམས་ཀྱི་གནས་སྟངས་ཁྲོད་བོད་མི་གཙོས་ས་གནས་ཡུལ་མི་ཚོར་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་མཐུན་རྐྱེན་དང་རོགས་རམ་ཇི་གནང་སོགས་ཀྱི་ཐོག་ངོ་སྤྲོད་སྦྲགས། རྒྱ་གར་གྱི་ས་གནས་ཁག་ཏུ་དགུན་ཚོང་ལ་ཕེབས་མཁན་ཚོར་སྨན་རྩིས་ཁང་ནས་བོད་སྨན་གྱི་རོགས་རམ་གནང་རྒྱུའི་འཆར་གཞི་ཡོད་པར་གསུངས་ཡོད། ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གསལ་བཤད་ཀྱི་ལས་དོན་ཁག་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་ནས་གསར་འགོད་པ་རྣམ་པའི་དྲི་བར་བཀའ་ལན་གནང་སྐབས་ད་བར་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་དབང་གིས་བཀའ་བློན་རྣམ་པ་བསྐོ་གཞག་ཐུབ་མེད་སྟབས་ལས་དོན་གྱི་མྱུར་ཚད་ལ་ཁྱད་པར་ཡོད་ཀྱང་འཐུས་ཤོར་རྩ་བ་ནས་ཕྱིན་མེད་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་ཆེད་བཅར་གྱི་གྲོས་བསྡུར་གནང་བའི་བརྒྱུད་རིམ་ཁྲོད་སྲི་ཞུ་བ་དང་འཛིན་སྐྱོང་དབར་སྲིད་བྱུས་དང་མ་འོངས་ལས་གཞི་སོགས་ཀྱི་ཐོག་ལ་བཀའ་བསྡུར་དང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གསར་འཛུགས་གནང་སྟངས་མི་འདྲ་བདུན་ཙམ་ཆགས་ཏེ་སྤྱི་ཡོངས་ཀྱི་སྲི་ཞུ་བའི་སྒྲོམ་གཞི་ཏག་ཏག་ཅིག་གནས་མེད་པ་སོགས་གསུངས་ཡོད། དེ་བཞིན་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་སྟངས་ཐད་བཀའ་འདྲི་ཞུས་པར་འཛམ་གླིང་སྤྱི་ཡོངས་ནས་རྒྱ་ནག་ལ་བལྟ་བསྡད་ནས་ཡོད་པའི་དུས་སྐབས་འདིར་བོད་པའི་གནས་ཚུལ་རྒྱལ་སྤྱིའི་ཐོག་ལ་རྒྱ་ཁྱབ་དང་རྒྱབ་སྐྱོར་ཐོབ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པའི་སྐབས་འདིར་གྲོས་ཚོགས་ཚོགས་མ་ཐུབ་པ་དང་བཀའ་བློན་བསྐོ་གཞག་མ་ཐུབ་པའི་གནས་སྟངས་ཆགས་པ་འདི་བློ་ཕམ་པའི་གནད་དོན་ཞིག་རེད་ཅེས་གསུངས་ཡོད།

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག

རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་བོད་ནང་གི་ཁུངས་ལྡན་གནས་ཚུལ་ཁོ་སྤྲོད་གནང་བར་གཞིགས་ན། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་བུ་ལོན་གཡོ་ལེན་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་རྗེས་སུ་ཚེ་བཙོན་གྱི་ཉེས་ཆད་བཏང་བའི་བོད་མི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲིས་ལགས་ད་ལྟ་གྲྭ་བཞི་བཙོན་ཁང་དུ་ཡོད་པ་དང་། འདས་པའི་ལོ་མང་པོའི་རིང་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་ཕོག་པའི་རྐྱེན་གྱིས་ད་ལྟ་ཁོང་ལ་སྙིང་གི་ན་ཚ་དང་ལུས་པོ་སྐྲངས་པ། གཞང་འབྲུམ་གྱིས་ཁྲག་འཛགས་པ། བཤང་བ་དགག་པ་སོགས་ཀྱི་ནད་གཞི་ལྕི་མོ་ཕོག་ཡོད་སྟབས་གཟུགས་གཞིའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་མ་ཟད་ནང་མི་དང་ཁྲིམས་རྩོད་པར་ཐུག་འཕྲད་གནང་བར་བཀག་སྡོམ་བྱས་ཡོད་པ་རེད་འདུགབོད་མི་རྡོ་རྗེ་བཀྲིས་ལགས་ནི་ལྷ་ས་ཁུལ་དུ་རྟེན་གཞི་བྱས་པའི་གཡག་མགྲོན་ཁང་གི་ཚོང་བདག་ཡིན་པ་དང་། ཁོང་ཕྱི་ལོ་ ༢༠༠༣ ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིར་ཞུགས་པ་མ་ཟད་སྐབས་དེར་ས་གནས་དམར་ཤོག་སྲིད་གཞུང་གིས་ཕུལ་བྱུང་གྱི་གཞོན་སྐྱེས་བཅུའི་ཁོངས་སུ་མིང་བཏོན་གནང་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་རྒྱ་གཞུང་གིས་བོད་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པའི་ཁྲོད་ལོ་དེར་ཁོང་གི་ཁྱིམ་ཚང་དུ་སྔོག་གཤེར་བྱས་ཡོད་པ་ལྟར་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་སྒེར་ཡིག་ཚང་ལ་རྒྱ་སྒོར་ས་ཡ་ ༢༠ ཞལ་འདེབས་ཕུལ་བའི་བྱུང་འཛིན་ལག་སོན་བྱུང་ལུགས་ཀྱི་གནད་དོན་ལ་ཁ་གཡར་སྟེ་འཛིན་བཟུང་བྱས་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ་ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་རྭ་ཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་ཀྱི་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ནའང་། ད་བར་རྡོ་རྗེ་བཀྲི་ཤིས་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཀའི་ངོས་ནས་རྒྱ་གཞུང་གིས་ཉེས་འཛུགས་བྱས་པར་ངོས་ལེན་རྩ་བ་ནས་གནང་གི་མེད་པ་མ་ཟད། ཕྱི་ལོ་ ༢༠༡༨ ཟླ་༡༠ ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་རྟེན་གཞི་བྱས་པའི་ཀྲུན་ཞིན་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཉེས་ཁྲིམས་ཆེད་མཁས་པས་རྡོ་རྗེ་བཀྲ་ཤིས་ཀྱིས་དེ་སྔོན་མ་རྐང་འབོར་ཆེན་འཇོག་ས་ཆེན་སང་ཡུན་ Qin Sangyuan ཚོང་གཉེར་ཁང་གི་མ་དངུལ་དེ་ཁོ་རང་སྒེར་གྱི་ཁེ་ལས་ཐད་ལ་བེད་སྤྱད་བཏང་བ་མ་གཏོགས། ཁོང་གིས་དངུལ་བུན་གཡོ་ལེན་བྱས་ཟེར་བ་དེ་ཁུངས་མེད་ནོར་འཁྲུལ་འབའ་ཞིག་ཡིན་པའི་བསམ་འཆར་བཏོན་ཡོད་པར་བརྟེན་ཁོང་གི་གནད་དོན་དེ་ད་དུང་གླེང་རྙོག་མང་པོའི་ཁྲོད་ལྷག་ཡོད་པ་རེད།  སྔ་ལོ་བཞུགས་སྒར་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྐུ་ཞབས་རྡོ་རྗེ་བཀྲིས་ལགས་ཀྱི་གནད་དོན་ཐོག་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་རྒྱ་ནག་རང་གི་རྩ་ཁྲིམས་དང་ཡོངས་སུ་འགལ་ནས་རྡོ་རྗེ་བཀྲིས་ལགས་ལ་མ་ཉེས་ཁ་ཡོག་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཐེར་འདོན་དང་ལྷག་དོན་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པ་རེད།

བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་རིམས་ནད་ཕོག་མཁན་མང་དུ་འགྲོ་བཞིན་པ།

གཟའ་འཁོར་འདིའི་ནང་བཙན་བྱོལ་བོད་མིའི་འདུས་སྡོད་ས་ཁུལ་ཁག་ཏུ་ཏོག་དབྱིབས་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་དེའི་ཁོངས་ད་ལྟའི་ཆར་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ནད་གཞི་ཕོག་མཁན་གྲངས་འབོར་མང་ཤོས་དེ་ཆགས་ཀྱི་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༡ སྤེལ་བའི་ཐོག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་གྱི་རིང་འཛམ་གླིང་ཁྱོན་ལ་གཉན་རིམས་ཁྱབ་གདལ་ཤུགས་ཆེར་ཕྱིན་པར་བརྟེན་ཨ་རི་དེ་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་མཐོ་ཤོས་དང་པོ་དང་རྒྱ་གར་དེ་བཞིན་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་མཐོ་ཤོས་གཉིས་པ་ཆགས་ཡོད་པ་མ་ཟད། ད་ཆ་རྒྱ་གར་ནང་ཉིན་གཅིག་ནང་ལ་ནད་གཞི་གསར་པ་འགོས་པ་མི་གྲངས་སྟོང་ཕྲག་ ༣༠ ནས་ ༤༠ ཡས་མས་ཆགས་ཡོད་པ་དང་དེའི་ནང་ནས་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ Kerala དང་ Maharashtra དེ་བཞིན་ཉེ་ཆར་ཧི་མཱ་ཅལ་གཙོས་བྱང་ཤར་མངའ་སྡེ་ཁག་ཅིག་ནང་གཉན་རིམས་ ༡༩ ཡི་གཉན་སྲིན་གྱི་ངོ་བོ་འགྱུར་ལྡོག་འགྲོ་བ་ Delta  Variant ཞེས་པ་དེའི་རྐྱེན་གྱིས་འགོས་ཁྱབ་ཆེས་མྱུར་བ་ཡོད་སྟབས། བོད་མི་མང་ཚོགས་ཀྱི་ངོས་ནས་ངེས་པར་དུ་སྨན་ཁབ་རྒྱག་རྒྱུ་གནད་འགག་ཆེན་པོ་ཡིན་པར་ལམ་སྟོན་གནང་འདུགདེ་བཞིན་བདུན་ཕྲག་འདིའི་ནང་བོད་མིའི་འདུས་སྡོད་ཁག་གི་ཏོག་དབྱིབས་གནས་སྟངས་དང་འབྲེལ་ནས་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདི་ཁོ་ནར་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་མི་ ༢༣༢ ལ་གསར་དུ་ཏོག་དབྱིབས་ནད་དུག་ཕོག་པ་དང་འདི་ནི་བདུན་ཕྲག་སྔོན་མ་དང་བསྡུར་ན་ནད་པ་ ༥༤ མང་དུ་སོང་ཡོད་ཅེས་གསུངས་ཏེ་བོད་པ་ཚོས་རང་ལ་ནད་རྟགས་ཐོན་པའི་དུས་སུ་ནང་མི་སྤུན་མཆེད་དང་བཅས་པར་བདེ་ཐབས་སླད་རང་ཉིད་ཟུར་བཀག་ཐོག་བཞུགས་དགོས་པ་དང་ད་ཆ་རྒྱ་གར་ནང་ནད་ཡམས་ཕོག་མཁན་བརྒྱ་ཆ་ ༤༠ ནས་ ༦༠ ཡས་མས་ཤིག་དྲག་སྐྱེད་བྱུང་བའི་རྗེས་སུ་ནད་རྟགས་མི་འདྲ་བ་སྣ་ཚོགས་ཤིག་ཐོན་ཏེ་ངལ་བ་འཕྲད་བཞིན་པ་དེ་དག་གི་ངོས་ནས་ཀྱང་དམིགས་བསལ་ཡིད་གཟབ་གནང་གལ་ཆེ་ཞེས་ལམ་སྟོན་གནང་འདུགགཞི་རྩའི་ད་བར་བཙན་བྱོལ་བོད་མིའི་ས་ཁུལ་ཁག་ཏུ་ཁྱོན་བོད་མི་ ༥༩༤༨ ལ་གཉན་རིམས་ཕོག་ཡོད་ཀྱང་དེའི་ཁོངས་ནས་ ༥༣༥༤ དྲག་སྐྱེད་བྱུང་ཡོད་པ་དང་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་བོད་མི་སྡོམ་ ༤༥༤ ཡོད་པ་རེད། བོད་མིའི་གཞིས་ཆགས་ཁག་ལས་ད་ཆ་སྦེལ་ཀོབ་ནང་བོད་མི་ ༡༡༧ ལ་ནད་གཞི་དེ་ཕོག་པ་དང་དེའི་ཁྲོད་ནས་ནད་པ་གཅིག་དེ་རིང་འདས་གྲོངས་སུ་གྱུར་འདུགཉེ་ལམ་རྒྱ་ནག་ནང་སླར་ Delta Varaint ཞེས་གཉན་རིམས་ ༡༩ ཡི་གཉན་སྲིན་གྱི་ངོ་བོར་འགྱུར་ལྡོག་ཕྱིན་ནས་ནད་ཡམས་འགོས་ཁྱབ་ཀྱི་གནས་ཚུལ་འཐོན་བཞིན་པར་བརྟེན་རྒྱ་གཞུང་གིས་ཝུ་ཧན་གྲོང་ཁྱེར་གྱི་གྲོང་མི་ཚང་མར་ནད་ཡམས་དེ་འགོས་ཡོད་མེད་བརྟག་དཔྱད་ཀྱིབཀོད་ཁྱབ་བཏང་བ་དང་ལྷན་གྲོང་ཁྱེར་ ༢༠ ལྷག་གི་ནང་འགྲུལ་བཞུད་བཀག་སྡོམ་བྱས་འདུགཁ་སང་ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་བརྡ་ཁྱབ་ཨང་ལྔ་པ་ཟེར་བ་ཞིག་བཏང་བའི་ནང་ནད་ཡམས་སྔོན་འགོག་འགན་ལེན་ཆེད་འདི་ལོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་མཛད་སྒོ་དང་ལྷ་མོའི་འཁྲབ་སྟོན་ལ་སོགས་པ་མཚོན་མི་མང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་རིགས་ཡོངས་རྫོགས་མཚམས་འཇོག་བྱེད་རྒྱུ་ཡིན་པར་བསྒྲགས་འདུག དེ་ནི་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་མི་ལོ་ ༧༠ འཁོར་བའི་དུས་ཆེན་གྱི་བྱེད་སྒོའི་བདེ་འཇགས་ཆེད་ཡིན་ཚུལ་ཆེད་བཀོད་བྱས་ཡོད་པ་རེད།

ཨོ་སི་ཊོ་ལི་ཡ་གཞུང་གིས་  Magnitsky ལྟ་བུའི་ཁྲིམས་གཞི་གཏན་འབེབས་གནང་འཆར།

Reuters གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཁ་སང་རེས་གཟའ་ཕུར་བུའི་ཉིན་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Marise Payne ལགས་ཀྱིས་ཨ་རིའི་གཞུང་ནས་གཏན་འབེབས་གནང་བའི་ Magnitsky Act ཞེས་པའི་ཁྲིམས་གཞི་ལྟར་ཨོ་སི་ཊོ་ལི་ཡ་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་སྲུང་སྐྱོབ་གནང་སླད་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ནག་ཉེས་ཅན་གྱི་མི་སྣའམ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཁག་ལ་ཚོང་གི་འཁོར་རྒྱུགས་དང་འགྲུལ་སྐྱོད་སོགས་བཀག་སྡོམ་ཆེད་ཨོ་སི་ཊོ་ལི་གཞུང་གིས་གཏན་འབེབ་གནང་བའི་ Magnitsky Act ཞེས་པའི་ཁྲིམས་གཞི་གཏན་འབེབ་གནང་འཆར་ཡོད་པ་གསུངས་འདུགཕྱི་ཟླ་གསུམ་པའི་ནང་ཨ་རི་དང་ཡོ་རོབ་མཐུན་ཚོགས། དེ་བཞིན་ཨིན་ཡུལ་བཅས་ནས་ཤིན་ཅང་གི་གནད་དོན་དང་འབྲེལ་ཏེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་གཞུང་འབྲེལ་མི་སྣ་ཁག་ཅིག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་གནང་བ་བཞིན་ཨོ་སི་ཊོ་ལི་ཡ་གཞུང་གིས་ཀྱང་ཡུལ་དེའི་ཁྲིམས་ལ་བསྐྱར་བཅོས་ཀྱིས་འདི་ལོའི་ལོ་མཇུག་བར་ Magnitsky Act ལྟ་བུའི་ཁྲིམས་གཞི་གཏན་འབེབ་གནང་ཐུབ་རྒྱུར་ཚོད་དཔག་གནང་གི་འདུག ཨོ་སི་ཊོ་ལི་ཡ་གཞུང་ནས་གཏན་འབེབས་གནང་རྒྱུའི་ཁྲིམས་གཞི་དེ་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་གཏོང་མཁན་དང་གཞི་རྒྱ་ཆེ་བའི་གཏོར་བཅོམ་སླད་མཚོན་ཆ་མཁོ་འདོན་བྱེད་མཁན། དྲྭ་ཐོག་ནས་གསོ་མྱུལ་བྱེད་མཁན། དེ་བཞིན་ལྐོག་ཟ་རུལ་སུངས་བྱེད་མཁན་བཅས་ལ་དམིགས་རྒྱུ་ཡིན་པ་མ་ཟད་ནག་ཉེས་ཅན་གྱི་མི་སྣ་དག་གི་འགྲུལ་སྐྱོད་ལ་བཀག་སྡོམ་དང་ཚོང་གི་འཁོར་རྒྱུགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པར་བརྗོད་འདུག གཞི་རྩའི་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Marise Payne ལགས་ཀྱིས་ Magnitsky Act ཞེས་པའི་ཁྲིམས་གཞི་ཕྱག་བསྟར་གནང་འཆར་གྱི་གནད་དོན་ཡོངས་གྲགས་མ་གནང་གོང་གི་ཟླ་བ་བརྒྱད་ཙམ་གྱི་སྔོན་ལ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་ཨོ་སི་ཊོ་ལི་ཡ་གཞུང་ནས་གང་མགྱོགས་ཁྲིམས་གཞི་དེ་ཕྱག་བསྟར་གནང་རྒྱུར་ནན་སྐུལ་ཞུས་ཡོད་པ་དང་། ཁྲིམས་གཞི་དེར་རྒྱབ་སྐྱོར་གནང་མཁན་ཚོས་ཨོ་སི་ཊོ་ལི་ཡ་ནང་མགྱོགས་མྱུར་ཁྲིམས་གཞི་དེ་དངོས་སུ་ཁྲིམས་སུ་བཅས་ཐུབ་རྒྱུར་ཚོད་དཔག་གནང་བཞིན་ཡོད་པ་དེ་ལྟར་ཡང་ཕྱོགས་གཞན་ཞིག་ནས་ཅི་སྟེ་ཨོ་སི་ཊོ་ལི་ཡ་གཞུང་ནས་ཁྲིམས་གཞི་དེ་དངོས་སུ་ཁྲིམས་སུ་བཅས་ནས་རྒྱ་ནག་གཞུང་དང་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་གྱུར་རྒྱུའི་ཉེན་ཁར་གཟིགས་བཞིན་ཡོད་པ་རེད་འདུག

ཆོས་དབྱངས་སྐྱིད་ལགས་ལ་རྒྱལ་སྤྱིའི་བེུད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་བདུན་པ་ཐོབ་པ།

ཉི་ཧོང་དུ་ཚོགས་བཞིན་པའི་ཨོ་རྩེད་འགྲན་ཚོགས་ཀྱིས་དུས་ཚོད་གཏན་འབེབ་གནང་དོན་ལྟར་དེ་རིང་ཉི་ཧོང་གི་ཕྱི་དྲོའི་ཆུ་ཚོད་ ༤༌༣༠ དང་རྒྱ་གར་གྱི་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་ཨོ་རྩེད་འདུར་རྒྱུག་པའམ་བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་བུད་མེད་ཀྱི་སྤྱི་ལེ་ ༢༠ ཅན་གྱི་འདུར་རྒྱུག་རྩེད་འགྲན་ནང་བེུད་ ༥༤ དང་ལྷན་དུ་མཉམ་ཞུགས་ཀྱིས་ཨང་རིམ་བདུན་པ་སོན་འདུག་པ་དང་ཁོ་མོ་དང་ཨང་རིམ་དྲུག་པའི་དབར་ལ་སྐར་ཆ་ ༢༥ ལས་ཁྱད་པར་མེད་པ་རེད་འདུགགཞི་རྩའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་བསྡུར་ལ་ཞུགས་ནས་བྱ་དགའ་རིམ་པ་ལེན་མྱོང་ཡོད་མཁན་གྱི་བོད་རིགས་ལུས་རྩལ་པ་ཆོས་དབྱངས་སྐྱིད་ལགས་ ༢༠༡༩ ལོའི་རྒྱལ་ཡོངས་འདུར་རྒྱུག་འགྲན་བསྡུར་ཆེན་མོར་སྤྱི་ལེ་ ༢༠ ཅན་གྱི་འདུར་རྒྱུག་ཁྲོད་ཨང་དང་པོ་བླངས་ཏེ་བོད་རིགས་མང་ཚོགས་ཁྲོད་དགའ་སྤོབས་སྐྱེ་འོས་པའི་མིག་དཔེ་གསར་པ་ཞིག་བཞག་ཡོད། ཐེངས་འདིའི་ཨོ་རྩེད་འགྲན་ཚོགས་ཐོག་རྒྱ་ནག་གི་སྐུ་ཚབ་མིང་ཐོག་ནས་བོད་རིགས་མཉམ་ཞུགས་གནང་མཁན་ཁོང་གཅིག་པོ་ཆགས་ཡོད་པ་རེད། ཁོང་ནས་དེ་རིང་ཉིན་རྒྱབ་སྤྱི་ལེ་ ༢༠ ཐམ་པར་འདུར་རྒྱུག་གནང་རྒྱུར་བཙན་བྱོལ་བོད་མི་མང་པོས་ཁ་སང་དགོང་མོ་ནས་ངང་སྒུག་གནང་བཞིན་པ་སྤྱི་ཚོགས་དྲྭ་ལམ་བརྒྱུད་གཟིགས་རྒྱུ་འདུག་པ་མ་ཟད་དེ་རིང་ཁོ་མོ་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་རིམ་བདུན་པ་སོན་པར་བོད་མི་ཚོས་དགའ་བསུ་ཞུ་བཞིན་འདུག

རྔ་བ་སྤྲོ་ཚིགས་དགོན་པའི་དགེ་བསྐོས་འཛིན་བཟུང་དང་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གློད་གྲོལ།

དེ་ཡང་ཁ་ས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་དུ་ཟླ་བ་སྔོན་མའི་ཚེས་ ༢༠ ཡས་མས་ཞིག་ལ་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་རང་ལོ་ ༤༥ ཙམ་ཡིན་པའི་དགེ་བསྐོས་དཀོན་མེ་ལགས་རྒྱ་གཞུང་ཉེན་རྟོགས་པས་རྒྱུ་མཚན་ཅི་ཡིན་གསལ་བཤད་མ་བྱས་པར་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་དང་། ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པའི་གནས་སུ་གྱུར་འདུག དགེ་བསྐོས་དཀོན་མེ་ལགས་ནི་སྤྲོ་ཚིགས་ཡུལ་ཚོའི་སྤྲོ་ཚིགས་སྡེ་བའི་གླང་ཚང་ནས་ཡིན་ཞིང་ཆུང་དུས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས་པ་ཞིག་རེད་འདུག དེ་བཞིན་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཞིག་དང་འབྲེལ་བ་ཡོད་པར་ཁ་གཡར་ནས་འཛིན་བཟུང་བྱས་པའི་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན་ལགས་སྐབས་དེར་མི་ལོ་ ༡༣ གྱི་ཁྲིམས་ཆད་བཏང་ཡོད་ཀྱང་། ད་ལྟ་ལོ་ ༡༠ བཙོན་འཇུག་རྗེས་ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ་ལོ་གསུམ་དུས་ཚོད་སྔ་སྣུར་གྱིས་གློད་གྲོལ་བཏང་འདུག ཁོང་གློད་གྲོལ་བཏང་པའི་རྒྱུ་མཚན་དང་གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མེད་སོགས་ད་ལྟའི་ཆར་ཤེས་རྟོགས་ཐུབ་མིན་འདུག རྩ་བའི་རྒྱ་ནག་གཞུང་གིས་བོད་ཐོག་ཆེས་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐོག་ལ་འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་དུས་ཚིགས་སྲུང་བརྩི་དང་བསྟུན་ནས་བོད་གཙོས་པའི་ས་ཁུལ་གཞན་ཚང་མའི་ནང་དུ་དམ་དྲག་ཇེ་ཆེར་གཏོང་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་འདི་ལོའི་གལ་གནད་ཆེ་བའི་དུས་ཚིགས་དང་བསྟུན་ནས་བོད་ཙམ་མ་ཟད་རྒྱ་ནག་ཁྱོན་ཡོངས་ཀྱི་མང་ཚོགས་ཁྲོད་ལ་རྒྱལ་ཞེན་དང་། དམར་ཤོག་ཚོགས་པར་བློ་དད་དང་བཀའ་དྲིན་རྗེས་དྲན་གྱི་བློ་བསྐྲུན་ཐབས་སོགས་ཀྱི་ལས་གཞི་སྣ་མང་ཞིག་སྤེལ་མུས་ཡིན་པ་རེད།

ཁེ་ན་ཌའི་སྲིད་བློན་མཆོག་ལ་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཐུགས་འགན་བཞེས་དགོས་པའི་ཞུ་འབོད།

ཁ་ཉིན་ཁེ་ན་ཌའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་  ༡༥ དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཉམས་ཞིབ་དང་འབྲེལ་བའི་གནད་ཡོད་སྡེ་ཁག་ ༣༠ ཙམ་གྱིས་ཡུལ་དེའི་སྲིད་བློན་སྐུ་ཞབས་ Justin Trudeau མཆོག་ལ་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཐུགས་འགན་དམིགས་བསལ་བཞེས་དགོས་པའི་ཞུ་འབོད་ཀྱི་སྙན་ཞུ་ཕུལ་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༣ ཉིན་ཁེ་ན་ཌ་ནང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་ ༡༥ ཙམ་དང་། ཧོང་ཀོང་དང་ཡུ་གུར། དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྩོད་མཁན།  བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་སྒེར་ཁག་འདྲ་མིན་ ༣༠ ཙམ་དང་། ཡུལ་དེའི་ནང་གི་བོད་རིགས་ཚོགས་པ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ནས་ཡུལ་དེའི་སྲིད་བློན་ Justin Trudeau མཆོག་གི་མཚན་ཐོག་ལ་ཡོངས་ཁྱབ་སྙན་ཞུ་ཕུལ་བའི་ནང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་མི་རྣམས་བཙན་བྱོལ་དུ་གྱར་བའི་གནས་ཚུལ་བྱུང་བ་ནས་བཟུང་། ད་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་ལྷན་དུ་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ཤེས་རིམ་པ་གནང་ཡོད་ཀྱང་། གྲོས་མོལ་རིམ་པ་ཁ་ཤས་གནང་རྗེས་ཕྱི་ལོ་ ༢༠༡༠ ནས་བཟུང་ད་བར་བོད་རྒྱ་འབྲེལ་མོལ་ཡོངས་སུ་མཚམས་ཆད་ཡོད་པ། དེའི་བར་ན་སྔ་ལོ་ཡུལ་དེའི་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་ལམ་ཚོགས་ཆུང་ངོས་ནས་སྤྱི་མོས་རྒྱབ་སྐྱོར་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་གྲོས་འཆར་བསྟན་ཡོད་ཀྱང་། བློ་ཕམ་པའི་གནས་ཚུལ་ཞིག་ལ་འདི་ལོའི་ཕྱི་ཟླ་ ༦ པའི་ནང་གྲོས་ཚོགས་སུ་གྲོས་འཆར་དེ་བསྣམས་སྐབས་གཏན་འབེབས་གནང་ཐུབ་མེད་པ་སོགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས། རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་གཞུང་གིས་བོད་མི་དང་ལྷན་དུ་ཞི་བའི་གྲོས་མོལ་གནང་དགོས་པའི་དགོས་འདུན་སྟོན་བཞིན་པའི་ཐོག་ལ་ཁེ་ན་ཌ་གཞུང་ངོས་ནས་ཀྱང་རྒྱབ་སྐྱོར་གསལ་སྟོན་གནང་དགོས་པ་དང་། དེའི་ཐོག་སྲིད་བློན་ Trudeau མཆོག་གི་ལས་ཁུངས་ནས་རྒྱ་ནག་ལ་བོད་རྒྱ་ཞི་མོལ་གནང་དགོས་པ་ཡོངས་གྲགས་ཐོག་གསུང་དགོས་པ་དང་། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ལྷན་དུ་བཀའ་མོལ་གནང་སྟེ་བོད་རྒྱ་ཞི་མོལ་སླར་གསོ་གནང་དགོས་པའི་གནོན་ཤུགས་སྤྲད་པ་སོགས་ཀྱི་ཐུགས་འགན་བཞེས་དགོས་པའི་ཞུ་འབོད་གནང་འདུག སྙན་ཞུ་དེའི་ནང་ད་དུང་། འདས་པའི་ལོའི་ནང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པོ་ཆགས་པའི་ཁྲོད་འདི་ལོའི་ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་དུ་བོད་དེ་བཞིན་ Syria དང་ལྷན་དུ་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་ཀྱི་ས་ཁུལ་གྲས་སུ་མིང་འདོན་གནང་ཡོད་པ་དང་། འཇར་མན་ཉམས་ཞིབ་པ་དང་ Reuters གསར་ཁང་གི་གནས་ཚུལ་མངོན་གསལ་གནང་བའི་ནང་དུ། བོད་མི་འབུམ་ ༥ ཙམ་དམག་རང་བཞིན་གྱི་ངལ་རྩོལ་ར་བ་སོགས་ཀྱི་ནང་དུ་བཞག་པ་དང་དེ་དག་ནང་བོད་རིགས་བེུད་རྣམས་ཀྱི་ཐོག་ལ་བཙན་གཡེམ་སོགས་ཀྱི་ཚབས་ཆེའི་གནད་དོན་བྱུང་བཞིན་པ་མ་ཟད་བོད་ས་ཁྱོན་ཡོངས་སུ་བོད་མིའི་བྱ་འགུལ་ཐོག་ལྟ་སྲུང་ནན་པོའི་དམ་དྲག་གིས་བོད་མི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་ཐབས་ཀྱི་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་བཞིན་པ་སོགས་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་མངོན་གསལ་དང་འབྲེལ། གནད་དོན་དེ་དག་རྐྱེན་པས་འདས་པའི་ལོའི་ནང་དུ་ཁོང་རྣམས་ནས་བོད་རྒྱ་ཞི་མོལ་ཡོང་རྒྱུ་དེ་ཛ་དྲག་གི་དགོས་མཁོ་ཞིག་ཏུ་རྩིས་བཞིན་ཡོད་པ་གསུངས་འདུག དེའི་བར་ན་རྒྱ་ནག་གཞུང་ངོས་ནས་ ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་བཙོན་འཇུག་བྱས་པ་གཙོས་པའི་མ་འོངས་༸རྒྱལ་བའི་ཡང་སྲིད་བདམ་རྒྱུའི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུའི་ཐབས་ཤེས་སྣ་མང་གཏོང་བཞིན་པ་ལྟར། ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བགྲེས་རུ་ཕེབས་བཞིན་པ་དང་རྒྱ་གཞུང་གི་ཐེ་བྱུས་ཤུགས་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་སུ་བོད་རྒྱ་ཞི་མོལ་གྱི་དགོས་མཁོ་དེ་བས་ཆེ་རུ་ཕྱིན་ཡོད་པ་གསུངས་ཏེ།  ཁེ་ན་ཌ་དེ་བཞིན་དམངས་གཙོ་དང་རང་དབང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བར་མའི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ཐོག་ཆ་ཤས་གལ་ཆེན་པོ་ལེན་རྒྱུ་ཡོད་པ་གསུངས་འདུག    

འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སློབ་མ་གཉིས་མ་གཏོགས་གཞན་རྣམས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་པ།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཁོངས་སུ་བཙན་བྱོལ་བོད་མིའི་སློབ་མ་༡༠༦༢ ནས་མཉམ་བཞུགས་ཀྱིས་སློབ་མ་གཉིས་མ་གཏོགས་གཞན་རྣམས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་ཡོད་པ་འཁོད་འདུགདེ་ཡང་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༦ ནས་ཁྱོན་སློབ་ཕྲུག་ ༡༠༦༢ ནས་མཉམ་བཞུགས་གནང་བའི་ཁོངས་སུ་སློབ་མ་ ༡༠༦༠ ཡིག་རྒྱུགས་འཕྲོད་དེ་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༩་༨༡ དང་ཆ་སྙོམས་བརྒྱ་ཆ་ ༧༨་༤༡ ཆགས་ཀྱི་ཡོད་པ་དང་། སྔ་ལོ་དང་བསྡུར་ཚེ་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༡་༥༨ དང་ཆ་སྙོམས་བརྒྱ་ཆ་ ༢་༢༡ འཕར་ཆ་བྱུང་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་སྔར་ལྷག་ཡར་རྒྱས་ཕྱིན་ཡོད་པ་བཀོད་འདུག དེ་བཞིན་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་སློབ་མ་ ༢༡ དང་། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ནས་སློབ་མ་ ༢ དེ་བཞིན་དྷ་སྟེང་བོད་ཁྱིམ་དང་། སུ་ཇཱ་བོད་ཁྱིམ། སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ་ནས་སློབ་ཕྲུག་རེ་རེ་བཅས་ཁྱོན་སློབ་མ་ ༢༧ ནས་བརྒྱ་ཆ་ ༩༥ དང་དེ་ལས་མང་བ་བླངས་ཏེ་སྲིད་སྐྱོང་གི་སློབ་ཡོན་ཐོབ་ཀྱི་འདུག་པ་མ་ཟད། ཚན་རིག་སྡེ་ཚན་དང་ཚོང་རིག་སྡེ་ཚན། དེ་བཞིན་སྒྱུ་རྩལ་སྡེ་ཚན་བཅས་ནས་སློབ་མ་བཅུ་ལ་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཡང་ཐོབ་ཀྱི་ཡོད་པ་རེད་འདུག རྩ་བའི་འདི་ལོ་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་སློབ་ཕྲུག་དང་དགེ་རྒན་རྣམས་ཀྱི་བདེ་འཇགས་དང་བདེ་ཐབས་བཅས་ལ་གཞིགས་ཏེ། ཕྱི་ཟླ་ ༦ ཚེས་ ༡ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ཡིག་རྒྱུགས་མེད་པ་བཟོས་ཏེ་སློབ་ཚན་ཁག་༣༠:༣༠:༤༠འི་ལམ་ནས་ཨང་གྲངས་འབུལ་ཕྱོགས་ཀྱི་ལམ་སྟོན་གསར་པ་ཞིག་གསལ་བསྒྲགས་སྤེལ་ཡོད་པ་དང་། དེ་ཡང ༣༠:༣༠:༤༠ ཞེས་པའི་ནང་ནས་ ༣༠ དང་པོ་དེ་སྔ་འཛིན་རིམ་བཅུ་པའི་སློབ་ཚན་གཙོ་བོ་ལྔ་ལས་འབྲི་རྒྱུགས་གྲུབ་འབྲས་ཡག་ཤོས་གསུམ་གྱི་ཆ་སྙོམས་བརྒྱ་ཆ་༣༠ དང་།  ༣༠ གཉིས་པ་དེ་འཛིན་རིམ་བཅུ་གཅིག་གི་འབྲི་རྒྱུགས་གྲུབ་འབྲས་གཞིར་བཞག་པའི་བརྒྱ་ཆ་ ༣༠། མཐའ་མའི་ ༤༠ དེ་འཛིན་རིམ་བཅུ་གཉིས་ཀྱི་ཟླ་རེའི་དང་། ལོ་ཕྱེད། སྔོན་འགྲོའི་ཡིག་རྒྱུགས་བཅས་ལ་གཞིར་བཞག་པའི་བརྒྱ་ཆ་ ༤༠ དེ་ཆགས་ཀྱི་ཡོད་པ་རེད།    

གྲོས་ཚོགས་ཀྱི་ལས་རིམ་སྔར་རྒྱུན་བཞིན་འགྲོ་ཐུབ་རྒྱུར་འབྲེལ་ཡོད་ཕྱོགས་ཡོང་ནས་དགོངས་པ་བཞེས་དགོས།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་འཐུས་མི་རྣམ་པ་སྡིངས་ཆ་གཅིག་གི་ཐོག་ཏུ་བབས་ནས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་ལ་ཕེབས་མ་ཐུབ་པའི་དཀའ་རྙོག་དེ་དེ་མུར་ལྷག་ནས་ཟླ་བ་གཉིས་ཙམ་འགྲོ་བཞིན་པའི་མཚམས་འདིར་བཞུགས་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་བཞི་ཐུན་མོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་། འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་འདེམས་སོགས་གྲོས་ཚོགས་ཀྱི་ལས་རིམ་སྔར་རྒྱུན་བཞིན་འགྲོ་ཐུབ་རྒྱུར་འབྲེལ་ཡོད་ཕྱོགས་ཡོངས་ནས་དགོངས་པ་བཞེས་རོགས་ཞེས་རེ་སྐུལ་གནང་འདུག དེ་ཡང་དེ་རིང་ཕྱི་ཟླ་ ༨ ཚེས་ ༤ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་རྟེན་ནོར་བུ་ལགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་བཅས་ལྷན་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། ད་ཆ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་མ་ཐུབ་པ་དང་། འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་བསྐོ་གཞག་མ་ཐུབ་པ་སོགས་དགྲ་དགའ་གཉེན་སྡུག་གི་གནས་སྟངས་འདི་དག་གི་འབྱུང་རྐྱེན་གཙོ་བོ་ནི་ནང་ཁུལ་བཟོད་བསྲན་དང་། ཁོག་ཡངས། གཅིག་གི་གཅིག་ལ་བརྩི་བཀུར་སོགས་བྱེད་མ་ཐུབ་པ་སོགས་ཀྱི་གནད་དོན་འབའ་ཞིག་ལ་ཐུག་པ་སོགས་འགྲེལ་བརྗོད་དང་སྦྲགས། ཉེ་ཆར་ཕྱི་ཟླ་ ༦ པའི་ཚེས་ ༨ ཉིན་བདམས་ཐོན་སྤྱི་འཐུས་ ༤༤ ནས་དམ་འབུལ་ཞུ་ཡུལ་ཁག་གཉིས་ཀྱི་ཐོག་ནས་དམ་འབུལ་བཞེས་ཟིན་སྟབས། ནང་ཁུལ་ཁྲིམས་སྒྲིག་གི་འགྲེལ་བཤད་ལས་གལ་ཆེ་བ། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩ་བོད་མིའི་མང་གཙོའི་གཞུང་འདི་བཞིན་བསྐྱར་གསོ་དང་རྒྱུན་གནས་ཡོང་ཆེད། སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་མང་མོས་གང་བྱུང་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་། འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་འདེམས་སོགས་གྲོས་ཚོགས་ཀྱི་ལས་རིམ་སྔར་རྒྱུན་བཞིན་འགྲོ་ཐུབ་རྒྱུར་འབྲེལ་ཡོད་ཕྱོགས་ཡོང་ནས་དགོངས་པ་བཞེས་རོགས་ཞེས་རེ་སྐུལ་གནང་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི་མང་ཚོགས་ཀྱི་མངོན་འདོད་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་བསྩལ་མཛད་པའི་ཡང་དག་པའི་མང་གཙོའི་སྒྲིག་འཛུགས་འདི་བཞིན་རྒྱུན་སྐྱོང་དང་མདུན་བསྐྱོད། བོད་མིའི་འཐབ་རྩོད་རྒྱུན་སྐྱོང་དང་ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་སྔར་ལྷག་ཡོངས་ཐབས་བཅས་ལ་འབད་བརྩོན་གནང་རྒྱུ་སོགས་ཆགས་ཀྱི་ཡོད་སྟབས། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་དབུ་ཚུགས་ཟིན་པའི་རྗེས་སུ་ཕྱོགས་ཚང་མས་གཞུང་བསྟེན་སྲུང་མ་དམར་ནག་གཉིས་དཔང་པོར་བཞག་སྟེ་ད་ལྟའི་དཀའ་རྙོག་ཐོག་གླེང་སློང་མི་གནང་རྒྱུའི་ཁས་ལེན་དང་། ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁ་གསལ་མེད་པ་དང་། འགྲེལ་བཤད་གནང་ཕྱོགས་མི་འདྲ་བའི་སྐྱོན་ཆ་དང་དོགས་གནས་གང་ཡོད་རྣམས་སེལ་ཐབས་སུ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་གནང་གལ་ཡོང་བའི་འབོད་སྐུལ་གནང་ཡོད། གཞི་རྩའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམ་ཐོན་སྤྱི་འཐུས་རྣམ་པའི་ལས་ཁུར་དམ་འབུལ་གྱི་མཛད་རིམ་སྐབས་སུ་བདམས་ཐོན་སྤྱི་འཐུས་ ༢༡ ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་བཞེས་པ་དང་། བདམས་ཐོན་སྤྱི་འཐུས་ ༢༢ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་བཞེས་ཏེ། ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་པའི་དབང་གིས་བཅའ་ཁྲིམས་དགོངས་དོན་ལྟར་གྲོས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་མ་ཚང་པའི་དབང་གིས་ད་བར་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཁག་གནང་མ་ཐུབ་པར་དེ་མུར་ལྷག་ཡོད།

Latest news