Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་དབུ་བཞུགས་ཐོག་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་དབར་ཤེས་པའི་རང་བཞིན་ཐོག་བགྲོ་གླེང་ཐེངས་དང་པོ་གནང་པ།

དེ་རིང་ཟླ་ ༨ ཚེས་ ༧ ཉིན་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Taj Mansingh  གསོལ་མགྲོན་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཨུ་རུ་སུའི་ཚན་རིག་པ་གྲགས་ཅན་ཁག་ཅིག་དང་ནང་པའི་མཁས་དབང་དབར་ཤེས་པའི་རང་བཞིན་ཐོག་གི་བགྲོ་གླེང་ཞིག་དབུ་འཛུགས་གནང་འདུག དེ་སྔོན་ཨུ་རུ་སུའི་ཚན་རིག་པ་ཁག་ཅིག་ནས་ཚན་རིག་དང་ནང་པའི་ལྟ་གྲུབ་དང་འབྲེལ་བའི་སེམས་དང་སྲོག་གི་བགྲོ་གླེང་སོགས་ཀྱི་ཐོག་ནང་མཉམ་ཞུགས་གནང་མྱོང་ཡོད་ཀྱང་། ༸གོང་ས་མཆོག་དབུ་བཞུགས་མཛད་ཐོག་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་དབར་ལོགས་སུ་བགྲོ་གླེང་གནང་པ་འདི་ནི་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་ནི་རུ་སོག་བོད་ཀྱི་དོན་གཅོད་ཁང་དང་། Russian Academy of Science འམ་ཨུ་རུ་སུའི་ཚན་རིག་སློབ་གཉེར་ཁང་། Moscow State University འམ་མོས་ཀོ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་།   དེའང་དེ་རིང་ཚེས་ ༧ ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་གཉིས་རིང་འཚོགས་རྒྱུའི་བགྲོ་གླེང་དེའི་ཐོག་ཨུ་རུ་སུའི་ཚན་རིག་པ་གྲགས་ཅན་མི་གྲངས་བདུན་གྱིས་གཙོས་པའི་ནང་པའི་མཁས་དབང་སོགས་མི་གྲངས་ ༥༠ ལྷག་ནས་མཉམ་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཞུ་མཁན་གཙོ་བོ་རུ་སོག་བོད་ཀྱི་དོན་གཅོད་ཁང་གི་སྐུ་ཚབ་ཏེ་ལོ་རིན་པ་ཆེ་མཆོག་ལ་བགྲོ་གླེང་གནང་སྒོ་ཁག་དངའབྲེལ་བའི་བཅའ་འདྲི་ཁག་ཅིག་ཞུས་ཡོད།  

༸གོང་ས་མཆོག་གིས་རྒྱ་དཀར་ནག་གཉིས་གྲོགས་པོ་བྱས་ནས་བསྡད་རྒྱུ་ནི་ཐབས་ལམ་ཡག་ཤོས་རེད་ཅེས་བཀའ་སྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་ ༦ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་ Times now གསར་ཁང་གི་གསར་འགོད་པ་ Srinjoy Chowdhury ལགས་ཀྱིས་བཀའ་འདྲི་ཞུས་པའི་ལས་རིམ་ཞིག་ཐོག་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཁག་སེལ་ཐབས་སུ་ཕྱོགས་གཉིས་གྲོགས་པོ་བྱས་ནས་བསྡད་རྒྱུ་ནི་ཐབས་ལམ་ཡག་ཤོས་རེད་ཅེས་བཀའ་སྩལ་འདུག གསར་འགོད་པ་ Srinjoy Chowdhury ལགས་ནས་༸གོང་ས་མཆོག་ལ་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གཞུང་ཁག་དེང་གི་སྤྱི་ཚོགས་ནང་འབྲེལ་བ་གང་ཡོད་མེད་དང་། མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན། དེ་བཞིན་རྒྱ་ནག་གི་དྲག་རྩུབ་སྲིད་བྱུས་ཆེ་རུ་འགྲོ་བཞིན་པ་སོགས་ཀྱི་ཐོག་བཀའ་འདྲི་ཞུས་འདུག ལྷག་པར་དུ་སྐབས་དེར་གསར་འགོད་པས་རྒྱ་ནག་ཕྱོགས་ནས་འདས་པའི་ལོ་དུས་ནང་ལ་མགོན་པོ་༸གང་ཉིད་མཆོག་ཙམ་མ་ཟད། རྒྱ་གར་ལ་ཡང་དྲག་རྩུབ་བྱེད་ཤུགས་ཆེ་རུ་བཏང་པ་དང་ད་ལྟའི་ཆར་རྒྱ་གར་དང་རྒྱ་ནག འབྲུག་ཡུལ་བཅས་ཀྱི་ས་མཚམས་སུ་ཆགས་པའི་འབྲོག་ལམ་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དབར་ལ་རྩོད་རྙོག་འགྲོ་བཞིན་པའི་ཐད་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་ནས་ཁུལ་དེར་རྒྱ་དཀར་ནག་གཉིས་པོ་དབར་དཀའ་རྙོག་འཕྲད་བཞིན་པ་དེ་རྒྱ་ནག་བོད་ནང་དུ་བཙན་འཛུལ་བྱས་རྗེས་བྱུང་བ་ཞིག་ཡིན་པར་བཀའ་འགྲེལ་གནང་པ་དང་ཆབས་ཅིག་ཏུ་ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀ་རྒྱལ་སྤྱིའི་ཐོག་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། གནད་དོན་གང་འདྲ་ཞིག་ཡིན་རུང་ཕྱོགས་གཉིས་དབར་ལ་གཅིག་ཕན་གཅིག་གྲོགས་བྱས་ཏེ་གནས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དུ་ད་ལྟའི་རྩོད་རྙོག་དེ་སེལ་ཐབས་སུ་རྒྱ་དཀར་ནག་གཉིས་གྲོགས་པོ་བྱས་ནས་བསྡད་རྒྱུ་ནི་ཐབས་ལམ་ཡག་ཤོས་རེད་ཅེས་བཀའ་སྩལ་འདུག མགོན་པོ་མཆོག་ནས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་རྒྱ་སྐྱེད་འགྲོ་བཞིན་པ་དང་འབྲེལ། ལྟ་བ་མཁྲེགས་བཟུང་ཅན་གྱི་རྒྱ་གཞུང་འགོ་ཁྲིད་ཚོས་རྣམ་ཀུན་གཏན་ལྷིང་དང་གཅིག་སྒྲིལ་དགོས་སྐོར་བཤད་བཞིན་ཡོད་ཀྱང་། དོན་དངོས་ཐོག་དྲག་པོ་ཁོ་ནར་བརྟེན་ནས་མང་ཚོགས་ཁྲོད་འཇིགས་སྣང་དང་ཡིད་ཆེས་མེད་པའི་བསམ་བློ་རྒྱ་སྐྱེད་དུ་གཏོང་མུས་ཡིན་པ་དེས་ཕུགས་རྒྱང་རིང་པོར་དོན་ཕན་གསོན་དཀའ་བ་དང་གཏན་ལྷིང་ལྡན་པའི་ཁོར་ཡུག་བསྐྲུན་དཀའ་བའི་གནས་ཡིན་པ་བཀའ་ནན་སྩལ་འདུག དེ་བཞིན་སྐབས་དེར་གསར་འགོད་པས་༸སྐུའི་ཡང་སྲིད་ཀྱི་གནས་དོན་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ནས་ཞལ་མོ་བཞེས་ཏེ་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་མགོན་པོ་མཆོག་ལས་ཀྱང་རྒྱ་ནག་གཞུང་ནས་སེམས་ཚབས་མང་བ་བྱེད་བཞིན་ཡོད་སྐོར་བཀའ་སྩལ་དང་འབྲེལ། ༸གོང་ས་མཆོག་གིས་རིང་མིན་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པ་དང་ལྷན་དུ་དེ་འབྲེལ་ཐོག་གྲོས་བསྡུར་ཞུ་འཆར་ཡོད་ཅེས་བཀའ་ལན་སྩལ་པ་དང་ཆབས་ཅིག རྒྱ་བོད་གཉིས་ཀྱི་གནད་དོན་ཁྲོད་བོད་མི་རྣམས་ནས་རང་བཙན་རྩོད་ཀྱི་མེད་ཀྱང་། བོད་མི་རྣམས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། ལྷག་པར་དུ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཐུན་མོང་གི་རིག་གནས་ཁག་མི་ཉམས་རྒྱུན་འཛིན་ཐུབ་ཆེད་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་རྩོད་བཞིན་ཡོད་པ་བཀའ་སློབ་ནན་པོ་མཛད་འདུག སྐབས་དེར་གསར་འགོད་པ་ Chowdhury ལགས་ཀྱིས་བཀའ་འདྲི་ཞུས་པའི་ལས་རིམ་ཐོག་ད་ལྟའི་རྒྱ་གར་གྱི་གནས་སྟངས་དང་འབྲེལ། སྲིད་བློན་མོ་དི་མཆོག་གིས་དབུ་ཁྲིད་པའི་འོག་རྒྱ་གར་དེ་དེང་སྐབས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནས་ཆེ་མཐོང་དང་དོ་སྣང་བྱེད་ས་ཞིག་ཏུ་འགྱུར་ཡོད་པ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་གར་འདི་བཞིན་འཛམ་གླིང་སྟེང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་པས་རྒྱལ་སྤྱིའི་ཁྲོད་འགན་མང་ཙམ་བཞེས་རྒྱུ་གནད་ཆེ་ཡིན་པ་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ཨུ་རུ་སུའི་ཁྱབ་ཁོངས་ཀྱི་ནང་པ་ཚོ་ལའང་ཕན་ཐོགས་བསྒྲུབ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ཅེས་བཀའ་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་གསར་འགོད་པ་ Dmitry Portnyagin ལགས་ཀྱིས་བཀའ་འདྲི་ཞུས་པའི་ལས་རིམ་ཞིག་གི་ཁྲོད། མགོན་པོ་༸གང་ཉིད་མཆོག་གིས་ཨུ་རུ་སུ་ནང་ཆིབས་སྒྱུར་བསྐྱང་ཐུབ་ཀྱི་མེད་ནའང། ཁུལ་དེའི་ནང་གི་ནང་པ་ཚོ་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་དགོངས་པ་བཞེས་གནང་གི་ཡོད་སྐོར་བཀའ་གནང་འདུག དེ་ཡང་གསར་འགོད་པ་སྐུ་ཞབས་ Dmitry Portnyagin ལགས་ནས་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་བཞུགས་ཞག་མཛད་པ་དང་བསྟུན་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཐོབ་དོན་ལྟར་ཁོང་གིས་༸གོང་ས་མཆོག་ལ་དེང་དུས་ཕྱི་དངོས་པོ་ཡར་རྒྱས་འགྲོ་བ་དང་མཉམ་དུ་ཆོས་ཀྱི་བསླབ་བྱ་དེ་དོ་མཉམ་པ་ཇི་ལྟར་ཡོང་ཚུལ་དང་། དེ་བཞིན་འཛམ་གླིང་འདི་ད་ལྟ་ལས་ལྷག་པའི་ཞི་བདེ་ཡོང་ཐུབ་མིན་སོགས་ཀྱི་ཐོག་བཀའ་འདྲི་ཞུས་འདུག ལྷག་པར་གསར་འགོད་པ་སྐུ་ཞབས་ Portnyagin ལགས་དང་དེ་བཞིན་སྐབས་དེར་ཁོང་དང་ལྷན་དུ་ཡོད་པ་ཨུ་རུ་སའི་རྒྱལ་ས་ Moscow འི་ Synergy Business སློབ་གྲྭའི་སློབ་སྤྱི་ Grigory Avetov ལགས་གཉིས་ནས་༸གོང་ས་མཆོག་ལ་རིང་མིན་འདི་ལོའི་ཕྱི་ཟླ་ ༡༡ ནང་དུ་སློབ་གྲྭ་དེའི་ནང་འཚོགས་འཆར་ཡོད་པའི་ Synergy རྒྱལ་སྤྱིའི་ལྷན་ཚོགས་ཐོག་མགོན་པོ་མཆོག་ཆིབས་སྒྱུར་བསྐྱང་ཐུབ་མིན་གསོལ་འདེབས་ཞུས་པར་༸གོང་ས་མཆོག་ཞལ་མོ་བཞེས་ནས་དེང་སང་རང་གི་རྒྱལ་ཁབ་ནང་སུ་གདན་འདྲེན་ཞུ་མིན་རྒྱ་ནག་ལ་ཆོག་མཆན་ཞུ་དགོས་པ་ལྟར་ཆགས་ཡོད། རྒྱ་གཞུང་གི་འགོ་ཁྲིད་ཚོས་༸གང་ཉིད་མཆོག་ལ་ཁ་བྲལ་བ་དང་འཇིགས་སྐུལ་བ། དེ་བཞིན་འདྲེ་རེད་ཅེས་བརྗོད་ཀྱི་ཡོད་སྟབས་༸གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་ཐུབ་རྒྱུ་ཁག་པོ་ཡིན་པ་གསུངས་འདུག འོན་ཀྱང་༸གོང་ས་མཆོག་གིས་ཨུ་རུ་སུའི་ཁྱབ་ཁོངས་ Kalmykia དང་། Buryatia དེ་བཞིན་ Tuva སྤྱི་མཐུན་རྒྱལ་ཁབ་ཀྱི་མང་ཚོགས་རྣམས་ནི་བོད་པ་ལྟར་དཔལ་ནཱ་ལེནྜའི་ཆོས་བརྒྱུད་ཉམས་ལེན་གནང་མཁན་གཅིག་མཚུངས་ཆགས་ཀྱི་ཡོད་སྟབས། ༸གང་ཉིད་མཆོག་ནས་ག་དུས་ཡིན་ཡང་ཨུ་རུ་སུའི་ཁྱབ་ཁོངས་ཀྱི་ནང་པ་ཁོང་ཚོ་ལའང་ཕན་ཐོགས་བསྒྲུབ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། སྨོན་ལམ་དེ་ད་ལྟ་འབྲས་བུ་སྨིན་རྒྱུ་རེད་ཅེས་བཀའ་ལན་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་གསར་འགོད་པས་བཀའ་འདྲི་ཞུས་ཁག་ཅིག་ལ་བཀའ་ལན་གནང་པའི་ཁྲོད་དེ་རིང་སང་ཉིན་ང་ཚོར་འ ཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་ནི་མིས་བཟོས་པ་ཤ་སྟག་ཆགས་ཀྱི་ཡོད་པ་དང་། དེ་དེ་བཞིན་ཕྱི་དངོས་པོ་ཡར་རྒྱས་ག་ཚོད་སོང་ཡང་དེ་གཅིག་པུས་འགྲོ་བ་མི་ལ་བདེ་སྐྱིད་སྤྲོད་ཐུབ་ཐབས་མེད་པས་མི་གཞན་ཕུན་ཚུན་གྱི་བདེ་སྡུག་ལ་སེམས་ཚོར་ཡོད་པ་དང་རང་གཞན་ཀུན་ལ་འགྲོ་བ་མི་ཡིན་པའི་གཅིག་གྱུར་གྱི་འདུ་ཤེས་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་གནད་ཆགས་ཡོད། མིའི་ལྷན་སྐྱེས་སུ་བྱམས་བརྩེ་ལྡན་པ་ཞིག་ཆགས་ཀྱི་ཡོད་སྟབས་ང་ཚོར་རེ་བ་ཏན་ཏན་ཡོད་པ་སོགས་ལམ་སྟོན་རྒྱ་ཆེ་མཛད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་ཟླ་ ༨ ཚེས་ ༢ ཉིན་ལ་དྭགས་ནས་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་ཡོད་པ་རེད། མཛད་འཆར་ལྟར་ཕྱི་ཚེས་ ༧ དང་ ༨ བཅས་སུ་ལྡི་ལིར་ཨུ་རུ་སུའི་ཁྱབ་ཁོངས་ནས་ཕེབས་པའི་ཚན་རིག་པ་དང་མཁས་པ་ཁག་ཅིག་གི་བགྲོ་གླེང་ཚོགས་འདུར་ཚོགས་མགོན་དུ་ལྷན་བཞུགས་མཛད་ཀྱི་ཡོད་པ་རེད།  

རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་དགའ་ལྡན་ཁྲི་ཐོག་ ༡༠༤ པའི་ཁྲི་སྟོན་མངའ་གསོལ་གཟབ་རྒྱས་ཞུས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ ༢༠༡༧ ལོའི་ཟླ་ ༦ ཚེས་ ༡༢ ཉིན་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་ཕེབས་དོན་ལྟར། དེ་རིང་ཚེས་ ༤ ཉིན་དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ཀྱི་ནང་དུ་དངོས་སུ་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་གནང་ཡོད་པ་རེད། དེ་རིང་ཟླ་ ༨ ཚེས་ ༤ ཉིན་སྔ་དྲོ་ཚོུད་ ༥།༣༠ ཐོག་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག འབྲས་སྤུངས་ཁྲི་པ་རིན་པོ་ཆེ་མཆོག གདན་ས་ཆེན་པོ་གསུམ་གྱི་མཁན་པོ་དང་མཁན་ཟུར། ཕྱག་མཛོད་སྐུ་ཚབ་རྣམ་པ།  དགེ་ལུགས་སྤྱི་འཐུས། གཞན་ཡང་ལྷོ་སྤྱི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམས་ཀྱིས་སྤྱན་རྒྱ་སྤོས་སྣེ་དང་བཅས་ཕེབས་བསུ་གཟབ་རྒྱས་དང་བཅས་ཏེ་དགའ་ལྡན་བླ་སྤྱིར་འཇམ་མགོན་རྒྱལ་བའི་གསེར་ཁྲི་མཐོན་པོར་མངའ་གསོལ་གྱི་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་རྣམས་ལ་མཇལ་ཁ་གནང་ཡོད་པ་རེད། དེ་བཞིན་ཁྲི་སྟོན་གྱི་མཛད་སྒོ་ཁག་ལེགས་པར་གྲུབ་རྗེས་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་འདུས་མང་ཡོངས་ལ་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པས་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག་ལ་དགའ་ལྡན་ཁྲི་པའི་དེ་བྱུང་དང་ཁྲི་པའི་ལས་ཡུན་སོགས་སྐོར་ལ་བཅར་འདྲི་ཁག་ཅིག་ཞུས་ཡོད་པ་རེད། རྩ་བའི་དགའ་ལྡན་བླ་སྤྱིར་མཛད་སྒོ་གྲུབ་རྗེས་སྔ་དྲོ་ཚོུད་ ༨།༣༠ ཡོལ་ཙམ་ལ་དགའ་ལྡན་བླ་སྤྱི་ནས་དགའ་ལྡན་ཁྲི་ཐོག་ཁང་དུ་རྟེན་འབྲེལ་མཛད་སྒོ་ཚོགས་གནང་ཡོད་པ་དང་། དེ་མཚུངས་ཁ་སང་ཚེས་ ༣ ཉིན་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆིབས་བསྒྱུར་གནང་སྟེ་དགའ་ལྡན་བྱང་རྩེ་ཧར་གདོང་ཁང་ཚན་དུ་སྔོན་འགྲོའི་ཁྲི་འདོན་མཛད་སྒོ་ཞིག་ཀྱང་ཚོགས་གནང་ཡོད་པ་མ་ཟད། སང་ཚེས་ ༥ ཉིན་དགའ་ལྡན་ཁྲི་ཐོག་ཁང་དུ་དགེ་ལུགས་སྤྱི་ནས་དགའ་ལྡན་ཁྲི་པ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གནང་གི་འདུག

༸གོང་ས་མཆོག་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤྨིར་མངའ་སྡེའི་ལ་དྭགས་སུ་ཟླ་བ་གཅིག་ལྷག་ཙམ་རིང་ལ་མཛད་འཕྲིན་བཀྲིན་བསྐྱངས་གནང་ཡོད་པ་ལྟར། ཁ་སང་ཟླ་ ༨ ཕྱི་ཚེས་ ༢ ཉིན་དགུང་༸གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་ཕྱི་ཟླ་ ༦ ཚེས་ ༢༨ ནས་རྒྱལ་ས་གླེ་རུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཟླ་༧ ཚེས་ ༥ ནས་ས་གནས་སུ་མཛད་འཕྲིན་དབུ་འཛུགས་བཀྲིན་བསྐྱངས་ཡོད་པ་རེད། ཐེངས་འདིའི་ཆིབས་སྒྱུར་ཁྲོད་མགོན་པོ་མཆོག་གིས་ཚེས་ ༡༡ ནས་བར་ ༡༤ བར་ལ་དྭགས་ནུབ་རར་ཆིབས་སྒྱུར་དང་། དེ་ནས་ཚེས་ ༡༦ ནས་ ༡༨ བར་ཟངས་དཀར། དེ་ནས་རྒྱལ་ས་གླེ་དང་ཞི་བའི་ཚལ་སོགས་སུ་སྤྱོད་འཇུག་ཆེན་མོ་དང་ལག་ལེན་སོ་བདུན་མ། དེ་བཞིན་སྙིང་པོ་དོན་གསུམ་དང་སྨན་བླའི་རྗེས་སྣང་སོགས་ཆོས་འབྲེལ་རྒྱ་ཆེ་བསྐྱངས་ཡོད་པ་མ་ཟད། མགོན་པོ་མཆོག་གིས་ལ་དྭགས་ནང་གི་ཁ་ཆེ་བ་དང་བོད་རིགས་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སོགས་བསྩལ་ཡོད་པ་རེད། མཛད་འཆར་ལྟར་ན་༸གོང་ས་མཆོག་གནངས་ཕྱི་ཚེས་ ༥ བར་ལྡི་ལིར་སྐུ་ངལ་གསོ་བཞུགས་གནང་གི་འདུག་པ་དང་། ཕྱི་ཚེས་ ༧ དང་ ༨ བཅས་སུ་རུ་སུའི་ཁོངས་གཏོགས་ནས་ཡིན་པའི་ཚན་རིག་པ་དང་མཁས་པ་ཁག་ཅིག་གི་བགྲོ་གླེང་ཚོགས་འདུར་ཚོགས་མགོན་དུ་ལྷན་བཞུགས་མཛད་རྒྱུ་དང་། དེ་རྗེས་ཚེས་ ༩ དང་ ༡༠ བཅས་སུ་རྒྱ་གར་གྱི་གསར་འགོད་པ་དང་རྩོམ་པ་པོ་དེ་བཞིན་མཁས་པ་ཁག་ཅིག་ལ་མཇལ་ཁ་བཀྲིན་བསྩལ་གནང་གི་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ལྡི་ལི་ནང་དུ་༸གོང་ས་མཆོག་ནས་མཛད་འཆར་བསྐྱང་གཏན་འཁེལ་ཁག་དང་འབྲེལ་བའི་སྐོར་ལ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་བཅར་འདྲི་ཞུས་ཡོད། དུས་མཚུངས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་༸གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་ཨ་རི་དང་ཁེ་ན་ཌ། དེ་བཞིན་ལཊ་ཝི་ཡ་བཅས་རྒྱལ་ཁབ་གསུམ་ནང་གི་མཛད་འཆར་དེ་ཕྱིར་འགྱངས་གནང་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་དོན་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་དང་འབྲེལ་ཡོད་ཀུན་ལ་དགོངས་སེལ་ཞུས་པ་དང་སྦྲགས་། མགོན་པོ་མཆོག་གི་མཛད་བྲེལ་ལ་གཞིགས་ཏེ་མཛད་འཆར་ལ་འགྱུར་བ་གནང་དགོས་བྱུང་ཡོད་པ་གསུངས་འདུག ད་དུང་མུ་མཐུད་གསུངས་པར་ཕྱི་ཟླ་ ༡༠ ནང་གི་མཛད་འཆར་དེ་ཕལ་ཆེར་ལོ་རྗེས་མའི་ཕྱི་ཟླ་ ༤ པའི་ནང་དུ་ཕྱིར་འགྱངས་གནང་པ་ལས་མཛད་འཆར་ཡོངས་སུ་ཕྱིར་འཐེན་གནང་མེད་པ་སོགས་གསུངས་འདུག ཨ་རིའི་བྱང་ Carolina, Raleigh འི་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་ Nancy Mcfarlane ལགས་ནས་ཁ་སང་ས་གནས་ཀྱི་བརྒྱུད་ལམ་ལ་༸གོང་ས་མཆོག་གིས་མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེ་བསྐྱངས་དང་སྐྱོང་བཞིན་པ་ལ་བསྔགས་བརྗོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ལོ་རྗེས་མའི་དཔྱིད་དུས་ Raleigh འི་གྲོང་ཁྱེར་དེ་བཞིན་མཛེས་སྡུག་ལྡན་པའི་སྐབས་སུ་ས་གནས་དེར་ཆིབས་སྒྱུར་བསྐྱང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག

༸གོང་ས་མཆོག་ལ་དྭགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༦ ཚེས་ ༢༨ ཉིན་ནས་དབུ་འཛུགས་ཀྱིས་ཟླ་ ༨ ཚེས་ ༡ བར་རྒྱ་གར་བྱང་ཕྱོགས་ལ་དྭགས་གླེ་རྒྱལ་ས་གཙོ་གྱུར་གྱི་ནུབ་ར་དང་ཟངས་དཀར་བཅས་སུ་ཆོས་འབྲེལ་དང་། དེ་བཞིན་ས་གནས་ཁག་གི་མང་ཚོགས་དང་སློབ་གྲྭ  མཐོ་སློབ་བཅས་སྡེ་ཚན་འདྲ་མིན་ལ་ལམ་སྟོན་བཀའ་སློབ་སོགས་སྩལ་ནས་ཟླ་བ་གཅིག་ལྷག་ལ་དྭགས་ཁུལ་དུ་བཞུགས་ཞག་མཛད་དེ་མཛད་འཕྲིན་དུ་མ་བསྐྱངས་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་དྲོ་ལ་དྭགས་རྒྱལ་ས་གླེ་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་སོང་། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ལ་དྭགས་ནས་ཆིབས་༸ཞལ་མ་བསྒྱུར་གོང་སྟེ་ཁ་སང་ཉིན་དགུང་ལ་དྭགས་ནང་པ་ཚོགས་པས་ཞི་བའི་ཚལ་ཕོ་བྲང་དུ་༸གོང་ས་མཆོག་ལ་ཕེབས་ཐོན་གྱི་གསོལ་ཚིགས་འདེགས་འབུལ་ཞུས་སོང་བ་དང། མཛད་སྟོན་ཐོག་ལ་དྭགས་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དང། གཞུང་འབྲེལ་གནད་ཡོད་མི་སྣ། དེ་བཞིན་༸གང་ཉིད་མཆོག་གི་ཆིབས་སྒྱུར་ཐོག་ཕྱགས་ལས་གནང་མཁན་བཅས་མང་ཚོགས་ ༥༠༠ ལྷག་ཙམ་འདུ་འཛོམས་བྱུང་འདུག སྐབས་དེར་༸གོང་ས་མཆོག་གིས་དེང་གི་དུས་རབས་ཉེར་གཅིག་པའི་ནང་ཕྱིའི་དངོས་པོ་དང་ འབྲེལ་བའི་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་པའི་དུས་སྐབས་འདིར་ལ་དྭགས་པ་ཚོའི་ངོས་ནས་སངས་རྒྱས་པའི་ཆོས་ལ་དད་པ་གནང་རྒྱུ་དེ་ངེས་པར་དུ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་གལ་ཏེ་དབང་བཏུལ་དད་པའི་རྗེས་འབྲང་ཁོ་ནའི་ཐོག་ཕྱིན་པ་ཡིན་ཚེ་སངས་རྒྱས་པའི་ཆོས་འདིར་གཞན་ནས་ལྟད་མོ་ལྟ་ས་ཤིག་དང་ཁྱད་གསོད་བྱ་ཡུལ་ཞིག་ཆགས་ཀྱི་རེད་ཅེས་བཀའ་སྩལ་ཏེ་ལ་དྭགས་པ་ཚོས་ནང་ཆོས་ལ་སློབ་གཉེར་བྱེད་དགོས་ཞེས་བཀའ་ནན་བསྩལ་སོང་། མཛད་སྒོ་དེའི་ལ་དྭགས་པའི་སློབ་གྲྭ་ཁག་དང་ལ་དྭགས་བོད་ཁྱིམ་གྱི་སློབ་ཕྲུག་བཅས་ནས་ཡུལ་ལུང་སོ་སོའི་གཞས་སྣ་ཁག་ཅིག་འཁྲབ་སྟོན་གྱིས་གཟིགས་འབུལ་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་གུཇརཱཏ་ནང་ཆར་ཞོད་ཀྱི་འཇིག་པ་བྱུང་བར་ཐུགས་གསོ་མཛད་པ།

ཉེ་ཆར་རྒྱ་གར་གུཇརཱཏ་ Gujarat མངའ་སྡེའི་ས་ཁུལ་ཁག་ཅིག་ཏུ་ཆར་ཞོད་ཧ་ཅང་ཆེ་རྐྱེན་གྱིས་ཆུ་ལོག་ཚབས་ཆེ་བྱུང་བའོ་ཁྲོད་མི་རྒྱུ་གཉིས་ཀར་གོད་ཆག་ཚབས་ཆེ་ཕོག་པ་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་ཟླ་ ༨ ཚེས་ ༡ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Vijay Rupani མཆོག་གི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། ཆུ་ལོག་གི་དོན་རྐྱེན་འོག་མངའ་སྡེ་དེའི་མང་ཚོགས་ཀྱི་ཚེ་སྲོག་ཤོར་བ་དང་། རྒྱུ་ནོར་སོགས་ལ་གནོད་འཚེ་ཚབས་ཆེ་ཕོག་པར་ཐུགས་གསོ་གནང་པ་དང་སྦྲགས། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་ཕྲན་བུ་འབུལ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག དེ་ཡང་ཁ་སང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་གུཇརཱཏ་མངའ་སྡེའི་ནང་དུ་ཆུ་ལོག་གི་དོན་རྐྱེན་ཚབས་ཆེ་བྱུང་བའི་འོག་མི་རྒྱུ་གཉིས་ཀར་ཆེས་གནོད་འཚེ་ཕོག་སྟབས་མགོན་པོ་༸གང་ཉིད་མཆོག་ཧ་ཆང་ཐུགས་ཕམ་བྱུང་ཡོད་པ་དང་། ད་ལྟའི་ཆར་མངའ་སྡེ་ནང་དུ་ངལ་སེལ་གྱི་ལས་དོན་རྣམས་འགྲོ་བཞིན་སྐོར་ཐོག་༸གང་ཉིད་མཆོག་ལ་མཁྱེན་རྟོགས་ཡོད་པ་དང་། ༸གོང་ས་མཆོག་གིས་ད་ལན་ཆར་ཞོད་ཧ་ཅང་ཆེ་བའི་འཇིག་པ་ལས་གནོད་འཚེ་ཕོག་པའི་གུཇརཱཏ་མངའ་སྡེའི་མང་ཚོགས་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་ཕྲན་བུ་འབུལ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག རྩ་བའི་ད་སྐབས་རྒྱ་གར་ཁྱོན་ཡོངས་སུ་ཆར་དུས་ཀྱི་དུས་ཚོད་དང་བསྟུན། ཉེ་ཆར་ གུཇ་རཱར་མངའ་སྡེའི་ས་ཁུལ་མང་དག་ཞིག་ཏུ་དྲག་ཆར་དང་། ཆུ་མཛོད་ནས་ཆུ་འཕར་མ་གློད་པའི་རྐྱེན་གྱིས་ཆུ་ལོག་བྱུང་ནས་ཁྱོན་མི་གྲངས་བཞི་འབུམ་ལྔ་ཁྲི་ཙམ་ལ་གནོད་འཚེ་ཕོག་ཡོད་པ་དང་། བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་དོན་རྐྱེན་དེའི་འོག་འདས་གྲོངས་སུ་ཕྱིན་པའི་མི་གྲངས་དེ་ཁ་སང་བར་ ༢༡༨ ཆགས་ཡོད་པ་དང། མངའ་སྡེ་དེའི་ནང་དར་ཁྱབ་ཆེ་བའི་སྒོ་ཕྱུགས་གསོ་སྐྱོང་གི་ཚོང་ལས་སྡེ་ཚན་གཅིག་པོ་ལ་ཧིན་སྐོར་འབུམ་ ༦༠༠ ཙམ་གྱི་གྱོང་གུད་ཕོག་ཡོད་པ་མངོན་གསལ་གནང་འདུག ད་ལྟའི་ཆར་མངའ་སྡེ་བློན་ཆེན་མཆོག་གིས་ཆུ་ལོག་གི་གནོད་ཚེ་ཕོག་པའི་ས་ཁུལ་ཁག་ཏུ་ཆེད་སྐྱོད་ཀྱིས་གཟིགས་ཞིབ་གནང་མུས་རེད་འདུག

ནང་པ་སངས་རྒྱས་པའི་ཆོས་སྲུང་སྐྱོབ་བྱ་རྒྱུ་ནི་ནང་ཆོས་ལ་སློབ་གཉེར་རྒྱག་རྒྱུ་དེ་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༨ ཚེས་ ༡ ཉིན་སྔ་དྲོ་ ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་པའི་ནང་ཆོས་དང་ལ་དྭགས་ཀྱི་སྤྱི་ཚོགས་ཞེས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་སྐྱོབ་བྱ་རྒྱུ་ནི་ནང་ཆོས་ལ་སློབ་གཉེར་རྒྱག་རྒྱུ་དེ་རེད་ཅེས་བཀའ་བསྩལ་སོང། ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་མཚུངས་བསྡུར་ལྟ་གྲུབ་སྡེ་ཚན་དང་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་ལྟ་གྲུབ་ཉམས་ཞིབ་སྡེ་ཚན་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་རྒྱ་གར་རྒྱལ་ཡོངས་ཀྱི་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་པ་དང་འབྲེལ་ཚོགས་བཅར་བ་ཚོར་ བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ད་ལྟའི་ཆར་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་བོད་མི་ཚོས་འདས་པའི་ལོ་ངོ་སྟོང་ཕྲག་རིང་ལ་སློབ་གཉེར་དང་བདག་གཅེས་གནང་པ་བཅས་ལ་བརྟེན་ནས་གནས་པ་ཞིག་ཡིན་པ་དང་། འོན་ཀྱང་ད་ཆ་དྲི་བ་ཆེ་ཤོས་ནི་དེ་ལྟ་བུའི་ཆོས་བརྒྱུད་འདི་སྲུང་སྐྱོབ་དང་རྒྱུན་སྐྱོང་གང་འདྲ་བྱེད་དགོས་མིན་ལ་ཐུག་ཡོད་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། སྤྱིར་འཛམ་གླིང་ནང་རྒྱ་ནག་གཙོས་པའི་ཝེ་ཏི་ནམ་སོགས་ནང་པའི་རྒྱལ་ཁབ་ཁག་ཅིག་ནང་ནང་པའི་ལྷ་ཁང་སོགས་བཞེངས་སྐྲུན་བྱས་ཡོད་ཀྱང། ནང་ཆོས་ཐོག་ལ་བསླབ་པ་སློབ་གཉེར་དེ་ཙམ་འདང་ངེས་མེད་པ་རེད་ཅེས་དང་། ནང་པ་སངས་རྒྱས་པའི་ཆོས་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་སྲུང་སྐྱོབ་བྱ་རྒྱུ་ནི་ནང་ཆོས་ལ་སློབ་གཉེར་རྒྱག་རྒྱུ་དེ་རེད་ཅེས་བཀའ་བསྩལ་སོང། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཚང་འགྲོ་བ་མི་སྤྱིའི་བདེ་དོན་ལ་ཕན་ཐོགས་རླབས་ཆེན་ཡོད་པར་ངོས་འཛིན་དང་གུས་བརྩི་ཞུ་བཞིན་ཡོད་པ་དང། ལྟ་གྲུབ་ཀྱི་ཆ་ནས་ནང་པའི་སངས་རྒྱས་པའི་ཆོས་འདི་ནི་གཞན་དང་མི་འདྲ་བར་སངས་རྒྱས་པའི་རྗེས་འབྲང་པ་ཚོའི་ངོས་ནས་སངས་རྒྱས་ཀྱི་བཀའ་ལ་རང་དབང་ཐོག་ནས་བརྟག་དཔྱད་དང་རིག་པའི་ཐོག་ནས་དགག་བཞག་སྤོང་གསུམ་ཞུ་རྒྱུ་ཡོད་པ་དེ་ནི་ཐོུང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་བཀའ་བསྩལ་བ་དང་འབྲེལ། དེ་སྔ་ལ་དྭགས་པ་ཚོས་ནང་ཆོས་ཉམས་ལེན་དང་ནང་པ་སངས་རྒྱས་པའི་ཆོས་སྲུང་སྐྱོབ་བྱེད་བཞིན་པའི་གོམས་སྲོལ་ཡོད་པ་དེ་ནི་ཡང་དག་པ་ཞིག་མིན་པ་དང། ༸གང་ཉིད་མཆོག་གིས་ལ་དྭགས་པ་ཚོས་ནང་ཆོས་ལ་དད་པ་བྱེད་བཞིན་པ་དེར་ཡི་རང་བསྔགས་བརྗོད་གནང་ཡོད་པ་བཀའ་སྩལ་དང་ཆབས་ཅིག་ཏུ་དད་པ་དེ་གཙོ་བོ་རྨོངས་དད་ཞིག་ཆགས་ཡོད་སྟབས། ལ་དྭགས་པ་ཚོས་ནང་ཆོས་ལ་སློབ་གཉེར་རྒྱག་དགོས་པ་མ་ཟད། ནང་ཆོས་ཀྱི་ཐོུང་མ་ཡིན་པའི་ཁྱད་ཆོས་དེ་དག་ཤེས་པར་བྱེད་དགོས་ཞེས་ལམ་སྟོན་མཛད་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་ད་རེས་མཁས་པའི་བགྲོ་གླེང་ཐོག་ལྷན་ཞུགས་གནང་མཁན་རྒྱ་གར་གྱི་དགེ་རྒན་དང་མཁས་པ་ཁག་ཅིག་ཕེབས་ཡོད་པ་དང་བསྟུན། ༸གང་ཉིད་མཆོག་གིས་ཉེ་བའི་ཐུགས་བསྐྱེད་དམ་བཅའ་གསར་པ་ཞིག་ཡོད་པ་ནི་རྒྱ་གར་གྱི་སྤྱི་ཚོགས་ཐོག་རྒྱ་གར་གནའ་བོའི་རིག་གནས་བསྐྱར་གསོ་གནང་རྒྱུའི་ཐོག་ཐུགས་འགན་གཙོ་བཞེས་གནང་བཞིན་ཡོད་ཅེས་གསུངས་པ་དང་འབྲེལ། རྒྱ་གར་གནའ་བོའི་རིག་གནས་ལས་འཚེ་མེད་ཞི་བ་དང་སྙིང་རྗེ། དེ་བཞིན་ནང་ཆོས་ལས་སེམས་ཁམས་རིག་པའི་ལྟ་གྲུབ་སོགས་དེང་དུས་ཀྱི་འགྲོ་བ་མིའི་སྤྱི་ཚོགས་ཐོག་ཕན་རླབས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་འཛམ་གླིང་ཐོག་རྒྱལ་ཁབ་ ༢༠༠ ལྷག་ཡོད་པ་དེ་ད་ག་ནས་རྒྱ་གར་རྒྱལ་ཁབ་ཁོ་ནར་གནའ་བོའི་རིག་གཞུང་དང་དེང་གི་ཤེས་ཡོན་གཉིས་མཉམ་འབྲེལ་གྱིས་འཛམ་གླིང་ལ་ཞབས་འདེགས་ཞུ་ཐུབ་རྒྱུའི་ནུས་པ་ཡོད་ཅེས་བཀའ་བསྩལ་སོང། རྩ་བའི་ད་རེས་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་པའི་ནང་ཆོས་དང་ལ་དྭགས་ཀྱི་སྤྱི་ཚོགས་ཞེས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་མཁས་པའི་བགྲོ་གླེང་དེ་ཚེས་གསུམ་བར་ཚོགས་ཀྱི་ཡོད་པ་དང་། བགྲོ་གླེང་ཚོགས་འདུ་ཐོག་རྒྱ་གར་གྱི་ལྟ་གྲུབ་མཁས་དབང་ད་ང། ཉམས་ཞིབ་པ།  དེ་བཞིན་སློབ་མ་སོགས་ནས་མཉམ་ཞུགས་གནང་གི་འདུག མཛད་སྒོའི་ཐོག་མགོན་པ་མཆོག་གིས་ཉེ་ཆར་རྒྱ་གར་ལྟ་གྲུབ་མཁས་དབང་ཁག་གིས་ནང་ཆོས་དང་འབྲེལ་བའི་བརྩམས་ཆོས་དང་སྒྱུར་རྩོམ་དཔེ་དེབ་ཁག་ཅིག་དབུ་འབྱེད་ཀྱང་མཛད་ཡོད་པ་རེད། གཞན་ཡང་ལ་དྭགས་ནང་པ་ཚོགས་པས་ཞི་བའི་ཚལ་ཕོ་བྲང་དུ་༸གོང་ས་མཆོག་ལ་ཕེབས་ཐོན་གྱི་ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་སོང་བ་དང། མཛད་སྟོན་དེའི་ཐོག་མགོན་པོ་༸གང་ཉིད་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཐོག ལ་དྭགས་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དང། གཞུང་འབྲེལ་གནད་ཡོད་མི་སྣ། དེ་བཞིན་༸གང་ཉིད་མཆོག་གི་ཆིབས་སྒྱུར་ཐོག་ཕྱགས་ལས་གནང་མཁན་བཅས་མང་ཚོགས་ ༥༠༠ ལྷག་ཙམ་འདུ་འཛོམས་བྱུང་འདུག

ཇ་མུ་ཀཤྨིར་སྤྱི་ཁྱབ་བློན་མཆོག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༣༠ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཉིན་མཐའ་མའི་ཆོས་འབྲེལ་ལེགས་གྲུབ་ཀྱི་མཛད་སྟོན་ཐོག་རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤྨིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ Mehbooba Mufti མཆོག་ཆེད་བཅར་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་ཇ་མུ་ཀཤྨིར་མངའ་སྡེའི་ས་གནས་གང་སར་ཆིབས་བསྒྱུར་ཡང་ཡང་མཛད་ནས་མངའ་ཁུལ་འདིའི་ནང་དུ་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་ཐུགས་སྨོན་གནང་སྐྱོང་ཡོང་བར་གསོལ་འདེབས་དང་འབོད་སྐུལ་ཤུགས་དྲག་ཞུས་སོང་། མཛད་སྟོན་དེའི་ཐོག་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མུཧྥ་ཏི་མཆོག་གིས་ཁོང་རང་ཉིད་ད་རེས་༸གོང་ས་མཆོག་དབུ་བཞུགས་ཀྱི་མཛད་སྟོན་ཐོག་ལྷན་བཅར་ཞུས་ཐུབ་པ་འདི་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། ཇ་མུ་ཀཤྨིར་མང་ཚོགས་སྤྱི་དང་ལྷག་པར་དུ་ལ་དྭགས་ནང་དུ་༸གོང་ས་མཆོག་ལོ་ལྟར་ཆིབས་སྒྱུར་མཛད་ནས་མང་ཚོགས་ལ་ཐུགས་བརྩེའི་བྱིན་རླབས་ཡང་ཡང་བསྩལ་བ་ནི་ལ་དྭགས་མང་ཚོགས་ཚོར་ཧ་ཅང་སྐལ་པ་བཟང་པོ་ཞིག་ཡིན་པ་གསུངས་པ་དང་ཆབས་ཅིག སླད་ཕྱིན་མགོན་པོ་༸གང་ཉིད་མཆོག་སྐུ་ཁམས་གསལ་ཐང་ཐོག་ལོ་ལྟར་མངའ་ཁུལ་འདིར་ཆིབས་སྒྱུར་མཛད་དེ་ས་གནས་ཀྱི་མང་ཚོགས་ལ་ཐུགས་བརྩེའི་བྱིན་རླབས་ཡང་ཡང་ཅི་ནས་ཀྱང་བསྩལ་གནང་ཡོང་བར་གསོལ་འདེབས་ཤུགས་དྲག་དང་བཅས་ཞུས་ཡོད་པ་རེད། དེ་བཞིན་ཁོང་གིས་༸གོང་ས་མཆོག་ནས་ཆིབས་སྒྱུར་མཛད་ཡུལ་ས་ཁུལ་ཁག་གི་མང་ཚོགས་ལ་ཞི་བདེའི་ཁོར་ཡུག་ཞིག་སྐྲུན་ཡོད་པ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་སུ་འདས་པའི་ལོ་ངོ་དེ་དག་ནང་ཆིབས་སྒྱུར་གྱིས་ཐུགས་རྗེ་ཆེན་པོས་བཀའ་སློབ་ཟབ་མོ་བསྩལ་བ་བཅས་ལ་བརྟེན་ནས་ལ་དྭགས་མང་ཚོགས་ཀྱི་འཚོ་བའི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པར་ཡི་རངས་བསྔགས་བརྗོད་ཞུས་པ་མ་ཟད། ཁོང་གིས་སྣེ་ཁྲིད་པའི་གཞུང་འཛིན་གྱི་ངོས་ནས་ལ་དྭགས་འདི་མ་འོངས་པར་རྒྱ་གར་ནང་ཙམ་མིན་པར་འཛམ་གླིང་ཐོག་གི་ས་གནས་ཨང་དང་པོ་ཞིག་བཟོ་རྒྱུའི་འཆར་གཞི་ཡོད་པ་ལྟར་ལ་དྭགས་བརྒྱུད་ནས་ས་གནས་ཡུལ་མི་ཚོ་བོད་ནང་ཡོད་པའི་གངས་རིན་པོ་གནས་མཇལ་ཞུ་བར་འགྲོ་ཐུབ་རྒྱུར་རེ་བ་གནང་བཞིན་ཡོད་ཅེས་གསུངས་སོང་། སྤྱི་ཁྱབ་བློན་མཆོག་གིས་ད་དུང་ཡང་༸གོང་ས་མཆོག་གིས་ཁ་ཆེ་ཆོས་ལུགས་དེ་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཆེ་ཁག་གཞན་ལྟར་སྤྱི་ཚོགས་ཁྲོད་ལ་བྱམས་བརྩེ་དང་ཞི་བདེ་སྤེལ་མཁན་གཅིག་མཚུངས་ཡིན་པ་མ་ཟད། ཁྱད་པར་དུ་འཛམ་གླིང་ཐོག་གི་མང་ཚོགས་ལ་ཁ་ཆེའི་ཆོས་ལུགས་འཛིན་མཁན་དང་། ཁ་ཆེ་དྲག་སྤྱོད་པ་ཞེས་པ་གཉིས་མཉམ་བསྲེས་བྱེད་རྒྱུ་མེད་པར་བཀའ་ནན་བསྩལ་བཅས་ལ་བརྟེན་ནས་ཁོང་རང་ཉིད་ལ་སེམས་སྐུལ་ཤུགས་ཆེ་ཐེབས་སོང་ཞེས་གསུངས་པ་དང་འབྲེལ། སླད་མར་༸གོང་ས་མ ཆོག་ནས་ཇ་མུ་ཀཤྨིར་མངའ་སྡེའི་ས་ཁུལ་གང་སར་ཆིབས་བསྒྱུར་ཡང་ཡང་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཇ་མུ་ཀཤྨིར་མངའ་སྡེ་འདིའི་ནང་ལོ་བཅུ་ཕྲག་ཁ་ཤས་རིང་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་ནི་གཙོ་བོ་མིས་བཟོས་པ་ཞིག་ཡིན་པས་མི་རང་ཉིད་ནས་སེལ་དགོས་པ་དང་། དེ་ཡང་གཙོ་བོ་འགྲོ་བ་མི་ཕན་ཚུན་དབར་ལ་གཅིག་འགྱུར་གྱི་འདུ་ཤེས་འཛིན་ཐོག་གུ་ཡངས་ཀྱི་བསམ་བློ་གཏོང་ནས་སེལ་དགོས་པའི་ལན་སྟོན་མཛད་ཡོད་པ་རེད། མཐར་༸གོང་ས་མཆོག་གིས་༸གང་ཉིད་མཆོག་སྐུ་གཟུགས་གསལ་ཐང་བྱུང་ཚེ་ལོ་རྗེས་མ་སླར་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་རེད། གཞན་ཡང་མགོན་པོ་མཆོག་ལ་ལ་དྭགས་ཁུལ་དུ་ཆིབས་སྒྱུར་གསོལ་འདེབས་དང་གོ་སྒྲིག་ཞུ་མཁན་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་སེམས་ཚོར་ཆེན་པོ་དང་སྦྲགས་ཏེ་༸གོང་ས་མཆོག་ལོ་ལྟར་ལ་དྭགས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་ནས་མང་ཚོགས་ལ་བཀའ་ཆོས་བཀྲིན་བསྐྱངས་པར་ཐུགས་རྗེ་བླ་མེད་དུ་ཆེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་ནས་བཀའ་སློབ་ཕེབས་དོན་བཞིན་ང་ཚོའི་ངོས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་དམ་བཅའ་ཕུལ་སོང་། རྩ་བའི་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྤྱོད་འཇུག་ཆེན་མོའི་ལེའུ་དྲུག་པ་བཟོད་པའི་ལེའུ་བར་བཀའ་ཁྲིད་དང་། མགོན་པོ་༸གང་ཉིད་མཆོག་གིས་སེར་སྐྱ་མང་ཚོགས་རྣམས་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་དང་། སྟོན་པའི་མཚན་སྔགས། མ་ཎི་ཡིག་དྲུག སྒྲོལ་མ། རྟ་འགྲིན་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་བསྩལ་ནས་ཐེངས་འདིའི་ལ་དྭགས་ཁུལ་གྱི་ཆོས་འབྲེལ་ལེགས་གྲུབ་མཛད་ཡོད་པ་རེད། ལ་དྭགས་གླེ་གཙོ་བོར་འགྱུར་པའི་མདའ་ཧ་ནུ་དང་ཤམ། ཟངས་དཀར། ནུབ་ར། བྱང་ཐང་སོགས་ཀྱི་ས་ཁུལ་སོ་སོའི་མི་རིགས་ཀྱི་སྐུ་ཚབ་མི་སྣ་ཁག་ནས་རང་རེའི་ཡུལ་ལུང་ཐོན་ཛས་ཀྱི་ཕུད་མགོན་པོ་མཆོག་ཕུལ་བཞིན་བཀྲིས་པའི་གླུ་དབྱངས་དང་བཅས་ལ་དྭགས་མང་ཚོགས་ཀྱིས་མཆོད་ཛས་སྣ་ཚོགས་འདེགས་འབུལ་ཞུས་ཐོག་༸གོང་ས་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

Latest news