Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་ཁྲོད་བལ་ཡུལ་གྱིས་བོད་མིར་ལྟ་རྟོག་ནན་བྱེད།

དེ་རིང་རྒྱ་གར་གྱི་IANS གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་རིམ་པ་བྱུང་བཞིན་པའི་དུས་སྐབས་འདིར། བལ་ཡུལ་གཞུང་ངོས་ནས་རྒྱ་ནག་གི་གནོན་ཤུགས་འོག ཁུལ་དེའི་དམག་མི་དང་གསང་བའི་ལས་ཁུངས་ལ་དམིགས་བསལ་བཀོད་ཁྱབ་བཏང་སྟེ། བོད་མི་དག་གི་འགྲོ་འདུག་ལ་ལྟ་རྟོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ཞུ་སྐུལ་བྱས་འདུག

ངོ་དེབ་ཚོང་ལས་ཁང་གིས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ངོ་དེབ་བཀག་སྡོམ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཞུགས་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཁ་ནུབ་གློ་བུར་དུ་ཁོང་གི་ངོ་དེབ་དང་ངོ་ཤོག་གཉིས་པོ་ཁ་འབྱེད་རྒྱུ་མེད་པར་གྱུར་འདུག་ཅེས་གསུངས་འདུག ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་གསར་བཟོ་ཞུ་བ་ནས་བཟུང་དེའི་ཐོག་བོད་གནད་དང་འབྲེལ་བའི་འདྲ་པར་དང་བརྙན་པར་སོགས་གྲངས་ལས་འདས་པ་བཞག་ཡོད་པ་དང་། ངོ་དེབ་ལས་ཁང་གིས་དེ་སྔ་ཡང་བོད་དོན་དང་འབྲེལ་བའི་གནས་ཚུལ་ཙམ་མ་ཟད་། ༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་དང་འབྲེལ་ནས་ཁོང་གི་ངོ་དེབ་བཀག་མྱོང་ཡོད་པ་རེད། ཁོང་གིས་ཁ་སང་རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ལམ་ Tweeter དང་། instagram གཉིས་ཀྱི་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཚེས་ ༢༤ དགོང་མོར་ངོ་དེབ་ཚོང་ལས་ཁང་གིས་སླར་ཡང་ཁོང་གི་ངོ་བདེ་དང་ངོ་ཤོག་གཉིས་པོ་གློ་བུར་དུ་ཁ་འབྱེད་རྒྱུ་མེད་པར་བཟོས་འདུག་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། ཆོང་ལས་ཁང་གིས་དེ་ལྟར་བྱེད་དོན་རྒྱུ་མཚན་ངོ་མ་དེ་གང་ཡིན་ནམ་ཞེས་དྲི་བའི་ཚུལ་དུ་ཆེད་བཀོད་གནང་འདུག ཁོང་གིས་ད་དུང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་མཁན་ཡིན་ཚུལ་བརྗོད་པའི་ངོ་དེབ་ཚོང་ལས་ཁང་གིས་མིང་མེད་ངོ་དེབ་རྫུན་མ་རྣམས་བཀག་འགོག་བྱ་རྒྱུའི་ཚབ་ཏུ་འདས་པའི་ལོ་ ༡༢ ནས་ཉེན་ཁར་འཛེམས་མེད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་བཀོད་མཁན་ཁོང་ལ་དམ་དྲག་འདི་ལྟར་གནང་དོན་གང་ཡིན་པའི་ལན་གསལ་དགོས་པའི་དགོས་འདུན་ཆེད་བཏོན་གནང་བ་མ་ཟད། གང་ཟག་སུས་ངལ་བ་དེ་ལས་གྲོལ་བར་རོགས་རམ་གནང་ཐུབ་བམ་ཞེས་དང་ངོ་དེབ་ཀྱིས་ཐ་ན་འཕྲིན་ཐུང་བཀོད་སྤྱོད་གནང་བར་སྒོ་བརྒྱབ་ཡོད་སྐོར་ཡང་གསུངས་འདུག གནད་དོན་དེ་དང་འབྲེལ་ནས་དེ་རིང་ Tweeter དྲྭ་གནས་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ངོ་དེབ་ཚོང་ལས་ཁང་ལ་ངོ་རྒོལ་དང་འདྲི་རྩད་སོགས་གནང་བཞིན་འདུག་པ་དང་། དེའི་ཁྲོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ངོ་དབེ་ཚོང་བདག་ Mark Zuckerberg ལ་ཁོ་པའི་ལས་བྱེད་ཚོས་སྒྲིག་ཁྲིམས་ཇི་ལྟར་ལྟོག་པར་སྤྱོད་པར་གཟིགས་ཞིབ་གནང་རོགས་ཞེས་དང་། འོད་ཟེར་ལགས་ཀྱིས་སྡེ་དགེ་བའི་མཚན་བྱང་འོག་རྒྱ་གཞུང་གི་འོག་ཏུ་བོད་མིའི་བདེན་པའི་འབོད་སྒྲ་སྒྲོག་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་ངོས་ནས་འོད་ཟེར་ལགས་ཀྱི་གནད་དོན་ཐོག་ཐེ་གཏོགས་གནང་དགོས་པའི་སྐུལ་མ་གནང་འདུགངོ་དེབ་བཟོ་ཚོང་ཁང་གིས་གཟའ་འཁོར་འདིའི་ནང་དུ་དངོས་སུ་རྒྱ་ནག་གི་མཉེན་ཆས་ ༡༥༥ བཀག་སྡོམ་བྱས་ཡོད་པ་དང་དེ་དག་གི་ཁོངས་སུ་ཚེ་རིང་འོད་ཟེར་ལགས་ཀྱི་ངོ་དེབ་ཀྱང་ཚུད་ཡོད་པ་རེད། འོན་ཀྱང་ངོ་དེབ་ཚོང་གཉེར་ཁང་གི་ངོས་ནས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ངོ་དེབ་དང་ངོ་ཤོག་གཉིས་པོ་བཀག་སྡོམ་གནང་དོན་གང་ཡིན་མངོན་གསལ་གང་ཡང་གནང་མེད་པ་རེད། བོད་ནང་གི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ནི་དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྤྱིའི་སྡེངས་ཆིའི་ཐོག་བོད་ནང་གི་གཞིས་ལུས་རྒྱ་ཆེ་མང་ཚོགས་ལ་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་འོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་སྨྲ་བརྗོད་རང་དབང་གིས་གཙོས་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གང་ཡང་མེད་པར་ཉམ་ང་བའི་གནས་སྟངས་འོག་ཏུ་བཞུགས་ཡོད་པར་མངོན་གསལ་དང་། བོད་ནང་ལ་ཉིན་རེ་ནས་ཉིན་རེ་བཞིན་རྒྱ་གཞུང་གིས་སྲིད་བྱུས་གསར་པ་གང་དང་གང་ལག་བསྟར་བྱེད་ཀྱི་ཡོད་པ་དུས་ཐོག་ཏུ་རྒྱལ་སྤྱིར་ཁྱབ་སྤེལ་གནང་དང་གནང་མུས་ཡིན་པ་མ་ཟད། རྒྱ་ནག་གིས་བོད་མིར་འཛིན་པའི་སྲིད་བྱུས་དག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་མི་འདོད་པའི་རྣམ་པ་ཆེད་བཏོད་གནང་མཁན་གཙོ་གྲས་ཤིག་ཀྱང་ཡིན་པ་རེད།

འབྲེལ་གཏུག་རྩད་གཅོད་ཐད་མང་ཚོགས་ཀྱིས་འཕྱར་གྲུ་མཉམ་འདེགས་ཀྱི་ཞུ་སྐུལ།

ཐེམ་སྤང་བཀག་རྒྱ་གུ་ཡངས་དང་འབྲེལ་མང་ཚོགས་ཀྱི་འགྲུལ་སྐྱོད་སོགས་ལ་རིམ་པའི་ལྷོད་ཡངས་ཕྱིན་པའི་ཁྲོད།  རྒྱ་གར་རྒྱལ་ཡོངས་ནང་ད་སྐབས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་གྲངས་ཐོ་དེ་ཉིན་རེ་ནས་འཕར་བཞིན་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་གཉན་རིམས་ཕོག་མཁན་མང་དག་ཅིག་བྱུང་བཞིན་ཡོད་སྟབས། གཉན་རིམ་སྔོན་འགོག་གི་ལས་དོན་དང་འབྲེལ་གོང་རིམ་ནས་ contact tracing འམ་འབྲེལ་མཐུད་རྩད་གཅོད་བྱེད་སྐབས་མང་ཚོགས་ནས་ངེས་པར་དུ་འཕྱར་གྲུ་མཉམ་འདེགས་གནང་དགོས་པའི་སྐུལ་མ་གནང་སོང་།དེའང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་དེ་རིང་ཕྱི་དྲོ་ཚོུད་ ༤།༣༠ འི་ཐོག་གོ་སྒྲིག་གནང་བའི་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་བར་གཞིགས་ན། གཟའ་ཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། བོད་མི་ ༦༢ ལ་ Covid19 གཉན་རིམས་ཕོག་ཡོད་པ་དང་། དེའི་ཁོངས་ནས་རང་ལོ་ ༩༠ སོན་པའི་ལ་དྭགས་སུ་གནས་སྡོད་སྐྱེས་པ་གཅིག་འདས་གྲོངས་སུ་གྱུར་ཡོད་པ་རེད་འདུག ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། གཟའ་འཁོར་འདིའི་ནང་ Covid19 གཉན་རིམས་ཕོག་མཁན་༦༢ བྱུང་བ་དེ་དག་གི་ཁོངས་ནས་ལོ་ཆུང་ཤོས་༣ དང་བགྲས་ཤོས་༨༨ ཆགས་ཡོད་སྐོར་གསུངས་བ་དང་འབྲེལ། དེའང་མང་ཆེ་བ་ནད་རྟགས་ཡོད་པ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་རྣམས་གཉིས་ནས། ཐེམ་སྤང་བཀག་རྒྱ་གུ་ཡངས་དང་འབྲེལ་མང་ཚོགས་ཀྱི་འགྲུལ་སྐྱོད་སོགས་ལ་རིམ་པའི་ལྷོད་ཡངས་ཕྱིན་པའི་མཚམས་དེར།  གཉན་རིམ་དེ་དུས་ཐོག་བཀག་འགོག་དང་ཁྱབ་བརྡལ་མི་འགྲོ་བའི་ཆེད། གོང་རིམ་ནས་ས་གནས་ས་ཐོག་ཏུ་ contact tracing འམ་ནད་གཞི་ཕོག་མཁན་དང་འབྲེལ་གཏུག་བྱུང་བའི་མི་སྣ་རྩད་གཅོད་དང་། གཞན་ཡང་ནད་གཞི་རྟགས་དཔྱད་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། མང་ཚོགས་ནས་ལས་དོན་དེའི་ནང་ངེས་པར་དུ་འཕྱར་གྲུ་མཉམ་འདེགས་ཀྱི་མཉམ་བཞུགས་གནང་དགོས་པའི་འབོད་སྐུལ་གནང་སོང་། གཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོིད་མིའི་སྤྱི་ཚོགས་ཁྲོད། ད་བར་བོད་མི་ཁྱོན་༣༥༧ ལ་covid-19 གཉན་རིམ་དེ་ཕོག་ཡོད་པ་དང་། དེའི་ཁོངས་ནས་དྲག་སྐྱེད་བྱུང་བ་ ༡༩༨ དང་༡༢ འདས་གྲོངས། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་༡༤༧ ཆགས་ཡོད་པ་རེད། འདས་པའི་གཟའ་འཁོར་ནང་ གངས་ཅན་སྐྱིད་གཤོངས་དུ་ཡོད་པའི་རྒྱ་གར་གྱི་ཀེ་ཎ་ར་དངུལ་ཁང་ནང་གི་ལས་བྱེད་གཉིས་ལ་གཉན་རིམ་ཕོག་པ་དང་། གཞན་ཞིག་ལ་ནད་རྟགས་ཐོན་རྗེས། བོད་མིའི་སྒྲིག་འཛུགས་ཀྱིས་ལས་ཁུངས་སོ་སོའི་ལས་བྱེད་གྲངས་འབོར་གྱི་བརྒྱ་ཆ་ ༥༠ རེས་མོས་ཐོག་ལས་བཅར་ཞུ་རྒྱུར་བཟོས་པ་དང་འབྲེལ། ལས་གཞི་སྔོན་འགོག་དང་འབྲེལ་ལས་བྱེད་ཚོ་ཕྱིར་བསྐྱོད་བྱེད་ཕྱོགས་ཐོག་རྩ་འཛིན་ལམ་སྟོན་འདོན་སྤེལ་གྱིས་དེར་བརྩི་བཀུར་མི་ཞུ་མཁན་རྣམས་ལ་དངུལ་གྱི་ཆད་པ་བཟོས་ཡོད་པ་མ་ཟད། གངས་སྐྱིད་ཁུལ་དུ་མི་ ༡༤༤༥ རྟོག་ཞིབ་དང་གཞན་ཡང་རྒྱ་བལ་ས་གནས་ཁག་ཏུ་ཁྱོན་མི་༧༠༥༥ ལ་རྟོག་ཞིབ་གནང་ཡོད་པ་རེད་འདུག

མཚོ་སྔོན་བྲག་དཀར་རྫོང་ཁོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་རྩྭ་སའི་བདག་དབང་ལ་དཀའ་ངལ།

འདས་བའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་སྔོན་ནས་བོད་ཁུལ་གྱི་ས་ཁོངས་གང་སར་རྒྱ་ནག་གིས་ཕྱུག་སྐྱུར་རྩ་འདེབས་དང་འབྲོག་པ་གཞིས་སྤོར་གྱི་སྲིད་བྱུས་ལག་བསྟར་གྱིས། རྩྭ་ས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ཕྱུགས་ཟོག་འཚོ་རྒྱུར་ཚད་འཛིན་བྱས་ཡོད་པ་ལྟར།  བོད་ཁུལ་གྱི་ས་ཕྱོགས་སོ་སོར་ཕྱུགས་ཟོག་འཚོ་སྐྱོང་གི་སྲོལ་རྒྱུན་ལམ་འཚོ་བའི་ལམ་ལུགས་ལ་གཏོར་བཅོམ་ཆེན་པོ་ཐེབསབཞིན་ཡོད་པ་རེད།

བོད་མི་གསུམ་གྱིས་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས།

དེ་རིང་རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་དང་བསྟུན་བོད་མི་རྒན་གཞོན་གསུམ་གྱིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག

གྲོས་ཚོགས་འཐུས་མི་ ༦༣ གྱིས་བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ཀྱི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་པའི་ཞུ་སྐུལ།

ཨ་རིའི་རྒྱལ་ས་ Washington DC ཁུལ་དུ་ཡོད་པའི་ James Foundation ཐེབས་རྩ་ཁང་གིས་ཁ་སང་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་གི་ནང་རྒྱ་ནག་གཞུང་གིས་ཤིན་ཅང་ལྟར་བོད་ནང་གི་ཞིང་འབྲོག་མང་ཚོགས་འབུམ་ལྔ་ཙམ་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་བཙན་ཁྲིད་ཀྱིས་ངལ་རྩོལ་སྒྱུར་བཀོད་བྱེད་བཞིན་པའི་གནས་ཚུལ་ཐོན་པ་ལྟར་ཨ་རི་དང་ཨིན་ཡུལ། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། དེ་བཞིན་ཨོ་སི་ཊོ་ལི་ཡ་སོགས་ཀྱི་གྲོས་ཚོགས་འཐུས་མི་ ༦༣ གྱིས་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ཙམ་བཙན་དབང་གིས་ངལ་རྩོལ་བ་བྱས་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས་གཏམ་སྤེལ་བ་དང་སྦྲགས། རྒྱ་ནག་གཞུང་གིས་གཏུམ་དྲག་གི་མནར་གཅོད་དང་བཙན་གནོན་གྱི་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། བོད་མི་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བཞི་ཆེད་བཏོན་གནང་འདུག James Foundation ཐེབས་རྩ་ཁང་གིས་ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ བར་གྱི་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་སྤེལ་བའི་གསར་འགྱུར་དང་བོད་ནང་གི་ས་གནས་རྒྱ་ནག་གཞུང་གི་ཡིག་ཆ་ཁག་ལ་ཉམས་ཞིབ་གནང་བའི་ཞིབ་འཇུག་སྙན་ཐོའི་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཟླ་བ་བདུན་ཙམ་གྱི་ནང་དུ་བོད་ཀྱི་ཞིང་འབྲོག་མང་ཚོགས་འབུམ་ལྔ་ཙམ་རྒྱ་ནག་གཞུང་གི་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་ཁྲིད་ནས་སྦྱོང་བརྡར་སྤྲད་ཡོད་པ་དང་། དེའི་ཁོངས་ནས་བོད་མི་ཁྲི་ལྔ་ཙམ་བོད་ནང་ངལ་རྩོལ་ཆེད་བགོ་འགྲེམས་དང་། གཞན་སྟོང་ཕྲག་ཁ་ཤས་ཤིག་རྒྱ་ནག་གི་རས་ཀྱི་བཟོ་གྲྭ་ལ་སོགས་པའི་ས་ཞིང་འདེབས་ལས་ཀྱི་བཟོ་གྲྭ་དང་རྒྱ་ནག་གི་ས་གནས་གཞན་ཁག་ལ་ཆེད་གཏོང་བྱས་ཡོད་པ་རེད་འདུག གནད་དོན་དེ་དང་འབྲེལ་ Inter-Parliamentary Alliance on China ཞེས་པའི་གྲོས་ཚོགས་འཐུས་མི་གྲངས་ ༦༣ ནས་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ཙམ་བཙན་དབང་གིས་ངལ་རྩོལ་བ་བྱས་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས་གཏམ་སྤེལ་བ་དང་འབྲེལ། རྒྱ་ནག་གི་བྱེད་སྟངས་དེ་ནི་ཤིན་ཅང་ནང་གི་ཡུ་གུར་མང་ཚོགས་ས་ཡ་གཅིག་འགལ་བར་ངལ་རྩོལ་སྒྱུར་བཀོད་བྱས་པའི་ལས་གཞི་དང་གཅིག་མཚུངས་ཡིན་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ ཤིན་ཅང་ནང་གི་གནད་དོན་དེའི་ཐོག་རྒྱ་གཞུང་ལ་སྐྱོན་བརྗོད་དྲག་པོ་ཇི་ཙམ་གནང་མིན་ལ་བལྟོས་མེད་ད་རེས་སླར་ཡང་བོད་ནང་འདི་ལྟ་བུའི་ལས་གཞི་སྤེལ་བཞིན་པའི་སྙན་ཐོ་དེར་གཞིགས་ན། རྒྱ་ནག་གཞུང་གིས་དེ་གའི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་སེམས་ཚོར་ཁག་སྣང་མེད་དུ་འཇོག་བཞིན་ཡོད་པ་གསལ་པོ་རེད་ཅེས་གསུངས་འདུག གྲོས་ཚོགས་འཐུས་མི་དེ་དག་གིས་ད་དུང་དོ་བདག་སོ་སོའི་གནས་ཡུལ་གཞུང་ལ་དགོས་འདུན་དོན་ཚན་ཁག་ཅིག་བཏོན་པའི་ནང་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་ནམ་ངལ་རྩོལ་བ་རྣམས་ཀྱི་གནད་དོན་ཐོག་ངན་པ་ལག་འབྲེལ་ཡོད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ Global Magnitsky Act ཞེས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་ཉེས་ཆད་འགེལ་དགོས་པ་དང་། ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་གནང་བའི་ Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་བརྒྱུད་ད་ལྟའི་བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ཀྱི་གནས་སྟངས་དང་འབྲེལ་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་གནང་དགོས་པ། དེ་བཞིན་ཡུལ་སོ་སོའི་ཚོང་ལས་ཆེ་གྲས་ཁག་ལ་དམིགས་བསལ་ལམ་སྟོན་གནང་སྟེ་བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ལས་མཆེད་པའི་དངོས་ཟོག་རིགས་ཉོ་ཚོང་མཚམས་འཇོག་དགོས་པ། རྒྱལ་ཚོགས་ཀྱིས་ངལ་རྩོལ་བའི་གནས་སྟངས་ཐད་ཉམས་ཞིབ་གནང་རྒྱུའི་སླད་དུ་ཆེད་ལས་མི་སྣ་བསྐོ་གཞག་གནང་ནས་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག ད་ལན་གྲོས་ཚོགས་འཐུས་མི་ ༦༣ དེ་དག་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་གནང་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ།གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་གཞི་རྩའི་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་འོག་མནར་སྤྱོད་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་བརྡ་ལན་བཟང་པོ་ཞིག་སྤྲད་ཡོད་ཅེས་གསུངས་འདུག་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་དམིགས་བསལ་གྱི་འདྲི་ཞིབ་ཚོགས་ཆུང་འཛུགས་དགོས་པའི་དུས་ལ་བབས་ཡོད་པར་གསུངས་འདུག རྩ་བའི་ James Foundation ཐེབས་རྩ་ཁང་གིས་ཐེངས་འདིའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མི་ཞིང་འབྲོག་རྣམས་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་ཆེད་གཏོང་བྱ་རྒྱུ་དེ་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཡིན་རུང་ཕྱི་ལོ་ ༢༠༡༦ ནས་བཟུང་ལས་གཞི་དེ་ཇེ་ཆེར་བཏང་སྟེ་སྦྱོང་བརྡར་ཁང་གསར་པ་ཁག་ཅིག་འཛུགས་སྐྲུན་བྱས་ཡོད་པ་མ་ཟད། རྫོང་ཆེ་ཆུང་ལ་གཞིགས་ཏེ་ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་ནས་སྦྱོང་བརྡར་དེ་དག་སླད་བོད་མི་ཇི་ཙམ་བཏང་དགོས་པའི་ཚད་འཛིན་བཟོས་ཡོད་པ་དང་། སྙན་ཐོ་དེའི་སླད་ཞིབ་འཇུག་གནང་མཁན་གཙོ་གྲས་བོད་དང་ཤིན་ཅང་གི་ཐོག་ཏུ་རང་དབང་གི་སྒོ་ནས་ཉམས་ཞིབ་གནང་མཁན་ Adrian Zenz ལགས་ཀྱིས་རྒྱ་ནག་གཞུང་གི་ལས་གཞི་དེ་ནི་རིག་གནས་གསར་བརྗེའི་རྗེས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འཚོ་བ་ལ་འཆར་གཞི་ལྡན་པའི་སྒོ་ནས་གཏོར་བཅོམ་བྱ་རྒྱུའི་དམིགས་ཡུལ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ངལ་རྩོལ་བ་རྣམས་དབུལ་ཕོངས་ཀྱི་ངལ་བ་ལས་དགྲོལ་རྒྱུ་དང་རྒྱལ་ཁབ་འཛུགས་སྐྲུན་སླད་དུ་ཚོང་ལས་ལྟེ་གནས་ཁག་ཏུ་གཏོང་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། བོད་རིགས་དང་ཡུ་གུར་བ་རྣམས་ངལ་རྩོལ་སླད་དུ་ཆེད་གཏོང་བྱས་པ་ནི་མི་རིགས་དེ་དག་གི་ལྟ་གྲུབ་བརྗེ་བར་དམིགས་བཀར་བྱས་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྙན་ཐོ་དེ་ཁུངས་ལུང་མེད་པ་དང་བོད་གཙོས་རྒྱ་ནག་གི་ཁུལ་དུ་བཙན་སྐུལ་གྱི་ངལ་རྩོལ་བ་ཞིག་གཏན་ནས་མེད་ཚུལ་བརྗོད་འདུག་པ་མ་ཟད། རྒྱ་ནག་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་སྟབས་ངལ་རྩོལ་བ་ཚོར་ཁྲིམས་མཐུན་གྱི་སྒོ་ནས་གླ་ཕོགས་སྤྲོད་ཀྱི་ཡོད་སྐོར་བརྗོད་དེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་གུས་བརྩི་ལྡན་པའི་ཐོག་ལེགས་ཉེས་དབྱེ་འབྱེད་ཐུབ་རྒྱུའི་རེ་བ་དང་། གཞན་གྱི་བསླུ་ཁྲིད་འོག་མི་ཚུད་པའི་རེ་བ་ཡོད་སྐོར་བརྗོད་འདུག

སྤྱི་ཚོགས་ནང་དུ་དོགས་ཡོད་ཀྱི་མི་སྣར་ཞིབ་འཇུག་གནང་དགོས།

ཉེ་ལམ་ཕྱི་ཚེས་ ༢༡ ཉིན་ཨ་རིའི་ཉེན་རྟོག་པ་བོད་མིང་ལ་པད་མ་དར་རྒྱས་ངག་དབང་ཟེར་བ་ཞིག་གིས་ནིའུ་ཡོག་གནས་སྡོད་བོད་མི་རྣམས་པའི་ལས་འགུལ་ལ་སོ་ལྟ་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་པ་དང་། གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་ཐོན་མ་ཐག་དེ་སྔ་ཉེན་རྟོག་པ་དེ་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་མཛད་སྒོ་ཞིག་ལ་སླེབས་པའི་འདྲ་པར་སྤྱི་ཚོགས་བརྒྱུད་ལམ་ཏུ་ཆེས་ཆེར་ཁྱབ་གདལ་ཕྱིན་ཏེ་བོད་མི་མང་ཚོགས་ནས་སེམས་འཚབ་གནང་གཞིར་གྱུར་ཡོད་པ་རེད། སོ་མྱུལ་བའི་གནད་དོན་དང་འབྲེལ་ཁ་སང་ཕྱི་ཚེས་ ༢༢ ཉིན་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐབས་ ༡༦ གི་རྒྱུན་ལས་རྣམས་པས་གསར་འགོད་གསལ་བསྒྲགས་སྤེལ་བ་དང་སྦྲགས། སོ་མྱུལ་བ་དེ་བོད་པའི་སྤྱི་ཚོགས་ནང་ཇི་ལྟར་བྱས་ནས་ཡོང་བ་ཞིག་ཆགས་ཡོད་མེད་སྐོར་ལ་འགྲེལ་བརྗོད་དང་། ལྷག་པར་དུ་དེ་སྔ་ཚོགས་པའི་ངོས་ནས་ཁོ་པའི་བྱ་སྤྱོད་ལ་དོགས་གཞི་བྱུང་ནས་འབྲེལ་ཐག་བཅད་ཡོད་པར་གསུངས་འདུག ནིའུ་ཡོག་ནང་བོད་མི་སོ་མྱུལ་བ་འཛིན་བཟུང་བྱས་པ་ཙམ་མ་ཟད་ཉེ་བའི་ཆར་རྒྱ་གར་ནང་དུའང་བོད་མི་དང་འབྲེལ་བའི་སོ་མྱུལ་གྱི་གནད་དོན་རིམ་པ་འཐོན་བཞིན་ཡོད་པ་རེད།དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་དམིགས་བསལ་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་སོ་མྱུལ་གྱི་གནད་དོན་དེ་འདྲ་བྱུང་བ་ནི་ཐོག་མ་མིན་པར་རྒྱ་གཞུང་གིས་དེ་སྔ་ ༡༩༨༠ གྱ་གྲངས་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་སིམ་འཛུལ་བྱེད་རྒྱུ་དང་ནང་ཁུལ་འཆམ་མཐུན་མེད་པ་བཟོ་རྒྱུ། དེ་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་སྣ་མང་བརྩམས་ཡོད་སྟབས་སླད་མར་ཡང་དེ་འབྲེལ་ཡོང་སྲིད་པར་བརྟེན་བོད་མི་སྤྱི་ཡོངས་ནས་ངེས་པར་དུ་དོགས་ཟོན་དང་ཡིད་གཟབ་གནང་དགོས་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་བདེ་སྲུང་ལས་ཁུངས་ཀྱི་ལས་འགན་གྱི་ངོ་བོ་ཆ་ནས་གནད་དོན་འདི་རིགས་ལ་དོ་སྣང་དང་ཞིབ་འཇུག་གནང་གི་ཡོད་པ་མ་ཟད། ལྷག་པར་དུ་སོ་མྱུལ་བ་བོད་པ་ཡིན་མིན་ལ་མ་བལྟོས་པར་གཙོ་བོ་བཙན་བྱོལ་སྤྱི་ཚོགས་ནང་མི་དེ་འདྲ་འཛུལ་བ་ཡིན་ན་རྒྱབ་ལྗོངས་གང་ཡིན་ལ་ཞིབ་འཇུག་ནན་པོ་གནང་གལ་ཡིན་པར་གསུངས་སོང་། གཞི་རྩའི་ཉེ་ལམ་ཨ་རིའི་ནང་རྒྱ་ནག་གི་སོ་མྱུལ་བ་འཛིན་བཟུང་དང་འབྲེལ། ཁ་སང་ནིའུ་ཡོག་དང་ནིའུ་འཇར་སིའི་སྐབས་ ༡༦ པའི་བོད་རིགས་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་རྒྱུན་ལས་ནས་གནད་དོན་དེའི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་སྐབས། སྐབས་ ༡༦ གི་ཚོགས་གཙོ་བསོད་ནམས་དགེ་འཕེལ་ལགས་ཀྱིས་སོ་མྱུལ་བ་དེས་ཐོག་མར་ཚུར་འབྲེལ་བ་བྱས་ཡོད་སྐོར་རྒྱབ་ལྗོངས་ངོ་སྤྲོད་གནང་བ་དང་སྦྲགས། ལོ་གསར་གྱི་མཛད་རིམ་རྗེས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་པས་སོ་མྱུལ་བ་དེས་བཟའ་ཟླའི་འདྲ་པར་ཞིག་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་དང་མཉམ་དུ་གཟིགས་མ་ཐག་རྒྱུན་ལས་རྣམ་པའི་དབར་དེ་འབྲེལ་ཐོག་ལ་གྲོས་བསྡུར་གནང་བ་དང་། ཁོ་པར་གནད་དོན་དེ་གང་འདྲ་ཡིན་མིན་བཀའ་མོལ་གནང་བར་ཁོས་རྒྱ་ནག་གི་གཞུང་ཚབ་ཁང་དང་འབྲེལ་བ་ཡག་པོ་ཡོད་ཅེས་བརྗོད་དོན་ལྟར་དེའི་རྗེས་སུ་འབྲེལ་ཐག་བཅད་ཡོད་པ་རེད་འདུག གནད་དོན་དེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་ལ་སྙན་སེང་ཞུས་ཡོད་སྐོར་གསུངས་ཡོད།གཞི་རྩའི་སོ་མྱུལ་གྱི་གནད་དོན་དང་འབྲེལ་ནས་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཡིས་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བར་ཉེན་རྟོག་པ་དེ་རྒྱ་ནག་གི་སོ་མྱུལ་བ་མིན་པ་དང་ཨ་རི་ནས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་དམིགས་འབེན་དུ་བཟུང་ནས་ཉེས་འཛུགས་བྱས་པ་ཞིག་རེད་ཅེས་བརྗོད་འདུག

བཞུགས་སྒར་དུ་མང་ཚོགས་ཀྱིས་རྐང་འཁོར་སྤྱོད་ཤུགས་ཆེ་རུ་གཏོང་རྒྱུའི་དྲིལ་བསྒྲགས།

དེ་རིང་སྔ་དྲོ། བཞུགས་སྒར་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ། བཞུགས་སྒར་རྡ་སའི་ཁུལ་གྱི་ས་གནས་གྲས་ཚོགས་ཀྱི་འཐུས་མི་སྐུ་ཞབས། Vishal Nehria ལགས་དང་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པ་སྐུ་ཞབས།  Devendra Jaggi ལགས་གཉིས་ཀྱིས་དབུ་ཁྲིད་པའི་ཐོག བཞུགས་སྒར་ཁུལ་གྱི་རྒྱ་གར་གྱི་ཡུལ་མི་དང་བོད་མི་གཉིས་ཐུན་མོང་གི་ཐོག་ནས།   དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ནང་དུ་རྐང་འཁོར་བེད་སྤྱོད་གཏོང་ཤུགས་ཆེ་རུ་བཏང་སྟེ། མི་མང་གི་འཕྲོད་བསྟེན་དང་མཁའ་དབུགས་ཇེ་གཙང་དུ་གཏོང་རྒྱུ་གལ་ཆེན་ཡིན་པའི་ལས་གཞི་ཞིག་དབུ་འཛུགས་གནང་སོང་།དེ་རིང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་གཞི་དེའི་ཐོག  བཞུགས་སྒར་རྡ་སའི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པ།  སྐུ་ཞབས་ Mayor Devendra Jaggi ལགས་ཀྱི་གཙོ་བྱས་པའི་རྡ་སའི་ས་གནས་གྲོས་ཚོགས་འཐུས་མི། དེ་བཞིན་རྡ་ས་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞིའི་གཙོ་འཛིན། སྐུ་ཞབས་ Pradeep Thakur དང་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སོགས་ཀྱི་མཚོན་པའི་མི་མང་དང་ལྷན་དུ།  འཕགས་བོད་གཉིས་ཀྱི་རྐང་འཁོར་སྐོར་སྐྱོད་པ་ལྔ་བཅུ་ལྷག་འདུ་འཛོམས་གནང་སྟེ། ཁོང་རྣམས་ནས་ཀྱིས་ལས་གཞི་དེའི་ཁྲོད་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་ནས་རྡ་སྟེང་བོད་ཁྱིམ་ཉེ་འཁྲིས་ཀྱི་བཟོ་གྲྭ་བར་སྐོར་བསྐྱོད་གནང་ཡོད་པ་རེད། འདི་གའི་གསར་འགོད་པས་རྡ་ས་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞིའི་གཙོ་འཛིན། སྐུ་ཞབས་ Pradeep Thakur ལགས་སུ་དེ་རིང་གི་རྐང་འཁོར་སྐྱོད་ཀྱི་ལས་གཞིའི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  གཞི་རྩའི་རྒྱ་གར་གྱི་( Ministry of housing and urban affairs) ཞེས་པའི་སྡོད་ཁང་དང་གྲོང་ཁྱེར་གྱི་ལས་དོན་བློན་ཆེན་ལས་ཁུངས་ཀྱིས་རེ་སྐུལ་ཞུས་པ་ལྟར། དེང་རབས་ཅན་གྱི་གྲོང་ཁྱེར་ཁག་གི་འགྲིམ་འགུལ་གྱི་རིགས་མང་པོ་ཞིག་སྣུམ་འཁོར་ལ་བརྟེན་མི་དགོས་པར་རྐང་འཁོར་བེད་སྤྱོད་གཏོང་རྒྱུ་བྱུང་ན་མི་མང་གི་འཕྲོད་བསྟེན་དང་གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་དབུགས་གཙང་མ་ཆགས་རྒྱུར་ཕན་ནུས་ཆེན་པོ་ལྡན་ཡོད་པ་མ་ཟད།  འགྲིམ་འགྲུལ་གྱི་འཚང་ཀ་ཡང་ཇེ་ཉུང་དུ་འགྲོ་རྒྱུར་རེ་བ་ཆེན་པོ་ཡོད་པ་ལྟར།  དེ་རིང་རྐང་འཁོར་སྐོར་སྐྱོད་ཀྱི་དྲིལ་བསྒྲགས་ལས་གཞི་འདི་དབུ་འཛུགས་ཞུས་པ་ཞིག་ཡིན་པར་ངོ་སྤྲོད་གནང་བ་དང་སྦྲགས།་འདི་ལོའི་རྒྱ་ནག་གི་རིམས་ནད་ཁྱབ་བརྡལ་གྱི་རྐྱེན་གྱིས། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དུ་ཡང་འགྲིམ་འགྲུལ་གྱི་རིགས་ཇེ་ཉུང་དུ་སོང་ཡོད་པ་མ་ཟད། འགྲུལ་སྐྱོད་བྱ་དགོས་ངེས་ཁག་མང་པོ་ཞིག་རྐང་འཁོར་ལ་བརྟེན་ནས་འགྲོ་སྐྱོད་བྱེད་བཞིན་ཡོད་དུས།  བཞུགས་སྒར་ཁུལ་ནས་རྡ་སྟེང་བོད་ཁྱིམ་དང་རྡ་ཤོད་ཀྱི་Khanyara གཞུང་ལམ་སོགས་སུ་རྐང་འཁོར་འགྲོ་སྐྱོད་བྱེད་སའི་གཞུང་ཐིག་གསར་བ་ཞིག་བཟོ་སྐྲུན་བྱེད་རྒྱུ་ཡིན་ལུགས་ངོ་སྤྲོད་གནང་སོང་། དེ་བཞིན་འདི་གའི་གསར་འགོད་པས་རྡ་ས་གནས་འཛིན་ལགས་ལགས་སུ་བཞུགས་སྒར་རྡ་ས་དེང་རབས་ཅན་གྱི་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ལས་གཞིའི་ཁོངས་སུ་བདམས་ཐོན་བྱུང་ཡོད་དུས། དམིགས་བསལ་གྱི་འཛུགས་སྐྲུན་ཀྱི་ལས་གཞིི་དེ་འདྲ་ག་རེ་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཞུང་ལམ་གསར་རྒྱག་དང་ཆུ་གློག་འཛུགས་སྐྲུན་སོགས་ཀྱི་ཐད་ནས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དང་། དེ་བཞིན་བཞུགས་སྒར་ཁུལ་གྱི་གད་སྙིགས་གཙང་བཟོ་སོགས་ཀྱི་ལས་འཆར་མང་པོ་ཞིག་ཡོད་ནའང་།  དེ་དག་ག་ལེར་མངོན་འགྱུར་བྱུང་རྒྱུ་ལས་མགྱོགས་པོ་མགྱོགས་པོར་ལག་བསྟར་ཡོང་ཐབས་མེད་སྐོར་ངོ་སྤྲོད་གནང་སོང་། གཞན་ཡང་རྡ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Vishal Nehria ལགས་སུ་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་གཞིའི་ཁོངས་ནས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་ཕྱཱ་དང་འབྲེལ་བའི་ཐད་ནས་ལས་གཞི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་༸གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་དེ་རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་གཞུང་གིས་ལྟ་རྟོག་གནང་གི་ཡོད་པ་ཞིག་ཡིན་སྐོར་ངོ་སྤྲོད་ཀྱིས། དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ལས་གཞིའི་འོག་ཏུ་བཞུགས་སྒར་ཁུལ་གྱི་རླངས་འཁོར་གྱི་འཚང་ཁ་ཇེ་ཉུང་དང་གཏོང་རྒྱུ་དང་། དེ་བཞིན་སྲང་ལམ་ཡོད་ཚད་དུ་ལྟ་རྟོག་གི་བརྙན་མིག་མང་དུ་འཛུགས་རྒྱུ་སོགས་ཀྱི་ལས་གཞི་ཡོད་པར་ངོ་སྤྲོད་གནང་སོང་།གཞི་རྩའི་རྒྱ་གར་གཞུང་གིས། སྤྱི་ལོ་ ༢༠༡༥ ལོར་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ཁག་ནས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེ་ཁག་བརྒྱ་མིང་འདོན་བྱས་པའི་ཁོངས་སུ་བཞུགས་སྒར་རྡ་རམ་ས་ལ་ཡང་ཡང་ཚུལ་ཡོད་པ་ལྟར། དབུས་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞིའི་ཆེད་དུ་དངུལ་རྩིས་བྱེ་བ་ ༢༠༠ ལྷག་གི་རོགས་འདེགས་ཞུ་རྒྱུར་གཏན་འབེབས་བྱུང་ཡོད་པ་རེད།  སྔོན་ཆད་བཞུགས་སྒར་གྱི་ཁུལ་འདི་རྒྱ་གར་བྱང་ཕྱོགས་ཀྱི་པཱ་ཧ་རིའི་རིགས་ཀྱི་འབྲོག་པ་རྣམས་ཀྱི་དབྱར་ས་ལྟ་བུ་ལས་འཛུགས་སྐྲུན་གྱི་ལས་གཞི་དེ་ཙམ་མེད་ནའང་། སྤྱི་ལོ ༡༩༦༠ ལོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ་ནས་བཟུང་། ད་ཆ་བཞུགས་སྒར་རྡ་རམ་ས་ལ་ནི་རིག་གནས་སྣ་མང་གི་ལྟེ་བ་དང་ཡུལ་སྐོར་བ་ཁྲི་སྟོང་གི་དམིགས་འདུན་ཁྲོད་ཀྱི་ས་ཚུགས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་པ་རེད།

སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཕྱག་ལས་གནང་མྱོང་མཁན་གཞིས་བཞུགས་བོད་རིག་སློབ་དཔོན་ཆེན་པོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཉེ་ཆར་ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོ་ཕྱག་ཚོད་་༡༡ ཐོག་རང་ཁྱིམ་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

Latest news