Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

NORI དང་འབྲེལ་བའི་དཀའ་ངལ་མ་སེལ་བར་དུ་འཇར་མ་ནིར་མཐོང་མཆན་ཞུ་རྒྱུ་མེད་པའི་ལམ་སྟོན།

རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་གནང་བའི་ IC ཞེས་ཕྱི་སྐྱོད་ལག་དེབ་སེར་པོ་གསར་པའི་ཐོག་ NORI ཞེས་རྒྱ་གར་ནང་ཕྱིར་ཕེབས་ཆོག་པའི་ལས་དམ་མེད་པའི་རྐྱེན་གྱིས་ཉེ་ཆར་བོད་མི་མི་ཉུང་བ་ཞིག་ལ་འཇར་མ་ནིར་འགྲུལ་སྐྱོད་ཆོག་པའི་མཐོང་མཆན་མ་རག་པའི་དཀའ་ངལ་འཕྲད་ཡོད་སྟབས་དཀའ་ངལ་དེ་མ་སེལ་བར་དུ་ཡུལ་དེར་མཐོང་མཆན་ཞུ་རྒྱུ་མེད་པའི་ལམ་སྟོན་གནང་འདུག དེའང་བཀའ་དྲུང་ཡིག་ཚང་ནས་དེ་རིང་བོད་མིའི་སྒྲིགས་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པའི་མཚན་ཐོག་ཏུ་བཀོད་ཁྱབ་ཅིག་བཏང་འདུག་པའི་ནང་ཉེ་ཆར་འཇར་མི་ནིའི་གཞུང་ཚབ་ནས་ཕྱི་སྐྱོད་ལག་ཁྱེར་སེར་པོ་གསར་པར་ NORI མེད་རྐྱེན་མཐོང་མཆན་མ་གནང་བའི་གནས་ཚུལ་བྱུང་ཡོད་པ་ལྟར། ལྡི་ལི་སྐུ་ཚབ་དོན་ཁང་གི་ལས་བྱེད་གཞུང་ཚབ་ཏུ་ཆེད་བཅར་གྱིས་ NORI སྐོར་གྱི་གནས་སྟངས་སྙན་གསེང་དང་གྲོས་བསྡུར་གནང་ཡང་གནས་སྐབས་འགྱུར་བ་འགྲོ་འཆར་མེད་ངེས་ལ་སོང་། དཀའ་ངལ་དེ་གཙང་སེལ་མ་བྱུང་བར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་གཞུང་འབྲེལ་འཇར་མི་ནིར་ཕྱོགས་སྐྱོད་གནང་འཆར་ཡོད་མཁན་རྣམས་ནས་འཇར་མི་ནིར་མཐོང་མཆན་ཞུ་རྒྱུ་ངང་འཐེན་དགོས་ཞེས་གསལ་འདུག གཞི་རྩའི་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་བོད་མིའི་ལྷོ་སྤྱི་ལས་ཁུངས་ནས་བརྡ་ཁྱབ་ཅིག་གནང་བའི་ནང་ཉེ་ལམ་ཨ་རི་དང་ཁེ་ན་ཌ་ནང་གཏན་སྡོད་ཆོག་པའི་ལག་ཁྱེར་ཡོད་ཀྱང་ཕྱི་སྐྱོད་སྐབས་ IC ལམ་ཡོངས་གྲགས་སུ་དེབ་སེར་པོ་ཞེས་པ་བེད་སྤྱོད་ཀྱིས་རྒྱ་གར་ལ་ཕེབས་མཁན་བོད་མི་ཁག་གཅིག་གནམ་ཐང་ནས་རང་གནས་སུ་ཕྱིར་ཕེབས་སྐབས་རྒྱ་གར་ནས་ Exit permit ཞེས་ས་གནས་ཕྱི་མི་དེབ་སྐྱེལ་ལས་ཁུངས་ནས་ཕྱིར་ཐོན་ཆོག་པའི་མཐོང་མཆན་ཞུ་མེད་རྐྱེན་ཕྱིར་ཐོན་མ་བཅུག་པའི་དཀའ་ངལ་འཕྲད་ཡོད་པར་བརྟེན་ཕྱི་སྐྱོད་ལག་ཁྱེར་སེར་པོ་བེད་སྤྱོད་གནང་མཁན་ཡིན་ཚེ་རྒྱ་གར་ས་གནས་ཕྱི་མི་དེབ་སྐྱེལ་ལས་ཁུངས་ནས་ཕྱིར་ཐོན་ཆོག་པའི་ཆོག་མཆན་ངེས་པར་དུ་ཞུ་དགོས་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ལ་གུང་སེང་དང་སློབ་སྦྱོང་སོགས་ཀྱི་སླད་དུ་སྐྱོད་ཀྱང་ཕྱིར་རྒྱ་གར་དུ་ཕེབས་མཁན་རྣམས་ནས་ཀྱང་ངེས་པར་དུ་རྒྱ་གར་དུ་འཛུལ་ཞུགས་ཆོག་པའི་མཐོང་མཆན་ཞུ་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།  

བྱང་ཨ་རི་ཁུལ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་ཆེད་ཨ་སྒོར་ས་ཡ་གཅིག་མ་འཇོག་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རྣམ་གཉིས་ཕྱི་ཟླ་ ༦ ཚེས་ ༢༢ ནས་ཕྱི་ཟླ་ ༧ ཚེས་ ༢༩ བར་ཨ་མི་རི་ཀའི་རྒྱལ་ས་ Washington DC གཙོ་གྱུར་གྲོང་ཁྱེར་ Vancouver དང་ Seattle Portland San Francisco དང་ South California དེ་བཞིན་ Minneapolis New York ཁེ་ན་ཌའི་གྲོང་ཁྱེར་ Toronto བཅས་བོད་རིགས་གནས་སྡོད་བྱེད་སའི་གྲོང་ཁྱེར་ཆེ་ཁག་དགུའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད། གཞུང་འབྲེལ་ཕྱོགས་ཕེབས་འདི་བཞིན་གཙོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དགོངས་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་དང་འབྲེལ་བའི་ལས་གཞི་ཆེ་ཁག་གཉིས་ཏེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་གཉིས་ཀྱི་ལས་གཞིའི་ཐོག་མང་ཚོགས་ལ་གོ་རྟོགས་སྤེལ་ནས་ལས་གཞི་དེ་དག་ནང་མང་ཚོགས་ཚོ་མཉམ་ཞུགས་གང་མང་ཡོང་ཐབས་གནང་རྒྱུ་ཡིན་པ་ལྟར། ཐེངས་འདིའི་འཚམས་གཟིགས་ཁྲོད་བྱང་ཨ་མི་རི་ཀའི་ཁུལ་གྱི་བོད་མི་ ༥༥ ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞིའི་སླད་ཨ་སྒོར་ས་ཡ་གཅིག་མ་འཇོག་གནང་འདུག རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་འགན་འཛིན་དང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་སུ་སྤྱི་ཡོངས་ནས་ཐེངས་འདིའི་བྱང་ཨ་རི་ནང་གི་འཚམས་གཟིགས་དང་། ལྷག་པར་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་དང་འབྲེལ་བཅར་འདྲི་ཁག་གཅིག་ཞུས་ཡོད།   གཞི་རྩའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་སྤྱིའི་དཔལ་འབྱོར་གྱི་རྨང་གཞི་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་རྒྱུན་གནས་ཡོང་ཐབས་སུ་ཐོག་མར་རིམ་པ་དང་པོའི་འཆར་གཞི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དངུལ་ཁང་ལྟ་བུ་ཞེས་པའི་ལས་གཞིའི་ཐོག་དབུ་འཛུགས་གནང་རྗེས། ཕྱི་ལོ་ ༢༠༡༨ ལོ་འགོར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་ལྟར་ཁེ་ཡོད་ཚོང་འབྲེལ་སྡེ་ཚན་ཁོངས་སུ་དངོས་སུ་དེབ་སྐྱེལ་ལེགས་གྲུབ་བྱུང་ཐུབ་པ་མ་ཟད། ལོ་མཇུག་ཙམ་ལ་ Reserve Bank of India ཞེས་རྒྱ་གར་དངུལ་ཁང་ཆེན་མོ་ནས་དངུལ་བུན་གཡར་སོགས་དང་འབྲེལ་བའི་ལས་གཞི་སྤེལ་ཆོག་པའི་ཁྲིམས་མཐུན་གྱི་ལག་ཁྱེར་བཅས་ཐོབ་སྟེ་བོད་པའི་སུད་ཚོང་དང་རྟ་དྲེལ་ཚོང་ལས་སོགས་ཀྱི་ཐོག་བུན་གཡར་གྱི་ལས་གཞི་རྒྱ་མི་ཆུང་བ་ཞིག་སྤེལ་མུས་རེད།

སེངྒེ་གཤོང་གི་ཐང་ཀ་འབྲི་བཞེངས་དང་འགྲེམས་སྟོན་དེ་རྒྱལ་སྤྱིའི་ཟིན་ཐོ་གསར་པ་བཀོད་འདུག

དེའང་ཟླ་ ༧ ཚེས་ ༢༨ ཉིན་བོད་མདོ་སྨད་རེབ་ཀོང་གི་སེང་གེ་གཤོང་གི་འགོ་ཁྲིད་པའི་ཐོག་སྒོ་དམར་སྡེ་བ་དང་གཉན་ཐོག་སྡེ་བ། དེ་བཞིན་རྐ་སར་སོགས་ཀྱི་སྡེ་མི་ལྷན་འཛོམས་ཀྱིས་བོད་མི་ཆིག་སྟོང་ལྷག་གིས་དུས་གཅིག་ཡུལ་གཅིགག་ལ་ཐང་ཀ་འབྲི་བཞེངས་ཀྱི་འགྲན་བསྡུར་སྤེལ་བ་མ་ཟད། ཐང་ཀ་ཆིག་ཁྲི་ལྷག་དུས་གཅིག་ལ་འགྲེམས་སྟོན་གནང་ཡོད་སྟབས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ལས་རིགས་དེར་མི་གྲངས་མང་ཤོས་ཀྱིས་དུས་གཅིག་ལ་ཆུ་ཚོད་བཞིའི་རིང་ལ་ཐང་ཀ་འབྲི་བཞེངས་འགྲན་བསྡུར་གནང་བ་དང་། ཧ་ཅང་གི་གཞི་རྒྱ་ཆེ་བའི་ཐང་ཀ་འགྲེམས་སྟོན་གནང་བ་ཁག་གཉིས་རྒྱལ་སྤྱིའི་ Guinness Record འམ་ཟིན་ཐོ་གསར་པ་བཀོད་འདུག དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་ཚན་པས་ཡོངས་ཁྱབ་ཀྱིས་ཐང་ཀ་འབྲི་བཞེངས་ནི་འཛམ་གླིང་གི་མངོན་མེད་ཀྱི་ཤུལ་བཞག་རིག་གནས་ཤིག་ཡིན་པར་གཏན་འབེབས་གནང་ཡོད་པ་རེད། རྩ་བའི་རེབ་ཀོང་སེང་གེ་གཤོང་ནི་གནའ་སྔ་མོ་ནས་ལྷ་བཟོ་སྒྱུ་རྩལ་གྱི་ལས་རིགས་ལ་དོ་དབྱིངས་ཡོད་པའི་གྲོང་སྡེ་ཞིག་ཡིན་པ་ལྟར། གཙོ་བོ་ཐང་ཀ་འབྲི་བཞེངས་དང་ལྷན་དུ་འདམ་སྐུ་དང་ཤིང་སྐུ།   མགར་ལས་སོགས་ལ་ཡང་ཤིན་ཏུ་ནས་དང་དོད་ཆེ་བའི་ས་གནས་ཤིག་ཡིན་སྟབས་སྡེ་མི་ཡོངས་ཀྱི་འཚོ་གྲོན་ཡོངས་རྫོགས་སྒྱུ་རྩལ་གྱི་ལས་རིགས་ཁོ་ནར་གཉེར་ནས་འཚོ་བ་སྐྱེལ་བཞིན་པའི་ཡུལ་ལུང་ཞིག་ཡིན་པ་རེད།

བྱམས་བརྩེའི་གསར་བརྗེ་ཞེས་པའི་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གློག་བརྙན་གསར་སྒྲིག་གནང་བཞིན་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་སྙིང་རྗེ་གོང་འཕེལ་མཛད་ཐབས་ཀྱི་རླབས་ཆེན་དགོངས་གཞི་ཐོག་གློག་བརྙན་གསར་བཟོ་དང་འབྲེལ་སུད་སིའི་གློག་བརྙན་བཟོ་སྒྲིག་པའི་རུ་ཁག་ཅིག་བཞུགས་སྒར་དུ་ཆེད་བཅར་གྱིས་དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ་དམིགས་བཅར་འདྲི་ཞུས་འདུག ལོ་མང་རིང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་ཆེན་པོའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་ཆོས་མཚོན་པའི་མང་ཚོགས་ལ་ལམ་སྟོན་བཀའ་སློབ་སོགས་བསྩལ་ཡུལ་ས་གནས་ཁག་ཏུ་རྗེས་སུ་སྙེག་སྟེ་མཛད་འཕྲིན་དེ་དག་དང་འབྲེལ་བའི་༸སྐུ་པར་མང་དག་ཅིག་སྒྲོན་མྱོང་མཁན་སུད་སིའི་པར་པ་གྲགས་ཅན་སྐུ་ཞབས་ Manuel Bauer ལགས་ཀྱིས་སྣེ་ཁྲིད་འོག་ཉེ་ཆར་བཞུགས་སྒར་དུ་བཅར་བའི་གློག་བརྙན་བཀོད་སྒྲིག་རུ་ཁག་དེའི་ནང་སྐུ་ཞབས་ Manuel ལགས་ཀྱིས་གཙོས་པའི་གློག་བརྙན་བཀོད་སྒྲིག་པ་ལྕམ་ Barbara Miller ལགས་དང་བཟོ་སྒྲིག་པ་སྐུ་ཞབས་ Philip Delaquis ལགས།  དེ་བཞིན་གློག་བརྙན་གྱི་སྒྲའི་འཆར་འགོད་པ་དང་པར་པ་བཅས་མི་དྲུག་ཆེད་བཅར་ཞུས་ཡོད་པ་མ་ཟད། རྒྱ་གར་ནས་པར་ལས་ཀྱི་མི་སྣ་དྲུག་ཆེད་འབོད་གནང་འདུག བྱམ་བརྩེ་གསར་བརྗེ་ཞེས་པའི་ལས་གཞིའི་འགན་འཛིན་སྐུ་ཞབས་ Manuel Bauer ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་དང་ལྷན་དུ་མཇལ་འཕྲད་ཞུ་སྐབས་དམིགས་གསལ་གྱི་མྱོང་ཚོར་ཆེན་པོ་བྱུང་སོང་བ་དང་། ༸གོང་ས་མཆོག་ནི་བྱམས་པ་དང་བརྩེ་བ། འགྲོ་བ་མིའི་རིན་ཐང་གོང་འཕེལ་གནང་མཁན་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་སྟབས། ད་ལན་ཁོང་རྣམས་ཀྱིས་བཟོ་སྒྲིག་ཞུ་རྒྱུའི་གློག་བརྙན་འདི་བརྒྱུད་ནས་འཛམ་གླིང་ཀུན་ལ་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ཁྱབ་སྤེལ་ཡོང་རྒྱུར་ཆེད་དམིགས་གནང་ཡོད་པ་གསུངས་ཡོད། ཁོང་གིས་ད་དུང་གློག་བརྙན་དེ་མ་འོངས་པར་འདོན་སྤེལ་གནང་ཕྱོགས་དང་འབྲེལ་ཏེ་གློག་བརྙན་བཟོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པའི་མི་སྣ་ཡོངས་རྫོགས་རང་དབང་ལྡན་པའི་གློག་བརྙན་བཀོད་སྒྲིག་པ་ཞིག་ཆགས་ཀྱི་ཡོད་སྟབས། ཁོང་རྣམས་ནས་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གློག་བརྙན་དེའི་ཐོག་དུས་ཚོད་གང་ཙམ་གཏང་རྒྱུའི་བསམ་བློ་ཡོད་པས་ད་ཆ་གློག་བརྙན་དེ་ནམ་འདོན་སྤེལ་གནང་ཐུབ་མིན་ཐད་བཤད་ཚོད་ཐུབ་དཀའ་ཡང་གློག་བརྙན་དེ་སྤུས་ཚད་ལྡན་པ་ཞིག་བཟོ་རྒྱུའི་དམིགས་ཚད་ཡོད་ཅེས་གསུངས་སོང་། རྩ་བའི་སྐུ་ཞབས་ Manuel Bauer ལགས་ནི་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་གྱི་སུད་སིའི་པར་པ་གྲགས་ཅན་ཞིག་དང་ ཁོང་གིས་དེ་སྔོན་༸གོང་ས་མཆོག་ཐོག་ལ་ཞི་བདེའི་འགྲུལ་བཞུད་ཞེས་པའི་པར་དེབ་ཅིག་བརྩམས་ཡོད་པ་རེད། ད་ལན་ཁོང་གིས་སྣེ་ཁྲིད་པའི་སུད་སི་ནས་བཅར་བའི་གློག་བརྙན་བཟོ་སྒྲིག་རུ་ཁག་འདི་བཞུགས་སྒར་དུ་ཉིན་གྲངས་བཅུ་ཙམ་གྱི་གོང་ནས་བཅར་ཡོད་པ་དང་། བརྒྱུད་རིམ་དེའི་ཁྲོད་ཁོང་རྣམས་ནས་གཙོ་བོ་༸རྒྱལ་བའི་ཕོ་བྲང་དུ་གློག་བརྙན་དེ་འབྲེལ་གྱི་བརྙན་པར་རིགས་བླངས་འདུག་པ་མ་ཟད། དེ་རིང་སྔ་དྲོ་༸གོང་ས་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་ཏེ་རིང་མིན་བཞུགས་སྒར་ནས་ཕྱིར་ཕེབས་གནང་རྒྱུ་རེད་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་གནང་རྒྱུ།

ཨ་རི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ལས་གྲུབ་པའི་ཡུལ་དེའི་གྲོས་ཚོགས་ཀྱི་མཐུས་མི་བརྒྱད་དང་ལས་བྱེད་བཅས་ཁྱོན་ཚོགས་མི་ཉི་ཤུ་ཙམ་ཡོད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རྨ་ས་ལར་ཆེད་ཕེབས་གནང་གཏན་ཁེལ་འདུག ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེའི་ཁྲོད་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་གཞན་ལྔ་དང་། ཁོང་རྣམ་པའི་བཟའ་ཟླ་གཙོ་གྱུར་སྐུ་འཁོར་ལྷན་རྒྱས། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་ཚོགས་མི་སུམ་བཅུ་ཙམ་ཡོད་པ་དང་། ཁོང་རྣམས་གཟའ་འཁོར་འདིའི་རེས་གཟའ་པ་སངས་ཕྱི་ཟླ་ ༨ ཚེས་ ༢ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་སྟེ་དགུང་ཚིགས་ལྷན་བཞེས་གནང་རྒྱུ་རེད་འདུག གཞན་ཡང་ཁོང་རྣམ་པ་ཕྱི་ཚེས་ ༢ ནས་ ༤ བར་ཞུགས་སྒར་དུ་བཞུགས་གཞག་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་མཇལ་འཕྲད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་ཚོར་གསུང་བཤད་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གཙོ་གྱུར་བཞུགས་སྒར་ཁུལ་གྱི་བོད་པའི་རིག་གཞུང་དང་འབྲེལ་བའི་བསྟི་གནས་ཁང་ཁག་ཏུ་འཚམས་གཟིགས་སོགས་གནང་གི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་འཚམས་གཟིགས་འདི་ནི་ད་བར་ཨ་རིའི་གྲོས་ཚོགས་འཐུས་མི་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་པའི་ཆེས་མཐོའི་སྐུ་ཚབ་ཆེ་གྲས་ཤིག་ཆགས་ཀྱི་ཡོད་སྟབས་ཆབ་སྲིད་སོགས་ཀྱི་གནས་སྟངས་ཐོག་ནས་གནད་འགག་ཆེན་པོ་ཆགས་ཡོད་པ་གསུངས་སོང་། གཞི་རྩའི་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་འདི་ནི་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ད་ལྟའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རྨ་ས་ལར་འཚམས་གཟིགས་གནང་བའི་རྗེས་ཀྱི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཁོང་རྣམས་དང་ལྷན་དུ་རྒྱལ་ས་ལྡི་ལིར་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ལྷན་བཅར་གནང་རྒྱུ་རེད་འདུག

དབུགས་ལྒང་ཞེས་པ་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ།

བོད་ཀྱི་གློག་བརྙན་སྒྲིག་སྦྱོར་བ་དང་འཁྲབ་གཞུང་རྩོམ་པ་པོ་པདྨ་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་དབུགས་ལྒང་ཞེས་པ་དེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་རྙིང་གྲས་ Venice གློག་བརྙན་དུས་སྟོན་ཐེངས་ ༧༦ ཐོག་གཟིགས་འབུལ་ཞུ་རྒྱུ་རེད་འདུག པདྨ་ཚེ་བརྟན་ལགས་ནི་མཚོ་སྔོན་དུ་སྐྱེས་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་སློབ་མཐར་ཕྱིན་རྗེས་བོད་ཁུལ་དུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། ཕྱིས་སུ་སླར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་གློག་བརྙན་ཕབ་སྐྲུན་ཐོག་སློབ་སྦྱོང་གནང་ནས་སློབ་མཐར་སོན་རྗེས་རིམ་བཞིན་བོད་ཀྱི་རིག་གཞུང་དང་ཡུལ་ལུང་སོགས་མཚོན་པའི་གློག་བརྙན་ཆེད་བཟོའི་ཐོག་ཞུགས་ཏེ་ད་ཆ་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། ཁོང་གི་གློག་བརྙན་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན། དེ་བཞིན་ཐར་ལོ་དང་ལག་དམར་སོགས་ལ་འཛམ་གླིང་གི་གློག་བརྙན་དུས་སྟོན་མང་པོའི་ཐོག་བྱ་དགའ་མི་ཉུང་བ་ཐོབ་ཡོད་པ་རེད།  ཐེངས་འདིའི་གློག་བརྙན་དབུགས་ལྒང་ཞེས་པའི་གློག་བརྙན་དེ་ནི་བོད་མིའི་ཕལ་པའི་ཁྱིམ་ཚང་ཞིག་གི་ནང་འཁྲིག་སྤྱོད་ཀྱི་སྲུང་ཤུབས་ཤིག་ཕྱི་ལ་ཐོན་རྗེས། ཁྱིམ་མི་ཕན་ཚུན་ངོ་ཚ་ཞིང་དོགས་པའི་རང་བཞིན་ཅན་གྱི་བསམ་བློ་མང་པོ་འཁོར་ཡོད་པ་མངོན་པར་གནང་སྟེ་བོད་མིའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གནའ་དེང་ཟུང་གི་འགལ་འདུའམ། སྲོལ་རྒྱུན་གྱི་ཆོས་ལུགས་ཀྱི་ཡིད་ཆེས་དང་དེང་རབས་ཀྱི་འཚོ་བ་གཉིས་གཞི་གཅིག་ཏུ་འདྲིས་བས་རང་བཞིན་གྱིས་བསམ་བློའི་དཔུང་འཇུག་བྱེད་སྟངས་ཁྲོད་ཀྱི་གདོང་ལེན་བྱེད་དགོས་པ་མང་པོ་ཞིག་ཡོད་པ་མཚོན་པར་གནང་ཡོད་པའི་གློག་བརྙན་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག   གཞི་རྩའི་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ནི་ཕྱི་ལོ་ ༡༩༣༢ ལོར་ཡོ་རོབ་ཀྱི་རྒྱལ་ཁབ་ Italy ནང་འགོ་འཛུགས་གནང་བ་ཞིག་ཡིན་པ་དང། ཕྱི་ཟླ་ ༨  ཚེས་ ༢༨ ནས་ཟླ་ ༩  ཚེས་༧ བར་འཚོགས་གཏན་འཁེལ་བ་ལྟར། ཐེངས་འདིའི་དུས་སྟོན་དེ་ནི་དུས་སྟོན་ཐེངས་ ༧༦ པ་ཆགས་ཀྱི་ཡོད་པ་རེད། པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ཐར་ལོ་དང་ལག་དམར་གཉིས་ཀྱང་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་གཉིས་ལ་བདམས་ཐོན་བྱུང་བ་བཞིན་གཟིགས་འབུལ་ཞུས་པ་མ་ཟད། སྔ་ལོའི་དུས་སྟོན་ཐོག་ལག་དམར་གློག་བརྙན་ལ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། ཉེ་སྔོན་ཟླ་བ་འདིའི་ཚེས་ ༡༠ ཉིན་པད་མ་ཚེ་བརྟེན་ལགས་ཧོང་ཀོང་གི་གློག་བརྙན་དུས་སྟོན་ཞིག་ལ་འཛུལ་བཞུགས་གནང་སྐབས་རྒྱ་ནག་ལྷོ་རྒྱུད་ཀྱི་ཞོགས་པའི་ཆ་འཕྲིན་གྱིས་རྒྱ་ནག་ནང་བོད་ཀྱི་རིག་གཞུང་དེ་ཚོར་བ་རྣོ་བའི་གནད་དོན་ཞིག་ཆགས་ཡོད་ཀྱང་། ཁྱེད་ཀྱིས་རང་ཉིད་ཀྱི་གློག་བརྙན་དྲུག་དེ་རྒྱ་ནག་གི་བཀག་སྡོམ་ལས་ཆོག་མཆན་ཇི་ལྟར་ཐོབ་ཡོད་སྐོར་བཀའ་འདྲི་ཞུས་པར་སྔོན་ཆད་ཁོང་གིས་བོད་ཀྱི་རིག་གཞུང་གི་རྨང་གཞིའི་ཐོག་ནས་གློག་བརྙན་མང་པོ་ཞིག་སྒྲིག་སྦྱོར་གནང་རྒྱུ་ཡོད་པར་སེམས་ནའང་། རྗེས་སུ་རྒྱ་ནག་ནང་གི་བཀག་སྡོམ་སྐོར་ལ་ཤེས་རྟོགས་གནང་ཚེ་བརྗོད་བྱ་མང་པོ་ཞིག་ལྷག་མི་འདུག་ཅེས་ལན་འདེབས་གནང་འདུག

༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་མཆོག་གིས་མི་ནི་སོ་ཊར་ཆོས་འབྲེལ་སྐྱོང་བཞིན་པ།

༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ཨ་རི་ནང་ཐེངས་དང་པོ་ཆོས་འབྲེལ་གྱི་མཛད་འཆར་སྐྱོང་བཞིན་པ་དང་བསྟུན། ཁ་སང་ Minneapolis ནང་རྟེན་གཞི་བྱས་པའི་གཡས་རུ་བོན་ཚོགས་ཀྱི་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱིས་དམིགས་བསལ་དགོང་མོའི་གསོལ་སྟོན་འདེགས་འབུལ་ཞུས་འདུག གཡས་རུ་བོན་ཚོགས་ཀྱིས་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་གདན་ཞུས་ཀྱིས་  ཁ་སང་ཚེས་ ༣༠ ཉིན་གཡས་རུ་བོན་ཚོགས་ཀྱིས་གོ་སྒྲིག་འོག་ St. Paul དུ་ཡོད་པའི་ Landmark Centre དུ་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་དབུ་བཞུགས་ཐོག་མངའ་སྡེའི་གྲོས་ཚོགས་ཀྱི་སྐུ་ཚབ་ཁག་གཅིག་དང་། བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས། དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་མི་མང་མཉམ་འཛོམས་ཐོག་གཞས་པ་ཕུར་བུ་རྣམ་རྒྱལ་ལགས་གཙོ་གྱུར་གཞས་པ་དང་གཞས་མ་སོགས་ནས་བོད་ཀྱི་ཐུན་མིན་རིག་གཞུང་འཁྲབ་སྟོན་གནང་ནས་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་དགོང་མོའི་གསོལ་སྟོན་འདེགས་འབུལ་ཞུས་འདུག སྐབས་དེར་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གིས་མང་ཚོགས་ལ་ཕན་ཚུན་འཆམ་མཐུན་གནང་དགོས་པ་དང་།  དེ་བཞིན་ཆོལ་ཁ་ཆོལ་ལུགས་ཀྱི་དབྱེ་འབྱེད་མེད་པར་ཚང་མ་མཉམ་གནས་དང་། མཐུན་སྒྲིལ་དམ་ཚིག་གཙང་མ་གནང་དགོས་སྐོར། སྒོས་སུ་དེ་ལྟར་མི་གནང་ཚེ་རང་གཞན་གཉིས་ཀར་ཕན་མེད་ཀྱི་ལས་མ་གཏོགས་གཞན་གང་ཡང་མེད་སྐོར་སོགས་ལམ་སྟོན་བསྩལ་འདུག    གཡས་རུ་བོན་ཚོགས་ཆེད་འཛུགས་གནང་མཁན་བླ་ཁྲིད་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེས་སང་ཉིན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གཡས་རུ་སྒྲུབ་སྡེར་ཆིབས་བསྒྱུར་གྱིས་མང་ཚོགས་ལ་གསུང་ཆོས་དང་བཀའ་སློབ་བསྩལ་རྒྱུ་དང་བཅས་ཟླ་ ༨ ཚེས་ ༤ བར་དུ་དེ་འབྲེལ་མཛད་རིམ་སྣ་མང་བསྐྱང་རྒྱུ་ཡིན་པ་མ་ཟད། ཟླ་ ༨ ཚེས་ ༤ ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རེ་སྐུལ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་སྤྲོད་དང་བར་དོའི་སྐོར་གསུང་ཆོས་བསྩལ་རྒྱུ་ཡིན་པ་གསུངས་སོང་།  གཞི་རྩའི་༸སྨན་རི་ཁྲི་འཛིན་མཆོག་འདི་ལོའི་ཟླ་ ༥ དང་ ༦ པའི་ནང་ཡོ་རོབ་ཁུལ་དུ་ཆོས་འབྲེལ་བསྐྱངས་པ་དང་།  ཆོས་འབྲེལ་གྱི་མཛད་འཆར་དེའི་ཁྲོད་ཕ་རན་སིའི་རྒྱལ་ས་པེ་རིས་ནང་ཕ་རན་སི་བོད་རིགས་ཚོགས་པའི་རིག་པ་ཆོས་ཚོགས་ཀྱི་ཚོགས་ཁང་དུ་གདན་ཞུས་ཀྱིས་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་སྦྲགས།  ཁུལ་དེའི་གནས་བཞུགས་བོད་མི་རྣམས་ལ་བཀའ་སློབ་དང་རྩ་རླུང་སྒོམ་སྒྲུབ་ཀྱི་བཀའ་ཆོས་གནང་ཡོད་པ་རེད།  དེ་རྗེས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་༸ཞབས་སོར་འཁོད་པ་དང་འབྲེལ་རྒྱལ་སྤྱིའི་ལིག་མི་རྐྱའི་བོན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཡོད།

༸གོང་ས་མཆོག་གིས་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་སྐུ་ཞབས་ B.S. Yediyurappa མཆོག་སླར་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འཕྲིན་བསྩལ་འདུག ༸གོང་ས་མཆོག་གིས་འཚམས་འདྲི་དེའི་ནང་སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཀ་ན་ཊ་ཀ་མངའ་སྡེའི་མང་ཚོགས་རྣམས་དཔལ་འབྱོར་དང་ལོངས་སྤྱོད་བཅས་པར་རོལ་ཞིང་། ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་བསྩལ་བ་དང་། ལྷག་དོན་མངའ་སྡེའི་ནང་གི་དབུལ་ཕོངས་ཉམ་ཐག་པའི་མི་མང་ཚོར་དམིགས་བསལ་གཟིགས་རྟོག་ནན་པོ་གནང་སྟེ་དེ་དག་གི་འཚོ་བ་གོང་འཕེལ་གནང་བའི་ཐུགས་རེ་ཡོད་སྐོར་བཀའ་བསྩལ་འདུག   རྩ་བའི་སྔ་ལོའི་ཕྱི་ཟླ་བཞི་པའི་ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་བོད་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་ཀ་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། ༸གོང་ས་མཆོག་གིས་ཐེངས་འདིའི་འཚམས་འཕྲིན་ནང་དེའི་སྐོར་ལུང་འདྲེན་དང་འབྲེལ་ཏེ་ཀ་ན་ཊ་ཀ་མངའ་སྡེའི་ནང་བོད་མི་བཙན་བྱོལ་བ་མི་གྲངས་ ༣༠༠༠༠ ལྷག་ཙམ་གནས་སྡོད་གནང་བཞིན་ཡོད་པ་དང་། ཕལ་ཆེར་བོད་མི་བཙན་བྱོལ་བ་མང་ཤོས་གནས་ཡུལ་ཞིག་ཡིན་པ་མ་ཟད། བོད་ཀྱི་གདན་ས་ཁག་ལ་མཚོན་ན་རྒྱ་གར་དཔལ་ནཱ་ལེནྡཱའི་གནའ་བོའི་རིག་གནས་ལ་སློབ་གཉེར་གནང་ཡུལ་གཙོ་བོ་ཆགས་ཡོད་སྟབས། དགོན་པ་དེ་དག་ཀ་ན་ཊ་ཀ་མངའ་སྡེའི་ནང་བསྐྱར་འཛུགས་ཐུབ་པར་དགའ་སྤོབས་སྐྱེས་གཞི་ཞིག་ཡིན་པར་བཀའ་བསྩལ་འདུག    དེ་ནི་སྐབས་དེའི་རྒྱ་གར་གྱི་སྲིད་བློན་དམ་པ་སྐུ་ཞབས་ཛཝཱཧར་ལཱལ་ནེཧ་རུ་མཆོག་ནས་བཀོད་མངསགས་གནང་དོན་ལྟར་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་སྐུ་ཞབས་ཨེས་ནི་ཛལིཾགྷཔྤཱ་མཆོག་གིས་ཞལ་བཞེས་བཟང་པོ་གནང་བའི་བཀྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་རེད་ཅེས་བཀའ་བསྩལ་དང་འབྲེལ་ཏེ། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་སྟོན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་གདན་ཞུ་ཕུལ་བ་བཞིན་རྒྱ་གར་དུ་ཆེས་ཐོག་མ་ཆིབས་བསྒྱུར་མཛད་སྐབས་དམ་པ་ཁོང་དང་མཇལ་མྱོང་ཡོད་སྐོར་བཀའ་བསྩལ་དང་ཆབས་ཅིག མགོན་པོ་མཆོག་གིས་དེ་རིང་སླར་ཡང་གོ་སྐབས་འདི་བརྒྱུད་ནས་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་གང་དགོས་ལྟར་འཐུས་སྒོ་ཚང་བའི་རོགས་སྐྱོར་གནང་དང་གནང་མུས་ལ་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་མཛད་འདུག་པ་མ་ཟད། མཐའ་དོན་དུ་མགོན་པོ་༸གང་ཉིད་མཆོག་གིས་ཀ་ན་ཊ་ཀ་མངའ་སྡེའི་སྐུ་ཞབས་ B.S. Yediyurappa མཆོག་གི་དབུ་ཁྲིད་པའི་མངའ་སྡེའི་གཞུང་གི་ཕྱག་ལས་ཇི་གནང་ཀུན་འགེགས་མེད་ལམ་ལྷོང་ཡོང་བའི་ཐུགས་སྨོན་ཤུགས་དྲག་ཡོད་ཅེས་བཀའ་བསྩལ་འདུག     དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འགྱུང་གནས་མཆོག་རྣམ་གཉིས་ཀྱིས་ཀྱང་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་སྐུ་ཚབ་ཞུས་ཏེ་སྐུ་ཞབས་ B.S. Yediyurappa མཆོག་སླར་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་འཕྲིན་བསྩལ་བ་དང་སྦྲགས། ལྷག་པར་དུ་ཀ་ན་ཊ་ཀ་མངའ་སྡེ་འདི་ནི་རྒྱ་གར་གྱི་མངའ་སྡེ་ཚང་མའི་ནང་ནས་བོད་མི་བཙན་བྱོལ་བ་མང་ཤོས་གནས་ཡུལ་ཞིག་ཡིན་པ་མ་ཟད། བོད་མིར་རང་དབང་ངང་ནས་བོད་མིའི་གཞིས་སྒར་བསྐྱར་འཛུགས་ཐུབ་ཡོད་པ་དང་བོད་མི་དག་ལ་ཤེས་ཡོན་གྱི་གོ་སྐབས་ཐོབ་པ། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་སྲུང་སྐྱོང་དང་ཞེད་སྣང་དང་ཕྱོགས་ལྷུང་གང་ཡང་མེད་པར་བོད་བརྒྱུད་ནང་བསྟན་ཉམས་བཞེས་གནང་རྒྱུའི་ཐོབ་བཞིན་སྐོར་གསུངས་པ་དང་སྦྲགས། གོ་སྐབས་འདི་བརྒྱུད་ནས་ཀ་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ནས་ངེད་ཅག་བོད་མི་བཙན་བྱོལ་བ་དག་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གང་དགོས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞེས་གསུངས་འདུག དེ་བཞིན་སྐུ་ཞབས་ B.S. Yediyurappa མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་རིང་ལ་མང་ཚོགས་ཀྱི་རེ་འདུན་དང་མངོན་འདོད་བཅངས་དོན་ལྟར་ལམ་ལྷོང་ཡོང་བ་དང་། ཁྱད་པར་དུ་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་བོད་མིར་མཐུན་འགྱུར་མུ་མཐུད་གནང་རྒྱུ་མ་ཟད།བོད་མི་དང་ཀ་ན་ཊ་ཀའི་མང་ཚོགས་དབར་མཛའ་འབྲེལ་ཟབ་མོ་ཡོད་པ་དེ་སྔར་ལྷག་རྒྱུན་གནས་ཐུབ་པའི་ཐུགས་རེ་ཡོད་པ་གསུངས་འདུག གཞི་རྩའི་རང་ལོ་ ༧༦ ལ་ཕེབས་པའི་སྐུ་ཞབས་ B.S. Yediyurappa མཆོག་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འདེམས་ཐོན་བྱུང་བ་ད་རེས་ཐེངས་ ༤ པ་དེ་ཆགས་ཀྱི་ཡོད་པ་རེད། སྔ་ལོའི་ཕྱི་ཟླ་ ༥ པའི་ནང་ཚོགས་པའི་མངའ་སྡེའི་འོས་བསྡུ་ཆེན་མོའི་རྗེས་སུ་ BJP ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་རྗེས་སྐུ་ཞབས་ Yediyurappa མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འདེམས་ཐོན་བྱུང་ཡོད་ཀྱང། གྲོས་ཚོགས་སུ་འཐུས་མི་འདང་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་བརྟེན་ཁོང་ཉིན་གསུམ་གྱི་རྗེས་ནས་སྤྱི་ཁྱབ་བློན་ཆེན་གྱི་གོ་གནས་ནས་དགོངས་ཞུ་གནང་དགོས་བྱུང་ཡོད་པ་དང་། ཁོང་གི་ཚབ་ཏུ་ JDS དང་ Congress གནའ་འབྲེལ་ཚོགས་པའི་སྐུ་ཞབས་ HD Kumarasamy མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བ་དེ་ལྟར་ཡང་། ཟླ་ ༡༩ རྗེས་སླར་ཡང་རྙོང་ཟིང་ཁྲོད་མངའ་སྡེའི་གཞུང་ཟགས་ཏེ་སྐུ་ཞབས་ B.S. Yediyurappa མཆོག་སླར་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བ་མ་ཟད། ཁ་སང་གྲོས་ཚོགས་སུ་འཐུས་མི་དགོས་ངེས་ཀྱི་རྒྱབ་སྐྱོར་ཐོབ་ཐུབ་པ་བྱུང་ཡོད་པ་རེད།

བོད་མི་ཕལ་མོ་ཆེས་རང་དབང་གི་བོད་དེ་རང་གི་བསམ་བློ་དང་དྲན་ཤེས་ནང་མ་གཏོགས་མཐོང་ཐུབ་ཀྱི་མེད།

རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་ནས་བཟུང་བོད་མི་ཕལ་མོ་ཆེས་རང་དབང་གི་བོད་ཞེས་པ་དེ་རང་གི་བསམ་བློ་དང་དྲན་ཤེས་ནང་ལ་མ་གཏོགས་མཐོང་ཐུབ་ཀྱི་མེད་པ་གསུངས་འདུག རྩོམ་པ་པོ་ Madhu Gurung ལགས་ཀྱིས་ལྗགས་རྩོམ་གནང་བའི་Tibet with My Eyes Closed འམ་མིག་ཟུང་བཙུམ་ནས་མཐོང་བའི་བོད་ཞེས་པའི་ཕྱག་དེབ་དེ་ཟླ་བ་འདིའི་ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལིའི་Connaught Place དུ་ཡོད་པའི་ Oxford དེབ་ཁང་དུ་སྐུ་མགྲོན་གཙོ་བོ་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་དང་རྩོམ་པ་པོ་ Preeti Gill ལྷན་ཞུགས་ཐོག་དབུ་འབྱེད་གནང་འདུག སྐབས་དེར་རྩོམ་པ་པོ་ Madhu ལགས་ཀྱིས་ཕྱག་དེབ་ཀྱི་རྒྱབ་ལྗོངས་ངོ་སྤྲོད་གནང་བ་དང་འབྲེལ་ཏེ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་ནས་བཟུང་བོད་མི་མང་པོ་ཞིག་རྒྱ་གར་དུ་བཙན་བྱོལ་ལ་ཡོང་སྟེ་གཞིས་ཆགས་ཡོད་ཀྱང་། ཁོང་ཚོའི་ཡང་ནས་ཡང་དུ་ཕ་ཡུལ་དྲན་གྱི་ཡོད་པ་དེ་ལྟར་ཡང་བོད་མི་ནས་རང་དབང་ལྡན་པའི་བོད་དེ་རང་ཉིད་ཀྱི་བསམ་བློ་དང་དྲན་ཤེས་ནང་མ་གཏོགས་མཐོང་ཐུབ་ཀྱི་མེད་སྟབས། ཕ་ཡུལ་ལ་བཅངས་པའི་ཚོར་ཤེས་དེས་ཁོང་ལ་ཕྱག་དེབ་དེ་བརྩམས་པར་སེམས་འགུལ་ཐེབས་བྱུང་ཞེས་གསུངས་འདུག རྩ་བའི་ཕྱག་དེབ་དེ་བོད་མིའི་སེམས་ཚོར་དྲག་པོའི་སྒྲུང་ཐུང་ཕྱོགས་བསྡུས་ཤིག་རེད་འདུག་པ་དང་། རྩོམ་པ་པོ་རང་ཉིད་བོད་ཀྱི་དར་ལྕོག་ཚོན་ལྔའི་མཚོན་དོན་ལ་སེམས་འགུལ་ཐེབས་པའི་ཐོག་སྒྲུང་དེ་དག་ལེའུ་ལྔར་བགོས་འདུག   ཁོང་གི་ཕྱག་དེབ་དེའི་སླད་དུ་བོད་མི་ཁག་གཅིག་དང་ཐུག་འཕྲད་གནང་ཡོད་པ་དང་། བོད་མིའི་སེམས་ནང་ཕ་ཡུལ་བྲལ་བ་དང་མིའི་ལུང་པར་མི་ཚེ་བསྐྱར་བའི་རྨ་ཁ་འཁྱེར་བས། དེ་བཞིན་རྨ་ཁ་དེ་དུས་ཀྱི་བརྒྱུད་རིམ་དང་བསྟུན་དྲག་བསྐྱེད་བྱུང་བ་དེ་ལྟར་ཡང་། ཕ་ཡུལ་གྱི་ཆ་ཙམ་དྲན་གསོ་བྱུང་ཚེ་དེ་སྔའི་རྨ་ཁ་དེ་འདོལ་བ་ལྟར་ཆགས་ཀྱི་ཡོད་པ་སོགས་བོད་མི་ནས་རང་ཉིད་ཕ་ཡུལ་དྲན་གདུང་གི་ཚོར་བ་འགྲེལ་བརྗོད་གནང་འདུག སྐུ་མགྲོན་གཙོ་བོ་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ལོ་རྒྱུས་ཐོག་ནས་བོད་དང་རྒྱ་གར་གཉིས་ཀྱི་གནད་ཆེ་བའི་འབྲེལ་ལམ་ངོ་སྤྲོད་དང་འབྲེལ། དེ་སྔ་བོད་ནང་ནང་པ་སངས་རྒྱས་པའི་ཆོས་མ་དར་གོང་མིའི་བྱ་སྤྱོད་རྣམས་གདོད་མའི་སྲོག་ཆགས་དང་དང་གཅིག་མཚུངས་ཡིན་ཀྱང་། ཕྱིས་སུ་རྒྱ་གར་གྱི་གནའ་བོའི་རིག་གནས་དར་འཕེལ་བྱུང་ནས་རིམ་བཞིན་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་བཅོས་སྒྱུར་གྱིས་ཡར་ལྟོས་བྱེད་སའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་གསུངས་འདུག ལྷག་དོན་ད་རེས་ཕྱག་དེབ་འདི་དཔར་བསྐྲུན་གནང་ཐུབ་པར་ཡི་རང་བསྔགས་བརྗོད་གནང་བ་དང་ཆབས་ཅིག་ཏུ་ཕྱག་དེབ་ཀློག་སྐབས་སྙིང་ཉེ་པོའི་མྱོང་ཚོར་བྱུང་བ་མ་ཟད། ཀློག་པ་པོ་ཡོངས་ནས་ཀྱང་བོད་མི་ནས་རང་གི་ཕ་ཡུལ་ལ་བཅངས་པའི་བསམ་བློ་དང་ཚོར་བ་ཚོར་ངེས་ཡིན་པ་གསུངས་འདུག དེ་བཞིན་རྩོམ་པ་པོ་ Preeti Gill ལགས་ཀྱིས་ཕྱག་དེབ་དེར་བསྔགས་བརྗོད་གནང་བ་དང་འབྲེལ་ནས་རང་ཉིད་མ་སུ་རི་ནང་འཚར་ལོངས་བྱུང་བ་དང་སློབ་གྲྭ་འགྲོ་ས་དེར་བོད་ཕྲུག་ཡོད་སྟབས་ད་རེས་ཕྱག་དེབ་འདིའི་ནང་བོད་མིའི་གནད་དོན་ཐེར་འདོན་གནང་བར་དགའ་མོས་བྱུང་སྐོར་གསུངས་འདུག གཞི་རྩའི་རྩོམ་པ་པོ་ Madhu Gurung ལགས་ནི་དེ་སྔ་ Freelance གསར་འགོད་པ་ཞིག་ཡིན་པ་མ་ཟད།   BBC World Service Trust དང་།  Oxfam དེ་བཞིན་ Bill and Melinda Gates ཐེབས་རྩ་ཁང་དང་། National AIDS Control ཚོགས་པའི་བརྒྱུད་ལམ་གྱི་སློབ་སྟོན་པའི་ཕྱག་ལས་སོགས་གནང་མྱོང་ཡོད་པ་རེད། ཁོང་ནས་དེ་སྔ་གྷོར་ཁའི་ཐོག་ཆེད་རྩོམ་གནང་བའི་ The Keeper of Memories ཞེས་པ་དེ་རྒྱ་གར་གྱི་ Shakti Bhat First Book Award ནང་བདེམས་ཐོན་བྱུང་ཡོད་པ་རེད།

Latest news