Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་དགུང་ལོ་ ༩༠ ལ་ཕེབས་སྐབས་༸སྐུའི་ཡང་སྲིད་ཐོག་དགོངས་བཞེས་ནན་པོ་གནང་རྒྱུ་ཡིན་ཅེས་བཀའ་བརྩལ་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ Indian Express གསར་ཁང་གིས་གོ་སྒྲིག་ཞུས་པའི་གླེང་སྟེགས་ཐོག་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དགུང་ལོ་ ༩༠ ལ་ཕེབས་སྐབས་༸སྐུའི་ཡང་སྲིད་ཐོག་དགོངས་བཞེས་ནན་པོ་གནང་རྒྱུ་ཡིན་ཅེས་བཀའ་བརྩལ་སོང་། ཁ་སང་ཟླ་ ༥ ཚེས་ ༢༤ ཉིན་རྒྱབ་ཏུ་ལྡི་ལི་གསར་པའི་ Taj Mansingh མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་ Indian Express གསར་ཁང་གི་ Express Adda ཞེས་པའི་གླེང་མོལ་གྱི་ལས་རིམ་ཐོག་ལ་༸གོང་ས་མཆོག་གིས་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་པོ་སྟེ། ཆོས་དད་ཡོད་མེད་ལ་མ་ལྟོས་པར་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པའི་ཆ་ནས་ནང་སེམས་ཀྱི་བདེ་སྐྱིད་གལ་ཆེ་ཡིན་པ་དང་། དེ་ཡང་འགྲོ་བ་མི་ལ་རང་ཆས་སུ་ཡོད་པའི་བྱམས་པ་དང་བརྩེ་བ། ཚན་རིག་པས་ཞིབ་འཇུག་གནང་པའི་རྒྱུ་མཚན་ཁག་གཞི་རྩར་བཟུང་སྟེ་བདེ་སྐྱིད་ཀྱི་རྩ་བ་དེ་བྱམས་བརྩེ་ཡིན་པ་ངོ་སྤྲོད་གནང་པ་མ་ཟད། འཛམ་གླིང་ཐོག་གི་ཆོས་ལུགས་ཚང་མའི་དབར་ཞི་མཐུན་མཉམ་གནས་ཡོང་ཐབས། དེ་བཞིན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་བཅས་པ་སྲུང་སྐྱོབ་ཡོང་ཐབས་སོགས་ལ་སྐུ་ལས་སྐྱོན་བཞིན་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་ལ་༸སྐུའི་ཡང་སྲིད་ཀྱི་གན་དོན་ཐོག་བཀའ་འདྲི་ཞུས་པའི་བཀའ་ལན་དུ། ངོས་ཀྱིས་ཕྱི་ལོ་ ༡༩༦༩ སྐབས་ནས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་དང་མི་དགོས་དེ་བོད་མི་མང་ལ་རགས་ལུས་ཡོད་པའི་གཞུང་འབྲེལ་གྱི་གསལ་བསྒྲགས་ཤིག་བྱས་པ་ཡིན། ངོས་ནས་དུས་ཚོད་དེ་གཏན་གཏན་དྲན་གསོས་ཀྱི་མི་འདུག འོན་ཀྱང་དུས་ནས་དུས་སུ་ང་ཚོ་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་འདུ་འཛོམས་གནང་སྟེ་ཡང་སྲིད་སྐོར་བཀའ་མོལ་རིམ་པ་གནང་ཡོད་པ་མ་ཟད། བར་སྐབས་འདུ་འཛོམས་བྱུང་བའི་ཚོགས་འདུ་ཞིག་གི་ཐོག་ངོས་རང་ལོ་ ༩༠ ཙམ་ལ་སླེབས་པའི་སྐབས་དེར་ངོས་ཀྱི་ཡང་སྲིད་སྐོར་ནན་ཏན་གྱིས་སྐད་ཆ་བཤད་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད་ཅེས་བཀའ་བསྩལ་གནང་སོང་། མགོན་པོ་༸གང་ཉིད་མཆོག་གིས་༸སྐུའི་ཡང་སྲིད་སྐོར་ལ་བཀའ་འདྲི་ཞུས་པ་དེར་བཀའ་ལན་བརྩལ་བ་དང་། ལྷག་དོན་རྒྱ་ནག་གཞུང་གི་ཐོག་ནས་ངོས་ཀྱི་ཡང་སྲིད་ཀྱི་གནད་དོན་ཐད་ལ་བོད་མི་ལས་དངངས་སྐྲག་མང་བ་ཡོད་པའི་རྣམ་པ་ཞིག་འདུག་ཅེས་བཀའ་བསྩལ་གནང་ཡོད་པ་རེད། ངོས་ནས་སྐབས་རེ་རྩེད་མོ་དང་སྦྲགས་ཏེ་གལ་ཏེ་རྒྱ་ནག་གཞུང་ལ་ངོས་ཀྱི་ཡང་སྲིད་སྐོར་དངངས་སྐྲག་དེ་འདྲ་ཡོད་པ་ཡིན་ན། ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་མ་བྱེད་པའི་སྔོན་ལ་དང་པོ་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་དགོས་པ་མ་ཟད། སྲིད་འཛིན་མའོ་ཀྲུའུ་ཞི་དང་། ཏིང་ཞའོ་ཕིང་བཅས་ཀྱི་ཡང་སྲིད་ངོས་འཛིན་བྱེད་དགོས་པ་རེད། དེ་རྗེས་གཞི་ནས་ངོས་ཀྱི་ཡང་སྲིད་སྐོར་ཐེ་བྱུས་བྱས་པ་ཡིན་ན་བཟང་སྤྱོད་དང་མ་འགལ་བ་ཞིག་ཡོང་གི་རེད། གལ་སྲིད་དེ་འདྲ་མེད་པ་ཡིན་ན་ཐེ་བྱུས་བྱེད་པའི་དགོས་པ་གང་ཡང་མེད་པ་རེད། ལོ་རྒྱུས་ལ་བལྟས་ཚེ་རྒྱ་ནག་གོང་མ་ཁག་གཅིག་ནང་པ་ཡིན་པའི་ཆ་ནས་ཆོས་ཡོན་འབྲེལ་བའི་ཐོག་ནས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཏཱ་ལའི་བླ་མའི་ཡང་སྲིད་ལ་རང་བཞིན་གྱི་བློ་འཚབ་ཡོད་པའི་གནས་ཚུལ་བྱུང་ཡོད་ཅེས་བཀའ་བསྩལ་གནང་སོང། མགོན་པོ་༸གང་ཉིད་གིས་སྐབས་དེར་རྒྱ་ནག་གི་མའོ་དུས་རབས་ནས་ད་ལྟ་བར་གྱི་དུས་རབས་དེ་དག་ནང་རྩ་བའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལམ་ལུགས་དེ་རང་འཇག་གནས་ཡོད་ཀྱང་། དུས་ཚོད་དང་བསྟུན་ཏེ་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་སྐོར་བཀའ་གནང་པ་དང་སྦྲགས། ལྷག་པར་དུ་ད་ལྟའི་སྲིད་འཛིན་ཞི་ཅིང་ཕིང་ལ་ཆ་མཚོན་པ་ཡིན་ན་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་ལ་ཡར་རྒྱས་ཆེན་པོ་ཞིག་ཕྱིན་ཡོད་པ་མ་ཟད། དེ་མཚུངས་གནད་དོན་གཞན་གྱི་ཐོག་ལ་ཡང་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་པ་ཡོད་པ་རེད། ཞི་ཅིང་ཕིང་གིས་ལྐོག་ཟ་རུལ་སུངས་ཐོག་འཛིན་པའི་སྲིད་བྱུས་བཅས་ལ་བསྔགས་བརྗོད་མཛད་པ་དང་ཆབས་ཅིག རྒྱ་མི་རིགས་ནི་ལོ་རྒྱུས་དང་རིག་གཞུང་ལྡན་པའི་མི་རིགས་ཤིག་ཡིན་པའི་ཁར། ལས་ཀ་རུ་ངར་པོ་བྱེད་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པ་སོགས་བཀའ་བརྩལ་དང་འབྲེལ་གནས་སྟངས་ཁྱོན་ཡོངས་ནས་བལྟས་ཚེ་མ་འོངས་པར་བོད་ཀྱི་དཀའ་ངལ་སེལ་བར་རེ་བ་ཡོད་པའི་བཟང་པོའི་ཆ་ཞིག་གཟིགས་ཀྱི་ཡོད་པ་བཀའ་གནང་ཡོད། དེ་བཞིན་༸གོང་ས་མཆོག་ལ་རིང་མིན་མགོན་པོ་༸གང་ཉིད་ཨ་རིར་ཆིབས་བསྒྱུར་གནང་སྐབས་ཨ་རིའི་སྲིད་འཛིན་གསར་པ་ Donald Trump མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་རིམ་ཡོད་མེད་དང་། ༸གོང་ས་མཆོག་ནས་སྲིད་འཛིན་ཊམ་ཐོག་དགོངས་ཚུལ་ཇི་འདྲ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་ངོས་རང་ཨ་མི་རི་ཀར་དངོས་གནས་དགའ་མཁན་ཞིག་ཡིན། ཨ་རི་ནི་རང་དབང་ཅན་གྱི་འཛམ་གླིང་སྣེ་ཁྲིད་བྱེད་མཁན་གྱི་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཨ་རིའི་མི་གང་ཟག་གཅིག་གི་གནད་དོན་སྐོར་ལ་ངོས་ནས་ཞུ་ཚོད་ཐིག་གི་མི་འདུག། ད་ལྟ་འཕྲལ་དུ་དེའི་སྐོར་བཤད་ན་སྔ་དྲག་ཡོད་སྟབས། དེ་ལས་གང་ཡང་མ་གསུང་པར་བཞུགས་ན་ལེགས་པ་མེད་དམ་ཞེས་བཀའ་གནང་ཡོད། རྩ་བའི་ཁ་སང་ལྡི་ལི་གསར་པའི་ Taj Mansingh མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་ Indian Express གསར་ཁང་གི་ Express Adda ཞེས་པའི་གླེང་མོལ་གྱི་ལས་རིམ་ཐོག་ལ་༸གོང་ས་མཆོག་དབུ་བཞུགས་གཙོས། རྒྱ་གར་གྱི་གནད་ཡོད་ཆབ་སྲིད་མི་སྣ་དང་། དཔལ་འབྱོར་རིག་པ་བ། ཚོང་འབྲེལ་མི་སྣ། མཁས་དབང་དང་ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་གི་མི་སྣ་སོགས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་ཞིག་འདུ་འཛོམས་བྱུང་འདུག

༸གོང་ས་མཆོག་གྲོང་ཁྱེར་སྦེང་ལོར་ནང་གི་མཛད་འཆར་ལེགས་གྲུབ་ཀྱིས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་སྤྱི་ཚོགས་བདེ་དོན་ཡར་རྒྱས་ཚན་པ་དང་། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་ཐུན་མོང་གིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་བཞིན་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནང་དུ་རྒྱ་གར་གྱི་དབུ་ཁྲིད་ Dr.B.R. Ambedkar དམ་པ་དེ་ཉིད་སྐུ་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་པ་དང་འདི་བཞིན་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཟླ་ ༥ ཚེས་ ༢༤ ཉིན་སྔ་དྲོ་ཚོུད་ ༧།༠༠ སྟེང་སྦེང་ལོར་གྲོང་ཁྱེར་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཆིབས་ཞལ་སྒྱུར་གནང་མཛད་ཡོད་པ་རེད། སྐབས་དེར་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་སྤྱི་ཚོགས་བདེ་དོན་ཚན་པའི་དྲུང་ཆེ་མཆོག་དང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་བཅས་གནམ་ཐང་དུ་ཕེབས་སྐྱེལ་ལ་ལྷན་བཅར་ཞུས་འདུག གཞི་རྩའི་ཁ་སང་ཚེས་ ༢༣ ཉིན་སྦེང་ལོར་ནང་དུ་རྒྱ་གར་གྱི་དབུ་ཁྲིད་ Dr.B.R. Ambedkar དམ་པ་དེ་ཉིད་སྐུ་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཀྱིས་ལམ་སྟོན་བཀའ་སློབ་བརྩལ་ཡོད་པ་དང་། དེ་བཞིན་མངའ་སྡེའི་ཡུལ་སྐོར་བློན་ཆེན་དང་སྐོར་སྲུང་དཔོན་སོགས་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་མཛད་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་རིང་ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང་། རྒྱ་གར་གྱི་ Indian Express གསར་ཁང་གི་ལས་བྱེད་རྣམས་ཀྱིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར། ཉིན་རྒྱབ་ཏུ་མགོན་པོ་༸གང་ཉིད་མཆོག་གི་བཞུགས་གནས་ Taj Mahal གསོལ་མགྲོན་ཁང་དུ་གསར་ཁང་དེའི་ལས་བྱེད་རྣམས་ལ་མཇལ་ཁ་དང་བླང་དོར་གྱི་ལམ་སྟོན་བཀའ་སློབ་བརྩལ་གནང་གི་ཡོད་པ་རེད། སང་ཉིན་ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་བློན་ཆེན་ཟུར་པ་ Arun Shouri མཆོག་གིས་ལྗགས་རྩོམ་གནང་པའི་ཕྱག་དེབ་དབུ་འབྱེད་དང་བཀའ་སློབ་བརྩལ་གནང་རྒྱུའི་མཛད་རིམ་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་ཌོ་ཊར་ཨམ་བིད་ཀར་མཆོག་གི་འཁྲུངས་སྐར་མཛད་སྒོར་བཀའ་སློབ་བརྩལ་བ།

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་སྤྱི་ཚོགས་བདེ་དོན་ཡར་རྒྱས་ཚན་པ་དང་། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་ཐུན་མོང་གིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་གར་གྱི་རྩ་ཁྲིམས་གསར་བཟོ་གནང་མཁན་དང་སྤྱི་ཚོགས་དྲང་བདེན་དང་ཕོ་མོ་འདྲ་མཉམ་བཅས་ཀྱི་ཐོག་ཆེས་མཛད་རྗེས་སྙན་གྲགས་ཆེ་བའི་རྒྱ་གར་གྱི་དབུ་ཁྲིད་ Dr.B.R. Ambedkar དམ་པ་དེ་ཉིད་སྐུ་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཀྱིས་སྤྱི་ཚོགས་ཁྲོད་དྲང་བདེན་གྱི་ཁྲིམས་ལུགས་ལག་བསྟར་དགོས་པའི་སྐོར་དང་མི་རིགས་འདྲ་མཉམ་སྐོར་གྱི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བརྩལ་གནང་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Dr.B.R. Ambedkar དམ་པ་དེ་ཉིད་ནི་རྒྱ་གར་གྱི་རྩ་ཁྲིམས་གསར་གཏོད་གནང་པ་དང་། ལྷག་པར་དུ་རྒྱ་གར་ནང་དུ་རིགས་དམན་པའི་མི་རིག ས་ལ་དབྱེ་འབྱེད་ཀྱིས་མཐོང་ཆུང་བྱེད་པའི་ལམ་ལུགས་ལ་བསྒྱུར་བཅོས་གནང་པའི་རླབས་ཆེན་གྱི་བྱ་གཞག་ལ་ཡི་རངས་བསྔགས་བརྗོད་གནང་པ་དང་འབྲེལ། སྤྱིར་རིགས་དམན་པར་དབྱེ་འབྱེད་དང་མཐོང་ཆུང་བྱེད་པ་དེ་ནི་ཆོས་ལུགས་ནང་ནས་བྱུང་བ་ཞིག་མིན་པར་དེ་ནི་མིའི་སྤྱི་ཚོགས་དང་བསམ་བློ་གཏོང་སྟངས་ཐོག་ནས་བྱུང་བ་ཞིག་ཡིན་པས་ད་ལྟའི་དུས་འདིར་ལམ་ལུགས་དེ་དག་རྩ་བ་ནས་མེད་པ་བཟོ་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་མཛད་ཡོད། ༸གོང་ས་མཆོག་ནས་མུ་མཐུད་མི་སུ་འདྲ་ཞིག་ཡིན་རུང་མིའི་ནུས་པ་གཅིག་མཚུངས་ཡོད་སྟབས་རིགས་དམན་པ་ཚོས་རང་ཉིད་ལ་རིགས་དམན་པ་ཡིན་བསམ་པའི་བག་འཁུམས་པའི་བསམ་བློ་དོར་ཏེ་རང་ཉིད་ལ་འགྲོ་བ་མི་སྤྱི་མཚུངས་ཀྱི་ནུས་པ་ཡོད་བསམ་ནས་རང་གིས་རང་ལ་གདེང་ཚོད་དང་སྤོབས་པ་བསྐྱེད་དགོས་གལ་ཡིན་པ་སོགས་ཀྱི་བཀའ་སློབ་བརྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་དེ་སྔོན་མགོན་པོ་༸གང་ཉིད་མཆོག་ལྷོ་ཨ་ཕི་རི་ཁའི་ནང་དུ་ཕེབས་སྐབས་ཁྱེད་རང་ཚོོ་རང་དབང་ཐོབ་ཡོད་པས་ད་ནས་སྤོབས་པ་དང་གདེང་ཚོད་ཡོད་པའི་སྒོ་ནས་ལས་ཀ་བྱེད་དགོས་ཞེས་བཀའ་བརྩལ་སྐབས་ཡུལ་དེའི་མི་རིགས་ཀྱིས་ང་ཚོ་མི་ནི་རིགས་ནག་པོ་ཡིན་སྟབས་རང་བཞིན་གྱིས་སྐྱོ་བ་ཡོད་ཅེས་ལན་འདེབས་བྱས་པ་ཞིག་ལུང་འདྲེན་གནང་པ་དང་ཆབས་ཅིག མི་རིགས་དང་ཤ་མདོག་གི་ཁྱད་པར་གང་ཡིན་ཡང་མི་ཚང་མར་ནུས་པ་གཅིག་མཚུངས་ཡོད་སྟབས་རིགས་དམན་པ་ཚོས་སློབ་སྦྱོང་ལ་དོ་སྣང་གནང་ཚེ་རང་ཉིད་ཙམ་མིན་པར་སྤྱི་ཚོགས་ཁྱོན་ལ་ཕན་པའི་ཞབས་འདེགས་བསྒྲུབ་ཐུབ་ངེས་ཡིན་པའི་བཀའ་ནན་བརྩལ་ཡོད་པ་རེད། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Siddaramaiah མཆོག་དང་སྤྱི་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་ Sri. H. Anjaneya མཆོག རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་ཀྱི་དབུ་ཁྲིད་སྐུ་ཞབས་ Malikarjuna Kharge མཆོག མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ། བློན་ཆེན་སོགས་གནད་ཡོད་མི་སྣ་མང་དག་ཞིག་ཕེབས་གནང་པ་མ་ཟད། ཁོང་རྣམ་པ་གསུམ་གྱིས་ Dr.B.R. Ambedkar དམ་པ་དེ་ཉིད་སྐུ་འཚོ་བཞུགས་སྐབས་ཀྱི་མཛད་རྗེས་ལ་རྗེས་དྲན་ཆེ་བསྟོད་ཀྱི་གསུང་བཤད་གནང་པ་དང་། དེ་བཞིན་ཀ་ན་ཊ་ཀ་མངའ་སྡེ་གཞུང་ནས་རིགས་དམན་པ་ཚོར་དམིགས་བསལ་གཟིགས་སྐྱོང་གནང་བཞིན་པའི་ཁར། ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་འཛུགས་སྐྲུན་ལས་འཆར་མང་པོ་ཞིག་ཡོད་པ་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད། ལྷག་དོན་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་ཀྱི་དབུ་ཁྲིད་སྐུ་ཞབས་ Malikarjuna Kharge མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིངའདིའི་ནང་གི་མི་ས་ཡ་མང་པོས་གུས་བརྩི་ཞུ་ཡུལ་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་སོགས་ཀྱི་ཆེ་བསྟོད་ཀྱང་རྒྱ་ཆེ་ཞུས་གནང་ཡོད། རྩ་བའི་དེ་རིང་གི་མཛད་སྒོ་དེའི་ཐོག་ལ་སྐུ་མགྲོན་རྣམ་པ་དང་གནད་ཡོད་མི་སྣ། དེ་བཞིན་མང་ཚོགས་སོགས་ཁྱོན་མི་གྲངས་ ༢༠༠༠ ལྷག་ཕེབས་ཡོད་པ་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན།  སང་ཚེས་ ༢༤ ཉིན་༸གོང་ས་མཆོག་སྦེང་ལོར་ནས་ཆིབས་ཞལ་བསྒྱུར་གནང་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་གནང་གི་ཡོད་པ་དང་། རྒྱ་གར་གྱི་ Indian Express གསར་ཁང་གི་ལས་བྱེད་རྣམས་ཀྱིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུ་དོན་བཞིན་གསར་ཁང་དེའི་ལས་བྱེད་རྣམས་ལ་བླང་དོར་གྱི་ལམ་སྟོན་བཀའ་སློབ་བརྩལ་གནང་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་བློན་ཆེན་ཟུར་པ་ Arun Shouri མཆོག་གིས་ལྗགས་རྩོམ་གནང་པའི་ཕྱག་དེབ་དབུ་འབྱེད་དང་བཀའ་སློབ་བརྩལ་གནང་རྒྱུའི་མཛད་རིམ་ཡོད་པ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེང་ལོར་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་པ།

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་སྤྱི་ཚོགས་བདེ་དོན་ཡར་རྒྱས་ཚན་པ་དང་། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་ཐུན་མོང་གིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཚེས་ ༢༣ ཉིན་རྒྱ་གར་གྱི་རྩ་ཁྲིམས་གསར་བཟོ་གནང་མཁན་དང་སྤྱི་ཚོགས་དྲང་བདེན་དང་ཕོ་མོ་འདྲ་མཉམ་བཅས་ཀྱི་ཐོག་ཆེས་མཛད་རྗེས་སྙན་གྲགས་ཆེ་བའི་རྒྱ་གར་གྱི་དབུ་ཁྲིད་ Dr.B.R. Ambedkar དམ་པ་དེ་ཉིད་སྐུ་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་དེ་རིང་ཚེས་ ༢༢ སྔ་དྲོ་ཚོུད་ ༩།༣༠ ཐོག་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་གྱི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང་། སྐབས་དེར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་སྤྱི་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་ Sri. H. Anjaneya མཆོག་དང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་རྟེན་གཞི་བྱས་པའི་ཆོས་བརྒྱུད་ཁག་གི་མཁན་པོ་དང་སྐུ་ཚབ་རྣམ་པ། བླ་སྤྲུལ་ཁག་ཅིག ལྷོ་ཕྱོགས་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པ་སོགས་གནད་ཡོད་མི་སྣ་ཁག་ཅིག་ཕེབས་བསུར་བཅར་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་བསྟུན་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་མཁན་བླ་སྤྲུལ་ཁག་ཅིག སེར་བྱེས་ཕྱག་མཛོད་ཆེན་མོ་སོགས་གནད་ཡོད་མི་སྣ་ཁག་ཅིག་གིས་ཕེབས་བསུ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་འབྲེལ་ཡོད་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ནས་ཕེབས་པའི་དགེ་རྒན་མི་སྣ་བདུན་ལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་བརྩལ་བ་མ་ཟད། ཀ་ན་ཊ་ཀ་མངའ་སྡེའི་ཡུལ་སྐོར་བློན་ཆེན་སོགས་དཔོན་རིགས་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བརྩལ་ཡོད་པ་རེད། གཞི་རྩའི་སང་ཕྱི་ཚེས་ ༢༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༢།༠༠ བར་༸གོང་ས་མཆོག་གིས་སྦེང་ལོར་གྲོང་ཁྱེར་གི་ Dr.B.R. Ambedkar Bhavan ཞེས་དམ་པ་དེའི་དྲན་རྟེན་ཚོགས་ཁང་དུ་མཛད་སྒོའི་ཐོག་དབུ་བཞུགས་གནང་རྒྱུ་དང་། སྤྱི་ཚོགས་ཁྲོད་དྲང་བདེན་གྱི་ཁྲིམས་ལུགས་ལག་བསྟར་དགོས་པའི་སྐོར་གྱི་བརྗོད་གཞིའི་ཐོག་མང་ཚོགས་སྟོང་ཚོོ་བརྒལ་བར་བཀའ་སློབ་བརྩལ་གནང་རྒྱུ་རེད་འདུག སྐབས་དེར་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Siddaramaiah མཆོག་དང་སྤྱི་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་ Sri. H. Anjaneya མཆོག རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་ཀྱི་དབུ་ཁྲིད་སྐུ་ཞབས་ Malikarjuna Kharge མཆོག་བཅས་ཕེབས་རྒྱུ་ཡིན་པ་མ་ཟད། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ།  བློན་ཆེན་སོགས་གནད་ཡོད་མི་སྣ་མང་དག་ཞིག་ཕེབས་གནང་གི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱ་གར་གྱི་ Indian Express གསར་ཁང་གི་ལས་བྱེད་རྣམས་ཀྱིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུ་དོན་བཞིན་༸གོང་ས་མཆོག་ཚེས་ ༢༤ ཉིན་སྦེང་ལོར་ནས་ཆིབས་ཞལ་བསྒྱུར་གནང་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་ Indian Express གསར་ཁང་གི་ལས་བྱེད་རྣམས་ལ་བླང་དོར་གྱི་ལམ་སྟོན་བཀའ་སློབ་བརྩལ་གནང་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ལྡིི་ལིར་རྒྱ་གར་གྱི་བློན་ཆེན་ཟུར་པ་ Arun Shouri མཆོག་གིས་ལྗགས་རྩོམ་གནང་པའི་ཕྱག་དེབ་དབུ་འབྱེད་དང་བཀའ་སློབ་བརྩལ་གནང་རྒྱུའི་མཛད་རིམ་ཡོད་པ་རེད་འདུག

ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ལས་བྱེད་བདུན་ནས་༸གོང་ས་མཆོག་མཇལ་ཁ་ཞུས་འདུག

ཡུ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་མི་མང་ཚོགས་པ་དང་སྤྱི་ཚོགས་རིང་ལུགས་དང་མང་གཙོའི་རིང་ལུགས་ཀྱི་ཡར་ཐོན་སྣ་འབྲེལ་ཚོགས་པ་སོགས། ཆབ་སྲིད་ཚོགས་པ་ཁག་མི་འདྲ་བ་ལྔ་ཡི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕྱག་རོགས་བོད་དོན་རྒྱབ་སྐྱོར་བ་ལས་བྱེད་བདུན་ཁ་སང་ཚེས་ ༢༡ ཉིན་དགུང་བཞུགས་སྒར་དུ་ཕེབས་འབྱོར་བྱུང་མ་ཐག་ཀངྒ་ར་གནམ་ཐང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་འདུག རྩ་བའི་ཐེངས་འདིའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་ལས་བྱེད་བོད་དོན་རྒྱབ་སྐྱོར་བ་བདུན་པོའི་ཁོངས་ལྕམ Zsuzsana Ferenczy ལགས་དང་། ལྕམ་ Dalila Bernard ལགས། ལྕམ་ Margareta Kovacova ལགས་དང་ལྕམ་ Harriet Clayton ལགས་ལྕམ་ Gyongyver Forro ལགས་དང་སྐུ་ཞབས་ Flavien Deltortl དེ་བཞིན་སྐུ་ཞབས་Francesco Giorgi ལགས་བཅས་ཕེབས་འདུག ལྕམ་སྐུ་ Harriet ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་དང་སྦྲགས་ཁོང་རྣམ་པ་ཁ་སང་༸གོང་ས་མཆོག་མཇལ་རྒྱུ་བྱུང་བ་གོ་སྐབས་བཟང་པོ་ཞིག་དང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ༸གང་ཉིད་མཆོག་གི་དྲུང་ནས་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ཐབས་ལམ་སྐོར་ལམ་སྟོན་གནང་ཡོད་སྐོར་གསུངས་སོང་། སྐུ་ཞབས་ Francesco Giorgi ལགས་སུ་དེ་རིང་སྔ་ཐོག་ཁོང་རྣམ་པ་འཚམས་གཟིགས་འདིའི་ཁྲོད་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པ་དང་སྤྱི་འཐུས་ཚོགས་གཞོན་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་མཇལ་འཕྲད་སྐོར་བཅར་འདྲི་ཞུས་པར། ཚོགས་གཞོན་མཆོག་དང་མཇལ་འཕྲད་འདི་ནས་ང་ཚོས་གཞུང་དང་གཞུང་གི་གནང་མ་ཐུབ་པ་ཁག་ཅིག་གྲོས་ཚོགས་ཀྱི་འབྲེལ་ལམ་ཐོག་ནས་གནང་ཐུབ་ཡག་ཡོད་པ་ངོས་འཛིན་ཐུབ་ཡོད་སྐོར་གསུངས་ཀྱིས་འདུག ཐེངས་འདིའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ལས་བྱེད་རྣམས་པ་དང་ལྷན་དུ་ཕེབས་པ་སྦར་སེལ་སྐུ་ཚབ་དོན་ཁང་གི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚན་པའི་འབྲེལ་ཡོད་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུངས་པར། ཡུ་རོབ་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་ཡོང་བར་གྲོས་ཚོགས་འཐུས་མི་གཅིག་པོ་མ་ཡིན་པར་ཁོང་རྣམ་པ་དང་ལྷན་དུ་ཕྱག་རོགས་ལས་བྱེད་རྣམ་པའི་རྒྱབ་སྐྱོར་དེ་ཡང་ཧ་ཅང་གལ་གནད་ཆགས་ཀྱི་ཡོད་སྟབས་ད་རེས་ཁོང་ལས་བྱེད་རྣམས་ལ་བོད་མིའི་སྤྱི་ཚོགས་རྒྱུས་ལོན་ཆེད་དུ་གདན་ཞུ་ཕུལ་བ་ཞིག་རེད་འདུག གཞི་རྩའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་ལས་ཁུངས་སུ་ཕྱག་ལས་གནང་མཁན་ལས་བྱེད་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་སྔ་ལོ་༢༠༡༦ཕྱི་ཟླ་ ༡༠ཚེས་༡༧གསར་འཛུགས་གནང་ཡོད་པ་དང་། ཚོགས་པ་དེ་དང་གྲོས་ཚོགས་འཐུས་མི་རྣམས་པའི་རྒྱབ་སྐྱོར་འོག་སྔ་ལོའི་ཟླ་༡༢ནང་ཡོ་རོབ་གྲོས་ཚོགས་ནས་བོད་གྲོས་ཆོད་བཞག་གནང་སྟེ། རྒྱ་ནག་གཞུང་ནས་བླ་རུང་སྒར་གཏོར་བཤིག་དང་གྲྭ་བཙུན་རྣམ་པ་བཙན་དབང་གིས་ཕྱིར་འབུད་གཏོང་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་སྦྲགས། རྒྱ་ནག་གཞུང་ལ་བོད་མིའི་སྐུ་ཚབ་དང་ལྷན་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། ཡུ་རོབ་གྲོས་ཚོགས་འཐུསམིའི་ལས་བྱེད་བོད་དོན་རྒྱབ་སྐྱོར་བ་རྣམས་པ་ཟླ་བ་འདིའི་ཚེས་༢༦བར་བཞུགས་སྒར་དུ་འཚམས་གཟིགས་གནང་གི་འདུག་པ་དང་དེའི་ཁྲོད་ཁོང་རྣམས་པས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་ལས་བྱེད་ཚོགས་མི་རྣམ་པ་དང་མཇལ་འཕྲད་ཙམ་མ་ཟད། ས་ར་མཐོ་སློབ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ཤེས་ཡོན་དང་རིག་གཞུང་ལྟེ་གནས་ཁང་ཁག་ཅིག་ཏུ་ཕེབས་གནང་གི་འདུག  

༸གོང་ས་མཆོག་གིས་ཟླ་བཅུ་པའི་ནང་ཨ་རིའི་ Raleigh གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་མཛད་པ།

ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་མཁན་ཨ་རི་ Carolina མངའ་སྡེའི་རྒྱལ་ས་ Raleigh གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ལྕམ་ Nancy McFarlane མཆོག་གིས་མགོན་པོ་༸གང་ཉིད་མཆོག་རིང་མིན་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་ནང་གྲོང་ཁྱེར་ Raleigh དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་ཡོངས་བསྒྲགས་གནང་འདུག དེ་ཡང་ལྕམ་སྐུ་ McFarlane མཆོག་གིས་བརྒྱུད་ལམ་ཁག་ལ་གནས་ཚུལ་འགྲེལ་བརྗོད་གནང་དོན། ལྕམ་སྐུ་མཆོག་དང་ཁོང་གི་ཕྱག་སྦྲེལ་ཞིག་ཉེ་སྔོན་བཞུགས་སྒར་དུ་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་འདི་ལོ་ཨ་རིའི་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་བའི་ཁྲོད་ངེས་པར་དུ་ Raleigh གྲོང་ཁྱེར་ནང་དུ་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་སྐབས་དེར་༸གོང་ས་མཆོག་ནས་གྲོང་ཁྱེར་དེའི་ས་གནས་མི་མང་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཆེ་གྲས་ཁག་ཅིག་བང་སྒྲིག་ཡོད་པ་མ་ཟད། དེའི་ཁྲོད་༸གོང་ས་མཆོག་ནས་ཀྱང་དེ་མིན་གྱི་མཛད་འཆར་ཆུང་གྲས་ཁག་ཅིག་བསྐྱང་སྲིད་ཀྱང་། ད་ལྟའི་ཆར་དེའི་སྐོར་ཞིབ་ཕྲ་ཁ་གསལ་ཞུ་རྒྱུ་དཀའ་སྟབས། རྗེས་སུ་ཐུགས་གཏན་འཁེལ་རིམ་བཞིན་ཡོངས་བསྒྲགས་གནང་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་ཁོང་གིས་དེ་སྔ་ Raleigh གྲོང་ཁྱེར་དུ་༸གོང་ས་མཆོག་གི་དགོངས་གཞི་ཁྱབ་སྤེལ་ཡོང་ཐབས་སུ་དར་ལྕོག་དང་འདྲ་བའི་རས་གཞི་སྟེང་དུ་ཁུལ་དེའི་ས་གནས་མང་ཚོགས་ཀྱི་ཁྲོད་ནས་བསམ་ཚུལ་དང་རེ་བ། དེ་བཞིན་༸གང་ཉིད་མཆོག་ལ་ཞུ་འདོད་ཆེ་བའི་སེམས་ཚོར་སོགས་འཁོད་པའི་དར་ལྕོག་ཁག་ཅིག་ཕྱོགས་སྒྲིག་ཞུས་པ་མགོན་པོ་༸གང་ཉིད་མཆོག་ལ་སྤྱན་འབུལ་ཞུས་འདུག མགོན་པོ་མཆོག་ནས་ Raleigh གྲོང་ཁྱེར་ནང་གི་ཚན་རིག་དང་འཕྲོད་བསྟེན་ལྟ་སྐྱོང་ཉམས་ཞིབ་གཟེངས་སུ་ཐོན་པར་དམིགས་བསལ་ཐུགས་འཁུར་དང་འབྲེལ་ད་ལན་གྲོང་ཁྱེར་དེའི་ནང་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་མཛད་པ་ཞིག་རེད་ཅེས་གསུངས་འདུག ལྕམ་སྐུ་ Nancy མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་གང་ཟག་གཞན་དང་གྲོགས་འདྲིས་སླ་ཞིང་དང་ཞལ་ཤོབ་ཚ་བའི་སྐྱེས་བུ་ཞིག་ཡིན་མ་ཟད། མི་མང་དཀྱུས་མ་བཞིན་གཞན་ལ་བཀའ་མོལ་གནང་གི་ཡོད་སྟབས། མང་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་གི་ཞལ་ཤོབ་ཚ་བའི་རང་བཞིན་དེར་ཧ་ལས་ངེས་ཡིན་པ་གསུངས་འདུག གཞི་རྩའི་ལྕམ་སྐུ་ Nancy McFarlane མཆོག་ཟླ་བ་འདིའི་ཚེས་ ༦ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་ཞུས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་མཆོག་རྣམ་གཉིས་དང་མཇལ་འཕྲད་ཀྱང་གནང་སྟེ་བོད་དོན་གླེང་སློང་གནང་ཡོད་པ་རེད།    

༸གོང་ས་མཆོག་གིས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་སློབ་ཕྲུག་ལྔ་བཅུ་ལྷག་ལ་ཆོས་ལུགས་ལ་མ་བརྟེན་བའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་སློབ་ཕྲུག་ཁག་ཅིག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་བཀའ་སློབ་བཀྲིན་བསྩལ་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨ་རིའི་མེ་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ ༡༠ དང་། ཁེ་ན་ཌའི་ Guelph གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ ༢༠ དེ་བཞིན་བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་གཏོང་ལེན་དགེ་རྩ་ཚོགས་པའི་རྒྱ་གར་ཉམས་ཐག་གྱི་སློབ་མ་དང་དགེ་ལས་ ༢༥ བཅས་ཁྱོན་སློབ་ཕྲུག་ ༥༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་འབྲེལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་བཀའ་སློབ་བསྩལ་འདུག སྐབས་དེར་༸གོང་མཆོག་ནས་མགོན་པོ་༸གང་ཉིད་མཆོག་ནི་དུས་རབས་ཉི་ཤུའི་ནང་གི་སྐྱེ་བོ་ཞིག་ཡིན་པ་དང་། དུས་རབས་དེའི་རིང་ལ་འགྲོ་བ་མི་རྣམས་ནས་འཛམ་བུ་གླིང་ཐོག་ལ་དཀའ་རྙོག་འདྲ་མིན་བཟོས་ཡོད་པ་སོགས་བཀའ་བསྩལ་བ་དང་སྦྲགས། ད་ལྟ་འཚར་ལོངས་བྱེད་བཞིན་པའི་ན་གཞོན་སློབ་མ་རྣམས་ནི་དུས་རབས་ ༢༡ པའི་མི་རབས་ཤིག་ཆགས་ཀྱི་ཡོད་སྟབས། དུས་རབས་འདི་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་ཚང་མས་ཧུར་བརྩོན་གནང་དགོས་པ་དང་། ལྷག་པར་དུ་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་པ་དང་བརྩེ་བའི་རང་བཞིན་ཡིན་སྟབས། ཞི་བདེ་ལྡན་པའི་འཛམ་བུ་གླིང་ཞིག་བཟོ་རྒྱུའི་རེ་བ་ངེས་ཅན་ཞིག་ཡོད་པ་རེད་ཅེས་བཀའ་སྩལ་འདུག སྐབས་དེར་གཏོང་ལེན་དགེ་རྩ་ཚོགས་པའི་གཟིགས་སྐྱོང་འོག་སློབ་སྦྱོང་གནང་སྟེ། ད་ལྟ་རྒྱ་གར་ལྷོ་ཕྱོགས་Banglore ནང་དུ་རྟེན་གཞི་བྱས་པའི་ Christ གཙུག་ལག་སློབ་གྲྭ་ཆེན་མོ་དང་། Kangra མཐོ་སློབ་སོགས་སུ་སློབ་གཉེར་གནང་བཞིན་པའི་སློབ་མ་ཁག་ཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་དེ་སྔ་གཏོང་ལན་དགེ་རྩ་ཚོགས་པའི་ནང་ལ་སྦྱང་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་དེ་དག མཐོ་སློབ་ཏུ་བསྐྱོད་སྐབས་སློབ་ཕྲུག་གཞན་ལ་སློབ་གསོ་ཕུལ་རྒྱུ་དང་། གཞན་ཕན་གྱི་བྱ་བ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ། དེ་བཞིན་རང་ཉིད་ཀྱི་སེམས་ཞི་བདེ་ངང་གནས་རྒྱུ་སོགས་ཀྱི་དགེ་མཚན་ཆེན་པོ་བྱུང་སྐོར་སྙན་གསེང་ཞུས་འདུག སྐབས་དེར་༸གོང་ས་མཆོག་གིས་སློབ་ཕྲུག་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གི་དགོངས་བཞེས་དེ་དག་ལག་བསྟར་གནང་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། གཞི་རྩའི་བྱམས་བརྩེའི་བསླབ་བྱ་དེ་དག་ལ་མང་ཚོགས་མང་པོ་ཞིག་ནས་ཡི་རངས་བསྔགས་བརྗོད་བྱེད་བཞིན་ཡོད་ཀྱང་། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་གྱི་ལམ་ལུགས་ཁྲོད་དུ་བྱམས་བརྩེའི་བསླབ་བྱ་དང་འགྲོ་བ་མའི་རིན་ཐང་སོགས་ཀྱི་ཐད་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པ་དེ་ནི་བློ་ཕམ་གྱི་གནས་སྟངས་ཤིག་དང་། ང་ཚོས་རང་ཉིད་ཀྱི་ཉམས་མྱོང་དང་ ལྷན་སྐྱེས་ཀྱི་བསམ་བློ་སྤྱོད་ནས་འགྲོ་བ་མིའི་རིན་ཐང་དང་། བཟང་སྐྱོད་ཀྱི་སློབ་གསོ་དེ་དག་རྒྱ་བསྐྱེད་གཏོང་རྒྱུ་གལ་ཆེ་ཡིན་པ་མ་ཟད། ལྷག་པར་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་དེ་དག་མང་ཚོགས་ལ་སློབ་ཁྲིད་ཐུབ་ཚེ་ལྐོག་ཟ་རུལ་སུངས་དང་དབུལ་ཕྱུག་གྱི་ཁྱད་པར། དེ་བཞིན་མི་རིགས་འདྲ་མཉམ་མེད་པའི་དཀའ་རྙོག་ཁག་སེལ་ནས་འགྲོ་བ་མིའི་སྤྱི་ཚོགས་དེ་བདེ་སྐྱིད་དང་འདྲ་མཉམ་ལྡན་པ་ཞིག་བསྐྲུན་ཐུབ་ཀྱི་རེད་ཅེས་བཀའ་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་བོད་དང་རྒྱ་གར་གཉིས་དབར་ཐུན་མིན་གྱི་ཆོས་རིག་འབྲེལ་བ་དང་། ལྷག་དོན་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་ལ་ངོ་སྤྲོད་སོགས་མཛད་གནང་འདུག རྩ་བའི་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་བཀའ་སློབ་ཐོག་བཅར་བའི་ཨ་རིའི་ Minnesota གཙུག་ལག་སློབ་གཉེར་ཁང་གི་སློབ་མ་བཅུ་པོ་དེ་དག་ད་ལྟའི་ཆར་བཞུགས་སྒར་དུ་རྟེག་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་དུ་བོད་ཀྱི་སྨན་གཞུང་སྐོར་ལ་སློབ་གཉེར་གནང་བཞིན་ཡོད་པ་དང་། ཁེ་ན་ཌའི་ Guelph གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཉི་ཤུ་དེ་དག་བཞུགས་སྒར་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཏུ་དྭང་བླངས་ཞབས་ཞུ་གནང་བཞིན་ཡོད་པ་རེད་འདུག  

༸གོང་ས་མཆོག་གིས་ Raleigh གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་མཛད་པ།

ཉེ་ཆར་ཨ་རིའི་བྱང་ Carolina Raleigh གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་ Nancy Mcfarlane མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་གྲོང་ཁྱེར་དེའི་ནང་དུ་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་འདུག དེའང་ཟླ་བ་འདིའི་ཚེས་ ༨ ཉིན་སྔ་ཐོག་ཨ་རིའི་བྱང་ Carolina མངའ་སྡེའི་གྲོང་ཁྱེར་ Raleigh སྤྱི་ཁྱབ་པ་ལྕམ་སྐུ་ Nancy Mcfarlane མཆོག་དང་ཕྱག་སྦྲེལ། དེ་བཞིན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་བཅས་རྣམ་པ་གསུམ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་མཇལ་ཁར་ཆེད་བཅར་ཞུས་འདུག་པ་དང་། སྐབས་དེར་ལྕམ་སྐུ་ Nancy Mcfarlane མཆོག་གིས་༸གོང་ས་མཆོག་ལ་མགོན་པོ་༸གང་ཉིད་ Raleigh གྲོང་ཁྱེར་ནང་དུ་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་འགྲེལ་བརྗོད་གནང་འདུག ལྷན་རྒྱས་ཀྱི་མཇལ་མོལ་དེའི་ཐོག་མགོན་པོ་༸གང་ཉིད་མཆོག་ལ་ Raleigh གྲོང་ཁྱེར་དེ་ནི་༸གོང་ས་མཆོག་གི་བཀའ་དགོངས་བཞིན་བྱམས་དང་སྙིང་རྗེ་གོང་འཕེལ་གནང་མཁན་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་གཞིབ་བཞག་ཕྱོགས་ཐད་ལ་བཀའ་བསྡུར་གནང་འདུག དེ་བཞིན་ཁོང་གིས་དེ་སྔ་ Raleigh གྲོང་ཁྱེར་དུ་༸གོང་ས་མཆོག་གི་དགོངས་གཞི་ཁྱབ་སྤེལ་ཡོང་ཐབས་སུ་ཁུལ་དེའི་ས་གནས་མང་ཚོགས་ཀྱི་ཁྲོད་ནས་བསམ་ཚུལ་དང་རེ་བ། དེ་བཞིན་༸གང་ཉིད་མཆོག་ལ་ཞུ་འདོད་ཆེ་བའི་སེམས་ཚོར་སོགས་འཁོད་པའི་དར་ལྕོག་ཁག་ཅིག་ཕྱོགས་སྒྲིག་ཞུས་པ་མགོན་པོ་༸གང་ཉིད་མཆོག་ལ་སྤྱན་འབུལ་ཞུས་འདུག གཞི་རྩའི་ལྕམ་སྐུ་ Nancy McFarlane མཆོག་ཟླ་བ་འདིའི་ཚེས་ ༦ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་ཞུས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་མཆོག་རྣམ་གཉིས་དང་མཇལ་འཕྲད་ཀྱང་གནང་སྟེ་བོད་དོན་གླེང་སློང་གནང་ཡོད་པ་རེད།

རྒྱ་གཞུང་གིས་ཨ་རི་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་དང་འབྲེལ་ལམ་ཡོངས་རྫོགས་མཚམས་འཇོག་གནང་དགོས་པའི་ཉེན་བརྡ།

རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་པར་སྐྱོན་བརྗོད་དང་འབྲེལ། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་ངོས་ནས་༸གོང་མཆོག་དང་འབྲེལ་ཡོངས་རྫོགས་མཚམས་འཇོག་གནང་བྱེད་དགོས་པ་མ་ཟད། ད་བར་གྱི་འབྲེལ་ལམ་དེའི་བརྒྱུད་ནས་བྱུང་བའི་དཀའ་ངལ་ཁག་འཕྲལ་དུ་ཡོ་བསྲང་གནང་དགོས་པའི་ཉེན་བརྡ་བཏང་འདུག ཨ་རིའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་བརྒྱད་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཁ་ཉིན་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུས་པ་མ་ཟད། ལྷག་དོན་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་པའི་ཁྲོད། ཁ་སང་ཚེས་ ༡༠ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་གསར་འགོད་ལྷན་ཚོགས་ཤིག་གི་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པས་བཞུགས་སྒར་དུ་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུས་པ་དེས་འཛམ་གླིང་སྤྱི་ལ་བརྡ་ལན་ནོར་བ་ཞིག་སྤྲད་ཡོད་པ་མ་ཟད། ཨ་རི་གཞུང་ནས་བོད་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་རྒྱུ་མིན་པའི་ཁས་ལེན་དམ་བཅའ་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་བྱས་འདུག  དེ་བཞིན་ Geng Shuang ཡིས་ཨ་རིའི་གྲོས་ཚོགས་འཐུས་མི་ངོས་ནས་བོད་ཀྱི་གནད་དོན་ཐད་ངེས་པར་དུ་ཡིད་གཟབ་གནང་དགོས་པ་དང་། ཁྱད་པར་དུ་༸གོང་ས་མཆོག་དང་འབྲེལ་ལམ་ཡོངས་རྫོགས་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། ད་བར་གྱི་འབྲེལ་ལམ་དེའི་བརྒྱུད་ནས་བྱུང་བའི་དཀའ་ངལ་ཁག་འཕྲལ་དུ་ཡོ་སྲང་གནང་དགོས་པའི་ཉེན་བརྡ་བཏང་འདུག དེ་བཞིན་གནད་དོན་དེར་རྒྱ་རིགས་ཉམས་ཞིབ་པ་ Lian Xiangmin ཡིས་རྒྱ་ནག་གཞུང་འབྲེལ་གྱི་Global Times བརྒྱུད་ལམ་ཐོག་ཐེངས་འདིའི་ཨ་རིའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གི་གནང་སྤྱོད་དང་ཁོང་གི་ལྷན་དུ་ཡོད་པའི་གྲོས་ཚོགས་འཐུས་མི་གཞན་ཚོས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་མངོན་དང་ཡོངས་སུ་འགལ་ཡོད་ཚུལ་བཅས་བརྗོད་ཡོད་པ་རེད། རྩ་བའི་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་དུ་གོ་སྒྲིག་གནང་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པར་དགའ་བསུའི་སྣེ་ལེན་གྱི་མཛད་སྒོ་དེའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་གཙོ་བོར་གྱུར་པའི་ཨ་རི་གཞུང་ནས་ད་བར་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པར་བསྔགས་བརྗོད་གནང་པ་དང་སྦྲགས་ཏེ་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་སོང་བ་མ་ཟད། ད་རེས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་མི་སྣ་བཞུགས་སྒར་དུ་ཆེད་ཕེབས་གནང་པ་དེས་བོད་ནང་གི་བོད་མི་ཚོར་རེ་བ་དང་། རྒྱ་ནག་གཞུང་ལ་དྲང་བདེན། དེ་བཞིན་རྒྱལ་སྤྱིའི་ཁྱོན་ལ་རང་དབང་གི་བརྡ་ལན་ཞིག་སྤྲོད་ཐུབ་ཡོད་སྐོར་གསུངས་སོང་། རྒྱ་ནག་གཅིག་གི་སྲིད་བྱུས་དང་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཉིས་ལ་འགལ་ཟླ་རྩ་བ་མེད་སྟབས། ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། ལྷག་  དོན་སྲིད་འཛིན་ Donald Trump མཆོག་ནས་༸གོང་ས་མཆོག་དང་ལྷན་མཇལ་མོལ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་གཞག་གནང་སྟེ་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་བར་འབད་བརྩོན་གནང་དགོས་པའི་རེ་འདུན་བཏོན་གནང་ཡོད། མཛད་སྒོ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་ཨ་རི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཕེབས་ནས་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་བཏོན་པ་དང་། དེ་བཞིན་བོད་མིར་གདུང་སེམས་མཉམ་བསྐྱེད་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་པ་བཅས་ལ་བཀའ་དྲིན་ཆེ་ཞེས་བཀའ་གནང་པ་དང་འབྲེལ།  དེ་རིང་ང་ཚོ་འདིར་འདུ་འཛོམས་གནང་པ་ནི་རྒྱ་ནག་ལ་ངོ་རྒོལ་མཚོན་ཆེད་དུ་གནང་པ་ཞིག་རྩ་བ་ནས་མིན་སྐོར་བཀའ་ནན་མཛད་ཡོད་པ་རེད། ཁ་སང་བཙན་བྱོལ་བོད་མི་གཞུང་མང་གཉིས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པའི་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་མཛད་སྒོའི་ཐོག་༸གོང་ས་མཆོག་ལ་ཆེ་བསྟོད་དང་སྦྲགས་༸གོང་ས་མཆོག་ནི་ང་ཚོར་སེམས་བསྐུལ་གནང་མཁན་སྙིང་རྗེའི་བདག་ཉིད་ཅན་ཞིག་དང་ཕུགས་བསམ་ཅན་ཞིག་ཡིན་ཅེས་གསུངས་པ་དང་སྦྲགས། ང་ཚོ་འདིར་མགོན་པོ་༸གང་ཉིད་མཆོག་གི་མཇལ་འཕྲད་ཞུ་ཕྱིར་ཆེད་བཅར་ཞུས་པ་ཡིན་ཅེས་དང་། ཁྱད་པར་དུ་ལྕམ་སྐུ་མཆོག་གིས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་གནང་པ་དང་འབྲེལ་རྒྱ་གཞུང་གིས་སྡུག་རྩུབ་ཅན་གྱི་ཐབས་བྱུས་འོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་ཡོད་སྟབས། ང་ཚོས་ཕྱོགས་གང་ས་ནས་དེར་གདོང་ལེན་བྱ་རྒྱུ་ཡིན་ཅེས་མངོན་གསལ་གནང་ཡོད། གཞན་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་སྐུ་ཞབས་ Aliot Engel མཆོག དེ་བཞིན་ལྕམ་སྐུ་ Pramila Jayapal མཆོག་བཅས་ནས་ད་རེས་བཞུགས་སྒར་དུ་དམིགས་བསལ་༸གོང་ས་མཆོག་དང་ལྷན་མཇལ་མོལ་གནང་པ་དང་། ཁོང་རྣམས་ཞལ་གཅིག་གྲག་གིས་ཇི་སྲིད་བོད་མི་རྣམས་རང་ཡུལ་ལ་རང་དབང་གི་ཐོག་ནས་ཆོས་དང་རིག་གཞུང་སོགས་ཀྱི་དགའ་བདེའི་དཔལ་ལ་རོལ་མ་ཐུབ་བར་དུ་ང་ཚོ་དུས་རྟག་ཏུ་ཁྱེད་རྣམས་དང་ཁ་འབྲེལ་གྱི་མ་རེད་ཅེས་ནན་གསུངས་གནང་སོང་། ལྷག་པར་དུ་རྒྱ་གཞུང་ལ་གཉའ་གནོན་ཅན་གྱི་བྱ་སྤྱོད་དེ་མཚམས་འཇོག་བྱེད་དགོས་པ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུས་ནས་༸གོང་ས་མཆོག་གང་མགྱོགས་བོད་ལ་ཆིབས་བསྒྱུར་བསྐྱང་ཐུབ་ཆེད་ཐབས་ཤེས་སྒོ་ཀུན་ནས་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད།        

Latest news