Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

དུས་དབང་སྐབས་གུར་མངག་མཁན་ཡོད་ཚེ་དུས་ཚོད་ཕར་འགྱངས་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་སང་ཕོད་ཟླ་ ༡ ཚེས་ ༣ ནས་ ༡༤ བར་བསྩལ་གཏན་འཁེལ་ཡོད་པ་དང་། ༸གང་ཉིད་མཆོག་ལ་དུས་དབང་ཐེངས་ ༣༤ དེ་བསྩལ་གནང་ཡོང་བར་གསོལ་འདེབས་ཞུ་མཁན་དང་ཡོན་བདག དེ་བཞིན་གོ་སྒྲིག་ཞུ་མཁན་ནི་བོད་མིའི་སྒྲིག་འཛུགས་ཆགས་ཀྱི་ཡོད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དུས་དབང་དབུ་གུར་གོ་སྒྲིག་ཚོགས་ཆུང་གིས་འདི་ལོའི་ཟླ་ ༨  ཚེས་ ༢༤ ནས་དབུ་འཛུགས་ཀྱིས་ཟླ་ ༡༠ ཚེས་ ༡༠ བར་ཆོས་ཞུ་བ་རྣམས་ལ་གུར་མངག་དགོས་པའི་གསལ་བསྒྲགས་ཤིག་བསྐྱངས་ཟིན་པའི་ཁྲོད། ད་བར་ཆོས་ཞུ་བ་ ༥༠༠ ལྷག་གིས་གུར་མངགས་གནང་ཡོད་པ་རེད།  འོན་ཀྱང་ད་ལྟའི་ཆར་ས་གནས་ཁག་གི་མང་ཚོགས་ཁྲོད་ད་དུང་ཡང་བཞུགས་གུར་མངག་རྒྱུའི་གནས་ཚུལ་གསལ་རྟོགས་བྱུང་མེད་པ་དང་།  དབུ་གུར་མངག་རྒྱུའི་དུས་ཚོད་རྫོགས་ཟིན་ཀྱང་ད་དུང་མང་ཚོགས་ཀྱི་ཁྲོད་ནས་གུར་མངག་མཁན་རིམ་པ་བྱུང་བཞིན་ཡོད་སྟབས། དུས་དབང་དབུ་གུར་གོ་སྒྲིག་ཚོགས་ཆུང་གིས་གུར་མངག་རྒྱུའི་དུས་ཚོད་ཟླ་ ༡༡ ཚེས་ ༡༠ བར་དུས་འགྱངས་གནང་འདུག གཞི་རྩའི་དུས་དབང་དབུ་གུར་གོ་སྒྲིག་ཚོགས་ཆུང་གིས་ཆོས་ཞུ་བ་རྣམས་ལས་དབུ་གུར་མངག་མཁན་ཇི་བྱུང་ལ་གཞིགས་ཏེ་གོ་སྒྲིག་གནང་རྒྱུ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དུས་དབང་གོ་སྒྲིག་ཚོགས་ཆུང་ལས་དབུ་གུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཀརྨ་སེང་གེ་ལགས་སུ་ཆོས་ཞུ་བའི་བཞུགས་གནས་གོ་སྒྲིག་ཞུ་ཕྱོགས་དང་འབྲེལ་ཞིབ་ཕྲའི་བཅར་འདྲི་ཁག་ཅིག་ཞུས་པ་ཡིན།

ཅེཀ་གཞུང་ནས་སྲིད་བྱུས་གང་འཛིན་ལ་ལྟོས་མེད་དབུ་ཁྲིད་དང་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ཆིབས་སྒྱུར་བཀྲིན་སྐྱོང་སྐབས་ཅེཀ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་མང་ཚོགས་དུ་མས་ཅེཀ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་འོག་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་ཞུས་པར་ལྟོས་མེད་ཀྱིས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུས་ཏེ་ཁུལ་དེར་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེའང་༸གོང་ས་མཆོག་གིས་ཁ་སང་ཚེས་ ༡༨ ཉིན་ཡུལ་དེའི་རྒྱལ་ས་ Prague ནང་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Daniel Herman མཆོག་དང་སྲིད་བློན་གཞོན་པ་ Pavel Bělobrádek དེ་བཞིན་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཞོན་དབུས་པའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་པ་མ་ཟད། དེ་རིང་སྔ་དྲོ་གྲོས་ཚོགས་གོང་མའི་ནང་ཆིབས་སྒྱུར་གྱིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༤༠ ལྷག་དང་དང་མཇལ་མོལ་མཛད་འདུག ད་ལྟའི་ཆར་༸གོང་ས་མཆོག་ནས་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་སློབ་གང་སྩལ་མིན་ཞིབ་ཕྲའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད། འོན་ཀྱང་ཁ་སང་༸གང་ཉིད་མཆོག་གིས་ཅེཀ་རིག་གཞུང་བློན་ཆེན་མཆོག་དང་ལྷན་མཇལ་འཕྲད་གནང་པའི་གནས་ཚུལ་ཐོན་མ་ཐག་ཏུ་ཡུལ་དེའི་སྲིད་འཛིན་ Milos Zeman མཆོག་གིས་གཙོས་དབུ་ཁྲིད་གཞན་ཁག་ཅིག་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་བརྒྱུད། བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་ཞུ་གྱི་ཡོད་པ་དང། ཅེཀ་གཞུང་གིས་རྒྱ་ནག་དང་ལྷན་འབྲེལ་བ་དམ་ཟབ་བྱ་འདོད་ཡོད་སྐོར་བརྗོད་པ་མ་ཟད། ཁྱད་པར་དུ་ཡུལ་དེའི་སྲིད་དོན་མི་སྣ་ཁག་ཅིག་གི་བྱ་སྤྱོད་དེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྲིད་བྱུས་ལ་འགྱུར་བ་ཕྱིན་པའི་རྣམ་པ་མངོན་ཐུབ་ཀྱི་མེད་པ་འགྲེལ་བརྗོད་བྱས་འདུག གཞི་རྩའི་༸གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ལ་ཆིབས་བསྒྱུར་མ་མཛད་གོང་སོ་ལོ་ཝཀ་ཡར་ཆིབས་བསྒྱུར་བཀྲིན་བསྐྱངས་པ་དང་བསྟུན་ཏེ་སྲིད་འཛིན་ Andrej Kiska  མཆོག་དང་ལྷན་མཇལ་འཕྲད་མཛད་ཡོད་སྟབས། རྒྱ་གཞུང་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱེད་པ་དང་འབྲེལ། རིམ་བཞིན་ཡོ་རོབ་རྒྱལ་ཁབ་ Slovakia གཞུང་ལ་མི་འགྲིག་ཚུལ་གྱི་ཉེན་བརྡ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་ལ་བཀའ་འདྲི་ཞུས་པར་དོན་གཅོད་མཆོག་གིས་ Czech རིག་གཞུང་བློན་ཆེན་མཆོག་ནས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུས་པ་དེ་ནི་སྐུ་སྒེར་གྱི་ངོ་བོའི་ཐོག་ནས་གནང་པ་ཞིག་ཡིན་སྟབས། མཇལ་འཕྲད་གནང་པ་དེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུར་དམིགས་པ་ཞིག་གཏན་ནས་མིན་སྐོར་གསུངས་སོང་བ་དང་། རྒྱ་གཞུང་གིས་དུས་རྟག་ཏུ་༸གོང་ས་མཆོག་ལ་མཚན་སྨད་སྒྲོ་བཀུར་དང་༸གང་ཉིད་མཆོག་ལ་མཇལ་འཕྲད་ཞུ་མཁན་གྱི་ཆབ་སྲིད་དབུ་ཁྲིད་རྣམས་ཀྱི་ཐོག་ལ་གནོན་ཤུགས་སྤྲོད་དེ་ཉེན་བརྡ་གཏོང་སྲོལ་ཡོད་མེད་ལ་མ་ལྟོས་པར་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་གཙོས་པའི་མང་ཚོགས་ཁྲོད་༸གོང་ས་མཆོག་ལ་དད་གུས་ཇེ་ཆེ་འགྲོ་བཞིན་ཡོད་པ་དང། ལྷག་པར་དུ་ད་ལན་མགོན་པོ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ནང་ཆིབས་སྒྱུར་བཀྲིན་བསྐྱངས་པ་དང་བསྟུན་ཡུལ་དེའི་ཆབ་སྲིད་ཚོགས་ཁག་གི་དབུ་ཁྲིད་དང་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པ། དེ་བཞིན་དགའ་གུས་དད་གསུམ་ཆེ་བའི་མང་ཚོགས་བཅས་ཀྱིས་༸གོང་ས་མཆོག་ལ་དགའ་མོས་དང་། དད་གུས་ཆེན་པོ་གནང་ཡོད་པ་ཅེས་སོགས་གསུངས་སོང་། མཛད་འཆར་གཞིགས་ན། དེ་རིང་ཉིན་རྒྱབ་མགོན་པོ་མཆོག་ནས་གླེང་སྟེགས་ ༢༠༠༠ མཛད་འཆར་གྱི་ཆ་ཤས་སུ་མང་ཚོགས་རྣམས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། སང་ཚེས་ ༢༠ ཉིན་སྔ་ཐོག་༸གོང་ས་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ནས་ Italy ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།

རྫ་སྟོད་དུ་ས་འགུལ་གྱི་གོད་ཆག་ཁྲོད་མི་གཅིག་རྐྱེན་ལམ་དུ་གྱུར་བ་དང་སྡོད་ཁང་དུ་མ་གས་སྲུབས་ཤོར་འདུག

དེའང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁ་ཉིན་ཟླ་ ༡༠ ཚེས་ ༡༧ ཉིན་བོད་ནང་ཕྱི་དྲོ་ཚོུད་ ༣།༡༥ ཐོག་བོད་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་ཤུགས་ཚད་རིམ་པ་ ༦.༤ ཅན་བྱུང་པའི་གནས་ཚུལ་ཐོན་པ་ཙམ་ལས། སྐབས་དེར་ས་གནས་ཀྱི་མང་ཚོགས་ཁྲོད་མི་ཤི་དོན་རྐྱེན་དང་། སྡོད་ཁང་ཁག་ལ་གས་སྲུབས་སོགས་གཏོར་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད། འོན་ཀྱང་ཁ་སང་ཀྲུང་གུའི་བོད་སྐད་རླུང་འཕྲིན་དྲ་བའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ད་ལན་བོད་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་འགུལ་གྱི་འཇིག་པའི་དོན་རྐྱེན་ཁྲོད་མི་གཅིག་གི་ཚེ་སྲོག་ཤོར་བ་མ་ཟད། ས་ཡོམ་བྱུང་སའི་ལྟེ་བའི་ས་ཁུལ་ཨག་སྟོད་ཡུལ་ཚོའི་ཁང་པ་མང་པོར་གས་སྲུབས་ཤོར་ཞིང་། ཁང་པ་མང་པོ་ཉེན་ཁ་ཅན་དུ་གྱུར་ཡོད་པའི་གནས་ཚུལ་སྤེལ་འདུག  ད་རེས་ཀྱི་ས་ཡོམ་བྱུང་ས་རྫ་སྟོད་རྫོང་འདི་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་ ༥༠༦ བར་ཆགས་ཡོད་ཅིང་། ད་ལྟའི་རྒྱ་གཞུང་གི་མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་སུ་བཅུག་ཡོད་པ་རེད། རྩ་བའི་བོད་ཡུལ་ཤུལ་ཁུལ་དུ་དེ་སྔོན་ས་ཡོམ་ཐེངས་མང་བྱུང་མྱོང་ཞིང་། ཕྱི་ལོ་ ༢༠༡༠ ལོར་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཚད་རིམ་པ་ ༦.༩ ཅན་ཞིག་བྱུང་བ་དེའི་ཁྲོད་མི་སྟོང་ཁྲག་དུ་མའི་ཚེ་སྲོག་ཤོར་ཡོད་པ་རེད།    

༸གོང་ས་མཆོག་གིས་ཅེཀ་སྤྱི་རིག་གཞུང་བློན་ཆེན་མཆོག་དང་མཇལ་མོལ་མཛད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་སོ་ལོ་ཝཀ་ཡའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། མི་མང་སྟོང་ཚོ་ལྷག་གིས་ Prague ནང་གི་ Hradcanske Square ཞེས་པའི་ཐང་ཆེན་དུ་ཆེད་བཅར་གྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་བོད་རང་དབང་ཞེས་པའི་འབོད་ཚིག་འཁོད་པའི་ཡིག་བྱང་སོགས་བསྣམས་ཏེ་༸གང་ཉིད་མཆོག་ལ་དགའ་གུས་ཆེན་པོས་ཕེབས་བསུ་སྣེ་ལེན་དམིགས་བསལ་ཞུས་འདུག དེ་རིང་མགོན་པོ་མཆོག་ནས་ཁུལ་དེའི་རིག་གཞུང་ལྷན་ཁང་དུ་ཆིབས་སྒྱུར་གནང་སྟེ་རིག་གཞུང་བློན་ཆེན་མཆོག་དང་མཇལ་མོལ་གྱིས་ ༢༠༠༠ ཐམ་པའི་གླེང་སྟེགས་ཐོག་ལ་དབུ་བཞུགས་མཛད་འདུག སྐབས་དེར་རིག་གཞུང་བློན་ཆེན་སྐུ་ཞབས་ Daniel Herman མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་ནས་༸གོང་ས་མཆོག་ལ་དད་གུས་ཆེན་པོས་ཕེབ་བསུ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ལྷན་རྒྱས་ཀྱི་མཇལ་མོལ་སྐབས་རིག་གཞུང་བློན་ཆེན་མཆོག་གིས་ངོས་ལ་ད་རེས་མགོན་པོ་༸གང་ཉིད་མཆོག་སྐུ་དངོས་སུ་མཇལ་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་འབྲེལ། དེང་དུས་ཀྱི་སྤྱི་ཚོགས་ནང་ཆོས་ཕྱོགས་ཀྱི་རིན་ཐང་ལྡན་པའི་བསླབ་བྱ་རྒྱུན་སྲིང་བྱ་རྒྱུའི་གལ་གནད་དང་ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་སྐོར་ལ་གླེང་མོལ་གནང་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་མཆོག་ཁ་སང་སྔ་ཐོག་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། Czech TV 24 ཞེས་པའི་བརྙན་འཕྲིན་ལས་ཁང་གིས་༸གང་ཉིད་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་པར་བཀའ་ལན་བསྩལ་ཡོད་པ་རེད། སྐབད་དེར་གསར་འགོད་པས་༸གོང་ས་མཆོག་ལ་ཡུལ་འདིའི་སྲིད་འཛིན་དམ་པ་སྐུ་ཞབས་ Vaclav Havel མཆོག་གི་དགོངས་པ་བཞེས་ཕྱོགས་ལེགས་ཤོས་དེ་གང་ལ་ངོས་འཛིན་མཛད་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་སྐུ་ཞབས་ Vaclav མཆོག་གི་གཤིས་རྒྱུད་བཟང་པོ་དང་དྲང་བདེན། ངོ་ལྐོག་རྒྱབ་མདུན་མེད་པ་དེས་དཀའ་ངལ་འཕྲད་པའི་གནས་སྐབས་སུའང་རང་ཚུགས་བརྟན་པོ་ངང་གནས་ཐུབ་ཀྱི་ཡོད་པ་སོགས་ལུང་འདྲེན་གྱིས་དམ་པ་ཁོང་ནི་མགོན་པོ་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་དང་གུས་བརྩི་ཞུ་ཡུལ་ཞིག་ཡིན་སྐོར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་ལ་སྲིད་འཛིན་འདས་པོ་ཁོང་ཞི་བདེ་བག་ཕེབས་ངང་སྐུ་ཚེ་འདས་ཡོད་མེད་སྐོར་ལ་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་འདས་པོ་ཁོང་སྐུ་འཚོ་བཞུགས་རིང་མི་ཚེ་དོན་སྙིང་ལྡན་ཞིང་སྙིང་རྗེ་ཆེན་པོའི་ཐོག་སྐྱེལ་ཡོད་སྟབས། ཡི་ཤུའི་ཆོས་ལུགས་ཀྱི་ཐོག་ནས་བཤད་ན་ཁོང་ད་ཆ་ལྷ་ཡུལ་དུ་འཁྲུངས་དགོས་ངེས་ཡིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་ད་ཆ་འགྲོ་བ་མིར་མུ་མཐུད་ཕན་བདེ་བསྒྲུབ་ཕྱིར་མི་ཡུལ་དུ་སླར་འཁྲུངས་སྲིད་ཡོད་ཅེས་བཀའ་བསྩལ་འདུག ད་རེས་མགོན་༸གང་ཉིད་མཆོག་དང་ཐུགས་ཉེ་བའི་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ Vaclav Havel མཆོག་གིས་ཆེད་བཙུགས་གནང་པའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གླེང་སྟེགས་ Forum 2000 ཞེས་པ་དེ་འཚོགས་བཞིན་པའི་ཐོག་ཆེད་ཕེབས་ཀྱིས་དབུ་བཞུགས་མཛད་ཡོད་པ་རེད། དེའང་ སྲིད་འཛིན་དམ་པ་སྐུ་ཞབས་ Vaclav Havel མཆོག་གིས་གསར་འཛུགས་གནང་སྟེ་ལོ་ངོ་ ༢༠ འཁོར་གྱི་ཡོད་པ་རེད་འདུག གཞི་རྩའི་ཁ་སང་༸གོང་ས་མཆོག་གིས་རྒྱལ་ས་ Prague ནང་༸ཞབས་སོར་བདེ་བར་འཁོད་སྐབས་༸གང་ཉིད་མཆོག་དང་སྲིད་འཛིན་དམ་པ་མཆོག་ལྷན་རྒྱས་ཡོད་པའི་སྐུ་པར་ཞིག་ལ་མཇལ་དར་སྒྲོན་པ་དང་འདི་བཞིན་ཕེབས་བསུར་བཅར་བའི་དད་ལྡན་མང་ཚོགས་རྣམས་ལ་འཚམས་འདྲི་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་ཁྱེད་རྣམས་ཀྱི་མཛའ་བརྩེ་ལྡན་པའི་ཚོར་སྣང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་པ་བཅས་ལ་ངོས་ནས་ཡི་རངས་དང་བསྔགས་བརྗོད་ཡོད་ཅེས་བཀའ་གནང་པ་དང་སྦྲགས། འགྲོ་བ་མིའི་རང་ཆས་སུ་ཡོད་པའི་ཁྱད་ཆོས་ནི་བྱམས་བརྩེ་ ཡིན་པས་དེ་ང་ཚོ་ཚང་མས་ཉམས་སུ་ལེན་ཐུབ་ཚེ་རང་གཞན་ཀུན་ལ་ཕན་ཐོགས་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་ངོས་ནི་སྲིད་འཛིན་དམ་པ་ Vaclav མཆོག་ལ་ཡིད་སྨོན་གནང་མཁན་ཞིག་ཡིན་པ་དང་། ཁོང་ད་ལྟ་སྐུ་འཚོ་བཞུགས་མིན་ཡང་ཁོང་གི་སྙིང་སྟོབས་དེ་ང་ཚོའི་ཁྲོད་ན་གནས་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག ལྷག་དོན་ང་ཚོས་སྐུ་ཞབས་ཁོང་གིས་དེ་སྔ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་གོང་འཕེལ་དང་བཟང་སྤྱོད་ལྡན་པའི་མིའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུའི་རླབས་ཆེན་གྱི་ཕྱག་ལས་དབུ་བཙུགས་གནང་ཡོད་པ་དེ་མུ་མཐུད་རྒྱུན་སྐྱོང་གནང་སྟེ་Czech རྒྱལ་ཁབ་ཁོ་ན་ཙམ་མིན་པར་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་ལ་འཆར་སྣང་དེ་མདུན་བསྐྱོད་བྱ་རྒྱུར་འབད་སྤུངས་གནང་གལ་ཡིན་པར་ལམ་སྟོན་གཟབ་མོ་མཛད་འདུག ༸གོང་ས་མཆོག་གིས་ད་དུང་ངོས་ནས་ཡོ་རོབ་སྤྱི་མཐུན་ཚོགས་པའི་ཐུན་མོང་གི་དམིགས་ཡུལ་གཅིག་གི་འོག་རང་ཉིད་ཀྱི་རྒྱལ་ཁབ་སོ་སོའི་རིག་གཞུང་གཅེས་ཉར་བྱེད་བཞིན་པའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་ཡི་རངས་ཀྱི་ཆེ་བསྟོད་ཞུ་གྱི་ཡོད་པ་དང་། སྒྲོམ་གཞི་དེ་དག་མ་འོངས་པར་ Africa དང་ Latin America ནང་ལག་བསྟར་གྱིས་རིམ་བཞིན་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་ལག་བསྟར་ཡོང་བར་ཐུགས་རེ་གནང་བཞིན་ཡོད་ཅེས་སོགས་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་ཟླ་ ༡༠ ཚེས་ ༡༦ ཉིན་དབུ་འཛུགས་གནང་པའི་ ༢༠༠༠ ཐམ་པའི་གླེང་སྟེགས་དེ་རིང་སྔ་ཐོག་ཚོུད་ ༩།༣༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨི་ཇིབ་ཊི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Tarek Osman ལགས་རྣམ་གཉིས་དབུ་བཞུགས་ཀྱིས་ Paradox of religion ཞེས་ཆོས་ཀྱི་ཕན་གནོད་ཅེས་པའི་བརྗོད་གཞིར་བཀའ་སློབ་བསྩལ་ཡོད་པ་དང་། མཛད་རིམ་དེའི་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་ Daniel Herman མཆོག་ཀྱང་ལྷན་ཞུགས་གནང་འདུག

སྲིད་སྐྱོང་མཆོག་གིས་དབུ་བཞུགས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་འཛུགས་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་དེ་རིང་རྡ་ས་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་།  ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་གར་གྱི་གཙུག་ལག་སློབ་ཁང་དུ་སློབ་གཉེར་གནང་བཞིན་པའི་ན་གཞོན་ཉམས་ཞིབ་པ་ ༣༠ ཙམ་ཕེབས་འདུག དེ་རིང་ཟླ་ ༡༠ ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩།༠༠ སྟེང་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པའི་གྲས་སུ་ཡོད་དང་རྒྱ་ནག་ཉམས་ཞིབ་ཐབས་བྱུས་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ Jayadeva Ranade མཆོག་ཆེད་ཕེབས་གཙོས། དེ་བཞིན་བོད་ཕྲུག་ན་གཞོན་ཉམས་ཞིབ་པ་ ༣༠ ཙམ་བཅས་ལྷན་འཛོམས་ཀྱིས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་འཛུགས་གནང་སོང་། མཛད་སྒོའི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བསྟན་འཛིན་ལགས་ནས་བོད་རིགས་ན་གཞོན་ཉམས་ཞིབ་པའི་འདུ་འཛོམས་འདི་ལྟ་བུ་ནི་གཙོ་བོ་རྩ་དོན་ལ་སྨན་པའི་བསམ་བློ་གསར་པ་དང་ཉམས་ཞིབ་པ་ནང་ཕན་ཚུན་ངོ་ཤེས་ཡོང་ཐབས་སོགས་ལ་དམིགས་ཡོད་པ་དགའ་བསུའི་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་རེས་ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་བཅར་བའི་ཉམས་ཞིབ་སློབ་མ་ཀུན་ལ་འཚམས་འདྲི་དང་སྦྲགས། འཛིན་སྐྱོང་གི་ངོས་ནས་རྒྱ་གར་དང་ཕྱི་རྒྱལ་ནང་གི་བོད་ཕྲུག་འབུམ་རམས་པ་དང་ཉམས་ཞིབ་པ་སྐྱེད་སྲིང་དང་གསོ་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེར་གཟིགས་ཏེ་དེའི་སླད་གཞུང་ནས་གོ་སྐབས་དང་མཐུན་རྐྱེན་གང་ཐུབ་གནང་རྒྱུའི་འབད་བརྩོན་གནང་མུས་ཡིན་པ་སྒྲིག་འཛུགས་ངོས་ནས་ན་གཞོན་ཤེས་ཡོན་ཅན་ཚོར་གཟིགས་ཕྱོགས་ཇི་ཡོད་སྐོར་ལ་གསུངས་གནང་སོང་། སྒོས་སུ་སྲིད་སྐྱོང་མཆོག་གིས་ཉམས་ཞིབ་སློབ་མ་རྣམས་ལ་ད་ལྟའི་དུས་མཚམས་འདིར་འཛམ་གླིང་ནང་ལྟ་གྲུབ་དང་ཆབ་སྲིད་ཀྱི་ཐོག་ནས་རྒྱལ་སྤྱིའི་ལྟ་གྲུབ་དང་གུ་ཡངས་ཀྱི་ལྟ་གྲུབ་གཉིས་ཉམས་རྒུད་དུ་འགྲོ་གྱི་ཡོད་པ་མངོན་རྒྱུ་ཡོད་པ་དང་། དེ་མཚུགས་སུ་རྒྱལ་ཞེན་ལམ་ལུགས་དང་ཕྱོགས་ཤེས་ཀྱི་ལྟ་གྲུབ་གཉིས་ཤུགས་ཆེ་ཁྱབ་སྤེལ་འགྲོ་གྱི་ཡོད་པ་རྒྱལ་སྤྱིའི་འགྱུར་འགྲོས་སྤྱིའི་སྐོར་གསུངས་པ་དང་འབྲེལ། འགྱུར་བ་དེ་ལྟར་འགོ་རྒྱ་ནག་གི་གནས་སྟངས་ཇི་ཆགས་དང་མ་འོངས་པ་བོད་ཀྱི་གནད་དོན་དེ་ཇི་ཆགས་སོགས་ཀྱི་ཐད་ལ་དགོངས་པ་བཞེས་གནས་གལ་དང་། ལྷག་པར་དུ་ཐབས་ལམ་ཐོག་ལ་བསམ་བློ་སྤུངས་གནང་རྒྱུ་ནི་ཉམས་ཞིབ་པའི་འོས་འགན་ཞིག་ཆགས་ཡོད་པ་འདི་ལྟར་གསུངས་གནང་སོང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་ཐབས་བྱུས་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ Jayadeva Ranade མཆོག་ནས་ཐེངས་འདི་ཚོགས་འདུའི་བརྗོད་གཞི་བོད་དང་བོད་མི་རེ་བ་དང་གདོང་ལེན་ཞེས་པ་ནི་ཧ་ཅང་གི་གལ་གནད་ཅིག་ཏུ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག དོན་དག་ངོ་མ་རྒྱ་ནག་ལ་ཐུགས་ཡོད་སྟབས། ཆེས་ཐོག་མར་རྒྱ་ནག་ནང་འགྱུར་བ་ག་རེ་འགྲོ་བཞིན་ཡོད་པ་དེའི་ཐོག་ལ་ཉམས་ཞིབ་བྱ་རྒྱུ་ནི་དཀའ་གནད་ཆེ་ཤོས་ཤིག་ཆགས་ཡོད་པ་ལམ་སྟོན་གནང་སོང་། ལྷག་པར་དུ་ཁོང་གིས་དེ་རིང་སང་ཉིན་རྒྱ་དཀར་གཉིས་དབར་ལ་དངངས་འཚབ་ཅན་གྱི་རང་བཞིན་དང་དགོངས་ཚུལ་མི་མཐུན་པ་མང་དག་ཡོང་བཞིན་པའི་དུས་མཚམས་འདིར་བོད་པ་ཙམ་དུ་མ་ཟད་རྒྱ་གར་ལའང་དུས་ཚོད་ཁག་པོ་ཞེ་དྲགས་སླེབས་ཡོད་སྐོར་གསུངས་སོང་བ་དང་།  ད་བར་བོད་མི་ཚོས་རང་གི་འཐབ་རྩོད་རྒྱུན་འཁྱོངས་གནང་པ་དེ་ནི་ཧ་ཅང་ཡག་པོ་དང་ཧ་སང་དགོས་རྒྱུ་ཞིག་ཆགས་ཡོད། འོན་ཀྱང་གོང་དུ་ད་ཆ་རྒྱ་དཀར་ནག་གཉིས་དབར་གྱི་གནས་སྟངས་དེའི་འོག་མ་འོངས་པའི་བོད་ཀྱི་གནས་བབ་གང་འདྲ་ཆགས་མིན་དང་དེ་ལ་གདོང་ལེན་གང་གནང་དགོས་པའི་ཐོག་བརྣོ་བསམ་ཡག་པོ་ཐོངས་དགོས་གལ་རེད་བཅས་སོགས་གསུངས་ཡོད་པ་རེད། རྩ་བའི་ཉིན་གསུམ་གྱི་ཚོགས་འདུའི་ལས་རིམ་ཆ་བགོས་ལྟར་རྒྱ་གར་ Madras གཙུག་ལག་སློབ་གཉེར་ཁང་དང་Banaras གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་སོགས་ནས་ཕེབས་པའི་བོད་ཕྲུག་ན་གཞོན་ཉམས་ཞིབ་རྣམས་ནས་བཙན་བྱོལ་བོད་མིའི་གདོང་ལེན་དང་རྒྱ་དཀར་ནག་དབར་གྱི་འབྲེལ་བ། བཙན་ནང་གི་མི་ཚེ་དང་བོད་ནང་གི་བོད་རིགས་འགོ་ཁྲིད། དེ་བཞིན་བོད་དང་སློབ་གསོ་སོགས་བརྗོད་འདྲ་མིན་ ༢༠ ལྷག་གི་ཐོག་ཉམས་ཞིབ་པས་དཔྱད་རྩོམ་སྙན་སྒྲོན་གནང་གི་འདུག

རྒྱ་བལ་འབྲུག་གསུམ་ནང་གི་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ དབུ་འཛུགས་གནང་པ།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ དབུ་འཛུགས་གནང་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་ས་གནས་འགོ་འཛིན་རྣམས་ནས་སོ་སོའི་ཁྱབ་ཁོངས་གཞིས་ཁག་གི་ས་ཆ་རྣམས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ འོག་ངེས་པར་དུ་དེབ་སྐྱེལ་གནང་དགོས་པར་བཀའ་ནན་གནང་སོང་། དེ་རིང་ཟླ་ ༡༠ ཚེས་ ༡༧ ཉིན་སྔ་དྲོ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། རྒྱལ་བལ་འབྲུག་གསུམ་གྱི་བོད་མིའི་གཞི་ཆགས་ཁག་ ༤༢ ཀྱི་ས་གནས་འགོ་འཛིན་དང་སྐུ་ཚབ་ ༤༣ བཅས་ལྷན་འཛོམས་ཀྱིས་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ དབུ་འཛུགས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ ༥ དང་ ༥༠ ཞེས་བཀའ་ཤག་སྐབས་ ༡༥ པའི་དགོངས་དོན་གཞི་བཟུང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་རྒྱུན་གནས་ཐུབ་པ་གནང་དགོས་གལ་ཡིན་པ་གསུངས་པ་དང་འབྲེལ།  བོད་མིའི་ཆོས་དང་སྐད་ཡིག རིག་གཞུང་བཅས་སྲུང་སྐྱོབ་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་སོང་བ་མ་ཟད། ཁྱད་པར་དུ་ད་ལྟའི་ཆར་བོད་མི་གཞིས་ཆགས་ཁག་ཅིག་ད་དུའང་རྒྱ་གར་གཞུང་ལ་དེབ་སྐྱེལ་མ་གནང་པར་ལྷག་ཡོད་པའི་གནས་ཚུལ་ཁག་ཅིག་ལུང་འདྲེན་གྱིས་གཞི་ཆགས་ཁག་རྒྱུན་གནས་ཐུབ་པར་ཆེས་ཐོག་མ་ཉིད་ནས་སྲ་བརྟན་གྱི་ངོ་བོར་གནས་དགོས་གལ་ཡིན་སྟབས། ས་གནས་འགོ་འཛིན་རྣམས་ནས་སོ་སོའི་ཁྱབ་ཁོངས་གཞིས་ཁག་གི་ས་ཆ་རྣམས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ འོག་ངེས་པར་དུ་དེབ་སྐྱེལ་གནང་དགོས་པར་བཀའ་ནན་གནང་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་རོགས་རམ་ཐེབས་རྩ་ཁང་ USAID བརྒྱུད་ཨ་སྒོར་ས་ཡ་ ༢༣ ལོ་ལྔའི་རིང་གནང་རྒྱུ་ཞལ་བཞེས་ཐོབ་པའི་ཁྲོད་ནས་བརྒྱ་ཆ་ ༨༠ ལྷག་ས་གནས་གཞི་ཆགས་ཀྱི་དཔལ་འབྱོར་དང་ཤེས་ཡོན་ཡར་རྒྱས་ཀྱི་ལས་འཆར་དང་འབྲེལ་བའི་ཐོག་གནང་པ་ཡིན་པས་ས་གནས་འགོ་འཛིན་སོ་སོས་འགན་ཁུར་ཆེ་བཞེས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང་རོགས་དངུལ་ཐོབ་དོན་ལྟར་དེ་དོན་འབྲས་སྨིན་སོན་པའི་ལས་འཆར་བང་སྒྲིག་རྒྱུར་འགན་ཆེན་པོ་ཡོད་ཅེས་སོགས་གསུངས་ཡོད་པ་རེད། དེ་བཞིན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ད་ལྟའི་ཆར་བཙན་བྱོལ་གཞིས་ཆགས་ཁག་ ༡༥ སོ་ནམ་ཞིང་ལས་ཆགས་ཀྱི་ཡོད་པ་དང་། མི་འབོར་ལ་གཞིགས་ཚེ་བཙན་བྱོལ་བོད་མིའི་མི་འབོར་བརྒྱ་ཆ་ ༦༥ ལྷག་སོ་ནམ་ཞིང་ལས་ཐོག་འཚོ་རྟེན་བྱེད་མཁན་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆར་ལོ་རེ་བཞིན་སོ་ནམ་ཞིང་ལས་ཐོག་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པར་འགྲེལ་བརྗོད་གནང་པ་དང་འབྲེལ། ད་རེས་ཨ་རིའི་རོགས་དངུལ་ས་ཡ་ ༢༣ ལས་བརྒྱ་ཆ་ ༢༦ ནང་སྲིད་ལས་ཁུངས་ཀྱི་ལས་འཆར་ཐོག་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། འབྱུང་འགྱུར་ལོ་ལྔའི་ནང་སོ་ནམ་ཞིང་ལས་ཀྱི་ལས་དོན་རྒྱ་སྐྱེད་གཏོང་རྒྱུར་འབད་བརྩོན་སྔར་ལྷག་གནང་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་ད་རེས་ཀྱི་ས་གནས་འགོན་འཛིན་ཚོགས་ཆེན་ཐེངས་ ༡༡ པ་དེ་རིང་ཟླ་ ༡༠ ཚེས་ ༡༧ ནས་ ༢༠ བར་ཉིན་གྲངས་བཞིའི་རིང་ཚོགས་རྒྱུ་ཡིན་འདུག་པ་དང་། ལས་ཉིན་དེ་དག་གི་ནང་གཙོ་བོ་གྲོས་བཞི་ཁག་བདུན་ཐོག་གྲོས་བསྡུར་གྱིས་བགྲོ་གླེང་གནང་གི་ཡོད་པ་དང་།  ས་གནས་འགོ་འཛིན་ཁྱབ་ཁོངས་ཀྱི་ལས་བྱེད་ལས་དོན་ནུས་པ་སྔར་ལྷག་ཡར་རྒྱས་གཏོང་ཕྱོགས། བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ནང་གསལ་ལྟར་རྒྱ་གར་དབུས་ས་གཉིས་ནས་ཁེ་ཕན་ཞུ་ཕྱོགས། འབྱུང་འགྱུར་ལོ་ ༥༠ ནང་བོད་མིའི་སྒྲིག་འཛུགས་སྤྱི་དང་སྒོས་གཞི་ཆགས་སྲ་བརྟན་གྱི་ལས་འཆར་སྤེལ་ཕྱོགས། དབུས་ས་གཉིས་ཀྱི་འཛིན་སྐྱོང་སྔར་ལྷག་ཚགས་ཚུད་གཏོང་ཐབས། གཞི་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས། དེ་བཞིན་སྐྱེས་ལྡན་སོ་ནམ་ལས་འཆར་དང་གལ་ཆེ་གནད་དོན་གཞན་བཅས་ཆགས་ཀྱི་འདུག

སོ་ལོ་ཝཀ་ཡའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག

ཡོ་རོབ་དབུས་ Slovakia རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀྲིན་བསྐྱངས་པར་འཚམས་འདྲི་ཞུས་པ་དང་འདི་བཞིན་རྒྱལ་ས་ Bratislava ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་མ་ཟད་སྲིད་འཛིན་མཆོག་གི་ངོ་དེབ་སྟེང་མགོན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས། ཁོང་སྲིད་འཛིན་དུ་འཁོད་ནས་ད་རེས་༸གོང་ས་མཆོག་དང་མཇལ་ཐེངས་ཐོག་མ་འདི་བརྒྱུད་ནང་ཆོས་ཀྱི་ལྟ་གྲུབ་སྐོར་ལ་བློ་བསྐྱེད་བྱུང་ཡོད་པ་གསུངས་འདུག དེ་ཡང་མགོན་པོ་མཆོག་ཁ་ཉིན་ Swiss ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་ཚེས་ ༡༦ ཉིན་སྔ་ཐོག་ Slovakia རྒྱལ་ས་ Bratislava ནང་གི་གཙུག་ལག་སློབ་གྲྭ་ཞིག་གི་དགེ་སློབ་ཁག་ཅིག་དང་མཇལ་འཕྲད་མཛད་འདུག སྐབས་དེར་སྐུ་ཚབས་ཁོངས་སུ་ Slovakia གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་ Lucia Nicholson མཆོག་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐ་ཞབས་ Frantisek མཆོག Slovakia སྲོད་བློན་གཞོན་པ་ཟུར་པ་སྐུ་ཞབས་ Pal མཆོག་སོགས་ཡོད་པ་རེད། སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་མགོན་པོ་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་དང་དེ་རྗེས་༸གོང་ས་མཆོག་ལ་ཕེབས་སྐྱེལ་ཞུས་མཚམས། ༸གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་ད་རེས་སྲིད་འཛིན་མཆོག་ནས་༸གང་ཉིད་མཆོག་ལ་མགྲོན་འབོད་གནང་པར་ཐུགས་རྗེ་ཞུ་གསུངས་པ་དང་ཆབས་ཅིག སྲིད་འཛིན་མཆོག་དང་མཇལ་འཕྲད་སྐབས་གནད་དོན་མང་དག་ཅིག་གི་ཐོག་ལ་བཀའ་མོལ་བྱུང་སྐབས། བསམ་ཚུལ་དང་དགོངས་པ་བཞེས་ཕྱོགས་མང་ཆེ་བ་གཅིག་ལྟར་ཆགས་ཡོད་པ་ཐུགས་ཚོར་བྱུང་ཡོད་པ་བཀའ་གནང་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་སྲིད་འཛིན་ Andrej Kiska མཆོག་ནི་མང་ཚོགས་ལ་ཕན་པ་བསྒྲུབ་བློ་ཆེ་ཞིང་། བཟང་སྤྱོད་ཀྱི་ལྟ་གྲུབ་ཡོད་མཁན་མི་ཧ་ཅང་ཡག་པོ་ཞིག་རེད་འདུག་ཅེས་བསྔགས་བརྗོད་ཆེན་པོ་གནང་འདུག རྩ་བའི་ཁ་སང་༸གོང་ས་མཆོག་རྒྱལ་ས་ Bratislava ནང་གི་མཛད་འཆར་ལས་གཙོ་བོ་གཅིག་ནི། ཉིན་རྒྱབ་ཁུལ་དེའི་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་དེ་རིང་སང་ཉིན་འཛམ་གླིང་འདིའི་ནང་ཉེན་ཕྱོགས་ཀྱི་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་ནང་བདེ་སྐྱིད་དང་རེ་བ་ཞེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་༸གང་ཉིད་མཆོག་གིས་རྐང་བྱམས་བརྩེ་ནི་ང་ཚོ་ཚང་མའི་ནང་སེམས་ཀྱི་ཞི་བདེའི་འབྱུང་རྩ་དང་འཛམ་གླིང་ཞི་བདེའི་སྲོག་ཤིག་ལྟ་བུ་ཡིན་སྐོར་དང་། བྱམས་བརྩེའི་ཡོན་ཏན་གཞི་རྩར་བཟུང་བའི་ཐོག་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ལ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་སྤེལ་དགོས་གལ་ཡིན་པ་དང་། ལྷག་པར་དུ་བཟོད་བསྲན་དང་བྱམས་པ། སྙིང་རྗེའི་བསླབ་བྱ་གཅིག་མཚུངས་བསྟན་པའི་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་གནད་ཆགས་ཡོད་སྟབས། དེའི་སླད་མི་རེ་ངོ་རེས་འགན་ཁུར་ལེན་རྒྱུ་གལ་ཆེ་ཡིན་པར་ལམ་སྟོན་བཀའ་ནན་མཛད་འདུག གཞི་རྩའི་༸གོང་ས་མཆོག་ཁ་སང་ Slovakia ནང་ཉིན་གཅིག་རིང་ཆིབས་སྒྱུར་བསྐྱངས་ཡོད་པ་དེ་ནི་ད་བར་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཐེངས་གསུམ་པ་ཆགས་ཀྱི་འདུག དེ་རིང་སྔ་ཐོག་མགོན་པོ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ཏུ་༸ཞབས་སོར་བདེ་བར་འཁོད་འདུག

མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་བོད་མི་ཚོར་ཉེན་རྟོག་པས་དམ་དྲག་ཤུགས་ཆེ་བྱས་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་གྷོ་བ་ས་ཁུལ་དུ་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་རྐྱེན་གྷོ་བ་ས་གནས་དང་ཅུང་ས་ཐག་ཉེ་བའི་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་ནས་ཞི་རྒོལ་བྱེད་མཁན་བོད་མི་ཡོང་བར་དོགས་ཟོན་གྱིས་ཟླ་འདིའི་ཚེས་ ༡༥ ནས་ ༡༨ བར་གཞིས་ཆགས་ནང་གི་བོད་མི་སྐྱ་སེར་ཀུན་ལའང་ཕྱིར་བསྐྱོད་བྱ་མི་ཆོག་པ་བཟོས་པ་མ་ཟད། ས་གནས་ཉེན་རྟོག་པས་བོད་མིར་དམ་དྲག་ཤུགས་ཆེ་བྱས་ཡོད་སྟབས། ནད་པ་ཛ་དྲག་ཅན་སྨན་ཁང་ཆེ་ཁག་ཏུ་སྨན་པ་བསྟེན་གཏུག་བྱ་རྒྱུ་གཙོས་ཕྱོགས་མཐའ་ཁག་ལ་འགྲུལ་བཞུད་བྱེད་མཁན་བོད་མི་རྣམས་ཕྱིར་བསྐྱོད་མི་ཆོག་པའི་གནས་སྟངས་འོག་དཀའ་ངལ་ཆེན་པོ་འཕྲད་འདུག འོན་ཀྱང་མོན་གྷོ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁང་དང་ས་གནས་རྫོང་དཔོན་དབར་གྲོས་མོལ་གནང་རྗེས་ཁ་སང་ཚེས་ ༡༦ ཉིན་ཕྱིར་ཛ་དྲག་ལས་དོན་ཆེད་འགྲོ་དགོས་རིགས་ལ་རང་ཉིད་ཀྱི་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས་དང་འགྲིམ་འགྲུལ་འཛིན་བྱང་ཉེན་རྟོག་པར་སྤྲོད་པའི་ཆ་རྐྱེན་འོག་འགྲོ་བསྐྱོད་ཆོག་པ་བཟོས་འདུག གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་དང་ས་གནས་ཁག་གི་རྒྱུན་ལས། དེ་བཞིན་ཚོགས་མི་རྣམས་ཀྱིས་སྲིད་འཛིན་ཞི་ཅིང་ཕིང་ལ་རྒྱ་གཞུང་གིས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ཉུང་དུ་གཏོང་རྒྱུ་ཡིན་ལུགས་ཀྱིས་གྲྭ་ཤག་གཏོར་བཤིག་གི་ལས་གཞི་སྤེལ་བཞིན་པ་མཚམས་འཇོག་དགོས་པ་དང་། བོད་ནང་ལ་རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་པ་མཚམས་འཇོག་དགོས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་འཕྲལ་མར་མཚམས་བྱེད་དགོས་པ་སོགས་ཀྱི་དགོས་འདུན་སྦྱར་ཡིག་རྣམས་འཕྱར་བཞིན་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད། དེ་དང་ཕྱོགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཀྱང་ལས་འགུལ་རྣམ་པ་འདྲ་མིན་ཁག་གསུམ་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། རྩ་བའི་ཁ་སང་ཚེས་ ༡༦ ཕྱི་དྲོའི་ཚོུད་ ༦ པར་ལས་འགུལ་བ་ཚང་མ་གློད་གྲོལ་བཏང་ཟིན་འདུག་ཀྱང་། ལས་འགུལ་བ་བསྟན་འཛིན་བརྩོན་གྲུས་ལགས་ད་ལྟའི་ཆར་གློད་གྲོལ་གཏང་མེད་པ་རེད།

༸གོང་ས་མཆོག་གིས་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀྲིན་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་སུད་སི་གྲོང་ ཁྱེར་ཛུ་རིག་ནང་ཡོད་པའི་ Grossmunster ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་བཀྲིན་མཛད་ནས་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཤིག་གི་ཐོག་འཚེ་མེད་ཞི་བ་དང་ཀུན་ཁྱབ་འགན་འཁུར་སྐོར་བཀའ་སློབ་བསྩལ་འདུག ལྷན་ཚོགས་དེའི་ཐོག་ཁ་ཆེ་དང་ཡི་ཤུ། དེ་བཞིན་ཇིའུ་དང་ཧིན་དུ་སོགས་ཀྱི་ཆོས་དཔོན་སྐུ་ཚབ་ཁག་ཅིག་ཕེབས་གནང་ཡོད་པ་དང་། ལྷག་པར་དུ་ Grossmunster ལྷ་ཁང་གི་ཕྱི་ནང་དུ་ཆོས་ལུགས་འདྲ་མིན་གྱི་དད་ལྡན་མང་ཚོགས་ཆིག་སྟོང་ལྷག་ཆེད་བཅར་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་དང་། ལྷག་དོན་འཚེ་མེད་ཞི་བ་དང་འཇིག་རྟེན་ཀུན་ཁྱབ་འགན་འཁུར་ནི་སྤྱི་ཚོགས་ཞི་བདེ་ལྡན་པའི་འགྱུར་བ་བཟང་པོ་ཞིག་ཡོང་བར་རྨང་གཞི་ལྟ་བུ་ཆགས་ཡོད་པ་ལམ་སྟོན་མཛད་འདུག གཞི་རྩའི་༸གང་ཉིད་མཆོག་གིས་ཁ་སང་སུད་སི་ནང་གི་བོད་རིགས་གཙོས་པའི་ས་གནས་དད་ལྡན་མང་ཚོགས་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་བར་པ། དེ་བཞིན་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་ཡོད་པ་དང་། ཉིན་དགུང་ལྗགས་སྨིན་སྐབས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐོར་ཞིག་ནས་༸གོང་ས་མཆོག་དང་མཇལ་བཅར་ཡང་ཞུས་འདུག རྩ་བའི་༸གོང་ས་མཆོག་གིས་ཁ་སང་ཉིན་གཅིག་གི་ཆོས་འབྲེལ་ལེགས་པར་གྲུབ་བསྟུན་མང་ཚོགས་རྣམས་ལ་ཆོས་ཞུས་ནས་གཙོ་བོ་མི་ཚེ་འགྱུར་བ་གཏོང་དགོས་ཀྱི་ཡོད་སྟབས། ཆོས་ཞུ་སྐབས་ཙམ་མ་ཡིན་པར་རྣམ་ཀུན་རྟག་ཏུ་ནས་དཔེ་ཆ་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་སྦྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་པའི་ལམ་སྟོོན་མཛད་ཡོད་པ་རེད།

Latest news