Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

མི་ལོ་སོ་བཞིའི་རྗེས་སུ་་རྒྱ་གར་རྒྱལ་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས།

ཁ་སང་སྔ་ཐོག་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་དབུས་པའི་རྒྱ་གར་དབུས་ཀྱི་བློན་ཆེན་རྣམ་པ་ལྷན་འཛོམས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་དབུས་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ T. S. R. Subramanian ལགས་ཀྱིས་སྣེ་ཁྲིད་འོག་ཆེད་འཛུགས་གནང་བའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་ཚོགས་ཆུང་གིས་དཔྱད་ཞིབ་གནང་བའི་སྙན་ཐོ་དང་དེ་བཞིན་སྔ་ལོར་རྒྱ་གར་གྱི་བར་སྣང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ Krishnaswamy Kasturirangan ལགས་ཀྱིས་སྣི་ཁྲིད་པའི་ཚོགས་ཆུང་གིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་སྙན་ཐོ་གཉིས་ཀྱི་ཐོག་བཀའ་བསྡུར་དང་། སྣོན་འཕྲི་སྤོར་གཅོག་གང་དགོས་སོགས་གནང་སྟེ་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པ་ ༢༠༢༠ ཞེས་པ་ཞིག་གཏན་འབེབས་གནང་ཡོད་པ་རེད།ཤེས་ཡོན་སྲིད་བྱུས་གསར་པ་དེ་གཏན་འབེབས་དང་འབྲེལ་ཏེ་ཁ་སང་དགོང་དྲོ་རྒྱ་གར་གྱི་ཤེས་རིག་བློན་ཆེན་སྐུ་ཞབས་ Ramesh Pokhriyal Nishank ལགས་དང་དྲིལ་བསྒྲགས་བློན་ཆེན་སྐུ་ཞབས་ Prakash Javadekar ལགས་གཙོས་འབྲེལ་ཡོད་ལྷན་ཁང་གི་དྲུང་ཆེ་རྣམ་པ་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་རྒྱ་གར་དབུས་གཞུང་ནས་མི་ལོ་ ༣༤ རྗེས་སུ་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་བཏང་ནས་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་གསར་པ་ ༢༠༢༠ ཞེས་པ་ཞིག་གཏན་འབེབས་གནང་བ་དེ་རྒྱ་གར་གསར་པ་འཛུགས་སྐྲུན་གྱི་སྒལ་ཚིགས་ལྟ་བུ་ཆགས་ཀྱི་ཡོད་པ་དང་། སྲིད་བྱུས་འདི་བརྒྱུད་ནས་ད་ལྟའི་རྒྱ་གར་ནང་ལ་སློབ་ཞུགས་ཀྱི་བརྒྱ་ཆ་ ༢༦༌༣ ཡིན་པ་དེ་བརྒྱ་ཆ་ ༥༠ བར་འཕར་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་འདུགརྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པའི་ནང་དེ་སྔ་རྒྱ་གར་གྱི་ཤེས་ཡོན་ཐོབ་ཐང་ཁྲིམས་ཡིག་ནང་བྱིས་པ་ལོ་ ༦ ནས་ ༡༤ བར་འཁོད་པ་དེ་ལོ་ན་ ༣ ནས་༡༨ བར་བསྐྱར་བཅོས་དང་། དེ་སྔ་རྒྱ་གར་གྱི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་དེ་ཤེས་རིག་ལྷན་ཁང་དུ་ཁ་སྒྱུར་གནང་སྟེ་ལྷན་ཁང་དེའི་བློན་ཆེན་ལ་ཤེས་རིག་བློན་ཆེན་ཞེས་མཚན་འབོད་གནང་རྒྱུ་བཟོས་འདུག དེ་སྔ་ཡོད་བཞིན་པའི་འཛིན་རིམ་དང་པོ་ནས་བཅུ་དང་དེ་ནས་འདོད་མོས་ཀྱི་འཛིན་རིམ་ ༡༡ དང་ ༡༢ དེ་བཞིན་མཐོ་སློབ་བཅས་ཁྱོན་སློབ་སྦྱོང་གི་ལོ་ཡུན་དེ་ལོ་ ༡༥ འགོར་གྱི་ཡོད་པ་དེ་རང་སོར་བཞག་འདུག་ཀྱང་། ལོ་ཡུན་དེའི་ཚད་གཞི་ལ་འགྱུར་བ་ཕྲན་བུ་བཏང་ནས་འཛིན་རིམ་དང་པོ་ནས་ལྔ་པ་བར་སྔོན་འགྲོ་དང་། ༦ ནས་ ༨ བར་གཞི་རིམ་བར་མ། དེ་ནས་ ༨ ནས་ ༡༡ བར་གཞི་རིམ་གོང་མ་དང་། ༡༢ ནས་ཁྱོན་ལོ་བཞིའི་རིང་ལ་མཐོ་སློབ་ཀྱི་སློབ་སྦྱོང་བཅས་སུ་འཆར་འགོད་གནང་འདུགལྷག་པར་དུ་སློབ་སྦྱོང་གི་ལོ་ཡུན་དེའི་ནང་སློབ་ཕྲུག་ཚོར་དཔེ་དེབ་ཀྱི་ཤེས་བྱ་གཙོ་བོར་གཞི་མི་འཛིན་པར་འཛིན་རིམ་ལྔ་པ་བར་དུ་རང་ཉིད་ཀྱི་ཕ་སྐད་དམ་ས་གནས་སོ་སོའི་སྐད་ཡིག་གཞི་རྩར་བཞག་པའི་ཐོག་ནས་སློབ་ཁྲིད་དང་། དེ་ཡང་སློབ་མའི་རྣམ་དཔྱོད་དང་རིག་རྩལ། རྒྱུན་ཤེས་གོང་འཕེལ་སོགས་ཀྱི་ཐོག་ཤུགས་སྣོན་རྒྱག་རྒྱུ་དང་། འཛིན་རིམ་དྲུག་པ་ནས་ལས་རིགས་སྦྱོང་བརྡར་གྱི་སློབ་ཚན་གདམ་རྒྱུ། འཛིན་རིམ་ ༨ ནས་རང་ཉིད་ཀྱི་འདོད་མོས་ལྟར་སློབ་ཚན་ཁག་ཅིག་འདེམས་སྒྲུག་གནང་རྒྱུ། དེ་བཞིན་མཐོ་སློབ་སྐབས་སུ་སོ་སོའི་གཞི་རྩའི་སློབ་ཚན་ཐོག་རོལ་ཆ་སོགས་རྒྱུན་ཤེས་ཀྱི་སློབ་ཚན་གདམ་རྒྱུ་སོགས་ཀྱི་གོ་སྐབས་སྐྲུན་འདུག་པ་མ་ཟད། མཐོ་སློབ་ལོ་ཡུན་བཞིའི་སྐབས་སུ་ལོ་དུས་རེ་རེའི་གྲུབ་འབྲས་ལ་གཞིགས་ཏེ་ཕྱག་ཁྱེར་གནང་རྒྱུ་དང་། སློབ་མ་ཞིག་གི་མཐོ་སློབ་ཀྱི་ལོ་ཡུན་བཞིའི་བར་ལ་བར་བརྒལ་སློབ་སེང་ཀྱང་བཞེས་ཆོག་པ་མ་ཟད། སློབ་སྦྱོང་གི་དུས་ཡུན་ཁྲོད་ལོ་རེར་ཡིག་རྒྱུགས་ཐེངས་གཉིས་གནང་དགོས་པ་དང་དེའང་སློབ་མའི་ཉིན་རེའི་བྱ་གཞག་དང་། རྒྱུན་ཤེས། དེ་བཞིན་རིག་རྩལ་བཅས་ལ་གཞིགས་ཏེ་རྒྱ་ཆ་གནང་དགོས་པ་བཟོས་འདུགདེ་བཞིན་འཛིན་སྐྱོང་དང་འབྲེལ་གཞི་རིམ་གོང་མའི་བར་གྱི་སློབ་གྲྭ་རྣམས་འཛིན་སྐྱོང་གཅིག་གི་འོག་ཏུ་ཚུད་རྒྱུ་དང་། གཞུང་སྒེར་གྱི་མཐོ་སློབ་ཇི་ཡོད་རྣམས་ཡིག་རྒྱུགས་ལམ་ལུགས་གཅིག་གི་འོག་ཚུད་རྒྱུ། དེ་བཞིན་དགེ་རྒན་གྱི་ཆེད་ལས་སྦྱོང་བརྡར་སླད་དུ་ལྟེ་གནས་ཁང་ཆེད་འཛུགས་གནང་རྒྱུ་སོགས་འཁོད་འདུགཤེས་ཡོན་སྲིད་བྱུས་གསར་པ་དེ་ཡོངས་ཁྱབ་གནང་བ་དང་འབྲེལ་སྲིད་བློན་ Modi མཆོག་ནས་སྲིད་བྱུས་གསར་པ་འདི་ནི་རྒྱ་གར་གྱིས་ལོ་མང་རིང་ངང་སྒུག་གནང་བའི་སྲིད་བྱུས་གལ་ཆེ་ཞིག་ཡིན་པ་དང་། སྲིད་བྱུས་འདིས་རིམ་པས་ཕྱི་ལོ་ ༢༠༣༠ ལོར་རྒྱ་གར་གྱི་གཞི་རིམ་གོང་མའི་བར་སློབ་ཞུགས་བརྒྱ་ཆ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཆགས་ཐུབ་རྒྱུའི་ནུས་པ་ཡོད་ཅེས་གསུངས་འདུག དེ་སྔ་རྒྱ་གར་གྱི་ཤེས་ཡོན་བློན་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ Shashi Tharoor ལགས་ཀྱིས་ཤེས་ཡོན་སྲིད་བྱུས་དེར་དགའ་བསུ་ཞུས་ཡོད་ཀྱང་སྲིད་བྱུས་གཏན་འབེབས་མ་གནང་གོང་ལ་གྲོས་ཚོགས་སུ་བཀའ་བསྡུར་མ་གནང་བར་སྐྱོན་བརྗོད་དང་ལྷག་པར་ད་རེས་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་དེ་དོན་འཁྱོལ་ཇི་ཙམ་ཡོང་མིན་ནི་དྲི་བ་ཆེན་པོ་ཞིག་རེད་ཅེས་གསུངས་འདུགགཞི་རྩའི་རྒྱ་གར་རྒྱལ་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་གསར་པ་དེ་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་ཡང་དེ་མཚུངས་ཀྱིས་ལག་བསྟར་གནང་དགོས་པ་ཡོད་སྟབས། དེ་རིང་རླུང་འཕྲིན་ཁང་གིས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་ཤེས་ཡོན་སྲིད་བྱུས་གསར་པའི་ནང་སློབ་ཕྲུག་ལ་སློབ་ཚན་གྱི་གདམ་ཁ་ཆེན་པོ་སྐྲུན་ཡོད་པ་དེ་ཁེ་ཕན་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་། འབྲེལ་ཡོད་པར་ཁག ༸སྐུ་སྒེར་ཡིག་ཚང་དང་། PrepTube དེ་བཞིན་བོད་ཁྱིམ་དྲྭ་རྒྱ་ལས་བཏུས།

ཧི་མ་ཅལ་མངའ་སྡེའི་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་གསར་བར་འཚམས་འདྲི།

དེ་རིང་སྔ་དྲོ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ BJP ཆབ་སྲིད་ཚོགས་པའི་གཙོ་འཛིན་དུ་འོས་འདེམས་བྱུང་བའི་སྐུ་ཞབས Shri Suresh Kashyap ལགས་སུ། རང་རེའི་བོད་མིའི་སྐབས་བཅུ་དྲུག་གི་གྲོས་ཚོགས་ཀྱི་ཚབ་བྱས་ཏེ་འཚམས་འཕྲིན་གནང་འདུག འཚམས་འཕྲིན་དེའི་ནང་ཚོགས་གཙོ་མཆོག་གིས། རང་རེའི་གྲོས་ཚོགས་ཀྱི་འཐུས་ཚབ་པ་རྣམས་འདི་ལོའི་སྤྱི་ཟླ་གཉིས་བའི་ནང་སྐུ་ཞབས་ཁོང་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ཐོབ་ཡོད་པར་ལུང་འདྲེན་དང་སྦྲགས། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་ཚབ་བྱས་ཏེ་རྒྱ་གར་དབུས་གཞུང་དང་སྒོས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཆགས་སའི་ཧི་མ་ཅལ་མངའ་སྡེ་གཞུང་གིས་འདས་བའི་ལོ་དྲུག་ཅུའི་རིང་ལ་བོད་དོན་རྒྱབ་སྐྱོར་བླ་མེད་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞེས་བྲིས་གནང་འདུག ཚོགས་གཙོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གི་ཐུགས་དགོངས་ལམ་སྟོན་ལྟར་བོད་མི་རྣམས་ཀྱིས་དབུ་མའི་ལམ་བརྒྱུད་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བོད་རྒྱ་གཉིས་ལ་ཁེ་ཕན་ལྡན་པའི་ཚད་མཐོའི་རང་སྐྱོང་གི་གནས་བབ་ཅིག་ལ་རྩོད་ལེན་གནང་གི་ཡོད་པར་ལུང་འདྲེན་གྱིས། བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་དུ་བོད་རྒྱ་ཞུ་མོལ་ཡོང་རྒྱུར་རེ་བ་གནང་གི་ཡོེད་པར་བརྟེན། རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་ངོས་ནས་མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་གྱིས་བོད་རྒྱ་ཞི་མོལ་མཇུག་སྐྱོང་ཡོང་བར་རྒྱབ་སྐྱོར་གནང་རྒྱུའི་རེ་ཞུ་གནང་འདུག དེ་བཞིན་ཚོགས་གཙོ་མཆོག་གིས། BJP ཆབ་སྲིད་ཚོགས་པས་དེ་སྔ་ནས་བོད་དོན་ལ་རྒྱབ་སྐྱོར་བླ་མེད་གནང་ཡོད་ལུགས་དྲན་སྐུལ་གྱིས། སྐུ་ཞབས་ Shri Suresh Kashyap ལགས་ཀྱི་དབུ་ཁྲིད་འོག་སྔར་ལྟར་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་སྦྲགས། མགོན་པོ་གང་གི་ཐུགས་རེ་ལྟར། བོད་མི་རྣམས་ཀྱིས་རྒྱ་གར་ནང་གི་བོད་རིགས་འདུས་སྡོད་ཀྱི་མངའ་སྡེ་སོ་སོའི་ནང་དུ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་རེ་འཛུགས་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་པར་ལུང་འདྲེན་གྱིས། ཧི་མ་ཅལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་པ་དང་སྦྲགས། སླད་འབྱུང་འགྱུར་གྱི་ཁྲོད་དུ་སྐུ་ཞབས་ཁོང་གི་དབུ་ཁྲིད་ཀྱི་འོག་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུག

རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་ཧོང་ཀོང་གི་སློབ་མ་བཞི་འཛིན་བཟུང་།

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཁྲིམས་གཞི་ལག་བསྟར་བྱེད་བཞིན་པའི་ཁྲོད། ཁ་སང་ཀོང་ཧོང་གི་ཉེན་རྟོག་པས་ཁྲིམས་གཞི་དེ་དང་འབྲེལ་ནས། ཧོང་ཀོང་གྱི་རང་བཙན་རྩོད་མཁན་གཞོན་ནུ་ཚོགས་པའི་ཚོགས་མི་ཟུར་པ་ཡིན་པའི་སློབ་མ་བཞི་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་སྤེལ་བའི་ཉེས་མིང་འོག་ནས་འཛིན་བཟུང་བྱས་འདུགStudentlocalism ཞེས་པའི་ཚོགས་པ་དེ་ནི་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གཏན་འབེབས་བྱས་འཕྲལ་ཟླ་བ་སྔོན་མའི་ནང་ཕྱིར་བསྡུ་བྱས་པ་ཞིག་ཡིན་པ་དང་། གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཧོང་ཀོང་གི་ཉེན་རྟོག་པས་ ཚོགས་པ་དེའི་ཚོགས་གཙོ་ཟུར་པ་ Tony Chung དང་། མགྲིན་ཚབ་པ་ཟུར་པ་ Ho Nok-hang།  དེ་བཞིན་ཚོགས་མི་ཟུར་པ་ Yanni Ho སོགས་སློབ་མ་བཞི་བཙན་དབང་གིས་ཉེན་རྟོག་ཁང་དུ་ཁྲིད་ཡོད་པ་དང་།  དེ་ནི་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཞེས་པ་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་མི་སྣ་ཞིག་འཛིན་བཟུང་བྱས་པ་དང་པོ་དེ་ཆགས་ཡོད་པ་རེད་འདུགཁ་སང་ཉིན་གུང་ཆུ་ཚོད་ ༡༡ ཐོག   ཧོང་ཀོང་གི་བདེ་འཇགས་ལྷན་ཁང་གི་ཉེན་རྟོག་པའི་རུ་དཔོན་ Steve Li ཡིས་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་འགྲེལ་བརྗོད་བྱས་པ་ལྟར་ན། འཛིན་བཟུང་བྱས་པའི་མི་བཞི་དེ་སློབ་མ་ཡིན་པ་དང་། ཁོང་ཅག་གིས་སྤྱི་ཚོགས་དྲ་ལམ་དུ་ཧོང་ཀོང་སྤྱི་མཐུན་རྒྱལ་ཁབ་འཛུགས་རྒྱུར་སྐུལ་སློང་གིས་ཀོང་ཧོང་རང་བཙན་གྱི་ཆབ་སྲིད་ཚོགས་པ་གསར་འཛུགས་བྱེད་བཞིན་ཡོད་པར་འབྲེལ་ནས་འཛིན་བཟུང་བྱས་ཡོད་ལུགས་ཕྱིར་བསྒྲགས་དང་འབྲེལ། ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞིའི་དོན་ཚན་ ༢༡ པའི་ནང་དུ་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བྱས་ན་ནག་ཉེས་ཡོད་ལུགས་འཁོད་པ་བཞིན།  ཧོང་ཀོང་གི་ནང་དུ་ལས་འགུལ་སྤེལ་མཁན་རྣམས་ཀྱིས།  ལས་འགུལ་མ་སྤེལ་སྔོན་ལ་བསམ་བློ་གཉིས་བ་ཞིག་གཏོང་དགོས་བའི་ཉེན་བརྡ་བཏང་འདུག ཁོང་གིས་སྐབས་དེར་འཛིན་བཟུང་བྱས་པའི་སློབ་མ་དེ་དག་ཚོགས་པ་གང་དང་འབྲེལ་བ་ཡོད་པ་དང་། ཁོང་ཚོས་སྤྱི་ཚོགས་དྲ་ལམ་ཐོག་ཕྱིར་བསྒྲགས་ག་རེ་བྱས་ཡོད་མེད་སོགས་གསལ་བོར་བརྗོད་མེད་ཀྱང་། ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞིའི་དོན་ཚན་ ༢༠ ནང་དུ་འཇིགས་སྐུལ་དང་སྟོབས་ཤུགས་སོགས་བེད་སྤྱོད་བྱས་མིན་ལ་ལྟོས་མེད། རྒྱལ་ཁབ་ཁ་བྲལ་གྱི་འཆར་གཞི་འཐེན་པ་དང་ལས་ལ་ཞུགས་པ་སོགས་བྱས་ན་མི་ཚེ་གཅིག་ལ་བཙོན་འཇུག་ཀྱང་བྱེད་སྲིད་པར་ཕྱིར་བསྒྲགས་གནང་འདུག རྩ་བའི་རྒྱ་ནག་གིས་བཙན་དབང་གིས་ལག་བསྟར་བྱེད་བཞིན་པའི་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཞེས་པ་དེའི་ནང་དུ། རྒྱལ་ཁབ་མགོ་རྟིང་སློག་པ་དང་། ཁ་བྲལ་ལས་འགུལ་སྤེལ་བ། དེ་བཞིན་འཇིགས་སྐུལ་ལས་འགུལ་དང་ཕྱི་རྒྱལ་སྟོབས་ཤུགས་དང་འབྲེལ་བ་སོགས་ཀྱི་བྱ་སྤྱོད་ཁག་ནག་ཉེས་ཅན་དུ་བསྒྱུར་ནས་བཙོན་འཇུག་བྱེད་རྒྱུ་ཡིན་པར་འཁོད་ཡོད་པ་དང་།  ད་ཆ་རྒྱ་ནག་གིས་ཁྲིམས་གཞི་དེ་བཙན་དབང་གིས་ཀོང་ཧོང་གི་གཞི་རྩའི་ཁྲིམས་ཡིག་གི་ནང་དུ་བཅུག་ཡོད་པར་བརྟེན། ཧོང་ཀོང་གི་ཉེན་རྟོགས་པ་རྣམས་ལ་མི་མང་འཛིན་བཟུང་བྱེད་རྒྱུའི་དབང་ཚད་གསར་བ་ཞིག་སྤྲད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གསར་ལམ་ཁག་ཏུ་འཁོད་པའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གིས་འདི་ལོའི་སྤྱི་ཟླ་༦ པའི་ཚེས་ ༣༠ ཉིན་ནས་བཟུང་ཧོང་ཀོང་གི་བདེ་འཇགས་ཁྲིམས་འཆར་ཞེས་པ་ལག་བསྟར་བྱེད་འགོ་བཙུགས་མ་ཐག  Studentlocalism ཞེས་པའི་ཧོང་ཀོང་རང་བཙན་རྩོད་མཁན་གྱི་སློབ་ཕྲུག་ཚོགས་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་སྤེལ་ཏེ། ཚོགས་པ་དེ་ཕྱིར་བསྡུ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་།  ཕྱི་རྒྱལ་ཁག་ཏུ་གནས་བའི་ཧོང་ཀོང་གི་སློབ་ཕྲུག་ཚོགས་མི་རྣམས་ཀྱིས་ཧོང་ཀོང་ལ་རང་དབང་མ་ཐོབ་བར་དུ་ཚོགས་པ་དེ་ཕྱི་རྒྱལ་དུ་མཇུག་སྐྱོང་གནང་རྒྱུ་ཡིན་པར་བསྒྲགས་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༧ ཉིན་ཨ་རིར་ཡོད་པའི་ཚོགས་མི་རྣམས་ཀྱིས་ཚོགས་པ་དེའི་ཡན་ལག་ཞིག་གསར་འཛུགས་བྱས་ཏེ། ཚོགས་པ་དེའི་མུ་མཐུད་ནས་ཧོང་གི་རང་བཙན་རྩོད་ལེན་བྱེད་རྒྱུ་ཡིན་པར་ཡོངས་གྲགས་གནང་ཡོད་པ་རེད། གཞིར་རྩའི་ཧོང་ཀོང་གི་ནང་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དང་འབྲེལ་ནས་མི་མང་ས་ཡ་མང་པོས་གཞུང་རྒོལ་གྱི་ངོ་རྒོལ་ལས་འགུལ་ཡུན་རིང་སྤེལ་ཡོད་པ་མ་ཟད།  ཉེ་ཆར་རྒྱ་ནག་གིས་བཙན་དབང་གི་ཐོག་ནས་ཧོང་ཀོང་གི་བདེ་འཇགས་ཞེས་པའི་ཁྲིམས་འཆར་ལག་བསྟར་བྱེད་འགོ་བཙུགས་པར་བརྟེན། ཧོང་ཀོང་གི་ནང་དུ་མང་གཙོ་དང་རང་དབང་གི་ལས་འགུལ་བ་མང་པོ་ཞིག་ཕྱི་ལོགས་སུ་བྲོས་བྱོལ་ལ་ཕྱིན་ཡོད་པ་རེད། ད་ཆ་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་སྤྱི་ཡོངས་ནས་དམ་དྲག་ཤུགས་ཆེར་གཏོང་བཞིན་པ་མ་ཟད། སློབ་གྲྭ་ཁག་གི་བསླབ་གཞི་ལ་ཡང་བསྐྱར་ཞིབ་བྱས་ཏེ་རང་བཙན་དང་མང་གཙོ་སོགས་ཀྱི་བསླབ་གཞི་ཁག་ཕྱིར་བསྡུ་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད།  

གཉན་རིམས་ཁྲོད་སློབ་གྲྭ་ཁག་མུ་མཐུད་ཕྱིར་བཤོལ་བཀོད་ཁྱབ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ པ་དེ་འཛམ་གླིང་སྤྱིར་ཁྱབ་གདལ་བྱུང་བ་ནས་བཟུང་རྒྱལ་ཁབ་མང་པོས་དེ་མ་ཐག་ཏུ་གཉན་རིམས་སྔོན་འགོག་སླད་སྒོ་རྒྱ་བསྡམ་པའི་བཀའ་རྒྱ་གནང་ཡོད་པ་ལྟར་རྒྱ་གར་ནང་དུའང་ཟླ་ ༣ ཚེས་ ༢༥ ནས་རྒྱལ་ཁབ་ཡོངས་སྒོ་རྒྱ་བསྡམས་ ཡོད་པ་རེད།  འོན་ཀྱང་ཟླ་ ༦ པ་ནས་རིམ་པས་ Unlock ཞེས་སྒོ་རྒྱ་བསྡམ་པའི་དུས་བཅད་ལ་གུ་ཡངས་ཀྱི་རིམ་པ་དང་པོ་དང་གཉིས་པའི་བཀོད་ཁྱབ་གནང་ཡོད་པ་མ་ཟད། ཁ་སང་རྒྱ་གར་དབུས་གཞུང་ནས་སྒོ་རྒྱ་བསྡམ་པའི་གུ་ཡངས་ཀྱི་རིམ་པ་གསུམ་པའི་བཀོད་ཁྱབ་གནང་བ་དང་འབྲེལ། བཀོད་ཁྱབ་དེའི་ནང་མཚན་གྱི་ཐེམ་སྤང་ལ་གུ་ཡངས་གཙོས་ལུས་སྦྱོང་ཁང་སོགས་རིམ་བཞིན་སྒོ་ཕྱེ་ནས་ལས་དོན་གཉེར་ཆོག་པ་དང་། དེ་མིན་སློབ་གྲྭ་དང་མཐོ་སློབ་ཁག་མུ་མཐུད་ཕྱིར་བཤོལ་གནང་རྒྱུའི་བཀོད་ཁྱབ་གནང་འདུགཁ་སང་ཕྱི་ཚེས་ ༢༩ ཉིན་སྒོ་རྒྱ་བསྡམ་པའི་གུ་ཡངས་ཀྱི་རིམ་པ་གསུམ་པའི་གསལ་བསྒྲགས་ནང་གཉན་རིམས་ཉེན་ཚབས་ཆེ་བའི་ས་གནས་ནང་མུ་མཐུད་ཟླ་བ་བརྒྱད་པའི་ཟླ་མཇུག་བར་སྒོ་རྒྱ་བསྡམ་རྒྱུའི་བཀའ་རྒྱ་བཏང་ཡོད་པ་དང་དེ་བཞིན་ཉེན་ཚབས་ཆུང་ཉུང་བའི་ས་ཁུལ་ཁག་ཏུ་སློབ་གྲྭ་དང་མཐོ་སློབ། ཤེས་ཡོན་གྱི་བསྟི་གནས་ཁག་ཟླ་བ་ ༨ ཚེས་ ༣༡ བར་མུ་མཐུད་ཕྱིར་བཤོལ་གནང་རྒྱུ་དང་སྒོས་དེའི་ཚབ་ཏུ་དྲྭ་ལམ་སོགས་ཀྱི་ནས་སློབ་ཁྲིད་གནང་རྒྱུ་གསལ་བསྒྲགས་སྤེལ་འདུག   དེ་བཞིན་སྤྱི་བསྒྲགས་དེའི་ནང་ཟླ་ ༨ ཚེས་ ༥ ནས་ཡོ་ག་དང་ལུས་སྦྱོང་ཁང་སོགས་དབུ་འཛུགས་གནང་ཆོག་པ་དེ་ལྟར་ཡང་གློག་བརྙན་ཁང་དང་སྤྲོ་སེང་ས་ཁུལ། དེ་བཞིན་འཁྲབ་སྟོན་ཁང་། ཆང་ཁང་སོགས་གཉེར་ཆོག་གི་མེད་པ་མ་ཟད། འགྲིམ་འགྲུལ་སོགས་ལ་གཞིགས་ན་ནང་སྲིད་ལས་ཁུངས་ཀྱི་ཆོག་མཆན་ཡོད་མཁན་མ་གཏོགས་ཕྱིའི་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུའི་འགྲིམ་འགྲུལ་ལ་བཀག་སྡོམ་དང་། མེ་འཁོར་སོགས་ཀྱི་འགྲིམ་འགྲུལ་སོགས་ད་ཆ་གནང་ཆོག་གི་མི་འདུག  ཆབ་སྲིད་གཙོས་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་མང་ཚོགས་འདུ་འཛོམས་ཕོན་ཆེ་གནང་རྒྱུ་ལ་སོགས་པ་ཡོངས་རྫོགས་བཀག་སྡོམ་གནང་འདུག་ཀྱང་། རིང་མིན་རྒྱ་གར་གྱི་རང་བཙན་ཉིན་མོ་ཡོང་ཉེ་ཡིན་པར་བརྟེན་དུས་ཚིགས་དེའི་སྐབས་ས་གནས་སོ་སོར་ཉིན་མོ་དེ་སྲུང་བརྩི་ཞུ་ཚེ་ངེས་པར་དུ་སྤྱི་ཚོགས་རྒྱང་བཀྱེད་དང་ཁ་རས་གྱོན་རྒྱུ་སོགས་གཉན་རིམས་སྔོན་འགོག་གི་ལས་དོན་ཡོངས་ཕྱག་བསྟར་འཁེལ་དགོས་པ་གཞེན་སྐུལ་གནང་ཡོད། རྩ་བའི་གཉན་རིམས་རྐྱེན་པས་འདས་པའི་ཟླ་ཤས་ནས་སློབ་གྲྭ་དང་མཐོ་སློབ་སོགས་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་པ་ལྟར་བཙན་བྱོལ་དུ་ཡོད་པའི་བོད་སློབ་ཁག་ཀྱང་སྒོ་བརྒྱབ་པ་དང་བསྟུན་དྲྭ་ལམ་བརྒྱུད་ནས་དགེ་རྒན་ཚོས་སློབ་ཕྲུག་ལ་སློབ་ཁྲིད་གནང་གི་ཡོད་པ་རེད། རྩ་བའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་བའི་རྫ་དྲག་གི་དུས་ཡུན་ཁྲོད་རྒྱ་གར་ལྟ་བུ་ནང་ད་བར་རིམས་ནད་དེའི་རྐྱེན་གྱིས་རྐྱེན་འདས་སུ་གྱུར་བ་མི་གྲངས་ ༣༤༩༦༨ དང་ནད་ཡམས་ལས་དྲག་སྐྱེད་བྱུང་བ་ ༡༠༢༠༥༨༢ དེ་བཞིན་ནད་ཀྱིས་མནར་བཞིན་པ་མི་གྲངས་ ༥༢༨༢༤༢  ཡོད་པ་རེད།  འབྲེལ་ཡོད་པར་ The Peninsula དང་། TCV

བོད་མི་ཁེར་རྐྱང་གིས་རྒྱ་ནག་གཞུང་ཚབ་མདུན་དུ་ལྷག་དཀར་ལས་འགུལ་དབུ་འཛུགས།

ཡོ་རོབ་རྒྱལ་ཁབ་སྦེལ་འཇམ་ནང་གནས་སྡོད་བོད་མི་མིག་དམར་ཚེ་རིང་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་ཁུལ་དེའི་རྒྱ་ནག་གཞུང་ཚབ་མདུན་དུ་དགོས་འདུན་དོན་ཚན་ལྔ་ཅན་ཆེད་འདོན་གྱིས་རྒྱ་གཞུང་གིས་བྱ་སྤྱོད་ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་དབུ་འཛུགས་གནང་འདུགཉེ་ཆར་བོད་རིགས་གནས་ཡུལ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་དུ་རྒྱ་གཞུང་གྱི་བྱ་སྤྱོད་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་སྤེལ་བཞིན་ཡོད་པའི་ཁྲོད་འདིར་ཁ་སང་རེས་གཟའ་ལྷག་པ་སྟེ་༸སྐུའི་བླ་གཟའ་ལྷག་དཀར་ཉིན་མོར་སྦེལ་འཇམ་ནང་གནས་སྡོད་བོད་མི་མིག་དམར་ཚེ་རིང་ལགས་ཀྱིས་སྦེལ་འཇམ་གྱི་རྒྱལ་ས་སྦར་སིལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོས་སུ་ལྷག་དཀར་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག སྐབས་དེར་ཁོང་གིས་བོད་མིའི་ངོ་བོ་མཚོན་པའི་སྟོད་ཐུང་གྱོན་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། དེ་བཞིན་རྒྱ་གཞུང་ནས་༸གོང་ས་མཆོག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་འཕྲལ་མར་གློད་བཀྲོལ་དགོས་པ། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྒྱུ་རྐྱེན་ཡོངས་རྫོགས་རྒྱ་གཞུང་ནས་ངོས་ལེན་བྱེད་དགོས་པ། རྒྱ་གཞུང་ནས་ཁོར་ཡུག་གཏོར་བཤིག་གི་བྱ་སྤྱོད་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པ་སོགས་དགོས་འདུན་དོན་ཚན་ལྔ་ཅན་ཆེད་འདོན་གྱིས་ཞི་བའི་ལས་འགུལ་སྤེལ་ཡོད་པ་རེད།མིག་དམར་ཚེ་རིང་ལགས་ཀྱིས་རླུང་འཕྲིན་ཁང་ལ་ཁོང་ནས་རྒྱ་ནག་གཞུང་ཚབ་མདུན་ངོས་སུ་བོད་དོན་ལས་འགུལ་སྤེལ་བ་དེ་ནི་བོད་དོན་བདེན་མཐའ་མ་སེལ་བར་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་འགུལ་དེ་ལྟར་སྤེལ་ངེས་ཡིན་པ་གསུངས་སོང་། རྩ་བའི་རྒྱ་ནག་གཞུང་ཚབ་མདུན་དུ་ལྷག་དཀར་ཉིན་བོད་དོན་ལས་འགུལ་སྤེལ་བ་དེ་ས་གནས་སྦེལ་འཇམ་བོད་རིགས་ཚོགས་པ་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཐུན་འགྱུར་འོག་མིག་དམར་ཚེ་རིང་ལགས་ཁེར་རྐྱང་གིས་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། ཁ་སང་ལས་འགུལ་དབུ་འབྱེད་སྐབས་སྦེལ་འཇམ་བོད་རིགས་ཚོགས་པའི་སྐུ་ཚབ་འཐུས་མི་སོགས་ནས་ནས་མཉམ་ཞུགས་གནང་ཡོད།

ངལ་བ་རིགས་འཕྲད་ཚེ་རྒྱ་གར་གྱི་གནའ་བོའི་རིག་གནས་ལས་གསུངས་པའི་སེམས་ཞི་བདེ་སྐྲུན་ཐབས་སོགས་ལ་དགོངས་པ་བཞེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བྱམས་བརྩེའི་ཐོག་ཆུ་ཚོད་གཅིག་ལྷག་ཙམ་གྱི་རིང་བཀའ་སློབ་བསྩལ་བ་དང་སྦྲགས། སྐབས་དེར་༸གོང་ས་མཆོག་གིས་རྙོག་ཟིང་ཆེ་བའི་དུས་ཚིགས་སུ་དཀའ་ངལ་རིགས་འཕྲད་ཚེ་རྒྱ་གར་གྱི་གནའ་བོའི་རིག་གནས་ལས་གསུངས་པའི་སེམས་ཞི་བདེ་སྐྲུན་ཐབས་སོགས་ལ་དགོངས་པ་བཞེས་དགོས་གལ་ཡིན་པ་བཀའ་བསྩལ་སོང་།དེ་རིང་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་རྒྱ་གར་གྱི་ཤེས་ཡོན་སྡེ་ཁག་འདྲ་མིན་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་ནི་ད་ལྟའི་འཇིག་རྟེན་གྱི་དཀའ་རྙོག་དེ་སེལ་བའི་ཐབས་ལམ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་གཞུང་ནང་དཀའ་ཚེགས་ཀྱི་དུས་སྐབས་སུ་བསམ་བློ་འཁྱེར་ཕྱོགས་ཀྱི་དགོངས་པ་བཞེས་ཚུལ་གང་བསྟན་པ་ལུང་འདྲེན་གྱིས་སྐབས་རེ་ང་ཚོར་ངལ་བ་རིགས་འཕྲད་ཚེ་བསམ་བློ་རྒྱ་ཆེ་ས་ནས་བཏང་ནས་དཀའ་ངལ་དེར་གདོང་ལེན་གནང་དགོས་པ་དང་སྤྱིར་འཇིག་རྟེན་གྱི་ཆོས་རྣམས་སྐྱེ་བའི་མཐའ་མར་འཇིག་རྒྱུའི་ཆོས་ཉིད་ཡིན་སྟབས། ད་ལྟའི་ནད་ཡམས་དེ་ཡང་མེད་པ་གྱུར་རྒྱུ་ངེས་ཡིན་པས་ངེད་ཅག་ཚང་མས་ནད་ཡམས་དེར་བློ་མི་ཞུམ་པར་གདོང་ལེན་དང་ལྷག་པར་དུ་རྒྱ་ནག་གི་གནའ་བོའི་སྨན་བཅོས་ཆེད་ལས་པ་དང་། རྒྱ་གར་གྱི་ཚད་དཔྱད་རིག་པ། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་སྨན་པ། ཚན་རིག་པ་བཅས་མཉམ་འབྲེལ་གྱིས་གཉན་རིམས་ཞི་བར་གོ་བསྡུར་གནང་དགོས་སྐོར་ལམ་སྟོན་མཛད་ཡོད། དེ་བཞིན་༸གོང་ས་མཆོག་གིས་དེང་དུས་རྙོག་ཟིང་ཆེ་བའི་འཛམ་གླིང་ནང་དཀའ་ངལ་རིགས་འཕྲད་ཚེ་ང་ཚོས་ཐུན་མོང་མ་ཡིན་པའི་ལོ་ངོ་ ༣༠༠༠ ལྷག་གི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་གསུངས་པའི་སེམས་ཞི་བདེ་སྐྲུན་ཐབས་སོགས་ལ་དགོངས་པ་བཞེས་དགོས་པ་དང་སྒོས་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་ད་ཆ་འཛམ་གླིང་སྤྱི་ཡོངས་ལ་དགོས་ངེས་ཤིག་ཆགས་ཡོད་སྟབས། རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་ཟུང་འབྲེལ་གནང་རྒྱུའི་ནུས་པ་དེ་རྒྱ་གར་བ་ཚོར་ཡོད་པར་བརྟེན་ད་ཆ་རྒྱ་གར་བ་ཚོས་རང་ཉིད་ཀྱི་གནའ་བོའི་རིག་གནས་དེར་ཐུགས་སྣང་མང་ཙམ་གནང་རྒྱུའི་དུས་ལ་བབ་འདུག་ཅེས་བཀའ་བསྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་སྐབས་ཕྱོགས་གཅིག་ནས་ཐུགས་ཕམ་པ་བྱུང་བ་དང་ཕྱོགས་གཞན་ཞིག་ནས་རྒྱ་གར་འཕགས་པའི་ཡུལ་དེ་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་སྟབས། དེར་དགའ་ཚོར་བྱུང་ཞེས་བཀའ་བསྩལ་བ་དང་སྦྲགས། རྒྱ་གར་གྱི་མང་གཙོའི་ལམ་ལུགས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་རྒྱ་གར་བཙན་བྱོལ་དུ་བཞུགས་རིང་རྒྱ་གར་གྱི་གཞུང་མང་གཉིས་ནས་༸གོང་ས་མཆོག་དང་བོད་མི་སྤྱིར་གཟིགས་རྟོག་ཧ་ཅང་ལེགས་པོ་གནང་དང་གནང་མུས་ཡིན་སྟབས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཐུགས་བཅངས་ཀྱིས་གནའ་བོའི་རིག་གནས་དེ་དག་བསྐྱར་གསོ་མཛད་རྒྱུའི་ཞལ་བཞེས་མཛད་ཡིན་སྐོར་བཀའ་བསྩལ་ཡོད།༸གོང་ས་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་སློབ་གྲྭའི་སློབ་སྤྱི་གཙོས་སློབ་མ་རྣམས་ནས་སེམས་ཞི་བདེ་སྐྲུན་ཐབས་དང་༸གོང་ས་མཆོག་གི་༸སྐུའི་མྱོང་ཚོར་དང་འབྲེལ། ད་ལྟའི་སློབ་སྦྱོང་སྤྲོད་སྟངས་ལ་འགྱུར་ལྡོག་གང་འདྲ་གཏང་དགོས་སྐོར་སོགས་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་སེམས་ཞི་བདེ་མེད་པ་བཟོ་མཁན་དེ་ཕྱིའི་གོ་མཚོན་མིན་པ་དང་དེ་ནི་ནང་བསམ་བློའི་ཞེད་སྣང་དང་དངངས་སྐྲག་སོགས་ཕྱིན་ཅི་ལོག་གི་བློ་ལས་བྱུང་བ་ཞིག་ཡིན་སྐོར་དང་། དེ་བཞིན་རྒྱ་གར་ལྟ་བུའི་ཤེས་ཡོན་ལམ་ལུགས་ནང་ངེས་པར་དུ་ང་ཚོའི་ཉོན་མོངས་ཅན་གྱི་བློར་གཉེན་པོ་བསྟེན་ཐབས་སོགས་ཀྱི་སློབ་ཚན་འཇོག་གནད་ཡིན་པ་སོགས་ལམ་སྟོན་དང་ཆབས་ཅིག་ཏུ་རིམ་པས་གོ་ལ་ཁྱོན་ལ་ཁྱབ་པའི་ནང་སེམས་དང་འབྲེལ་བའི་བསླབ་གཞི་འཇོག་གལ་ཡིན་སྐོར་བཀའ་བསྩལ་སོང་། གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་དབྱིན་ཇི། ཧིཾདཱི། རྒྱ་སྐད། ཧྥི་རེན་ཆི། ར་ཤི་ཡ། སི་པེན། ཝི་ཏ་ནམ། ཉི་འོང་། སོག་པོ། ཀོ་རི་ཡ། འཇར་མི་ནི། པོར་ཇུ་གྷལ་དང་ཨི་ཊ་ལིའི་བཅས་ཀྱི་སྐད་རིགས་ནང་གསུང་སྒྱུར་གནང་ཡོད་པ་རེད།

དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་གནང་བ།

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ནམ་ཡིན་སྐབས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ལྟར། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་དགོས་པ་ལྟར། ཁ་སང་ཉིན་རྒྱབ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་གྱི་ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༢༤ པའི་ཐོག་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཐོག་ནས་བདམས་ཐོན་བྱུང་འདུགདེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་དོན་ཚན་ ༩༧ གྱི་ནང་གསེས་ ༢ པའི་ཀ་པ་དང་ཁ་པ་གཉིས་སུ་གསལ་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། དེ་བཞིན་སྲིད་སྐྱོང་བཅས་ལས་བགྲུབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་འོས་བསྡུའི་འགན་འཛིན་ལས་འཕར་གྱི་འོས་དམིགས་ཁོངས་སུ་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་བདེ་ལེགས་དབང་མོ་ལགས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་བསྟན་འཛིན་དོན་ཡོད་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། སྨན་རྩིས་ཁང་གི་སྨན་རམས་པ་ཆོས་ལོ་ཐར་ལགས་བཅས་འཆར་འབུལ་གནང་པའི་ཐོག ཁ་སང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཀྱིས་བདམས་ཐོན་བསྐོ་བཞག་གནང་འདུགད་རེས་བསྐོ་གཞག་བྱུང་བའི་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནི་བསླེབ་ལ་ཉེ་བའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོར་དམིགས་པ་ཞིག་ཡིན་པ་ལྟར། ཁོང་རྣམ་པའི་ལས་ཡུན་ནི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གྱི་བར་དུ་ཆགས་ཀྱི་ཡོད་པ་རེད།དེ་རིང་འདི་ག་རླུང་འཕྲིན་ཁང་གིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོག་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དེར་འབྲེལ་བཀའ་དྲི་ཁག་ཅིག་ཞུ་སྐབས། དབུས་འོས་བསྡུ་ལས་ཁང་གིས་དེ་སྔ་ནས་བོད་མི་གནས་ཡུལ་ས་གནས་ཁག་ཏུ་ཟབ་སྦྱོང་དང་། དེ་བཞིན་རིམ་པས་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་བསྐོ་བཞག་སོགས་ཀྱི་ཐད་ལ་འབྲེལ་བ་ཞུས་ཟིན་པ་དང་། དེ་ནས་རིམས་པས་ཁ་སང་བསྐོ་བཞག་བྱུང་བའི་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱི་དམ་འབུལ་གྲུབ་མཚམས་སུ་འོས་བསྡུའི་ལས་དོན་ཁག་ཁ་གསལ་ཆགས་རྒྱུ་དང་། ལྷག་པར་དུ་ད་ལྟའི་ཏོག་དབྱིབས་རིམ་ནད་ཀྱི་ཛ་དྲགས་གནས་སྟངས་ལ་ལྟོས་མེད་འོས་བསྡུའི་ལས་རིམ་ཁག་དུས་ཐོག་ལ་འགྲོ་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་སོང་།

ཡུ་རོབ་ཕྱི་འབྲེལ་ལྷན་ཚོགས་ཀྱིས་བོད་ནང་གི་གནད་དོན་ཐད་མུ་མཐུད་ཐུགས་སྣང་གཟབ་ནན་གནང་རྒྱུ་མངོན་གསལ།

ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Isabel Santos ལགས་ཀྱིས་ཡིག་ཐོག་བརྒྱུད་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Josep Borrell མཆོག་ལ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་སྐྱོང་གི་གནས་བབ། དེ་བཞིན་བལ་ཡུལ་དང་རྒྱ་ནག་གི་གྲོས་ཆོད་སོགས་ཀྱིས་བོད་མིར་ཉེན་ཚབས་ཡོད་མེད་སོགས་ཀྱི་དྲི་བ་དྲིས་པར་ཕྱི་སྲིད་བློན་ཆེན་མཆོག་གིས་ཟླ་ ༧ ཚེས་ ༢༤ ཉིན་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་མཐུན་ཚོགས་ཀྱིས་དུས་རྒྱུན་ནས་རྒྱ་ནག་དང་ལྷན་དུ་གོ་སྐབས་ནམ་བྱུང་ཁྲོད་བོད་མིའི་གནད་དོན་གླེང་སློང་བྱེད་ཀྱི་ཡོད་པ་དང་། མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ངོས་ནས་བོད་ནང་གི་གནད་དོན་ལ་མུ་མཐུད་ཐུགས་སྣང་གཟབ་ནན་གནང་རྒྱུ་དང་། རྒྱ་ནག་གིས་བོད་མིའི་ཐོབ་ཐང་ལ་གུས་བརྩི་ཡོང་བའི་ཐུགས་རེ་མུ་མཐུད་ནས་གནང་བཞིན་ཡོད་པ་གསུངས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་ཡུ་རོབ་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Isabel Santos ལགས་ཀྱིས་རྒྱ་ནག་གིས་འདི་ལོའི་ལོ་འགོར་བོད་ནང་དུ་གྲངས་ཉུང་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་སྒྲིག་ཅིག་བཟོས་ཏེ་བོད་ཁུལ་གྱི་སྔོན་འགྲོ་སློབ་གྲྭ་ཁག་ཏུ་བྱིས་པ་རྣམས་ཀྱི་ནང་མི་དང་མི་སྒེར་གྱི་ཐོབ་ཐང་ལ་ཐེ་བྱུས་བྱས་ཏེ་ལྟ་གྲུབ་ཀྱི་དྲིལ་བསྒྲགས་སྤེལ་གྱི་ཡོད་པ་ཡོངས་གྲགས་ཀྱིས་སྐུ་ཞབས་ Josep Borrell མཆོག་ལ་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་མིའི་རང་སྐྱོང་གི་གནས་བབ་དང་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐད་ཐུགས་འགན་གང་བཞེས་ཀྱི་ཡོད་དམ་ཞེས་དྲི་བ་ཞུས་ཡོད་པ་རེད། དེའི་བཀའ་ལན་དུ་ཕྱི་འབྲེལ་བློན་ཆེན་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཟླ་ ༦ ཚེས་ ༢༢ ཉིན་འཚོགས་པའི་ཡུ་རོབ་དང་རྒྱ་ནག་དབར་གྱི་ཆེས་མཐོའི་ལྷན་ཚོགས་དང་། དེའི་གོང་ཚེས་ ༩ ཉིན་ཚོགས་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་སྐུ་ཞབས་ Borrell ལགས་གཉིས་དབར་གྱི་འཐབ་བྱུས་དང་འབྲེལ་བའི་ལྷན་ཚོགས། གཞན་ཡང་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སོགས་ཕྱི་ནང་གསང་གསུམ་གྱི་གོ་སྐབས་ནམ་བྱུང་ཁྲོད་བོད་ཀྱི་གནད་དོན་གླེང་སྟེ་བོད་ནང་གི་བོད་མིའི་ཆོས་དད་རང་དབང་བཀག་སྡོམ་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གི་ཐད་ནས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་པ་མ་ཟད། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྤྱི་དང་བོད་ཁུལ་དུ་འདྲ་མཉམ་འགྲོ་སྐྱོད་གྱི་ཐོབ་ཐང་མེད་པའི་གནད་དོན་བཅས་ཀྱི་ཐོག་ཐུགས་སྣང་གནང་གི་ཡོད་པའི་ལན་འདེབས་གནང་འདུགདེ་བཞིན་ཁོང་གིས་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་གྲོས་ཆོད་བཞག་པར་བརྟེན་བོད་མི་རྣམས་ཀྱི་འགྲོ་འདུག་ལ་དོ་ཕོག་གཏོང་གི་ཡོད་མེད་ཀྱི་ཐོག་བཀའ་འདྲི་ཞུས་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྔར་ལོར་བལ་ཡུལ་དུ་འབྱོར་དུས་ཕྱོགས་གཉིས་ཀྱི་བར་དུ་གྲོས་ཆོད་གང་ཡང་བཞག་མེད་ནའང་། སྐབས་དེར་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་གནས་ཚུལ་བརྗེ་ལེན་བྱེད་ཕྱོགས་ཀྱི་ཐོག་ནས་མཉམ་ལས་བྱེད་རྒྱུ་ཡིན་པར་ཡོངས་གྲགས་གནང་ཡོད་པ་ལས་དམིགས་བསལ་གྱི་གྲོས་ཆོད་གང་ཡག་བཞག་མེད་པར་ལན་འདེབས་གནང་བ་དང་སྦྲགས། རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་འབྲེལ་ལམ་ཇེ་བཟང་དུ་བཏང་བ་དེས་གཅིག་བྱས་ན་བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་དོ་ཕོག་འགྲོ་སྲིད་པར་བརྟེན་ཡུ་རོབ་ཕྱི་འབྲེལ་ལྷན་ཚོགས་ཀྱིས་གནད་དོན་དེར་ཞིབ་ཚགས་ཀྱིས་ཐུགས་སྣང་གནང་གི་ཡོད་པར་ལན་འདེབས་གནང་ཡོད་པ་རེད། གཞི་རྩའི་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Borrell མཆོག་གིས་ཟླ་བ་འདིའི་ཟླ་སྟོད་དུ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་སྲིད་གཞུང་གིས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱེད་བཞིན་པར་ངོ་རྒོལ་ཡོད་པ་དང་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཡུ་རོབ་མཐུན་ཚོགསནས་རྒྱ་ནག་སྲིད་གཞུང་ལ་མུ་མཐུད་གནོན་ཤུགས་སྤྲད་དེ་བོད་ནང་དུ་རང་དབང་གིས་འདྲ་མཉམ་འགྲུལ་སྐྱོད་ཡོང་ཐབས་སླད་འབད་བརྩོད་གནང་རྒྱུ་ཡིན་སྐོར་གསུང་མྱོང་ཡོད་པ་རེད།

འཇར་མ་ནི་ནང་གི་གཙུག་ལག་སློབ་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱབ་འདུག

རྒྱ་ནག་གིས་རྒྱུན་དུ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱི་རྒྱལ་གྱི་ཤེས་ཡོན་ལྟེ་གནས་གང་སར་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ཡན་ལག་མང་པོ་ཆེད་འཛུགས་བྱེད་ཐབས་བྱས་ཏེ་ཕྱོགས་གཅིག་ནས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཁྱབ་སྤེལ་དང་ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཁག་ལ་གླེང་སློང་བྱེད་རྒྱུར་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་བཟུང་ཨ་རི་དང་ཡོ་རོབ་རྒྱལ་ཁབ་གཙོས་ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོའི་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་གིས་རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་སྒྱུ་ལྡན་པའི་ཁུང་ཙི་སློབ་གླིང་གི་ཡན་ལག་ཁང་དུ་མ་ཞིག་སྒོ་རྒྱག་བཞིན་ཡོད་པ་ལྟར་འཇར་མ་ནི་ནང་གི་གཙུག་ལག་སློབ་ཁང་གིས་ཀྱང་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱབ་འདུགདེའང་འཇར་མ་ནི་ཉིན་རེའི་གསར་ཤོག་ Die Welt ཞེས་པས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མ་ནིའི་ Hamburg གཙུག་ལག་སློབ་ཁང་གིས་ཆབ་སྲིད་ཀྱི་གནོན་ཤུགས་དང་གསར་གནས་ཕྱིར་གྱར་གྱི་གནད་དོན་རྐྱེན་གྱིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འདི་ལོའི་ལོ་མཇུག་ཏུ་མཉམ་འབྲེལ་གྱི་ལས་དོན་གཉེར་མཚམས་འཇོག་རྒྱུ་ཡིན་པར་བཤད་འདུག ད་རེས་འཇར་མ་ནི་ནང་གི་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱབ་པའི་གནད་དོན་དེ་ཆེས་ཐོག་མ་ཆགས་ཀྱི་མེད་པ་རེད། དེ་སྔོན་ཕྱི་ལོ་ ༢༠༡༦ ལོར་ Düsseldorf གྲོང་ཁྱེར་ནང་རྟེན་གཞོ་བྱས་པའི་ Heinrich Heine གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་གནོན་ཤུགས་སླེབས་པར་བརྟེན་ Hanban འམ་རྒྱ་གཞུང་གི་འགོ་ཁྲིད་མི་སྣས་ཐད་ཀར་སྟངས་འཛིན་ཡོད་པ་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་བཅད་པ་མ་ཟད། དེ་བཞིན་འཇར་མ་ནིའི་ Bonn གཙུག་ལག་སློབ་གཉེར་ཁང་གིས་ཀྱང་ཁུང་ཙི་སློབ་གླིང་དང་མུ་མཐུད་འབྲེལ་ལམ་འཇོག་མཚམས་གནང་མིན་ཐོག་ཞིབ་དཔྱད་གནང་བཞིན་ཡོད་པ་རེད་འདུགདེ་ལྟ་ནའང་འཇར་མ་ནི་ Frankfurt དུ་རྟེན་གཞི་བྱས་པའི་ Goethe གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དྲིལ་བསྒྲགས་བྱེད་པར་མཐུན་རྐྱེན་སྐྲུན་པར་ངོས་ལེན་བྱེད་ཀྱི་མེད་པ་དང་། ཡུལ་དེའི་མང་གཙོའི་ཆབ་སྲིད་ཚོགས་པས་ཀྱང་རྒྱ་ནག་གིས་སྐད་ཡིག་ལྟེ་གནས་ཁང་ལ་འགྲོ་གྲོན་བཏང་བ་དེས་ཡོ་རོབ་རྒྱལ་ཁབ་ཚོའི་ཤེས་ཡོན་སྡེ་ཁག་གི་རང་དབང་ལ་དོ་ཕོག་འགྲོ་མིན་ཞིབ་དཔྱད་གནང་དགོས་པའི་གྲོས་འཆར་ཞིག་གནང་ཡོད་པ་ཆེད་བཀོད་གནང་འདུགགཞི་རྩའི་ཕྱི་ལོ་ ༢༠༡༨ ལོར་ཨ་རི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ ༩༠ ཙམ་ཡོད་ཀྱང་ཉེ་བའི་ལོ་ཤས་ནས་བཟུང་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་དུ་མ་གནང་ཡོད་པ་ལྟར་ ༢༠༡༩ ལོར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གིས་ཁུ་ཙི་སློབ་གླིང་དང་འབྲེལ་བ་ཡོངས་སུ་མཚམས་འཇོག་གནང་ཡོད་པ་མ་ཟད། དེ་བཞིན་ཡོ་རབ་རྒྱལ་ཁབ་བྷེལ་འཇམ་དང་སུད་ཌེན། ཨོ་སི་ཊོ་ལི་ཡ། སི་པཱེན་ལ་སོགས་པས་རྒྱ་ནག་གིས་སློབ་གླིང་དེའི་བརྒྱུད་རྒྱལ་ཁབ་དེ་དག་གི་གསར་གནས་རྐུ་ཁྱེར་དང་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཁྱབ་སྤེལ་བར་བརྟེན་འབྲེལ་ཐག་བཅད་པའི་གནས་ཚུལ་རབ་དང་རིམ་པ་ཐོན་ཡོད་པ་རེད། དེའི་རྗེས་རྒྱ་ནག་གཞུང་གི་ངོས་ནས་འཛམ་གླིང་ཁྱོན་ཡོངས་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་ལ་སྐྱོན་བརྗོད་དང་སྒོ་རྒྱབ་པ་སོགས་ཀྱི་ངལ་བ་ཆེས་ཆེར་འཕྲད་རྐྱེན་ཟླ་བ་འདིའི་ཟླ་འགོར་ཁུང་ཙི་སློབ་གླིང་མིང་བརྗེ་རྒྱུ་བྱས་ཏེ་ད་ཆ་ལས་གཞི་དེར་རྒྱ་ནག་གི་ཤེས་ཡོན་ལྷན་ཁང་གིས་གཉེར་བའི་སྐད་ཡིག་བརྗེ་ལེན་དང་མཉམ་འབྲེལ་གྱི་ལྟེ་གནས་ཁང་ཞེས་མིང་གྱུར་བྱས་ཡོད་པ་རེད།

Latest news