Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་ནག་གིས་རྒྱལ་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྲིད་གཞུང་ལ་རྩིས་སྤྲོད་ཀྱི་བཙན་བཀའ་བཏང་བ།

ཟླ་བ་སྔོན་མའི་ནང་དུ་རྒྱ་ནག་གི་སྲིད་ཞི་ཅིན་ཕིང་བོད་ཁུལ་དུ་ལྟ་སྐོར་ལ་ཕྱིན་སྐབས་བོད་ཁུལ་གྱི་མཁན་བླ་སྤྲུལ་རྣམས་ཀྱིས་བཙུགས་པའི་སྒེར་གཉེར་གྱི་སློབ་གྲྭ་ཁག་སྒོ་རྒྱག་དགོས་བའི་བཙན་བཀའ་བཏང་སྟེ།  སྐུ་མཁར་སེང་འབྲུག་སྟག་རྩེ་སློབ་གླིང་། ཀུན་ཕན་བརྩེ་སྐྱོང་སློབ་གྲྭ་གཙོ་བྱས་པའི་བོད་ཁུལ་གྱི་སློབ་གྲྭ་ཁག་ཅིག་འཕྲལ་དུ་སྒོ་རྒྱག་ཏུ་བཅུག་པ་དང་འབྲེལ། ད་ཆ་རྒྱ་ནག་གི་ནང་དུ་ཡང་སྒེར་གཉེར་གྱི་སློབ་གྲྭ་ཡོངས་རྫོགས་སྒོ་རྒྱག་བཞིན་པའི་གནས་ཚུལ་ཐོན་འདུགདེ་ཡང་དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ཆ་རྒྱ་ནག་དམར་ཤོག་དབུས་གཞུང་གི་བཀའ་རྒྱ་བཏང་བ་བརྒྱུད་ནས། རྒྱ་ནག་ནང་གི་སྒེར་བཙུགས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་སྒོ་བརྒྱབ་ནས་སློབ་ཕྲུག་ཡོད་ཚད་སྲིད་གཞུང་གི་སྟངས་འཛིན་ཡོད་པའི་དམངས་སློབ་ཀྱི་ཁོངས་སུ་འཇུག་བཞིན་པའི་གནས་ཚུལ་ཐོན་བཞིན་པའི་ནང་། འདས་བའི་ཟླ་བ་གསུམ་གྱི་ནང་ཚུད་དུ་རྒྱ་ནག་དམར་གཞུང་གི་བཀས་བཀོད་བརྒྱུད་ནས། རྒྱ་ནག་ནང་གི་སྒེར་གཉེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ ༡༣ ཙམ་སྲིད་གཞུང་གི་ཀུན་གསུབ་གང་ཡང་མེད་པར་སྒོ་རྒྱག་ཏུ་བཅུག་ཡོད་པ་རེད་འདུགFinancial Times ཞེས་པའི་གསར་ཁང་གིས་རྒྱ་ནག་ནང་གི་སྒེར་གཉེར་གྱི་སློབ་གྲྭའི་སྐོར་ལ་རྒྱུས་ལོན་བྱས་པའི་ནང་དུ། རྒྱ་ནག་གི་ནང་དུ་མ་མཐའ་ཡང་སྒེར་གཉེར་སློབ་གྲྭ་འབུམ་གཉིས་མ་ཟིན་ཙམ་ཡོད་པ་དང་། དེ་དག་གི་ཁོངས་སུ་སྒེར་གཉེར་གྱི་སློབ་གྲྭ་འགྲིམས་མཁན་གྱི་སློབ་མའི་གྲངས་ཚད་ས་ཡ་ ༥༦ ཙམ་ཟིན་ཡོད་པར་ཤེས་རྟོག་བྱུང་ཡོད་ནའང་། ད་ཆ་རྒྱ་ནག་ནང་གི་སྒེར་གཉེར་གྱི་སློབ་གྲྭ་ཁག་སྲིད་གཞུང་གི་བཀའ་རྒྱའི་འོག་ཡོངས་སུ་སྒོ་རྒྱག་རྒྱུ་ཡིན་པར་འཁོད་འདུག གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གི་དཔོན་རིགས་ཁག་གིས་སྒེར་གཉེར་གྱི་སློབ་གྲྭ་ཁག་གིས་རྒྱལ་ཁབ་རྩ་འཛུགས་ཀྱི་བྱ་བར་ཕན་ཐོགས་སྐྲུན་ཐུབ་པར་ཡིད་ཆེས་བྱེད་ཀྱི་མེད་ནའང་། ཕྱོགས་གཞན་གཞན་ཞིག་ནས་སྲིད་གཞུང་གི་རྩ་འཛུགས་བྱས་པའི་སློབ་གྲྭ་ཁག་གིས་རླབས་ཆེན་གྱི་སྲི་ཞུ་སྒྲུབ་བཞིན་པར་ངོས་འཛིན་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག རྒྱ་ནག་སྲིད་གཞུང་གིས་ཞིང་ཆེན་རིམ་པར་བཀྲམས་པའི་བསྒྲགས་ཡིག་གི་ནང་དུ། སྲིད་གཞུང་གིས་བཙུགས་པའི་དམངས་སློབ་ཁག་ནི་ངེས་བར་དུ་སྤྲོད་དགོས་བའི་སློབ་གསོ་ཁྱབ་སྤེལ་བྱེད་མཁན་ཡིན་པ་གསལ་བོར་ཤེས་དགོས་བར་བཀའ་བཏང་ནས། ད་ཆ་སྒེར་གཉེར་སློབ་གྲྭ་ཁག་གཞུང་འཛིན་གྱི་སློབ་གྲྭ་ཁག་ཏུ་ཁ་བསྒྱུར་བྱེད་རྒྱུར་གཞུང་འབྲེལ་གྱིས་སྐུལ་སློང་བྱེད་ཀྱི་ཡོད་པར་བསྒྲགས་འདུག རྒྱ་ནག་གི་ཤར་ཕྱོགས་ཁུལ་གྱི་ཧྲན་ཏུང་གྲོང་ཁྱེར་ནང་གི་སྒེར་གཉེར་སློབ་གྲྭ་ཞིག་གི་སློབ་གཙོ་ Alex Li ཟེར་བས། སྒེར་གཉེར་གྱི་སློབ་གྲྭ་ཁག་ལ་གཅིག་བྱས་ན་དཀའ་ངལ་ཡོད་སྲིད་པ་ཞིག་ཡིན་ནའང་། སྲིད་གཞུང་གིས་བཙན་འཕྲོག་བྱེད་བཞིན་པ་དེ་ནི་ཐབས་ལམ་ཞིག་མ་རེད་ཅེས་བརྗོད་ཡོད་པ་དང་། སྤྱི་ཡོངས་ཀྱིས་ད་ཆ་རྒྱ་ནག་གིས་བཙན་དབང་གིས་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་ཏུ་འཇུག་བཞིན་པའི་གནད་དོན་དང་འབྲེལ་ནས། རྒྱ་ནག་ནང་གི་སྤྱི་ཡོངས་ཀྱི་ཤེས་ཡོན་བརྒྱུད་སྤྲོད་ཀྱི་སྤུས་ཚད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་དང་། དེ་བཞིན་མི་སྒེར་གྱི་རྒྱུ་ནོར་གྱི་ཁེ་དབང་རྡོག་རོལ་ཐེབས་རྒྱུར་སེམས་འཚབ་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པར་མངོན་གསལ་གནང་འདུག Liu Qian ཟེར་བ་ཞིག་གིས་བརྗོད་པ་ལྟར་ན། སྒེར་གཉེར་གྱི་སློབ་གྲྭ་ཁག་གིས་སློབ་མ་མང་པོ་སྐོང་འགུག་བྱེད་དགོས་སྟབས་ཤེས་ཡོན་བརྒྱུད་སྤྲོད་ཀྱི་སྤུས་ཚད་གཞུང་འཛིན་གྱི་དམངས་སློབ་ཁག་ལས་ཡག་པོ་ཡོད་ནའང་།  རྒྱ་ནག་སྲིད་གཞུང་གིས་སྒེར་གཉེར་གྱི་སློབ་གྲྭའི་བསླབ་གཞི་ཁག་ལ་སྟངས་འཛིན་བྱེད་དཀའ་བར་གྱུར་ཏེ་ད་ཆ་སྒེར་གཉེར་གྱི་སློབ་གྲྭ་ཁག་དངོས་སུ་བཙན་དབང་གིས་སྒོ་རྒྱག་བཞིན་པ་རེད་འདུགགཞི་རྩའི་རྒྱ་ནག་གིས་ཟླ་བ་སྔོན་མའི་ནང་མཚོ་སྔོན་ཞིང་ཆེན་ས་ཁོངས་སུ་ཆ་བགོས་བྱས་པའི་མགོ་ལོག་ཁུལ་དུ་སློབ་གྲྭ་ཁག་ཅིག་དངོས་སུ་སྒོ་རྒྱབ་པའི་གནས་ཚུལ་ཕྱི་ལ་ཐོན་ཡོད་པ་མ་ཟད། ད་འདི་གའི་གསར་འགོད་པར་འབྲེལ་ཡོད་ཀྱི་ཉམས་ཞིབ་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ཁོངས་སུ། རྒྱ་ནག་གིས་བཙན་དབང་གིས་སྒོ་རྒྱག་དགོས་བར་སྐུལ་བའི་བོད་ཁུལ་གྱི་སྒེར་གཉེར་གྱི་སློབ་གྲྭའི་ཐོ་གཞུང་དུ།  ཡུལ་ཤུལ་དམངས་ཕན་སློབ་གྲྭ། ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་།  རྡོ་རྗེ་ལྡན་ལག་རྩལ་་སློབ་གྲྭ།  མགོ་ལོག་རྟ་བྲག་སློབ་གྲྭ།  གཅིག་སྒྲིལ་སྨིན་ཐང་སློབ་གྲྭ། རྨ་ཆེན་གངས་ལྗོངས་རིག་མཛོད་སློབ་གྲྭ།  རྩྭ་ཐང་བུ་མོའི་སློབ་གྲྭ།  སྨིན་ཐང་བཅུ་ཕྲག་རིག་མཛོད་སློབ་གྲྭ།  པད་མ་རྫོང་བྱམས་སྐྱོང་སློབ་གྲྭ་སོགས་ཀྱི་སློབ་གྲྭ་བཅུ་གཉིས་ཙམ་ཉེན་ཁའི་གནས་སུ་ལྷུང་ཡོད་པ་རེད་འདུག

སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཞིག་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག

རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་སུ་ས་བགོས་བྱས་པའི་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེའི་སློབ་གྲྭའི་དགེ་རྒན་མཚན་ལ་རིན་ཆེན་སྐྱིད་ཞུ་བ་ཞིག་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་འདུག དེའང་མིང་གསལ་བོ་གནང་འདོད་མེད་པའི་བོད་མི་ཞིག་གིས་གསར་འགོད་པར་གསུངས་བར་གཞིགས་ན། རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་བཙན་དབང་གི་སྒོ་བརྒྱབ་ཏུ་བཅུག་པའི་སེང་འབྲུག་སྟག་རྩེའི་སློབ་གྲྭའི་རྒན་རིན་ཆེན་སྐྱིད་ལགས་ཟླ་བ་འདིའི་ཚེས་ ༡ ཉིན་བཙན་ཁྲིད་བྱས་པ་དང་། ད་ལྟའི་ཆར་ཁོ་མོ་བཙོན་ཁང་གང་དུ་བཙན་ཁྲིད་བྱས་པ་དང་ཉེས་ཆད་གང་ཞིག་བཅད་པ། དེ་བཞིན་གཟུགས་གཞིའི་གནས་སྟངས་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག རྒན་རིན་ཆེན་སྐྱིད་ལགས་ནི་ལོ་མང་པོའི་རིང་སྟག་རྩེ་སློབ་གྲྭར་ཕྱག་ལས་གནང་ནས་དགེ་རྒན་གྱི་ཆེད་ལས་ཐོག་ཉམས་མྱོང་དང་སློབ་གྲྭ་དེར་རྒྱུས་མངའ་ཟབ་མོ་ཡོད་མཁན་ཞིག་རེད་འདུག རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་༧ཚེས་༨ ཉིན་སློབ་གྲྭ་དེ་བཙན་དབང་གིས་སྒོ་བརྒྱབ་རྗེས། རྒན་རིན་ཚེན་སྐྱིད་ལགས་ཀྱིས་སེམས་ནས་མ་བཟོད་ནས་སྔ་དགོང་གི་ཟས་མ་མཆོད་ནས་ཉིན་གྲངས་བཅུ་གྲངས་ཤིག་ཕྱིན་པའི་ཁྲོད་ཁོ་མོའི་སྐུ་གཟུགས་ཧ་ཅང་སྐྱོ་བོ་ཆགས་སྟབས། ཁོང་གི་ཕ་མ་དང་སྤུན་མཆེད་རྣམས་ཀྱིས་སེམས་ཁུར་གནང་བའི་ཐོག་སྨན་ཁང་ལ་ཁྲིད་ཐབས་བྱས་ཀྱང་རྒན་ལགས་ནས་ཕེབས་འདོད་གནང་མེད་པ་རེད་འདུག ཕྱིས་སུ་ས་གནས་ཀྱི་ཉེན་རྟོག་པས་གནས་ཚུལ་དེ་ཤེས་རྗེས་ཁོ་མོ་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་ཉེས་མིང་འོག་ནས་བཙན་ཁྲིད་ཀྱིས་ཟི་ལིང་ལ་ཁྲིད་ནས་ད་ཆ་ཉིན་བརྒྱད་ཙམ་འགྲོ་བཞིན་ཡོད་པ་རེད། རྒན་རིན་ཆེན་ལགས་ནི་ད་ལྟ་རང་ལོ་ ༤༠ ཡས་མས་ཡིན་པ་དང་ཁོང་སེང་འབྲུག་སྟག་རྩེ་སློབ་གྲྭའི་ལོ་རིམ་གསུམ་པའི་བོད་ཕྲུག་ཚོ་ལ་བོད་ཡིག་སློབ་མཁན་ཡིན་པ་མ་ཟད་ལོ་ན་ ༡༣ ལ་སོན་པའི་བུ་ཕྲུག་ཅིག་གི་ཨ་མ་ཞིག་ཀྱང་རེད་འདུག རྩ་བའི་མདོ་སྨད་མགོ་ལོག་དར་ལག་རྫོང་གི་ས་གནས་གཞུང་ནས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གོང་རིམ་གྱི་བཀའ་མངགས་འོག རྫོང་དེའི་ནང་རྟེན་གཞི་བྱས་པའི་སེང་འབྲུག་སྟག་རྩེ་སློབ་གླིང་དང་། གཞན་ཡང་ཀུན་ཕན་བརྩེ་སྐྱོང་སློབ་གྲྭ་གཙོ་བྱས་པའི་བོད་གཉེར་གྱི་སློབ་གྲྭ་ཁག་ཅིག་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་ཡོད་པ་རེད། སེང་འབྲུག་སྟག་རྩེ་སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༩༨ ལོར་མཁན་སྤྲུལ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་གསར་འཛུགས་གནང་ཞིང་། ཐོག་མར་སློབ་གྲྭ་དེར་དར་ལག་རྫོང་ཁོངས་ཀྱི་ཡུལ་ཚོ་དགུའི་ནང་གི་ད་ཕྲུག་སློབ་མ་གསར་བསྡུ་གནང་ནས་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། ཕྱིས་སུ་ཐེ་ཝན་དུ་ཡོད་པའི་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ལགས་ཀྱིས་སྦྱིན་བདག་གི་འོག་ནས་སློབ་གྲྭ་རྒྱ་བསྐྱེད་གནང་སྟེ། དར་ལག་རྫོང་ཁོངས་སུ་བོད་སྐད་བོད་ཡིག་གཙོ་བོར་བཟུང་བའི་ཤེས་ཡོན་ལྟེ་གནས་ཆེ་ཤོས་ཤིག་ཏུ་གྱུར་ཏེ། མི་ལོ་ཉི་ཤུ་རྩ་གྲངས་ཀྱི་རིང་ལ་སློབ་མ་མང་པོ་སྐྱེད་སྲིང་གིས་མགོ་ལོག་ཁུལ་དུ་སྐད་གྲགས་ཆེས་ཆེར་ཡོད་པའི་སློབ་གླིང་ཞིག་ཆགས་ཡོད་པ་རེད་འདུག

རྒྱ་གཞུང་གིས་སྐྱེ་རྒུ་མདོ་ནས་བོད་མི་གསུམ་འཛིན་བཟུང་། 

རྒྱ་ནག་གཞུང་གིས་བོད་ཁམས་སྐྱེ་རྒུ་མདོ་ནས་རིན་ཆེན་རྡོ་རྗེ་ལགས་དང་སྐལ་བཟང་ཉི་མ་ལགས། ལྷུན་གྲུབ་ལགས་བཅས་བོད་མི་གསུམ་ལ་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ཟླ་བ་འདིའི་ཚེས་ ༤ ཉིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པར་བརྟེན་ད་ལྟའི་ཆར་ཁོང་རྣམས་གར་སོང་ཆ་མེད་དུ་གྱུར་དུགབོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་འདི་ལོ་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་དུས་ཚིགས་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་བསྟུན་བོད་གཙོས་པའི་རྒྱ་ནག་གི་དབང་འཛིན་འོག་ཡོད་པའི་ས་ཁུལ་ཚང་མར་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པའི་ཁྲོད་འདིར་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ནང་གི་སྐྱེ་རྒུ་མདོ་ནང་དུའང་དམག་མི་ཕོན་ཆེ་འགྲེམས་འཇོག་དང་དེ་སྔ་འགག་སྒོ་རིགས་གང་ཡང་མེད་པའི་ས་ཚིགས་གང་སར་ཉེན་རྟོག་པས་དགག་སྒོ་ཆེད་དུ་བཙུགས་ཏེ་མང་ཚོགས་ཀྱི་འགྲོ་འོང་དང་ཁ་པར་སོགས་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་པ་ལྟར་ཉེ་ཆར་སྐྱེ་རྒུ་མདོར་སྲིད་གཞུང་གི་མཛད་སྒོ་ཞིག་ཚོགས་སྐབས་སུ་ཚེས་ ༤ ཉིན་རྒྱབ་སྐྱེ་རྒུ་མདོའི་རོལ་རྩེད་ཐང་ཆེན་གྱི་ཉེ་འགྲམ་དུ་གསར་བཟོ་བྱས་པའི་ཉེན་རྟོག་པའི་འགག་སྒོ་ཞིག་ནས་བོད་མི་རིན་ཆེན་རྡོ་རྗེ་ལགས་དང་ཁོང་གི་གྲོགས་པོ་སྐལ་བཟང་ཉི་མ་ལགས། ལྷུན་གྲུབ་ལགས་བཅས་གསུམ་གྱི་ཁ་པར་ཞིབ་བཤེར་བྱས་ནས་ཁོང་གསུམ་གྱིས་ཚོགས་མི་ ༢༠༠ ལྷག་ཡོད་པའི་བཙན་བྱོལ་ནང་གི་སྐད་འཕྲིན་ཚོགས་པ་ཞིག་ལ་ས་གནས་ལ་དམ་དྲག་དང་འབྲེལ་བའི་པར་རིས་དང་གནས་ཚུལ་བཏང་བའི་ཉེས་མིང་འོག་འཕྲལ་མར་ལག་ལྕགས་བརྒྱབ་ནས་འཛིན་བཟུང་བྱས་ཡོད་པ་དང་ད་ལྟའི་ཆར་ཁོང་རྣམས་བཙོན་ཁང་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུགརྩ་བའི་ཉེ་ཆར་ཟླ་ ༨ ཚེས་ ༣ དང་ ༤ བཅས་ལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ ༧༠ འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་ས་གནས་ཀྱི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་མངོན་རྒྱུ་འདུག ཉེ་ཆར་འཛིན་བཟུང་བྱས་པའི་རིན་ཆེན་རྡོ་རྗེ་ལགས་ནི་སྡོམ་མདའ་ཡུལ་མཚོ་ནས་ཡིན་ཞིང་དུས་རྒྱུན་གླ་འཁོར་གཏོང་མཁན་ཞིག་ཡིན་པ་དང་ཁོང་གི་གྲོགས་པོ་སྐལ་བཟང་ཉི་མ་ལགས་དང་ལྷུན་གྲུབ་ལགས་གཉིས་སེར་ཤུལ་ནས་རེད་འདུག

ལྷ་ས་གོང་དཀར་གནམ་ཐང་གི་རྒྱུགས་ལམ་གསར་རྒྱག་སྒོ་འབྱེད།

བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་པའི་ལྷ་ས་གོང་དཀར་གནམ་ཐང་གི་རྒྱུགས་ལམ་གསར་རྒྱག་སྒོ་འབྱེད་བྱས་པ་དང་དེའི་བརྒྱུད་རྨང་གཞི་འཛུགས་སྐྲུན་གྱི་སྐྱེལ་འདྲེན་དག་རིམ་བཞིན་ཧི་མཱ་ལ་ཡའི་མངལ་ཁུལ་དུ་རྒྱ་སྐྱེད་བྱས་ཏེ་དེ་འབྲེལ་ས་ཁུལ་ལྷོ་ཨེ་ཤ་ཡའི་ཆེད་གོ་ལའི་དམག་འགུལ་ཐབས་བྱུས་ཀྱི་ལྟེ་གནས་ཤིག་ཏུ་འགྱུར་རྒྱུར་དམིགས་བཞིན་ཡོད་པ་རེད་འདུགརྒྱ་གཞུང་གིས་གཉེར་བའི་ Global Times བརྒྱུད་ལམ་ཐོག་གསར་འགྱུར་བཀོད་པ་ལྟར་ན་གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པ་ཉིན་ལྷ་ས་གོང་དཀར་གནམ་ཐང་དུ་གསར་རྒྱག་བྱས་པའི་རྒྱུགས་ལམ་གསུམ་པ་སྒོ་འབྱེད་དང་འབྲེལ་ཏེ། དེས་ཐག་རིང་ས་ཁུལ་ཁག་ཏུ་རྨང་གཞི་འཛུགས་སྐྲུན་གོང་འཕེལ་མྱུར་བ་བརྒྱུད་ནས་ས་གནས་མི་མང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཇེ་ཚང་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་སྙིང་ལྡན་ཡོད་ཅེས་འཁོད་འདུག ད་རེས་མ་དངུལ་ཨ་སྒོར་ས་ཡ་ ༦༠༣ ལྷག་ཆེད་གཏོང་གིས་གནམ་ཐང་གི་རྒྱུགས་ལམ་གསུམ་པ་གསར་རྒྱག་བྱས་པ་དེས་ལྷ་ས་དེ་ལྷོ་ཨེ་ཤ་ཡའི་ཆེད་གོ་ལའི་དམག་འགུལ་ཐབས་བྱུས་ཀྱི་ལྟེ་གནས་ཤིག་ཏུ་འགྱུར་བར་ཕན་ཐོགས་རྒྱུ་དང་ལོ་རེར་འགྲུལ་བཞུད་པ་ས་ཡ་དགུ་དང་དངོས་ཟོག་ཀི་ལོ་ཁྲི་བརྒྱད་ཀྱི་ལྗིང་ཚད་སྐྱེལ་འདྲེན་ཐུབ་པའི་ནུས་ཤུགས་ལྡན་ཡོད་པ་མ་ཟད་དེ་ནི་བོད་ནང་ད་བར་གནམ་ཐང་ཡོད་པའི་ཁྲོད་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་བརྒྱ་ཆ་ ༧༥ ལྷག་ལྡན་པའི་གནམ་ཐང་ཆེ་ཤོས་ཆགས་ཀྱི་ཡོད་པ་རེད། Shanghai ལྟེ་གནས་ཁང་གི་རྒྱལ་སྤྱིའི་རིག་པའི་དྲུང་ལས་སྐུ་ཞབས་ Liu Zongyi ཡིས་འདས་པའི་ལོ་ཁ་ཤས་རིང་ནས་བོད་ནང་གི་རྨང་གཞི་འཛུགས་སྐྲུན་གྱི་རྐྱེན་གྱིས་མི་མང་དང་འབྲེལ་བའི་མཁའ་ལམ་འགྲུལ་བཞུད་དང་མེ་འཁོར་ལྕགས་ལམ། དེ་བཞིན་གཞུང་ལམ་རྒྱ་སྐྱེད་ཀྱི་ལས་གཞི་སོགས་མྱུར་པོ་ཆགས་ཡོད་པ་མ་ཟད་ལྷོ་ཨེ་ཤ་ཡའི་ཆེད་དུ་རྒྱལ་སྤྱིའི་དམག་འགུལ་ཐབས་བྱུས་སུ་འགྱུར་བར་ཕན་ཐོགས་ཡོད་ཚུལ་བཤད་འདུགབོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་དཔལ་ལྡན་བསོད་ནམས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་རྒྱ་ནག་གིས་ཕྱོགས་གཅིག་ནས་གནམ་ཐང་གསར་རྒྱག་གི་ལས་གཞི་དེ་ནི་མི་མང་འགྲིམ་འགྲུལ་དང་སྐྱེལ་འདྲེན་སྟབས་བདེར་ཡོང་ཆེད་དུ་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་ཛ་དྲག་གི་དུས་སྐབས་སུ་གནམ་ཐང་དེ་དག་རྒྱ་ནག་གི་མཐའ་དམག་མཁོ་འདོན་དང་དམག་ཆས་སྐྱེལ་འདྲེན་ལ་ཕན་ནུས་ཡོང་རྒྱུར་དམིགས་ཡོད་སྐོར་གསུངས་ཡོད། གཞི་རྩའི་ལྷ་ས་གོང་དཀར་གནམ་ཐང་དེ་ཐོག་མ་ཕྱི་ལོ་ ༡༩༩༦ ལོར་གསར་རྒྱག་གིས་འཛམ་གླིང་ཁྲོད་ཀྱི་ས་མཐོ་ཤོས་ཀྱི་གནམ་ཐང་དང་ཁྱད་པར་དུ་བོད་ནས་བལ་ཡུལ་གྱི་རྒྱལ་ས་ Kathmandu མཁའ་ལམ་བརྒྱུད་ཕུར་མཁན་རྒྱལ་སྤྱིའི་གནམ་ཐང་གཅིག་པོ་དེ་ཆགས་ཀྱི་ཡོད་པ་རེད། སྤྱིར་བོད་ནང་ད་བར་ལྷ་ས་གོང་དཀར་གནམ་ཐང་གཙོས་ཉིང་ཁྲི་དང་གཞིས་ཀ་རྩེ། མངའ་རིས་གནམ་ཐང་སོགས་ཡོད་པ་དེ་དག་ཐམས་ཅད་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད། གཞི་རྩའི་འདས་པའི་ལོ་ཤས་རིང་ནས་རྒྱ་ནག་གིས་རླུང་ཁམས་དང་རྒྱ་ལམ། དེ་བཞིན་ལྕགས་ལམ་སོགས་ཀྱི་རྨང་གཞི་འཛུགས་སྐྲུན་གྱི་ལས་གཞི་འོག་ནས་མཐའ་མཚམས་ཁག་ཏུ་རྒྱ་ནག་གི་མི་མང་དང་དམག་མི་གཉིས་སྐྱེལ་འདྲེན་ལ་དམིགས་ཡོད་པ་ཞིག་ཡིན་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་སྲུང་བརྩི།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་ཐོག    བཞུགས་སྒར་ཁུལ་གྱི་དབུས་ས་གཉིས་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མེག་གྷན་ཁྲོམ་གཞུང་དུ་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་སྲུང་བརྩི་ཞུས་ཏེ། བོད་ཀྱི་ཆབ་སྲིད་བཙོན་པ་ཆུང་ཤོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོ་བྱས་པའི་བོད་མིའི་བསྟན་སྲིད་ཀྱི་ཆེད་དུ་རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ་ཡོངས་གང་མགྱོགས་གློད་གྲོལ་ཡོང་བར་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་གིས་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་དགོས་བའི་ཞུ་སྐུལ་གནང་སོང་། དེ་རིང་གི་ལས་འགུལ་དེའི་ཐོག  བཞུགས་སྒར་ཁུལ་གྱི་བོད་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམས་ཀྱི་གཙོ་བྱས་པའི་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་ལྷན་འཛོམས་ཀྱི་ཐོག  བོད་ནང་གི་བཙོན་པ་རྣམས་ལ་རྒྱ་གཞུང་གིས་མནར་གཅོད་གཏོང་བཞིན་པའི་པར་རིས་ཕྱོགས་བསྒྲིགས་ཀྱིས་འགྲེམས་སྟོན་གནང་བ་བརྒྱུད་ནས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་མནར་གཅོད་འོག་གི་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གནང་དགོས་བའི་བསྒྲགས་གཏམ་སྤེལ་སོང་།སྐབས་དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་དེ་རིང་གི་བཙོན་པའི་ཉིན་མོ་དང་འབྲེལ་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་ཐད་ནས་གཏམ་བཤད་གནང་བའི་ནང་དུ། རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་དུས་ཡུན་རིང་པོར་གཞུས་ལུས་བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ལག་བསྟར་བྱས་པར་དབང་ཤེད་ཀྱིས་བཙན་བཟུང་དང་མནར་གཅོད་ཚད་མེད་གཏོང་བ། དེ་བཞིན་གར་སོང་ཆ་མེད་དུ་བསྒྱུར་བ་སོགས་ཀྱི་མི་སྤྱོད་ལས་འདས་བའི་གནོན་འཚེ་དང་མནར་གཅོད་གཏོང་གི་ཡོད་པར་འགྲེལ་བརྗོད་ཀྱིས། བོད་ནང་གི་བཙོན་པ་རྣམས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་དུ་འཁོད་པའི་གཞི་རྩའི་ཐོབ་ཐང་ཁག་གང་ཡང་ལོངས་སྤྱོད་བྱེད་རྒྱུའི་དབང་ཚད་མེད་པར་བཙན་ཤེད་ཀྱིས་ནག་ཉེས་ངོས་ལེན་བྱེད་དུ་འཇུག་གི་ཡོད་པར་གསུངས་སོང་། དེ་བཞིན་འདི་གའི་གསར་འགོད་པའི་ཚོགས་གཙོ་ལགས་སུ་བོད་ནང་གི་སྤྱི་ཡོངས་ཀྱི་བཙོན་པའི་གནས་བབ་ལ་གཟིགས་ཕྱོགས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཞིས་བཞུགས་བོད་མི་རྣམས་དངོས་སུ་རྒྱ་ནག་གི་བཙོན་ཁང་དུ་ཡོད་མིན་ལ་ལྟོས་མིན་གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་དང་ཐོབ་ཐང་ཁག་ལོངས་སྤྱོད་བྱེད་རྒྱུའི་རང་དབང་གང་ཡང་མེད་པར་བརྟེན་བོད་མི་ཡོངས་རྫོགས་རྒྱ་ནག་གི་དབང་བསྒྱུར་འོག་གི་བཙོན་པ་ཡིན་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་བཙན་བྱོལ་གྱི་བོད་མི་རྣམས་ནི་གཞིས་བཞུགས་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ཡིན་སྟབས་གོ་སྐབས་ནམ་བྱུང་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་གཞིར་བཞག་གིས་ལས་འགུལ་སྤེལ་ཏེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བཙོན་པའི་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱེད་རྒྱུ་གལ་ཆེན་ཡིན་པའི་ཞུ་སྐུལ་གནང་སོང་། གཞི་རྩའི་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོ་ནི་ལོ་རབས་བདུན་བཅུའི་ནང་ཐོག་མར་ཁ་ན་ཊའི་ནང་དུ་འགོ་ཚུགས་ཤིང་། ཕྱིས་སུ་ཨ་རི་དང་དབྱིན་ཡུལ་གྱི་གཙོ་བྱས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཀྱིས་ཀྱང་དེ་རིང་གི་ཉིན་མོ་འདི་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོར་ངོས་འཛིན་གྱིས་རིམ་གྱིས་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་དུས་དྲན་གྱི་ཉིན་མོ་ཞིག་ཆགས་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཀྱང་གཞུང་འབྲེལ་གྱིས་ཉིན་མོ་འདི་ནི་རྒྱ་ནག་གི་བཙོན་ཁང་ནང་ནས་རྐྱེན་ལམ་དུ་ཤོར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་གུས་བཀུར་དང་དྲན་རྟེན་གྱི་ཉིན་མོར་གཏན་འབེབས་གནང་སྟེ། ཉིན་མོ་འདིར་རྒྱ་ནག་གིས་བོད་མི་རྣམས་བཙོན་འཇུག་མནར་གཅོད་གཏོང་བཞིན་པར་གདུང་སེམས་མཉམ་སྐྱེད་དང་ཁོང་ཚོས་གནས་བབ་ཐེར་འདོན་གྱི་ཉིན་མོ་སྲུང་བརྩི་བྱེད་མུས་ལྟར།  དེ་རིང་གི་ཉིན་མོ་འདིར་བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོལ་དང་། འཛིན་བཟུང་མཚམས་འཇོག  དེ་བཞིན་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་དགོས་བ་སོགས་དང་འབྲེལ་ནས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་བྱས་པའི་ཐོབ་ཐང་གི་སྡེ་ཁག་རྣམས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུར་དོན་ཚན་བདུན་གྱི་ཐོག་ནས་ཞུ་སྐུལ་གནང་ཡོད་པ་རེད།

གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མགོ་འཛུགས།

དེ་རིང་བཞུགས་སྒར་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་ཉམས་པ་སླར་གསོ་ཞེས་པའི་བོད་མིའི་དང་བླངས་ལས་འགུལ་བ་ ༢༥ ཙམ་གྱིས་དེ་སྔ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་ནས་རྒྱབ་སྐྱོར་གནང་སྟེ་འཕོ་འགྱུར་བཏང་ཟིན་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་འཁུར་རྒྱུན་སྐྱོང་གནང་བ་དེ་ཁྲིམས་མཐུན་བྱུང་མེད་པ་སོགས་ཀྱི་དོན་ཚན་ཁག་ཅིག་འགྲེལ་བརྗོད་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་ཁྲིམས་ཞིབ་པའི་ཞབས་སྟེགས་སྟོང་པ་བཟོ་དགོས་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་སོང་།ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ཕྱི་ཟླ་བརྒྱད་པའི་ཟླ་མཇུག་བར་སྤེལ་རྒྱུའི་ཆོག་ཆན་ཐོབ་འདུག་པ་དང་། ལས་འགུལ་ཐོག་མཉམ་ཞུགས་ཡོད་པ་དྷ་སའི་ཉམས་པ་སླར་གསོའི་དང་བླངས་ལས་འགུལ་བའི་མགྲིན་ཚབ་པ་བྱང་ཆུབ་རིན་ཆེན་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མེད་པར་སྔར་གྱི་ལས་གནས་ཐོག་ཕྱིར་ཕེབས་པའི་རྐྱེན་གྱིས་བོད་དོན་འཐབ་རྩོད་ཀྱི་གནས་བབ་ལ་དོ་ཕོག་དང་མང་གཙོའི་ཀ་བ་གསུམ་སྦོ་ལུག་པ། ནང་ཁུལ་དུ་རྣོ་ངར་ཆེ་བའི་འགལ་ཟླ་བྱུང་ནས་དགྲ་དགའ་གཉེན་སྡུག་གྱི་གནས་ཚུལ་མུ་མཐུད་འབྱུང་བཞིན་པར་བརྟེན་ཁྲིམས་ཞིབ་པ་རྣམ་པ་གསུམ་ངེས་པར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཁ་བྲལ་ཏེ་ཁྲིམས་ཞིབ་པའི་ཞབས་སྟེགས་སྟོང་པ་བཟོ་དགོས་པ་དང་། གལ་སྲིད་དེ་ལྟར་མ་གནང་ཚེ་ས་གནས་གང་ས་ནས་ལས་འགུལ་གཞི་རྒྱ་ཆེ་རུ་གཏང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ཅེས་འཁོད་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད། གསར་འགོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེད་བཅར་གྱིས་ད་རེས་ལས་འགུལ་བ་རྣམས་ཀྱི་དགོས་འདུན་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུ་ཐབས་ཞུས་ཡོད་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་སྔ་ལས་འཁུར་རྒྱུན་སྐྱོང་སྐབས་གསུངས་ཟིན་པའི་དོན་ཚན་ཁག་ལས་ལྷག་པ་གཞན་གང་ཡང་གསུང་རྒྱུ་མེད་ཅེས་གསུངས་སོང་། གཞི་རྩའི་སྔ་ལོར་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་ཀྱི་གནད་དོན་སོགས་ལས་འཕྲོས་ཏེ་འདི་ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གནས་སྟངས་བྱུང་བ་ལྟར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་གནས་ནས་ཕྱིར་བཤོལ་གནང་ཡོད་པ་དང་། དེ་རྗེས་ཟླ་བ་གཉིས་ཙམ་གྱི་རྗེས་སུ་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པས་དེ་སྔ་ལས་འགན་བཤོལ་བ་ཡིན་ཞེས་པ་ནི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༢ པ་དང་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༧༩ པའི་གདོངས་དོན་འོག་གྱོད་ཡས་བདེ་སྙན་ཕུལ་བའམ། ཁྲིམས་ཞིབ་པ་རང་ཉིད་ཁ་མཆུ་དེ་དང་དམིགས་བསལ་འབྲེལ་བ་ཆགས་སྟབས་ཕྱོགས་ལྷུང་གི་ཉེན་སྐྱོན་འགོག་ཆེད་ཁྲིམས་ཞིབ་པའི་ལས་འགན་རེ་ཞིག་བཤོལ་བ་མ་གཏོགས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་བཞག་པའི་ཁྲིམས་མཐུན་མ་ཡིན་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ནང་གསལ་བ་ལྟར་འཕོ་འགྱུར་ལ་ངོས་ལེན་གནང་བ་ཞིག་དང་། ལས་གནས་ལས་རྩ་དགོངས་ཞུས་པ་ཞིག་མིན་པ། སྐབས་དེར་ཁྲིམས་ཞིབ་པ་རྣམ་པས་བཅའ་ཁྲིམས་དོན་ཚན་ ༥ པ་མཚོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐར་ཐུག་གི་དབང་ཚད་སྤྱད་ནས་གྲོས་ཆོད་དེ་རྩིས་མེད་ཀྱི་བྱ་རིམ་ལག་བསྟར་བྱས་ཚེ་ལྷན་སྐྱེས་དྲང་བདེན་ནམ་ Natural Justice ཞེས་པའི་ཁྲིམས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ལ་གནོད་འགལ་འབྱུང་ཉེན་ཡོད་པས་ལས་འགན་བཤོལ་བའི་ཐག་གཅོད་གནང་བ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་སྐབས་དེར་འཚོགས་གཏན་ཁེལ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་དེའང་སྤྱི་འཐུས་ཀྱི་རྩ་འབོར་གྱི་ཉུང་མཐའི་གྲངས་ཚད་མ་ལོངས་པར་བརྟེན་སྐོང་ཚོགས་གནང་མ་ཐུབ་པ་དང་། སྐབས་གསར་པའི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དབུ་འཛུགས་གནང་ལ་ཉེ་བ་སོགས་ཁྱོན་དོན་ཚན་ལྔ་ཅན་གྱི་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་འཁུར་རྒྱུན་སྐྱོང་གནང་ཡོད་པ་རེད།

བོད་མིའི་གཙོ་བྱས་པའི་ལས་འགུལ་བས་རྒྱ་ནག་གི་ཨོ་རྩལ་དང་འབྲེལNBCལ་ངོ་རྒོལ།

འདི་ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་ཁ་སང་རེས་གཟའ་ཉི་མའི་ཉིན་ཉི་ཧོང་གི་ནང་དུ་མཇུག་སྡོམ་བྱས་པ་དང་བསྟུན་ནས། བོད་མི་དང་ཧོང་ཀོང་བ། དེ་བཞིན་ཡུ་གུར་བ་སོགས་ཀྱི་མཚོན་པའི་ཐོབ་ཐང་རྩོད་སྒྲུབ་ཀྱི་ཚོགས་སྐྱིད་ཁག་གི་ལས་འགུལ་བས་ཁ་སང་ཨ་རིའི་ཁུལ་དུ་སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྤྱི་དང་། སྒོས་སུ་ཨ་རིའི་ནང་གི་ཨོ་རྩལ་འགྲན་ཚོགས་ཀྱི་མ་དངུལ་རོགས་སྐྱོར་ཚོགས་པ་ཁག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག དེ་ཡང་ཁ་སང་རེས་གཟའ་ཉི་མའི་ཉིན་གུང་ཙམ་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པས་དབུ་ཁྲིད་ཀྱི་ཐོག ཧོང་ཀོང་བ་དང་ཡུ་གུར་བ་སོགས་ཀྱི་ལས་འགུལ་བས་སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་ཆེ་ཤོས་སུ་གྱུར་བའི་ཨ་རིའི་ནང་གི་NBC ཞེས་པའི་རྒྱལ་ཡོངས་ཀྱི་རླུང་འཕྲིན་ལས་ཁུངས་ཀྱི་ Rockefeller Center ཞེས་པའི་ལྟེ་གནས་སུ་མཉམ་འཛོམས་ཀྱིས་རྒྱ་ནག་གི་སང་ལོའི་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་དང་དྲིལ་བསྒྲགས་ཀྱི་རིགས་མཚམས་འཇོག་དགོས་བའི་བསྒྲགས་གཏམ་སྤེལ་བ་དང་བཀྲམས་པ་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུགསྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨ་རིའི་ཁུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་གཡང་འཛོམས་ལགས་ཀྱིས་བརྙན་ལམ་ནས་བསྒྲགས་གཏམ་སྤེལ་བའི་ནང་དུ། ད་ལྟའི་ཆར་ཉི་ཧོང་གི་ཨོ་རྩེད་འགྲན་ཚོགས་མཇུག་སྡོམ་གྱི་རྩེད་འགྲན་དཔལ་འབར་དེ་རྒྱ་ནག་ཏུ་རྩིས་སྤྲོད་བྱེད་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་བར་དུ་ཨོ་རྩལ་གྱིས་རྒྱ་ནག་གི་དྲག་གནོན་དང་བཙན་འཛུལ་དེ་དག་ཁྲིམས་མཐུན་དུ་སྒྱུར་བཞིན་པར་དོ་སྣང་སྤྲོད་དགོས་བ་དང་། རྒྱ་ནག་གིས་བོད་དང་ཤིན་ཅང་གི་ནང་དུ་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་དྲག་གནོན་དང་རྩ་གཏོར་གྱི་སྲིད་བྱུས་མུ་མཐུད་དུ་སྤེལ་བཞིན་པའི་སྐབས་འདིར། ཨ་རིའི་ NBC རླུང་འཕྲིན་ཁང་གིས་རྒྱ་ནག་ལ་མཉམ་འབྲེལ་གྱིས་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་བའི་སྐུལ་མ་གནང་འདུགགཞན་ཡང་ཁ་སང་གི་བསྒྲགས་གཏམ་གྱི་ནང་དུ། ཨ་རིའི་ནང་གི་རྒྱལ་ཡོངས་ཀྱི་རླུང་འཕྲིན་ལས་ཁུངས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་རིགས་ཁྱབ་སྤེལ་བྱས་པ་དེ་ཡིས། རྒྱ་ནག་གིས་དྲག་ཤུགས་ཀྱིས་བོད་མིའི་གཙོ་བྱས་པའི་ཡུ་གུར་བ་དང་ཧོང་ཀོང་བ། དེ་བཞིན་ཐེ་ཝན་དང་ནང་སོགས་ཀྱི་གྲངས་ཉུང་མི་རིགས་རྩ་གཏོར་བྱེད་བཞིན་པ་དེ་ནི་འོས་མཚམས་ཀྱི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་བྱས་པ་དང་གཅིག་མཚུངས་ཡིན་པར་བསྒྲགས་ཏེ། རྒྱལ་སྤྱིའི་བསམ་ཤེས་ཡོད་མཁན་གྱི་མི་མང་གིས་ཁོང་ཚོས་ལས་འགུལ་དེར་འཛུལ་ཞུགས་ཀྱིས་མི་རིགས་རྩ་གཏོར་ནི་ཉེན་ཚབས་ཆེ་བའི་བྱ་སྤྱོད་ཅིག་ལ་ཡིན་པར་གསལ་བོར་སྟོན་རྒྱུར་སྐུལ་བ་གནང་འདུག  དེ་བཞིན་སྐབས་དེར་ཁོང་ཚོས་རྔམ་སྟོན་ཁྲོམ་སྐོར་གྱི་སྐབས་སུ། NBC རླུང་འཕྲིན་ཁང་ངོ་ཚ་ཞེས་སྐད་འབོད་གནང་སྟེ། རླུང་འཕྲིན་ཁང་དེས་གང་མགྱོགས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་བའི་ཞུ་འབོད་གནང་འདུག གཞན་ཡང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་གི་སྲིད་བྱུས་དེ་ངེས་བར་དུ་རྩ་འཛིན་ལག་བསྟར་བྱེད་དགོས་བའི་ཞུ་སྐུལ་གནང་ཡོད་པ་དང་འབྲེལ་ནས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་སྐུ་ཞབས Minky Worden ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་བསྡུས་བ་ནས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པར་མངོན་གསལ་གནང་སྟེ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྩེད་འགྲན་ནི་ཆབ་སྲིད་དང་མཉམ་བསྲེ་བྱེད་ཐབས་མེད་པར་བརྗོད་ཡོད་ནའང་། རྒྱ་ནག་གིས་ཤེས་དགོས་བ་ཞིག་ནི་ཨོ་རྩལ་འགྲན་ཚོགས་ནི་ས་ཁོངས་ཆབ་སྲིད་ཀྱི་བྱ་འགུལ་ཞིག་དང་། བྱ་འགུལ་དེ་ཡིས་རྒྱལ་ཁབ་གང་དེའི་ཕྱི་ནང་གཉིས་སུ་སྲིད་གཞུང་གི་གོ་བབ་ཇེ་མཐོར་གཏོང་གི་ཡོད་པ་ཤེས་དགོས་བར་སྐུལ་མ་གནང་ཡོད་པ་ཡང་ལུང་འདྲེན་གནང་འདུག གཞི་རྩའི་འདི་ལོའི་ཨོ་རྩལ་འགྲན་ཚོགས་དེ་ཟླ་བ་སྔོན་མའི་ཚེས་ ༢༥ ནས་འགོ་འཛུགས་ཀྱིས་ཟླ་འདིའི་ཚེས་ ༧ ཉིན་མཇུག་སྡོམ་བྱས་པ་དང་ལྷན་དུ། མི་མང་པོ་ཞིག་གིས་སང་ལོའི་རྒྱ་ནག་ནང་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེར་དོ་སྣང་བྱེད་བཞིན་པ་དང་བསྟུན་ནས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་དབུ་ཁྲིད་ཀྱིས་རྒྱ་ནག་གིས་བོད་མི་དང་ཡུ་གུར་མི་རིགས་ལ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ་གནང་སྟེ་རྒྱ་ནག་ལ་སང་ལོའི་ཨོ་རྩལ་འགྲན་ཚོགས་དེ་བསྡུ་རྒྱུའི་འོས་བབ་མེད་པའི་འགུལ་རབ་དང་རིམ་པ་སྤེལ་བཞིན་པ་རེད།

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ཞུ་སྐུལ།

རྒྱ་གར་དབུས་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཀི་ཤཱན་ཀ་པུར་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་སྒར་བསམ་ཡས་གླིང་དུ་ཆེད་ཕེབས་གནང་སྟེ་རྒྱ་གར་དབུས་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་ཆེད་བཏོན་གནང་འདུག་པ་མ་ཟད། ཁོང་སྒེར་གི་ངོས་ནས་ལོ་ངོ་ ༦༠ ལྷག་གི་རིང་བོད་མི་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་རྒྱུན་སྐྱོང་གང་འདྲ་གནང་ཡོད་མེད་ཀྱི་དངོས་མཐོང་ཉམས་མྱོང་ལ་གཞིགས་ཏེ་བོད་མིའི་མི་རབས་གསར་པ་ཚོར་ལས་འགན་དེ་ལྕི་མོ་ཞིག་ཡིན་ཀྱང་མི་རབས་རྒན་པ་ཚོའི་ལ་རྒྱ་དང་སེམས་ཤུགས་ལ་གཞིགས་པའི་དཀའ་ངལ་ལ་གདོང་ལེན་ཞུ་རྒྱུའི་ནུས་པ་ལྡན་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་འདུགརེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེ་དྷརྨ་ས་ལ་ཁུལ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ Kishan Kapoor མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ལྷན་དུ་བོད་སྒར་བསམ་ཡས་གླིང་གི་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་སླད་ཕེབས་ཡོད་པ་དང་། བོད་མི་དང་གྲོགས་འདྲིས་ཆེ་བའི་སྐུ་ཞབས་ཀི་ཤཱན་ཀ་པུར་མཆོག་གིས་སྐབས་དེར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་ཐོག་བླ་ན་མེད་པའི་དགོངས་གཞི་དང་། མགོན་པོ་༸གང་ཉིད་མཆོག་གི་བོད་དོན་བདེན་མཐའ་སེལ་བའི་དབུ་མའི་ལམ་གྱི་དགོངས་གཞི་བཅས་ལ་བརྟེན་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་པའི་སྙན་གྲགས་ཆེ་བའི་དབུ་ཁྲིད་ཞིག་ལ་ངོས་འཛིན་དང་ཆེ་བསྟོད་ཞུ་བཞིན་ཡོད་པ་ལྟར་རྒྱ་གར་དབུས་གཞུང་གི་ངོས་ནས་ཀྱང་མགོན་པོ་༸གང་ཉིད་མཆོག་ལ་རིན་ཆེན་ཕ་ལམ་ལྟ་བུར་ཆེ་མཐོང་ཆེ་ཤོས་སུ་ངོས་འཛིན་ཞུ་བཞིན་པའི་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པའི་དགོས་འདུན་བཏོན་པ་མ་ཟད་ད་དུང་ཁོང་གིས་དེ་སྔོན་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་གལ་ཡིན་སྐོར་ཐེངས་འགའ་ཞུས་མྱོང་ཡོད་པར་གསུངས་ཡོད།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་ཡུལ་དེ་བོད་ཡིན་ཀྱང་། ༸སྐུ་ཚེ་ཧྲིལ་པོ་རྒྱ་གར་ནང་དང་ལྷག་དོན་ཧི་མཱ་ཅལ་མངའ་སྡེར་༸སྐུ་བཞུགས་མཛད་ཀྱི་ཡོད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་རྒྱུ་དེ་ནི་བོད་མིའི་ཆེ་མཐོང་ཙམ་མིན་པར་ཧི་མཱ་ཅལ་མངའ་སྡེ་དང་ཁྱད་པར་དུ་དྷརྨ་ས་ལའི་མང་ཚོགས་ཀྱི་ཆེ་མཐོང་དང་སྤོབས་པ་ཞུ་དགོས་པའི་གནད་འགག་ཅན་གྱི་གནད་དོན་ཞིག་རེད་ཅེས་གསུངས་ཡོད།རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ Kishan Kapoor མཆོག་ནི་བཞུགས་སྒར་དྷརྨ་ས་ལའི་བོད་མི་ཚོས་རྣམ་ཀུན་ནས་ཚོགས་འདུ་ཁག་དང་ལས་འགུལ་སོགས་ནམ་སྤེལ་ལ་སྐུ་མགྲོན་དུ་གདན་འདྲེན་ཞུ་ས་བོད་མི་དང་གྲོགས་འདྲིས་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཁོང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་རང་ནས་ཡིན་སྟབས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་གནང་བབ་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད།བོད་སྒར་བསམ་ཡས་གླིང་དུ་ཚོགས་པའི་མཛད་སྒོའི་ཐོག་ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་འོག་ནས་བོད་དེ་བཙན་བཟུང་བྱས་ཡོད་ཀྱང་བཙན་བྱོལ་དུ་འབྱོར་བའི་བོད་མིའི་མི་རབས་རྒན་པ་ཚོས་ངལ་བ་བཟོད་གླགས་མེད་པ་དུ་མར་གདོང་ལེན་གནང་བ་དངོས་སུ་མཇལ་རྒྱུ་བྱུང་ཞེས་དེ་བྱུང་དྲན་གསོ་དང་སྦྲགས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་མི་རབས་རྒན་པ་ཚོས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ངལ་བ་དུ་མར་གདོང་ལེན་གནང་སྟེ་འཐབ་རྩོད་ཀྱི་ནུས་པ་ཉམས་མེད་རྒྱུན་གནས་གནང་བར་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཁོང་གིས་བོད་མིའི་མི་རབས་གསར་པ་ཚོར་མི་རབས་རྒན་པ་ཚོ་ལྟར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ངལ་བ་ཇི་འཕྲད་ལ་ཞུམ་པ་མེད་པར་གདོང་ལེན་གནང་ནས་བོད་ཀྱི་འཐབ་རྩོད་དེ་སྔར་ལྷག་རྒྱུན་གནས་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས་སོང་། མཛད་སྒོའི་སྐབས་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་གཙོས་པའི་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་ཆེད་ཕེབས་གནང་ཡོད་པ་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འདུ་འཛོམས་བྱུང་བའི་བོད་མིའི་དབུ་ཁྲིད་ཚོར་སྐུ་ཞབས་ Kishan Kapoor མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་ཡོད་པ་རེད།

གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་ཕུད་དང་སྐྱ་སར་འབབ་དགོས་ཟེར་བ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་རེད།

ཉེ་ལམ་རྒྱ་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་ཁུལ་དུ་རྟེན་གཞི་བྱས་པའི་མཁར་དམར་དགོན་པ་སྒོ་རྒྱག་དགོས་པ་དང་གྲྭ་བཙན་རྣམས་སྐྱ་སར་འབབ་དགོས་པའི་བཙན་བཀའ་བཏང་སྟེ་དགོན་པའི་གྲྭ་བཙུན་ཁག་ཅིག་གིས་དགོན་པའི་མདུན་ཐང་དུ་ཞལ་འདོན་གནང་སྟེ་སྲིད་གཞུང་གི་བཀའ་རྒྱར་ཞི་བའི་ངོ་རྒོལ་དང་ལ་ལས་ངོ་འབོད་སོགས་གནང་བའི་ཡིད་སྐྱོའི་གནས་ཚུལ་སྤྱི་ཚོགས་དྲྭ་ལམ་ཐོག་ཕྱིར་འགྱར་བྱུང་ཡོད་སྟབས། ཨ་རིར་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་ཨ་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱིས་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་རྒྱུའི་བྱུས་ངན་མཚམས་འཇོག་དང་གཞིས་ལུས་མང་ཚོགས་རྣམས་ཀྱི་ཆོས་དད་རང་དབང་བཙན་འཕྲོག་བྱེད་བཞིན་པར་ངོ་རྒོལ་གྱིས་ལས་འགུལ་སྤེལ་འདུག བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་ཨ་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཕྱི་ཚེས་ ༦ ཉིན་གྱི་ཉིན་རྒྱབ་ཚོུད་ ༢ སྟེང་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་དང་བོད་ལ་རང་དབང་དགོས། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་རྩ་མེད་བཟོ་རྒྱུའི་བྱུས་ངན་མཚམས་འཇོག་དགོས། གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་ཕུད་དང་སྐྱ་སར་འབབ་དགོས་ཟེར་བ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་རེད་སོགས་འཁོད་པའི་འཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག   ཚོགས་པ་གཉིས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བར་མཁར་དམར་དགོན་པའི་གནད་དོན་དང་སྔ་ལོར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྒྱལ་ནོར་བྲག་ནག་གྲོང་ཚོའི་ནང་རྟེན་གཞི་བྱས་པའི་བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་བཞིར་མི་ལོ་ ༥ ནས་ ༢༠ བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ། དེ་བཞིན་ཟླ་ ༧ ཚེས་ ༢༠ ཡས་མས་ཤིག་ལ་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་རང་ལོ་ ༤༥ ཙམ་ཡིན་པའི་དགེ་བསྐོས་དཀོན་མེ་ལགས་རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡིན་གསལ་བཤད་མེད་པར་འཛིན་བཟུང་བྱས་པ་མ་ཟད། ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་བརྟེན་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་གནད་དོན་ཁག་ལུང་འདྲེན་གྱིས་ རྒྱ་གཞུང་ནས་གཞིས་ལུས་མང་ཚོགས་རྣམས་ཀྱི་ཆོས་དད་རང་དབང་བཙན་འཕྲོག་བྱེད་ཀྱི་ཡོད་སྟབས་བོད་རང་བཙན་སླར་གསོ་མ་བྱུང་བར་དུ་རྒྱ་དམར་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དགོས་འདུན་ཆེད་བཀོད་གནང་འདུག སྐབས་དེར་ཨ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་ངག་དབང་བཀྲ་ཤིས་ལགས་ཀྱིས་ རྒྱ་ནག་གི་གཉའ་གནོན་འོག་ཡོད་པའི་བོད་མི་དང་ཧོང་ཀོང་བ། དེ་བཞིན་ཤར་ཏུར་ཀི་སི་ཏན།  ཐེ་ཝན་སོགས་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཕྱིར་མཉམ་ལས་ཀྱིས་རྡོག་རྩ་གཅིག་སྒྲིལ་གནང་དགོས་གལ་ཡིན་པར་གསུངས་འདུག་པ་མ་ཟད། རྒྱ་གཞུང་གིས་མཁར་དམར་དགོན་པས་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་སྐབས་དགོན་པའི་བླ་མས་ཕྱོགས་ཐམས་ཅད་དུ་ཁྱབ་པའི་སློབ་མ་རྣམས་ལ་འབོད་སྐུལ་གནང་དོན་ལྟར་ཞལ་འདེབས་ཕོན་ཆེ་བསྡུ་རུབ་གནང་སྟེ་མང་ཚོགས་ལ་རོགས་སྐྱོར་གྱི་ལས་གཞི་སྤེལ་བར་འབྲེལ་བ་བཏགས་ནས་དགོན་པ་སྒོ་རྒྱག་དགོས་པ་དང་གྲྭ་བཙུན་རྣམས་སྐྱ་བབས་དགོས་པའི་བཙན་བཀའ་བཏང་ཡོད་པ་དེ་ནི་ཁ་གཡར་ས་ཙམ་ལས་དོན་ངོ་མར་བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་ཐབས་ཡིན་པ་དང་གནད་དོན་དེ་དག་བརྒྱུད་བོད་ནང་ཆོས་དད་རང་དབང་མེད་པ་མངོན་གསལ་ཆགས་ཡོད་སྐོར་གསུངས་པའི་བརྙན་པར་སྤྱི་ཚོགས་དྲ་ལམ་ཐོག་མཇལ་རྒྱུ་འདུགདེ་བཞིན་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཧོང་ཀོང་གི་ལས་འགུལ་བ་ཞིག་གིས་རྒྱ་གཞུང་གིས་བོད་ནང་བྱུས་ངན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་འགྲིག་ཐབས་མེད་པ་དང་ལྷག་པར་དུ་རྒྱ་ནག་གཞུང་དེ་བོད་དང་ཧོང་ཀོང་ཙམ་མིན་པར་འཛམ་བུ་གླིང་སྤྱིར་ཉེན་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད་སྟབས། གལ་ཏེ་ང་ཚོས་ད་ལྟ་ནས་རྒྱ་ནག་ལ་གདོང་ལེན་དང་རྒྱ་ནག་གིས་བྱེད་ཕྱོགས་ལ་གང་ཡང་མ་བརྗོད་པར་བཞུགས་ཚེ་སླད་མར་ངལ་བ་ཆེས་ཆེར་འཕྲད་མི་སྲིད་པ་མ་རེད་ཅེས་གསུངས་འདུག

Latest news