Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བཀའ་སྤྱི་གཉིས་ནས་སྐུ་ཞབས་ Ram Jethmalani མཆོག་དགོངས་པ་རྫོགས་པར་ཐུགས་གསོ།

རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས Ram Jethmalani མཆོག་བདུན་ཕྲག་སྔོན་མའི་གཟའ་ཉི་མའི་ཞོགས་པར་ཁོང་གི་བཞུགས་གནས་རྒྱལ་ས་ལྡིི་ལིར་དགུང་ལོ་ ༩༥ སྟེང་སྐུ་གྲོངས་པའི་གནས་ཚུལ་ཐོན་འཕྲལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དམ་པ་དེ་ཉིད་ཀྱི་བུ་ Mahesh Jethmalani ལགས་ཀྱི་མཚན་ཐོག་ཏུ་ཁོང་གི་ཡབ་སྐུ་ཚེ་མ་ཟིན་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག སྲིད་སྐྱོང་མཆོག་གིས་དམ་པ་དེ་ཉིད་ནི་དུས་རྒྱུན་ནས་༸གོང་ས་མཆོག་ལ་བསྔགས་བརྗོད་ཞུ་མཁན་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་ཕྱི་ནང་གཉིས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་ཡིད་སེམས་རབ་ཏུ་སྐྱོ་བྱུང་ཞེས་གསུངས་ཏེ་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ནས་ཁོང་གི་བུ་དང་ཤུལ་ལུས་ནང་མི་སྐུ་འཁོར་ལ་ཐུགས་གསོ་བསྩལ་བ་དང་སྦྲགས། དམ་པ་དེ་ཉིད་ནི་ཀུན་ཀྱིས་ཡིད་སྨོན་ཞུ་སའི་ཁྲིམས་རྩོད་པ་ཞིག་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་རེད་ཅེས་གསུངས་འདུག ལྷག་དོན་ཤུལ་ལུས་ནང་མི་རྣམས་སྐྱོ་སྡུག་གིས་མནར་ནས་ཡོད་པའི་དུས་སྐབས་འདིར་ང་ཚོས་ཀྱང་གདུང་ཤུགས་དྲག་པོས་བསྔོ་སྨོན་གསོལ་འདེབས་ཞུ་བཞིན་ཡོད་ཅེས་གསུངས་འདུག  དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པ་ནི་འཕགས་བོད་གཉིས་ཀྱི་གྱོང་གུད་ཆེ་ཤོས་ཤིག་ཡིན་པ་བརྗོད་དེ་ཁོང་ནི་དུས་ཡུན་རིང་པོར་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་མཁན་གྱི་འགྲན་ཟླ་བྲལ་བའི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་དུས་རྒྱུན་ནས་བྱ་སྒྲོ་རྩེད་མོ་རྩེད་དུས་བོད་ལ་སེམས་ཁུར་ཡོད་པའི་མཚོན་བྱེད་དུ་བོད་རང་དབང་ཞེས་བྲིས་ཡོད་པའི་སྟོད་གོས་ཤིག་མནབ་ཀྱི་ཡོད་ལུགས་བརྗོད་མྱོང་བ་དྲན་གསོ་གནང་བ་དང་སྦྲགས། ཁོང་གིས་རྣམ་ཀུན་ནས་གྲོས་ཚོགས་ཀྱི་དབུས་སུ་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད་བོད་དོན་དང་འབྲེལ་བའི་རྩོམ་ཡིག་ཀྱང་མང་དག་ཅིག་སྤེལ་མྱོང་ཡོད་སྐོར་གསལ་འདོན་གནང་སྟེ་ཁོང་སྐུ་ཚེ་མ་ཟིན་པར་གདུང་ཤུགས་དྲག་པོ་ཡོད་ཅེས་དམ་པ་གང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག    

རྒྱལ་ས་ལྡི་ལིར་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི།

དེ་རིང་ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཐོག་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོ་སྲུང་བརྩི་ཞུས་སོང་། རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་ IIC དུ་གོ་སྒྲིག་ཞུས་པའི་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོར་རྒྱ་གར་གྱི་ Ayush བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་སྐུ་ཞབས་  Pramod Kumar Pathak  མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་དབུ་བཞུགས་ཐོག་སྐུ་མགྲོན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་དབུས་པའི་སྨན་པ་དང་དོན་གཉེར་ཅན་བཅས་ཚོགས་བཅར་བ་མི་གྲངས་ ༨༠ ལྷག་ཙམ་ཞིག་འདུ་འཛོམས་གནང་འདུག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རག་རྡོ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་གསོ་བ་རིག་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་དོན་གཙོ་བོ་ནི་འཛམ་གླིང་སྤྱིའི་འགྲོ་ལུགས་ལྟར་འགྲོ་བ་སྤྱིར་ཕན་ཐོག་ཅན་གྱི་བྱས་རྗེས་ཅན་རྣམས་ལ་དྲན་གསོ་ཞུ་རྒྱུ་དེ་བོད་ཀྱི་རིག་གཞུང་ལམ་སྲོལ་ནང་དུའང་ཡོད་པ་ལྟར་བཙན་བྱོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་ལམ་སྟོན་འོག་གསོ་བ་རིག་པའི་གཞུང་ལུགས་སླར་གསོ་དང་། ལྷག་པར་དུ་འདས་པའི་སྨན་པ་དང་སྨན་ཞབས་པ་ཚོས་སྤྱི་ཚོགས་ནང་ཞབས་འདེགས་གང་ཐུབ་ཞུས་ཡོད་པ་ལྟར་བྱས་པ་ཅན་དེ་དག་ལ་དྲན་གསོ་རྗེས་དྲན་བཅས་ཀྱི་ཆེད་དུ་གསོ་བ་ཪིག་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དེ་རིང་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། དེའི་ནང་དེ་རིང་གི་ཉིན་མོ་དེར་ ཞུགས་མཁན་བོད་ཀྱི་སྨན་པ་ཆེ་ཆུང་རྣམས་དང་། སྨན་ཞབས། འབྲེལ་ཡོད་དགེ་ལས་སློབ་ཕྲུག་བཅས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད་ཅེས་བཀའ་བསྩལ་བ་དང་སྦྲགས། རང་རེ་བོད་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་ཡོངས་སུ་གྲགས་པའི་ཆེ་བའི་ནང་ཚན་ནང་དོན་རིག་པས་འགྲོ་བ་མིའི་སེམས་ཁམས་ཉོན་མོངས་པར་བྱེད་པ་རྣམས་བཅོས་ཏེ་ཞི་དུལ་བག་ཡོད་བྱམས་བརྩེ་ལྡན་པ་དང་གསོ་བ་རིག་པས་མིའི་ལུས་ཀྱི་འདུ་བ་མི་སྙོམས་པའི་ནད་རྣམས་བཅོས་ཏེ་ལུས་སེམས་བདེ་ཐང་ངང་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ལའང་ཅི་དགར་འཇུག་པའི་གོ་སྐབས་འབྱིན་པ་སོགས་ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་ཡིན་ཅེས་བཀའ་བསྩལ་མཛད་འདུག བོད་ཀྱི་གསོ་བ་རིག་པ་ནི་སྔར་བོད་དང་རྒྱ་གར། རྒྱ་ནག་སོགས་ཀྱི་སྨན་པ་མཁས་པ་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་མཉམ་འཛོམས་གྲོས་བསྡུར་དང་། ཕན་ཚུན་ཉམས་མྱོང་དང་དགེ་མཚན་སྤེལ་རེས་བྱས་པ་བཅས་ལས་གྲུབ་པའི་བོད་ཀྱི་གསོ་བ་རིག་པ་ཞེས་རིགས་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་པ་དེ་དག་སྨན་པ་མཁས་པའི་ལག་ལེན་དངོས་ཀྱི་ཉམས་སད་ཐེག་པ་ཞིག་ཡིན་པ་སྨོས་མ་དགོས། འོན་ཀྱང་ལེགས་ཐོག་ལེགས་བརྩིག་ཏུ་དེང་གི་འཛམ་གླིང་ཚན་རིག་འཕེལ་རྒྱས་དང་བསྟུན་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་ཏེ་ཕན་ནུས་ཚན་རིག་ཐོག་ནས་ར་སྤྲོད་དང་། དེང་གི་ཕྱི་ནང་གསོ་རིག་གི་ལེགས་ཆ་ཕན་ཚུན་སྤེལ་རེས་ཀྱི་ལམ་ནས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འཛམ་གླིང་ལ་ཁ་ཕྱོགས་ཏེ་འཕེལ་རྒྱས་ཡོང་ཐབས་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པས་དེ་ལུགས་ཚང་མའི་བློ་འཇགས་བྱེད། གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ས་ཕག་ཟླ་བ་ ༧ ཚེས་ ༩ ཕྱི་ལོ་ ༢༠༡༩  ཟླ་ ༩ ཚེས་ ༧ ལ་ཞེས་འཁོད་འདུག གསོ་བ་རིག་པའི་ཉིན་མོ་སྲུང་བརྩིའི་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་  AYUSH བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་སྐུ་ཞབས་ Pramod Kumar Pathak མཆོག་ནས་དེ་རིང་ཁོང་དངོས་སུ་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོའི་མཛད་སྒོར་བཅར་རྒྱུ་བྱུང་བ་དེ་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། རྒྱ་གར་དབུས་གཞུང་གི་ངོས་ནས་གསོ་བ་རིག་པ་དེ་གཞུང་འབྲེལ་སྨན་གྱི་རིག་པའི་གཞུང་ལུགས་ཤིག་ཏུ་ངོས་འཛིན་གནང་ཡོད་པ་ལྟར་ཁོང་གི་བློན་ཆེན་ལས་ཁུངས་ནས་ཀྱང་གསོ་བ་རིག་པའི་གཞུང་ལུགས་དེ་ཚན་རིག་དང་མཐུན་པའི་ཐོག་འགྲོ་བ་སྤྱིར་ཕན་པ་རླབས་པོ་ཆེ་སྒྲུབ་ཐབས་དང་གོང་འཕེལ་བཅས་ཡོང་བར་དགོས་ངེས་ཀྱི་མཐུན་འགྱུར་གང་འོས་གནང་རྒྱུར་ཞལ་བཞེས་གནང་ཡོད། དབུ་འབྱེད་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ནས་རྒྱ་གར་དབུས་གཞུང་གི་ངོས་ནས་  Ayush  ལྷན་ཚོགས་ནང་གསོ་བ་རིག་པའི་སློབ་སྟོན་པ་ཞིག་དང་ལྷག་པར་དུ་རྒྱ་གར་དབུས་སྨན་པའི་ལྷན་ཚོགས་སུ་གསོ་བ་རིག་པའི་ཚོགས་མིའི་གྲངས་འབོར་མང་དུ་གཏོང་ཐབས་ཡོང་བ་སོགས་ཀྱི་འབོད་སྐུལ་ཞུས་སོང་། གཞན་ཡང་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་དང་འབྲེལ་རྒྱལ་ས་ལྡི་ལིའི་བོད་ཁང་དུ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་འགྲེམས་སྟོན་དང་རིན་མེད་ནད་པ་བརྟག་དཔྱད་བཅས་གནང་གི་ཡོད་པ་མ་ཟད། གསོ་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དྲུག་པ་དེ་ཚོགས་ཀྱི་ཡོད་པ་རེད། གཞི་རྩའི་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༤ ལོར་དབུ་བརྙེས་པའི་ཚོགས་པ་ཞིག་ཡིན་པ་དང་། ལྷན་ཚོགས་ཀྱི་དམིགས་ཡུལ་དང་ངོ་བོ་ནི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཚད་དང་ཤེས་ཡོན་གྱི་སྒྲིག་གཞི་གཏན་འབེབས་གནང་རྒྱུ། ནད་བཅོས་སྨན་པ་དང་། སྨན་དགེ། སྨན་སྦྱོར་བཟོ་གྲྭ་བཅས་ཀྱི་སྨན་སྦྱོར་ཤེས་ཚད་ཁྲིམས་གཞི། དེ་བཞིན་གསོ་རིག་སློབ་སྦྱོང་གི་སློབ་ཚན་སོགས་དེང་དུས་འཛམ་གླིང་སྤྱིའི་འགྱུར་འགྲོས་དང་མཐུན་ཞིང་བོད་ཀྱི་ཐུན་མིན་སྲོལ་རྒྱུན་མི་ཉམས་པར་གཏན་འབེབས། ལྷག་པར་དུ་སྨན་རྫས་ཀྱི་སྤུས་ཚད་སོགས་བཏང་འཛིན་ཡོང་ཐབས་བཅས་ལ་ཆེད་དམིགས་གནང་བ་ཞིག་ཡིན་པ་རེད།  ད་ལྟའི་ཆར་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཚོགས་མི་ ༥༠༠ ལྷག་རྩམ་ཡོད་པ་རེད།

བཙན་བྱོལ་དུ་འཁྲུངས་པ་ཞེས་པའི་༸སྐུའི་ཡང་སྲིད་ཐོག་གི་དཔེ་དེབ་དབུ་འབྱེད།

དེ་རིང་སྔ་དྲོ་ཚོུད་ ༡༠ ཙམ་ལ་ཐེ་ཝན་གྱི་ཕུའི་དབྱུན་སློབ་གྲྭ་ཆེན་མོའི་དགེ་རྒན་སུའི་ཅཱ་ཧོང་ལགས་དྷ་སར་ཆེད་ཕེབས་ཀྱིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ཁོང་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་ལ་བཀའ་སློབ་བསྩལ་བ་རྣམས་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་དབུ་འབྱེད་གནང་འདུག དགེ་རྒན་སུའི་ཅཱ་ཧོང་ལགས་ཀྱིས་སྔོན་ཆད་ཀྱང་བཙན་བྱོལ་བོད་མིའི་གནས་བབས་སྤྱི་དང་བོད་མིའི་མང་གཙོ་སོགས་ཀྱི་སྐོར་ལ་དཔེ་དེབ་གཉིས་ལྗགས་རྩོམ་གནང་སྟེ་འགྲེམས་སྤེལ་གནང་ཡོད་པ་ལྟར། ཐེངས་འདིར་ཁོང་གི་དཔེ་དེབ་དེའི་སྐོར་ལ་༸གོང་ས་མཆོག་གིས་རྒྱ་རིགས་དོ་སྣང་ཅན་རྣམས་ཀྱིས་བཙནན་བྱོལ་བོད་མིའི་སྤྱི་ཚོགས་སུ་མང་གཙོའི་ལམ་ལུགས་ཇི་ལྟར་བྱུང་བ་དང་ལྷག་པར་དུ་གྲུབ་འབྲས་ཅི་ཙམ་སོན་པ་སོགས་ལ་ཤེས་རྟོགས་གནང་བར་ཕན་ནུས་ལྡན་ཡོད་པར་བཀའ་བསྩལ་ཏེ་ཁོང་ལ་བསྔགས་བརྗོད་མཛད་འདུག  དེ་བཞིན་ཁོང་གི་ཆེད་དེབ་གསུམ་པ་བཙན་བྱོལ་དུ་འཁྲུངས་པ་ཞེས་པའི་༸སྐུའི་ཡང་སྲིད་ཐད་ཀྱི་དཔེ་དེབ་ཀྱི་སྔོན་གླེང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་སླར་ཡང་ཁོང་གིས་ངོས་ཀྱི་ཡང་སྲིད་ཀྱི་སྐོར་གྱི་གཏམ་བཤད་ཁག་དང་། བརྒྱུད་ལམ་ཁག་གི་དྲི་བར་ལན་འདེབས་བྱས་པ་སོགས་ཕྱོགས་སྒྲིགས་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་སྐོར་ལ་ཉམས་ཞིབ་ཀྱི་དེབ་ཅིག་འདོན་འཆར་ཡོད་པར་རྒྱ་ཡིག་ཀློག་པ་པོ་དག་གིས་ངོས་ཀྱི་བསམ་ཚུལ་ཤེས་རྟོགས་ཡོང་པར་ཕན་ཐོགས་ལྡན་པ་སྨོས་མེད་ཡིན། ལར་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་རྒྱུན་སྐྱོང་བྱེད་དགོས་མིན་དེ་མི་མང་གིས་ཐག་གཅོད་བྱེད་དགོས་རྒྱུ་སྔ་ས་ནས་ཡོངས་བསྒྲགས་ཟིན་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༡ ལོའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་སུ་ཞིབ་ཕྲ་བ་གསལ་པོ་བརྗོད་ཡོད། མདོར་ན་བླ་མའི་ཡང་སྲིད་ཅེས་པ་ནི་བསམ་བཞིན་དུ་འགྲོ་བའི་དོན་ལ་བྱོན་པ་ཞིག་ཡིན་པས་བྱོན་པའི་དུས་དང་ཡུལ། རིགས་རུས་དང་ཡུམ་བཅས་གཟིགས་པ་ལྔར་གཟིགས་ནས་བྱོན་དགོས་པ་དེ་ནང་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་སྟབས། གང་དུ་ཇི་ལྟར་སྐྱེ་བ་དང་། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ཡིན། དེ་ལྟར་ངོས་ཀྱི་ཡང་སྲིད་ནི་ཆོས་ལུགས་ཀྱི་ལམ་སྲོལ་ཁོ་ན་ལས་སྲིད་དོན་དང་འབྲེལ་བ་མེད་དགོས་གལ་ཡིན་པར་ནན་བརྗོད་བྱས་ཟིན་ཞེས་བཀའ་བསྩལ་འཁོད་འདུག  གསར་འགོད་པས་ཁོང་ལ་ཐེངས་འདིར་དྷ་སར་བཅར་རྒྱུའི་དམིགས་ཡུལ་གཙོ་བོ་གང་ཡིན་པ་སོགས་ཀྱི་གནད་དོན་ཁག་གཅིག་གི་ཐོག་བཅར་འདྲི་ཞུས་པར་༸གོང་ས་མཆོག་གི་ཡང་སྲིད་ཀྱི་སྐོར་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་དེ་མགོན་པོ་༸གང་ཉིད་མཆོག་ལ་སྤྱན་འབུལ་ཞུ་རྒྱུ་དང་། དེ་བཞིན་༸རྗེ་ཙོང་ཁ་པ་མཆོག་གི་བརྩམ་ཆས་དང་འབྲེལ་བའི་དོགས་འདྲི་གཅིག་ཞུ་རྒྱུ་ཡོད་པ་དང་། གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་ཐེ་ཝན་ལ་རྒྱབ་སྐྱོར་ཞུ་རྒྱུའི་རེ་ཞུ་ཞིག་བཅས་དམིགས་ཡུལ་གཙོ་བོ་གསུམ་གྱི་ཐོག་ནས་བཞུགས་སྒར་དུ་བཅར་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་གཞིས་བྱེས་བོད་མི་རྣམས་ཀྱི་དཔལ་འབྱོར་གྱི་གནས་བབས་ཏོག་ཙམ་ཞན་པོ་ཡོད་ཀྱང་། ༸སྐྱབས་མགོན་རིན་པོ་མཆོག་གི་དབུ་ཁྲིད་འོག་ད་ཆ་མི་རབས་གཉིས་པ་དང་གསུམ་པ་རྣམས་ཀྱིས་ཆོས་རིག་འཛིན་སྐྱོང་གི་གཙོས་པའི་ཕྱོགས་གང་ཐད་ནས་འགོ་ཁྲིད་དེ་ཤུགས་སྣོན་རྒྱག་བཞིན་པར་བརྟེན་ཐེ་ཝན་གྱི་གནས་སྟངས་ལས་ཡག་པ་ཡོད་པར་མཐོང་སོང་། མུ་མཐུད་ནས་ཤུགས་རྒྱོབས་ཞེས་གསུངས་སོང་།

རྒྱ་གཞུང་གིས་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་རྫུན་མ་ནམ་ཡང་བཟོ་ཐུབ་ཀྱི་མ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྱང་ཨ་མི་རི་ཀའི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན། ཁ་སང་ཨ་རའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ CSIS ཞེས་རྒྱལ་སྤྱིའི་ཐབས་བྱུས་འབྲེལ་ལམ་བསྟི་གནས་ཁང་དུ་བོད་ཀྱི་བླ་སྤྲུལ་ཡང་སྲིད་དང་ཆོས་དད་རང་དབང་གི་གལ་གནད་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པ་རེད། ཁ་སང་སྲིད་སྐྱོང་མཆོག་གི་གསུང་བཤད་མཛད་རིམ་དེ་རྒྱལ་སྤྱིའི་ཐབས་བྱུས་འབྲེལ་ལམ་བསྟི་གནས་ཁང་གི་སློབ་སྟོན་པ་བགྲེས་པ་སྐུ་ཞབས་ Micheal J Green ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་ འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་མཚམས་སུ་རྒྱ་ནག་གཞུང་ནས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གསར་འགོད་པ་ཁག་གཅིག་བོད་དུ་བསྐྱོད་རྒྱུའི་ཆོག་མཆན་སྤྲད་དེ་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་ནག་གི་ཆབ་སྲིད་གནད་དོན་ཞིག་ཡིན་སྐོར་དང་། གནད་དོའི་ཐོག་རྒྱ་གར་གཞུང་ནས་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ་སོགས་ཀྱི་གསར་འགྱུར་སྣ་མང་སྤེལ་བཅུག་པ་མ་ཟད་དེ་སྔ་ཕྱི་ལོ་ ༢༠༠༧ ལོར་རྒྱ་གཞུང་ནས་བླ་སྤྲུལ་ཡང་སྲིད་ཀྱི་གནད་དང་འབྲེལ་བའི་ཡིག་ཆ་ཨང་ལྔ་པ་ཞེས་ཆེད་བཏང་གིས་རྒྱ་ནག་རང་ཉིད་ཀྱི་ངོས་འཛིན་བྱས་པའི་བླ་སྤྲུལ་གྱི་ཐོ་གཞུང་འདོན་སྤེལ་བྱས་ཡོད་པ་རེད། ཐོ་གཞུང་ནང་ཡོད་པའི་བོད་པའི་བླ་མ་ཁག་གཅིག་ལ་བཙན་དབང་གིས་རྒྱ་ནག་གི་སྲིད་བྱུང་དེར་བསྟོད་བསྔགས་བཏང་བཅུག་ཡོད་པ་དང་ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་བླ་སྤྲུལ་ཡང་སྲིད་དང་འབྲེལ་བའི་ཟབ་སྦྱོང་ཞིག་བྱས་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་སྤྱོད་དེ་ཐབས་ཤེས་གང་བྱུང་བྱེད་བཞིན་ཡོད་ཀྱང་། དོན་ངོ་མའི་ཐོག་བླ་སྤྲུལ་ཡང་སྲིད་ཀྱི་སྲོལ་རྒྱུན་དེ་ནི་བོད་མིས་གསར་གཏོད་གནང་བའི་ཐུན་མོང་མ་ཡིན་པའི་ནང་པའི་སྲོལ་རྒྱུན་ཞིག་ཡིན་སྟབས། རྒྱ་ནག་གཞུང་ནས་ད་བར་རྒྱལ་སྤྱིའི་ཐོག་ཅ་ལག་རྫུན་མ་བཟོ་ཐུབ་ཡོད་ཀྱང་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་རྫུན་མ་ནམ་ཡང་བཟོ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག སྲིད་སྐྱོང་མཆོག་གིས་བླ་སྤྲུལ་ཡང་སྲིད་ཀྱི་སྲོལ་རྒྱུན་དེ་ནི་གཙོ་བོ་འགྲོ་བ་མིའི་ཆོས་དད་ཡིད་ཆེས་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་འཕྲེང་རིམ་བྱོན་དེ་ནི་བོད་མི་ཚོ་དང་ཁ་བྲལ་ཐབས་མེད་པའི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་ཅིང་། མགོན་པོ་༸གང་ཉིད་མཆོག་ནི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ་སོགས་འགྲེལ་བརྗོད་དང་སྦྲགས། ནང་པའི་ཆོས་སྡེ་ཁག་སྟོར་གཤིག་བཏང་མཁན་དང་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་བླ་སྤྲུལ་འཛིན་བཟུང་བཙན་ཁྲིད་བྱེད་མཁན་རྒྱ་ནག་ལྟ་བུ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པ་དེར་ངོས་ལེན་གནང་ཐབས་མེད་པ་མ་ཟད། གལ་སྲིད་མ་འོངས་པར་རྒྱ་གཞུང་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཞིག་ངོས་འཛིན་ཞུས་ཚེ་དེར་གཞིས་བྱེས་བོད་མིའི་ཚོས་ངོས་ལེན་རྩ་བ་ནས་གནང་མི་དགོས་ཞེས་གསུངས་འདུག སྲིད་སྐྱོང་མཆོག་གི་གསུང་བཤད་གྲུབ་མཚམས་སུ་བོད་མིའི་ཆབ་སྲིད་གནད་དོན་དང་འབྲེལ་སྐུ་ཞབས་ Micheal J Green ལགས་ནས་ད་ལྟའི་ཧོང་ཀོང་ནང་གི་གནས་སྟངས་སོགས་ལ་གཞིགས་ཏེ་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་པ་ག་ཚོད་རྙེད་ཀྱི་ཡོད་མེད་དང་། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནོན་ཤུགས་རྒྱ་སྐྱེད་འགྲོ་བཞིན་པ་སོགས་དང་འབྲེལ་བཀའ་འདྲི་ཁག་གཅིག་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་ཧོང་ཀོང་ནང་འབྱུང་བཞིན་པའི་ཞི་རྒོལ་དེས་རྒྱ་ནག་གི་ཧོང་ཀོང་ཐོག་འཛིན་པའི་རྒྱལ་ཁབ་གཅིག་ལ་སྲིད་བྱུས་གཉིས་ཞེས་པ་དེ་ལམ་ལྷོངས་ཚད་ལྡན་ཞིག་ཡོང་གི་མེད་པའི་རྣམ་པ་མངོན་ཡོད་པ་མ་ཟད། དེ་སྔ་བོད་ནང་ལ་ཡང་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྐབས་རྒྱ་ནག་གཞུང་ནས་དངོས་ཡོད་དོན་ཚན་ཁག་ལ་རྩིས་སྲུང་མ་བྱས་པར་བོད་མིར་མི་སྤྱོད་ལས་འདས་པའི་གནས་སྟངས་སོགས་ཀྱང་བྱུང་ཡོད་པ་ལུང་འདྲེན་དང་སྦྲགས། ད་ལྟའི་ཆར་བོད་མིའི་ངོས་ནས་བོད་རྒྱའི་དཀའ་ངལ་ཞི་འགྲིག་ཡོང་ཐབས་སུ་བོད་རྒྱ་གཉིས་ཀར་ཕན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་པ་དེ་ནི་ཐབས་བྱུས་བཟང་ཤོས་གཅིག་པོ་དེ་ཡིན་པར་ངེས་རྙེད་བྱུང་བ་མ་ཟད་སྲིད་བྱུས་འདིའི་དགོངས་དོན་འོག་ད་ཆ་བོད་པའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་ནང་ཕེབས་ཐུབ་ཀྱི་ཡོད་པ་གསུངས་འདུག སྲིད་སྐྱོང་མཆོག་ནས་སྐབས་དེའི་བཅར་འདྲིའི་ལས་རིམ་སྐབས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་ཡུ་གུར་དང་ནང་སོག དེ་བཞིན་ཧོང་ཀོང་དང་རྒྱ་རིགས་མི་མང་རྣམས་ལ་བོད་མིའི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་པ་སོགས་ཀྱང་གསུངས་འདུག་པ་དང་ཁ་སང་ལས་རིམ་དེའི་ཐོག་ CSIS ཞེས་ཨ་རིའི་རྒྱལ་སྤྱིའི་ཐབས་བྱུས་འབྲེལ་ལམ་བསྟི་གནས་ཁང་གི་འགན་འཛིན་དབུས་པའི་ཉམས་ཞིབ་པ་དང་ལས་བྱེད་རྣམ་པ། དེ་བཞིན་ཨ་རིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་གི་སློབ་དཔོན་དང་ཤེས་ལྡན་མི་སྣ་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད།

བོད་དོན་གྲོས་མོལ་ཞུ་གཏུག་གི་སྐོར་སྐྱོད་དེ་ཨིན་ཡུལ་ནང་འབྱོར་བ།

བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བའི་ཆེད་སྤྱི་ལེ་ ༢༥༠༠༠ ཙམ་སྣུམ་འཁོར་བརྒྱུད་ནས་ཡོ་རོབ་རྒྱལ་ཁབ་ཁག་ ༣༠ ནང་བོད་དོན་ཞུ་གཏུག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་སེ་པན་དང་། པོ་ཅུ་གྷལ་། ཨེན་ཌོ་ར། དེ་བཞིན་ཕ་རན་སི་བཅས་ཡོ་རོབ་རྒྱལ་ཁབ་བཞིའི་ནང་སྐོར་སྐྱོད་ལེགས་གྲུབ་ཀྱིས་ཁ་སང་ཨིན་ཡུལ་གྱི་རྒྱལ་ས་ལོན་ཊན་ནང་འབྱོར་འདུག ཐུབ་བསྟན་དབང་ཆེན་ལགས་ནས་ཡོ་རོབ་རྒྱལ་ཁབ་ཁག་ ༣༠ ནང་གི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་ཞུ་གཏུག་དང་དེ་བཞིན་བོད་ནང་དངོས་ཡོད་གནས་སྟངས་སྙན་སེང་ཞུ་རྒྱུ་སོགས་ཀྱི་དགོས་འདུན་དོན་ཚན་ ༡༢ འོག་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་དུས་ཆེན་དང་བསྟུན་ཡོ་རོབ་རྒྱལ་ཁབ་སེ་པན་གྱི་བྷར་སེ་ལོ་ན་གྲོང་ཁྱེར་ནས་དབུ་འཛུགས་གནང་ཡོད་པ་རེད། སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཐེངས་འདིའི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་ཐོག་ནས་བོད་ཀྱི་རྒྱལ་དར་དང་ལས་འགུལ་མིང་བྱང་སོགས་འཁོད་པའི་སྣུམ་འཁོར་ཞིག་ཆེད་དུ་བཀོད་བཟོ་བྱས་ཏེ་དེ་དང་མཉམ་དུ་བོད་པའི་མཆོད་ཀོང་སྟེང་ཞི་བདེའི་མཚོན་རྟགས་ཀྱི་བྱ་འང་གུ་དཀར་པོའི་འདྲ་གཟུགས་ཡོད་པའི་ཞི་བདེའི་སྒྲོན་མེའི་མཚོན་རྟགས་ཅན་ཞིག་བསྣམས་ནས་བོད་དོན་སྐོར་སྐྱོད་གནང་བཞིན་ཡོད་པ་དང། འདས་པའི་ཉིན་གྲངས་དེ་དག་ནང་ཐུབ་བསྟན་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་སེ་པན་དང་། པོ་ཅུ་གྷལ། ཨེན་ཌོ་ར། ཕ་རན་སི་བཅས་ཡོ་རོབ་རྒྱལ་ཁབ་བཞིའི་གྲོས་ཚོགས་གོང་འོག་འཐུས་མི་ ༡༢ ལྷག་དང་མཇལ་མོལ་གནང་བ་མ་ཟད་རྒྱ་ནག་གཞུང་ཚབ་ཁང་ལ་བོད་དོན་གྲོས་མོལ་ཡོང་བའི་ཞུ་སྙན་དང་། དེ་བཞིན་གསར་ཁང་ཁག་ལ་བོད་དོན་དང་འབྲེལ་བའི་བཅར་འདྲི་དང་ལེན་སོགས་གནང་ཐུབ་པ་བྱུང་འདུག རྩ་བའི་སྐོར་སྐྱོད་ཀྱི་འཆར་གཞིར་གཞིགས་ཚེ་ཐུབ་བསྟན་དབང་ཆེན་ལགས་ནས་དེ་རིང་དང་སང་ཉིན་བཅས་སུ་ཨིན་ཡུལ་རྒྱལ་ས་ལོན་ཊན་ཁུལ་དུ་ས་གནས་གྲོས་ཚོགས་འཐུས་མིར་མཇལ་འཕྲད་བརྒྱུད་བོད་དོན་ཞུ་གཏུག་དང། ལོན་ཊན་གྲོང་ཁྱེར་ཁུལ་དུ་ཡོད་པའི་གལ་ཆེའི་ས་ཚིགས་ཁག་ཏུ་སྐོར་སྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་གནང་རྒྱུ། དེ་རིང་རེས་གཟའ་ལྷག་པ་ཉིན་ཨིན་ཡུལ་བོད་རིགས་ཚོགས་པ་དང་ལྷན་དུ་ལོན་ཊན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལྷག་དཀར་སྲུང་བརྩི་དང་འབྲེལ་རྒྱ་ནག་གཞུང་ཚབ་ཁང་ལ་བོད་དོན་གྲོས་མོལ་ཡོང་བའི་ཞུ་སྙན་ཕུལ་རྒྱུ་རེད་འདུག ཕྱི་ཚེས་ ༡༣ ཉིན་ལོན་ཊན་ནས་སི་ཁོཊ་ལན་ཌིར་ཐོན་གནང་གི་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་སྲིད་སྐྱོང་མཆོག་ལ་སྣེ་ལེན་ཞུས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁ་ཉིན་ཕྱི་ཚེས་ ༨ ནས་བྱང་ཨ་མི་རི་ཀའི་ས་གནས་ཁག་གཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་སང་སྲིད་སྐྱོང་མཆོག་ཨ་མི་རི་ཀའི་རྒྱལ་ས་ Washington DC ནང་འབྱོར་སྐབས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་ནས་ཡུལ་དེའི་གྲོས་ཚོགས་ཀྱི་ Rayburn ཚོགས་ཁང་དུ་ཕེབས་བསུ་གཟབ་རྒྱས་ཞུས་འདུག ཕེབས་བསུའི་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དང་། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་དང་ཕྱག་སྦྲེལ་ཚོསག་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་གཉིས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། ཨ་རིའི་མང་གཙོ་བསྟི་གནས་ཀྱི་ལས་བྱེད། དེ་བཞིན་ཨ་རིའི་རོགས་ཚོགས་ USAID གཙོས་པའི་རོགས་ཚོགས་གཞན་ཁག་གཅིག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་དང་ལས་བྱེད། བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དབུས་པའི་བོད་རིགས་ཚོགས་པ་ཁག་གི་རྒྱུན་ལས་སོགས་ལྷན་ཞུགས་གནང་འདུག སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨ་རིར་ཕེབས་པར་འཚམས་འདྲི་དང་འབྲེལ། དེ་སྔ་ ༡༩༨༠ ནང་ལྕམ་སྐུ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབར་མཇལ་མོལ་དང་པོ་དེ་བྱུང་བ་ནས་བཟུང་སྟེ། ད་བར་བོད་ཀྱི་གནད་དོན་ཐོག་གང་ནུས་ཀྱི་རོགས་རམ་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་བོད་གཙོས་པའི་ཡུ་གུར་དང་ཧོང་ཀོང་སོགས་ཀྱི་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོགར་རོལ་གཏོང་བཞིང་པར་ཨ་རིའི་ངོས་ནས་མུ་མཐུད་རྒྱ་ནག་ལ་སྐྱོན་བརྗོད་དང་རྒྱ་ནག་གྱི་བྱེད་བབས་དེ་དག་རྒྱལ་སྤྱིའི་ཐོག་ཐེར་འདོན་བྱེད་ཀྱི་ཡིན་ཞེས་གསུངས་འདུག སྐབས་དེར་སྲིད་སྐྱོང་མཆོག་ནས་ད་ཆ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞི་སྤྱི་དང་འགྲོ་བ་མིའི་ཐོག་ཐང་གི་འགྲེལ་བཤད་ལ་བསྒྱུར་བཅོས་གཏོང་ཐབས་བྱེད་བཞིན་པའི་དུས་སྐབས་འདིར་ཨ་རི་གཞུང་འབྲེལ་གྱི་སྐུ་ཚབ་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ལ་ཆེ་མཐོང་དང་སྦྲགས་ཕེབས་བསུ་ཞུས་པ་དེས་རྒྱ་ནག་གཞུང་ལ་ཨ་མི་རི་ཀའི་ངོས་ནས་བོད་ཀྱི་གནད་དོན་སྤྱི་དང་བོད་མིའི་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམས་ནས་རིང་མིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Christopher H. Smith ལགས་གཉིས་དང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཕྱག་སྦྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Marco Rubio དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ben Cardin ལགས་བཅས་ནས་དེ་སྔ་ཕྱི་ལོ་༢༠༠༢ ལོར་ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་ཐོག་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནུས་ལྡན་ཞིག་བཟོ་རྒྱུ་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་གསར་པ་ཞིག་ཆེད་འདོན་གནང་སྐབས་ངེས་པར་དུ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀའི་རྒྱལ་སའི་ནང་མ་ཕེབས་པའི་གོང་དུ་ཨ་མི་རི་ཀའི་ Minnesota མངའ་སྡེ་ནང་བཞུགས་པའི་ས་གནས་བོད་མི་ཚོར་མཇལ་འཕྲད་དང་སྦྲགས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང་སྒོས་སྐད་ཡིག་ཐོག་སྦྱང་བརྩོན་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་མུ་མཐུད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་བཞིན་པ། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ལས་དོན་སོགས་ཀྱི་ཐོག་གསུངས་བཤད་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་ནས་ཐེངས་འདིའི་གཞུང་འབྲེལ་འཚམས་འདི་ནི་གཙོ་བོ་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་བརྒྱུད་ཡུལ་དེའི་གྲོས་ཚོགས་ནང་ཆེད་འདོན་གནང་འཆར་ཡོད་པའི་ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་ནུས་ཤུགས་ལྡན་པ་ཞིག་བཟོ་རྒྱུའི་གྲོས་ཆོད་གྲོས་འཆར་གསར་པ་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་གཏུག་གནང་རྒྱུ་ཡིན་པ་འགྲེལ་བརྗོད་དང་སྦྲགས། མི་ནི་སོ་ཊ་གཙོས་པའི་ཨ་མི་རི་ཀའི་མངའ་སྡེ་འདྲ་མིན་ནང་ལ་བཞུགས་པའི་བོད་མི་རྣམས་ནས་ཀྱང་ཚོགས་ཁག་བཟོས་ཏེ་ས་གནས་སོ་སོའི་འཐུས་མི་དང་ཐུག་འཕྲད་གནང་སྟེ་བོད་དོན་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་གཏུག་གནང་དགོས་པའི་སྐུལ་མ་ཡང་གནང་འདུག   གཞི་རྩའི་ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་ ༢༠༠༢ ཞེས་པའི་ནང་ཨ་རི་གཞུང་ནས་བོད་རྒྱ་གྲོས་མོལ་ཡོང་ཐབས་ཀྱི་འཁོར་ཡུལ་བསྐྲུན་དགོས་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་དགོས་པ། ཨ་རི་གཞུང་ནས་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་རྒྱབ་སྐྱོར་གནང་དགོས་པ། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་ཆེད་འཛུགས་དགོས་པ། ཨ་རི་གཞུང་ནས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་ཐོབ་ཐབས་དང་ཆབ་སྲིད་བཙོན་པར་སྨན་བཅོས་ཀྱི་རྒྱབ་སྐྱོར་སྤྲོད་དགོས་པ་སོགས་དོན་ཚན་ཁག་གཅིག་འཁོད་ཡོད་པ་དང་། རིང་མིན་བསྐྱར་བཅོས་གནང་རྒྱུར་ངེས་པའི་ཨ་རི་བོད་ཐོག་འཛིས་པའི་སྲིད་བྱུས་ཀྱི་གྲོས་ཆོད་གྲོས་འཆར་ནང་བོད་ཀྱི་ཁོར་ཡུག་གནད་དོན་དང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་མིའི་མང་གཙོའི་གནས་བབས་སོགས་ཀྱི་དོན་ཚན་གསར་པ་ཁག་གཅིག་ཆེད་བཀོད་གནང་རྒྱུའི་རེ་བ་ཡོད་པ་རེད།

བོད་ཀྱི་ཨ་མ་ཞེས་པའི་གློག་བརྙན་དེ་རྒྱ་གར་གྱི་ Cine གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་འཆར།

ཨ་མ་ཝེ་གྷར་ལགས་ཀྱི་མི་ཚེ་ལོ་རྒྱུས་མཚོན་པའི་དངོས་བྱུང་གི་གློག་བརྙན་བོད་ཀྱི་ཨ་མ་ཞེས་པ་དེ་རྒྱ་གར་གྱི་གྲོང་ཁྱེར་མུམ་བའེ་རུ་ཁ་སང་ནས་འཚོགས་འཆར་ཡོད་པའི་ Cine གློག་བརྙན་དུས་སྟོན་ཐེངས་ ༧ སྟེང་དུ་བདམས་ཐོན་གྱིས་གཟིགས་འབུལ་ཞུ་འཆར་འདུག འཇར་མན་གྱི་ཨ་མ་ཝེ་གྷར་ལགས་ཀྱི་ Siemens ཞེས་པའི་བཟོ་ཁང་དུ་ཕྱག་ལས་གནང་ནས་རྒྱུན་རིང་བཞུགས་ཡོད་པ་ལྟར། ཁོང་དགུང་ལོ་ ༦༠ ཐོག་བཟོ་ཚོང་ཁང་དེ་ནས་རྒས་ཡོལ་དུ་ཕེབས་ཏེ་ཚེ་མཇུག་གི་མི་ལོ་ ༣༠ རིང་ལ་མི་སྒེར་གྱི་མི་ཚེ་ཡོད་ཚད་བློས་བཏང་ནས་འཇར་མན་ནང་དུ་བོད་རིགས་ལ་སྐྱོབ་གསོ་འཚོལ་ཐབས་གནང་སྟེ་བོད་ཀྱི་བྱིས་དང་གྲྭ་བཙུན་རྣམས་ལ་ཤེས་ཡོན་སྤྲོད་ཐབས་གནང་ཡོད་པ་མ་ཟད། བདག་པོ་མེད་པའི་བོད་ཀྱི་རྒན་འཁོགས་རྣམས་བདག་སྐྱོང་གནང་ཡོད་པ་རེད།  ཁོང་གིས་རང་གི་མི་སྒེར་གྱི་ཁང་མིག་ཆུང་ཆུང་སྤྱོད་པའི་ཐོག་དང་བླངས་ཀྱིས་མི་སྣ་འཚོལ་སྒྲུབ་ཀྱིས་བོད་རིགས་རྣམས་ཀྱི་སླད་དུ་ཕྱག་ལས་རྒྱ་ཆེར་གནང་ཡོད་པ་རེད། བཙན་བྱོལ་དུ་ཕེབས་པའི་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པ་རྣམས་ལ་ཁོང་གིས་ཕྱག་ལས་གནང་བར་བརྟེན་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། ཨ་མ་ལགས་དམ་པ་ཁོང་གིས་བཙན་བྱོལ་བོད་པའི་སྒྲིག་ཁོངས་ཀྱི་ཤེས་ཡོན་ལྟེ་གནས་ཀྱི་ལས་འཆར་དང་གཞིས་ཆགས་སྲ་བརྟན། དེ་བཞིན་འཕྲོད་བསྟེན་གྱི་ལས་རིམ་སོགས་ཡོངས་རྫོགས་ཐོག་ལ་ཧིན་སྒོར་ཐེར་འབུམ་ལྷག་བསྡུ་རུབ་ཀྱིས་ཕྱག་ལས་གནང་ཡོད་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་ཁོང་གི་རླབས་ཆེན་གྱི་ཕྱག་ལས་དེར་ཐུགས་མཉེས་པོ་གནང་གི་ཡོད་པ་ཟད་རྒྱ་གར་ནང་གི་བོད་མི་རྣམས་ཀྱིས་ཁོང་ལ་ཨ་མ་ལགས་ཞེས་འབོད་སྲོལ་ཡོད་པ་རེད། གཞི་རྩའི་བོད་ཀྱི་ཨ་མ་ཞེས་པའི་དངོས་བྱུང་གི་གློག་བརྙན་འདི་ནི་འཇར་མན་གྱི་ས་ཆ་མཱོ་ནེ་ཆཱར་རྟེན་གཞི་བྱས་པའི་གློག་བརྙན་སྒྲིག་སྦྱོར་བ་ NIklas goslar ལགས་ཀྱིས་སྒྲིག་སྦྱོར་བྱས་པ་ཞིག་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་གློག་བརྙན་སྒྲིག་སྦྱོར་གནང་སྟེ་སྔོན་ཆད་ཀྱང་བལ་ཡུལ་གྱི་ས་འགུལ་དང་འབྲེལ་བའི་གློག་བརྙན་བཟོས་པ་མ་ཟད་ད་ཆ་ཁོང་གི་ཤིང་རྐོས་སྒྱུ་རྩལ་དང་འབྲེལ་བའི་གློག་བརྙན་བཟོ་བཞིན་པ་རེད་འདུག  ཕྱི་ལོ་ ༢༠༠༥ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དམ་པ་དེ་ཉིད་ལ་དྲང་བདེན་གྱི་སྒྲོན་མེ་ཞེས་པའི་གཟེངས་རྟགས་ཤིག་ཀྱང་གནང་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དམ་པ་དེ་ཉིད་ནི་ལྷག་བསམ་རྣམ་དག་དང་སྙིང་སྟོབས་ཆེན་པོའི་ངང་ནས་བོད་མི་བཙན་བྱོལ་བར་རོགས་རམ་གནང་མཁན་ཕུལ་དུ་བྱུང་བ་ཞིག་ཡིན་པར་བཀའ་བསྩལ་ཡོད་པ་རེད། རྩ་བའི་ཨ་མ་ཝེ་གྷར་ལགས་དམ་པ་ཁོང་ནི་ཕྱི་ལོ་ ༢༠༡༤ ལོར་དགུང་ལོ  ༩༥ སྟེང་སྐུ་གྲོངས་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ་དམ་པ་དེ་ཉིད་ཀྱིས་བོད་དོན་ཆེད་དུ་ཕྱག་ལས་རླབས་ཆེན་གནང་བའི་དྲིན་ལན་དེ་ནམ་ཡང་འཇལ་ཐབས་མེད་པ་བཀའ་བསྩལ་ཡོད་པ་རེད།

བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་ཞུས་ཏེ་ལོ་ངོ་ ༣༥ འཁོར་བར་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་གྱི་ཞོགས་པ་ཚོུད་ ༨  ཐོག་བཞུགས་སྒར་ལྷ་རྒྱལ་རིའི་མདུན་ཐང་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་དྷ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་བོད་ཀྱི་བུད་མེད་ལྷན་ཚོགས་ བཙན་བྱོལ་དུ་སླར་གསོ་བྱས་ཏེ་མི་ལོ་ ༣༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་ཞུས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་བོད་ཀྱི་བཙུན་མའི་ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་ཀྱིས་གཙོས་དམིགས་བསལ་སྐུ་མགྲོན་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚ་རིང་ལགས་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་ས་གནས་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ལྷག་འདུ་འཛོམ་གནང་ཐོག་དང་ཐོག་བསང་གསོལ་དང་། རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཀྱིས་མཚོན་པའི་ཧིན་བོད་གཉིས་ཀྱི་རྒྱལ་གླུ་དང་། བོད་ཀྱི་བེུད་ལྷན་ཚོགས་ཀྱི་གླུ་བཅས་བླངས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་ཀྱི་བཙུན་མའི་ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཉིན་མོ་འདི་དགའ་ཞིང་སྤྲོ་བའི་ཐོག་ནས་ཚོགས་པའི་གྲུབ་འབྲས་ལ་རྗེས་དྲན་ཞུ་རྒྱུ་དང་མ་འོངས་མདུན་སྐྱོད་གནང་ཕྱོགས་ཐད་ལ་ཐུགས་བསམ་བཞེས་དགོས་པའི་དུས་ཚིགས་གལ་ཆེན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། སྤྱི་བའི་ལས་དོན་ལ་གཙིགས་ཆེར་འཛིན་ནས་ངས་ཀྱང་དེ་ལྟར་བྱེད་བསམ་པའི་བློ་དགོས་པ་དང་། ལྷག་པར་དུ་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་དེ་ཉམས་ཆག་ཤུགས་ཆེར་འགྲོ་བཞིན་ཡོད་སྟབས་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་སླད་ཁྱིམ་ཚང་གི་ནང་དུ་ཨ་མ་ལགས་ཚོས་འགན་བཞེས་དགོས་པ་གསུངས་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚ་རིང་ལགས་ཀྱིས་ཚོགས་པའི་ངོས་ནས་༸གོང་ས་མཆོག་གི་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་སྤྱི་ཚོགས་ཁྲོད་དུ་གོ་རྟོགས་སྤེལ་དགོས་གལ་དང་། དུས་རབས་ཉེར་གཅིག་ནང་བེུད་མེད་ཚོས་སྐྱེ་པ་ཕོ་ལས་ལྷག་པའི་ཐུགས་འགན་བཞེས་ཐོག་ཕྱག་ལས་སྔར་ལྷག་གནང་དགོས་པ་གསུངས་ཡོད། བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ཀྱིས་བེུད་ལྷན་ཚོགས་ནང་སྔ་མོ་ནས་ཡོད་པའི་ཚོགས་མི་ཕལ་ཆེ་བ་སློབ་སྦྱོང་དེ་ཙམ་མེད་ནའང་ཁོང་ཚོར་སེམས་ཤུགས་དང་ལྷག་བསམ་ཡོད་པ་གསུངས་པ་དང་འབྲེལ་ཏེ་མ་འོངས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཐུགས་འགན་དེ་གཞོན་སྐྱེས་ཚོས་བཞེས་དགོས་པ་དང་། རིང་མིན་ཟླ་ཤས་ཀྱི་ནང་ཚོགས་མི་གསར་བསྡུ་གནང་འཆར་ཡོད་སྟབས་གཞོན་སྐྱེས་གང་མང་ནས་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད།

རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་མིའི་སེམས་ཚོར་དྲག་པོ་འདུལ་བར་ཐབས་ལམ་བཟང་ཤོས་རེད།

དེ་རིང་སྔ་དྲོ་ཚོུད་ ༩ ཙམ་ལ་བཞུགས་སྒར་ཀཅཱརིར་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ཀྱི་སློབ་སྤྱི་ Jayoti Kumar ལགས་གཙོས་དགེ་ལས་ཁག་གཅིག་བཞུགས་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་མཐོ་སློབ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་དང་འབྲེལ་བའི་སློབ་ཚན་ཞིག་དངོས་སུ་གཏན་འབེབས་ཐོག་སློབ་ཁྲིད་གནང་ཡོད་སྐོར་སྙན་སེང་ཞུས་སོང་པ་དང་། སྐབས་དེ་མགོན་པོ་༸གང་ཉིད་མཆོག་ནས་མཐོ་སློབ་ཀྱི་ལས་གཞི་དེར་བསྔགས་བརྗོད་དང་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་འགྲོ་བ་མིའི་སེམས་ཚོར་དྲག་པོ་འདུལ་བར་ཐབས་ལམ་བཟང་ཤོས་དེ་ཡིན་པ་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་ཕྱོགས་ནས་དར་བའི་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་འགྲོ་བ་མིའི་སེམས་ཚོར་གྱི་རྣམ་གཞག་སྐོར་གསུངས་མེད་པར་བཀའ་འགྲེལ་དང་འབྲེལ་ཏེ་ལོ་ངོ་སུམ་སྟོང་ལྷག་ཕྱིན་པའི་རྒྱ་གར་གི་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གནས་དེ་དག་ནང་བྱམས་པ་དང་སྙིང་རྗེ། ཞི་གནས་དང་ལྷག་མཐོང་སོགས་འགྲོ་བ་མིའི་སེམས་ཚོར་དྲག་པོ་རིགས་འདུལ་སྟངས་ཞིབ་རྒྱས་གསུངས་ཡོད་སྟབས་རྒྱ་གར་གྱི་རིག་གནས་དེ་ནི་འགྲོ་བ་མིའི་སེམས་ཚོར་དྲག་པོ་འདུལ་བར་ཐབས་ལམ་བཟང་ཤོས་དེ་ཡིན་པ་དང་། དུས་རབས་གསར་པའི་རྒྱ་གར་བ་རྣམས་ནས་རིག་གནས་དེ་དག་སླར་གསོ་ཐུབ་ཐབས་གནང་དགོས་པའི་སྐུལ་མ་མཛད་ཡོད། དེ་བཞིན་མགོན་པོ་མཆོག་གིས་ད་རེས་ཧི་མཱ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ནང་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་དང་འབྲེལ་བའི་སློབ་གཞི་དངོས་སུ་གཏན་འབེབས་ཐོག་སློབ་ཁྲིད་གནང་རྒྱུ་དབུ་འཛུགས་གནང་བར་བསྔགས་བརྗོད་དང་རིམ་བཞིན་སློབ་གསོ་དེ་བརྒྱུད་དུས་རབས་གསར་པའི་གཞོན་སྐྱེས་ཁྲོད་ལ་སེམས་ཚོར་གྱི་རྣམ་གཞག་ཐོག་རྒྱུས་མངའ་ཆེར་སོང་ནས་སོ་སོར་ཕན་པ་མ་ཟད་གཞན་ལའང་སློབ་སྟོན་གནང་ཐོག་དུས་རབས་འདི་ཞི་བདེ་ལྡན་པ་ཞིག་བཟོ་ཐུབ་ངེས་ཡིན་པ་དང་། ལྷག་པར་དུ་ལས་གཞི་དེའི་ཐོག་འབད་རྩོད་གནང་བ་དེས་མ་འོངས་པར་བློ་འགྱོད་མེད་པ་ཞིག་ཡོང་གི་རེད་ཅེས་ལམ་སྟོན་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གྲུབ་མཚམས་སུ་ཧི་མཱ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ཀྱི་སློབ་སྤྱི་ Jayoti Kumar ལགས་སུ་བཅར་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོའི་སློབ་ཚན་དེ་ཧི་མཱ་ཅལ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཚན་ཁོངས་སུ་བཞག་ནས་བདུན་ཕྲག་སྔ་མ་ནས་ཧི་མཱ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ཏུ་ཆེས་ཐོག་མར་སློབ་ཁྲིད་གནང་ཡོད་པ་དང་། ད་ལྟའི་ཆར་སློབ་ཚན་འདི་བཞིན་ཟླ་བ་དྲུག་གི་ལག་འཁྱེར་ཐོག་ནས་སློབ་ཁྲིད་གནང་གི་ཡོད་ཀྱང་རིམ་པས་སློབ་ཚན་གཏན་འབེབས་ཐོག་ལོ་གཅིག་གི་ཤེས་ཚད་ལག་འཁྱེར་དང་། ལོ་གསུམ་གྱི་ཤེས་ཚད་ལག་འཁྱེར་སོགས་ཀྱི་ཐོག་ནས་སློབ་ཁྲིད་གནང་རྒྱུའི་འཆར་གཞི་ཡོད་པ་གསུངས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཤེས་ཡོན་གྱི་ལྟེ་གནས་འདྲ་མིན་ནང་ཕྱག་ལས་གནང་མཁན་གྱི་སློབ་དཔོན་དང་རྩོམ་པ་པོ། དེ་བཞིན་ལོ་རྒྱུས་སྨྲ་བ་སོགས་ཁག་གཅིག་དང་ལྷན་དུ་ནང་ཆོས་དང་ཤེས་ཡོན་སློབ་གསོ། རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷཱི་མཆོག་གི་ལྟ་གྲུབ་དང་དེའི་དགོས་མཁོ། ཆོས་ལུགས་འདྲ་མིན་དབར་གྲོས་མོལ་དགོས་གལ། དེ་བཞིན་བྱམས་པ་དང་སྙིང་རྗེ། ཞི་གནས་དང་ལྷག་མཐོང་སོགས་བརྗོད་གཞི་འདྲ་མིན་ཐོག་བཀའ་བསྡུར་མཛད་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་གིས་དེ་རིང་སྔ་ཐོག་ཧི་མཱ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ཀྱི་སློབ་སྤྱི་གཙོས་པའི་དགེ་ལས་ཁག་གཅིག་དང་རྒྱལ་ས་ལྡི་ལིར་ཤེས་ཡོན་གྱི་ལྟེ་གནས་འདྲ་མིན་ཐོག་ཕྱག་ལས་གནང་མཁན་གྱི་སློབ་དཔོན་ཁག་གཅིག་དང་མཇལ་མོལ་མ་མཛད་པའི་གོང་དུ་རྒྱ་ནག་དང་སེངྒ་པུར། འབྲུག་ཡུལ། དེ་བཞིན་རྒྱ་གར་སོགས་ཀྱི་ས་གནས་འདྲ་མིན་ནས་བཅར་བའི་དད་ལྡན་མང་ཚོགས་ཁག་གཅིག་ལ་མཇལ་ཁ་བཀའ་དྲིན་བསྩལ་སོང་།

Latest news