Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཚེ་རབས་ནས་ཚེ་རབས་བར་དུ་གཞན་དོན་མཛད་རྒྱུའི་དགོངས་པ་ཡོད་པ་བཀའ་སྩལ་བ།

དེ་རིང་ཐེ་ཝན་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩིའི་རོལ་དབྱངས་མཛད་སྒོ་ཞིག་ཚོགས་པའི་ཐོག་༸གོང་ས་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་བཀའ་དྲིན་སྩལ་བར་མགོན་༸གང་ཉིད་མཆོག་ཚེ་རབས་ནས་ཚེ་རབས་བར་དུ་གཞན་དོན་མཛད་རྒྱུའི་དགོངས་པ་ཡོད་ཅེས་བཀའ་སྩལ་འདུག ཐེ་ཝན་ནང་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་ཚེ་ཆོས་ཚོགས་ཀྱི་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཕྱག་ཚོད་ ༨་༣༠ ནས་དབུ་འཛུགས་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་རོལ་དབྱངས་མཛད་སྒོ་ཞིག་ཚོགས་ཡོད་པ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་ནས་ཕྱག་ཚོད་ཕྱེད་ཀ་ཙམ་གྱི་རིང་དབུ་བཞུགས་མཛད་དེ་ངོས་རང་ད་དུང་ལོ་ཉི་ཤུ་སུམ་ཅུ་རིང་བསྡད་ཀྱི་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པ་དང་སྦྲགས། མགོན་༸གང་ཉིད་མཆོག་ཚེ་རབས་ནས་ཚེ་རབས་བར་དུ་གཞན་དོན་མཛད་རྒྱུའི་དགོངས་པ་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་དུས་རྟག་ཏུ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་མཛད་བཞིན་པ་ལྟར་ཐེ་ཝན་གྱི་ཆོས་གྲོགས་རྣམས་ནས་ཀྱང་གང་ཐུབ་ཐུབ་ཀྱིས་དེ་ལྟར་གནང་གལ་ཡིན་པ་དང་སེམས་པ་བཟང་པོ་གྱིས་ཤིག་ཅེས་བཀའ་སྩལ་ཡོད། སྤྱིར་ཐེ་ཝན་དད་ལྡན་པ་རྣམས་ནས་ལོ་ལྟར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་ནས་ཐེ་ཝན་གྱི་ས་ཁུལ་གང་སར་མགོན་པོ་༸གང་ཉིད་མཆོག་གི་མཚན་ཐོག་ལ་Ambulance འམ་ནད་པ་འདྲེན་འཁོར་རེ་ཞལ་འདེབས་ཕུལ་སྲོལ་ཡོད་པ་ལྟར་འདི་ལོ་ཡང་ཁོང་རྣམས་ནས་ཐེ་ཝན་གྱི་ཡུན་ལིང་རྫོང་ཁོངས་ལ་༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་དང་འབྲེལ་ཏེ་་ནད་པ་འདྲེན་འཁོར་ཕུལ་ཡོད་པར་མ་ཟད་དེའང་༸གོང་ས་མཆོག་གིས་དྲ་ཐོག་ནས་དབུ་བྱེད་མཛད་སོང་། དེ་རིང་ཐེ་ཝན་ནང་དུ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཐེ་པེ་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ལྕམ་ Huang Shan-shan ལགས་མཉམ་བཞུགས་གནང་སྟེ་༸གོང་ས་མཆོག་ལ་༸སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་ཡོད་པ་རེད། དེའི་བར་ན་དེ་རིང་ Wion གསར་ཁང་གིས་དྲ་གནས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་བའི་ནང་སྲིད་སྐྱོང་མཆོག་གིས་ཟླ་བ་འདིའི་ཚེས་ ༦ ཉིན་བཞུགས་སྒར་དུ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Takur མཆོག་ཕེབས་གཏན་ཁེལ་ཡོད་པ་གསུངས་འདུག

༸གོང་ས་མཆོག་གིས་ Philippines སྲིད་འཛིན་གསར་པར་འཚམས་འདྲི་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Ferdinand Marcos Jr ལགས་ Philippines ཡི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་ནས་ཡུལ་དེའི་སྲིད་འཛིན་སྐབས་ ༡༧ པར་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། མ་འོངས་ལས་དོན་དང་མི་མང་གི་མངོན་འདོད་ཁག་གང་ལེགས་གྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དགའ་བསུའི་འཚམས་འདྲི་ཞིག་སྩལ་བའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་སྲིད་འཛིན་མཆོག་གི་ལས་ཡུན་ནང་གདོང་ལེན་གནང་དགོས་པའི་ལས་དོན་རྣམས་ལམ་ལྷོངས་ལྡན་པ་དང་། དཔལ་འབྱོར་ཞན་པའི་ཧྥི་ལི་པི་ནོའི་མང་ཚོགས་ཚོའི་མངོན་འདོད་དང་རེ་འདོད་ཁག་གང་ལེགས་གྲུབ་ཐུབ་པར་ཐུགས་སྨོན་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་སྐུ་ཉིད་ཀྱི་མཁྱེན་གསལ་ལྟར། ངོས་དང་ཧྥི་ལི་པི་ནོའི་མང་ཚོགས་དབར་མཛའ་འབྲེལ་དམ་ཟབ་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་མ་ཐག་ཧྥི་ལི་པི་ནོའི་མང་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་མཚོན་ཕྱིར་ Ramon Magsaysay Award ཞེས་པའི་གཟེངས་རྟགས་ཕུལ་བ་དེས་༸གོང་ས་མཆོག་ལ་ཐུགས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཀའ་སྩལ་བ་དང་ཆབས་ཅིག ལྷག་དོན་སྙན་གྲགས་ཆེ་བའི་དབུ་ཁྲིད་ཀྱི་མཚན་གནས་ཡོད་པའི་གཟེངས་རྟགས་འབུལ་བཞེས་ཀྱི་དགོས་དམིགས་ལྟར་མགོན་པོ་༸གང་ཉིད་མཆོག་གིས་མུ་མཐུད་ནས་ཆིག་སྒྲིལ་དང་གཞན་དོན་བསྒྲུབ་རྒྱུའི་སྙིང་སྟོབས་དང་དམ་བཅའ་བརྟན་པོ་བཟུང་ཡོད་ཅེས་སོགས་བཀའ་སྩལ་འདུགགསུང་འཕྲིན་གྱི་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནས་ང་ཚོའི་མི་ཚེ་དང་རིག་གཞུང་གི་དོན་སྙིང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་བསླབ་བྱ་རྣམས་ཉམས་བཞེས་གནང་དགོས་པའི་སྐུལ་ལྕག་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་ལྷན་གཅིག་ཏུ་བསླབ་བྱ་དེ་དག་སྐྱེ་འགྲོའི་བདེ་སྡུག་ལ་སྨན་ཕྱིར་ཞབས་འདེབས་ཞུ་འདོད་ཡོད་རིགས་ཀུན་ནས་ཉམས་བཞེས་གནང་ཐུབ་པར་ཡིད་ཆེས་ཡོད་ཅེས་ལམ་སྟོན་མཛད་འདུག། གཞི་རྩའི་སྐུ་ཞབས་ Ferdinand Marcos Jr ལགས་ནི་ཕྱི་ལོ་ ༡༩༥༧ ལོར་ Philippines རྒྱལ་ས་ Manila ནང་དུ་སྐུ་འཁྲུངས་ཤིང་། ཁོང་གི་ཡབ་དམ་པ་ Ferdinand Marcos Sr Philippines ཡིས་སྲིད་འཛིན་སྐབས་ ༡༠ པའི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། དེ་བཞིན་ ༡༩༨༠ ལོར་ llocos Norte ཡི་གཞུང་འཛིན་པ་སྐུ་གཞོན་གྱི་ཐུགས་འགན་བཞེས་པ་དང་དེ་རྗེས་ ༡༩༨༦ ལོར་ Hawaii ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་སླར་རང་ཡུལ་དུ་ཕྱིར་ལོག་གནང་ཡོད་པ་རེད། འབྲེལ་ཡོད་པར་གྱི་བདག་དབང་། nbcnews དང་།The star དེ་བཞིན་ Bangkok Post

༸གོང་ས་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་ཅེས་བཀའ་བཞེས་སྨིན་སྩལ།

ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་བཅས་ཚོགས་པ་ལྔས་དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་བ་དང་སྦྲགས། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལས་དབང་བཙན་པོའི་ཐོག་ནས་ངོས་དང་བོད་གངས་ཅན་ལྗོངས་དབར་ཐུན་མིན་གྱི་འབྲེལ་བ་ཡོད་སྟབས་ད་དུང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་པ་དང་དེ་ལྟར་ཐུབ་ཀྱི་རེད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོ་ཚོུད་ ༦ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ནས་༸སྐུའི་ཚེ་སྒྲུབ་གནང་གྲུབ་མཚམས་སུ་ཚོུད་ ༧༌༢༠ ཡོལ་ཙམ་ལ་ཚོགས་ཁག་གི་སྐུ་ཚབ་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆོན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་དངོས་དང་འབྲེལ་བའི་མཎྡྲལ་ལྗགས་བཤད་གནང་བ་དང་འབྲེལ་ཏེ་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཕུགས་ལེགས་ཚོགས་ཀུན་གྱི་གཞི་རྩར་དགོངས་ཡངས་ཆེན་པོས་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀའ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དུ་གྱུར་བ་མཁྱཻན། མཁྱཻན། མཁྱཻན་ཞེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་། བརྟན་བཞུགས་ཀྱི་མཛད་རིམ་ཡོངས་སུ་གྲུབ་པ་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འཇོལ་ཀོང་རྒྱལ་གསུམ་གཙོས་ཚོགས་པ་ལྔས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་ཕུལ་བ་རེད། ལས་དང་སྨོན་ལམ་བཙན་པོའི་ཐོག་ནས་ངོས་དང་བོད་གངས་ཅན་ལྗོངས་དབར་ཐུན་མིན་གྱི་འབྲེལ་བ་ཡོད་སྟབས་ད་དུང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་སེམས་ཤུགས་དང་ཡིད་ཆེས་ཡོད་པ་ལྟར་བཞུགས་ཐུབ་ངེས་ཡིན་སྟབས། ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨ་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་སོང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་དོན་གསལ་བར་ཐུགས་རེ་གནང་ཆོག་པ་དང་དེའང་དེང་སྐབས་རྒྱ་ནག་ནང་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་འདུག་ལ། བོད་ཀྱི་ནང་ཆོས་དང་༸གོང་ས་མཆོག་གི་མཚན་གནས་སོགས་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག་ཅེས་བཀའ་སྩལ་བ་དང་འབྲེལ། བོད་རྒྱ་ཆེ་མང་ཚོགས་ཚོས་ཀྱང་བོད་ཀྱི་བདེན་དོན་གསལ་བར་སེམས་ཤུགས་བསྐྱེད་དགོས་གལ་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་། ༸གོང་ས་མཆོག་གིས་ད་ཆ་མགོན་པོ་༸གང་ཉིད་མཆོག་བོད་ཀྱི་ཆབ་སྲིད་ཀྱི་༸སྐུ་དབང་ནས་རྒས་ཡོལ་དུ་ཕེབས་ཡོད་པ་དང་ཆབ་སྲིད་ཀྱི་གནད་དོན་ཐོག་ཕྱག་ལས་གནང་མཁན་བཀའ་སྤྱི་གཉིས་ཞེས་ཡག་ཐག་ཆོད་ཡོད་རེད། ཁོང་རྣམ་པས་དྲང་པོ་དྲང་བཞག་གིས་ཚགས་ཚུད་ངང་ཕྱག་ལས་གནང་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་ཐུགས་ལྷོད་ལྷོད་ཐོག་ནས་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཉམས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ་ཡོད། ཐེངས་འདིའི་བརྟན་བཞུགས་འདི་ནི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་ལ་ཚོགས་སྡེ་ཁག་མང་པོས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པའི་ཁོངས་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་གི་བརྟན་བཞུགས་ཐོག་ས་ཕྱོགས་འདྲ་མིན་ནས་བཅར་བའི་ཡར་འབྲོག་གཞིས་བྱེས་མི་མང་གི་མང་ཚོགས། འཇོལ་ཀོང་རྒྱལ་གསུམ་གྱི་མང་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་མང་ཚོགས། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་གི་མང་ཚོགས། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ་ལགས་བཅས་སོགས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འདུ་འཛོམས་གནང་ཡོད་པ་རེད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་སྐབས་སུ་བོད་ཀྱི་ཟློས་གར་ཚོགས་པས་བཀྲིས་ཞོལ་པ་དང་མཆོད་དབྱངས་སོགས་ཕུལ་བའི་ཐོག་ནས་སྤྱན་འདྲེན་གཟབ་རྒྱས་ཞུས་ཡོད།བརྟན་བཞུགས་བསྟར་འབུལ་སྐབས་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་གནང་སྟེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་༸གོང་ས་མཆོག་ལ་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུས་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་གིས་གཙོས་པའི་ཚོགས་པ་ཁག་གི་འཐུས་མི། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་ཕེབས་འདུག ༸སྐུ་པར་ཁག་ཅིག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

ཆར་ཞོད་ཀྱི་གོད་ཆག་ཕོག་པའི་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་གསོ་མཛད་པ།

དེང་སྐབས་རྒྱ་གར་ཁྱོན་ཡོངས་སུ་དབྱར་དུས་ཀྱི་དུས་ཚོད་དང་བསྟུན་ཨ་སམ་ཁུལ་དུ་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་ལོག་བྱུང་སྟེ་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་ཕོག་པས་ཆེས་ངལ་བ་འཕྲད་བཞིན་ཡོད་སྟབས། དེ་རིང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Dr. Himanta B. Sharma མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་ནང་ཨ་སམ་གཙོས་རྒྱ་གར་གྱི་ས་གནས་མང་པོར་ལོ་བསྟུད་མར་དབྱར་དུས་ཀྱི་ཆར་ཞོད་ཀྱི་རྐྱེན་གྱིས་གོད་ཆག་བྱུང་གི་ཡོད་པ་དེ་ནི་སྟབས་མ་ལེགས་པ་ཞིག་དང་། ལྷག་པར་ད་རེས་ཨ་སམ་ཁུལ་དུ་ཆར་ཞོད་གོད་ཆག་ཆེ་རྐྱེན་མང་ཚོགས་ཀྱི་ཚེ་སྲོག་ཤོར་ཏེ་མི་རྒྱུ་གཉིས་ཀར་གྱོང་གུད་ཕོག་པར་ཐུགས་ཕམ་བྱུང་སྐོར་བཀའ་སྩལ་དང་སྦྲགས་ཏེ། ཤུལ་ལུས་ནང་མི་ཉེ་སྤུན་མཆེད་དང་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ས་གནས་ལ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་སྤེལ་མཁན་ཚོར་ཡི་རང་བསྔགས་བརྗོད་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུགགཞི་རྩའི་དེང་སྐབས་རྒྱ་གར་ཁྱོན་ཡོངས་སུ་ཆར་དུས་ཀྱི་དུས་ཚོད་དང་བསྟུན། ཉེ་བའི་ཆར་རྒྱ་གར་བྱང་ཤར་ཕྱོགས་སུ་ཡོད་པའི་ཨ་སམ་མངའ་སྡེའི་ནང་ལ་ཆར་ཞོད་ཤུགས་ཆེ་རྐྱེན་ཆུ་ལོག་དང་ས་རུད་སོགས་བྱུང་སྟེ་མང་ཚོགས་ཀྱི་འཚོ་ཐབས་སོགས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་རེད། ཨ་སམ་མངའ་སྡེ་ནང་འདི་ལོའི་ཆར་ཞོད་ཀྱི་གོད་ཆག་ནི་སྔར་ལས་ལྷག་པ་བྱུང་ཡོད་པ་དང་ལྷག་དོན་ཨ་སམ་སྨད་ཕྱོགས་ཁུལ་དུ་གནོད་འཚེ་ཚབས་ཆེན་ཕོག་འདུག བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་སམ་ནང་དེ་རིང་བར་མི་ ༨༠ ལས་ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་རྫོང་ ༣༦ ཡོད་པའི་ཁོངས་ནས་རྫོང་ ༣༢ ནང་གི་མི་འབུམ་ ༤༨ ཙམ་ལ་ངལ་བ་འཕྲད་པ་བྱུང་འདུག

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་༸རྒྱལ་བའི་བརྟན་བཞུགས་ཀྱི་སྒྲུབ་ཞག་གནང་བཞིན་པ།

ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་བཅས་ཚོགས་པ་ལྔས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད། སྐབས་དེའི་༸རྒྱལ་བའི་བརྟན་བཞུགས་དང་འབྲེལ་བའི་ཐུན་མོང་གི་སྔོན་འགྲོའི་ཆོ་ག་ཁག་ཅིག་བདུན་ཕྲག་གཅིག་རིང་གཙུག་ལག་ཁང་དུ་གནང་གཏན་ཁེལ་ཡོད་པ་ལྟར་ཕྱི་ཚེས་ ༡༨ ཉིན་ནས་དབུ་འཛུགས་ཀྱིས་ཁྱོན་གཟའ་འཁོར་གཅིག་རིང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་ཞག་གནང་བཞིན་ཡོད་པར་མ་ཟད། བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་སོ་སོས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་ལ་སྨན་པའི་ཚེ་སྒྲུབ་སོགས་ཀྱི་ཆོ་ག་འདྲ་མིན་གནང་དང་གནང་བཞིན་འདུགརྩ་བའི་ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་བཅས་ཐུན་མོང་གི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་སངས་ཀྱི་སྐུ་གསུང་ཐུགས་རྟེན་མཚོན་བྱེད་སངས་རྒྱས་ཀྱི་འདྲ་སྐུ་དང༌གསུང་རབ་གླེགས་བམ། མཆོད་རྟེན་བཅས་དང་། དེ་བཞིན་འབྲུ་སྣ་ལྔ་དང་རིན་ཆེན་སྣ་ལྔ་བཅས་ཆགས་ཀྱི་འདུགརྩ་བའི་འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཤུགས་ཆེར་སོང་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་བརྒྱུད་མང་ཚོགས་ལ་བཀའ་ཆོས་དང་བཀའ་དབང་། བཀའ་སློབ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་ཀྱང་། ད་ཆ་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་ཡར་རྒྱས་སུ་སོང་བར་བརྟེན་རིམ་པས་སྔར་བཞིན་མཛད་འཆར་ཁག་མུ་མཐུད་དབུ་འཛུགས་བསྐྱང་གནང་མཛད་པ་ལྟར། ཟླ་བ་ ༧ ཚེས་ ༨ ནས་ཚེས་ ༡༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད། དེ་ཡང་ཚེས་ ༨ ཉིན་གྱི་སྔ་དྲོ་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་གཏན་ཁེལ་ཡོད་པར་མ་ཟད། དེ་བཞིན་ཟླ་བ་ ༩ ཚེས་ ༡༥ དང་ ༡༦ གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

ནང་ཆོས་ཀྱིས་མཚོན་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་མི་རབས་རྗེས་མ་ཚོས་ཉམས་མེད་བརྒྱུད་འཛིན་བྱེད་པའི་དུས་སུ་སླེབས་ཡོད་ཅེས་བཀའ་སྩལ་འདུག

ཕྱི་ཟླ་ ༦ ཚེས་ ༡༧ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༡ བར་ཉིན་ལྔའི་རིང་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚོགས་ཁང་ཆེན་མོ་ནང་དུ་སྒོམ་སྒྲུབ་དང་སེམས་ཁམས་རིག་པའི་ཐོག་རྒྱལ་ཡོངས་འཕགས་བོད་བགྲོ་གླེང་ཐེངས་གཉིས་པ་དེ་འཚོགས་བཞིན་ཡོད་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་འཕགས་བོད་མཁས་པའི་བགྲོ་གླེང་ཐོག་གསུང་འཕྲིན་ཞིག་སྩལ་ཏེ། རང་རེེ་བོད་ལ་ལོ་སྟོང་ཕྲག་གི་སྔོན་ནས་ནང་ཆོས་ཀྱིས་མཚོན་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་དག་ད་ཆ་མི་རབས་རྗེས་མ་ཚོས་ཉམས་མེད་བརྒྱུད་འཛིན་བྱེད་པའི་དུས་སུ་སླེབས་ཡོད་ཅེས་ལམ་སྟོན་མཛད་འདུག༸གོང་ས་མཆོག་གིས་ཟླ་ ༦ ཚེས་ ༡༡ ཉིན་སྩལ་བའི་གསུང་འཕྲིན་རིན་པོ་ཆེ་ནང་དུ། མགོན་པོ་༸གང་ཉིད་མཆོག་གིས་དགའ་ལྡན་ཤར་བྱང་སློབ་གཉེར་ལྷན་ཚོགས་ཀྱིས་ལོ་ཤས་སྔོན་ནས་གོ་སྒྲིག་གིས་རྒྱལ་ཡོངས་འཕགས་བོད་བགྲོ་གླེང་ཐེངས་དང་པོ་ཚོགས་པ་དང་། ད་ལམ་ཡང་འཕགས་བོད་མཁས་པའི་བགྲོ་གླེང་འཚོགས་འཆར་ལ་ཡི་རང་བསྔགས་བརྗོད་དང་འབྲེལ། ངོས་ནས་ལོ་བཞི་ཅུ་ཙམ་གྱི་གོང་ནས་ཚན་རིག་པ་དང་མཉམ་དུ་ནང་པའི་གཞུང་ནས་བྱུང་བའི་སེམས་ཁམས་རིག་པ་སོགས་བརྗོད་གཞི་དུ་མའི་ཐོག་བགྲོ་གླེང་ལྷུག་པོར་བྱས་པའི་འབྲས་བུར། ནང་པའི་གཞུང་ལུགས་ནས་བྱུང་བའི་སེམས་ཁམས། ལྟ་གྲུབ། གཏན་ཚིགས་རིག་པ་སོགས་ཀྱིས་འཛམ་གླིང་སྤྱིའི་ཤེས་ཡོན་ལ་ཕན་ཐོགས་རླབས་ཆེན་ཡོང་བའི་ངེས་པ་རྙེད་བྱུང་ཞེས་བཀའ་སྩལ་བ་དང་ཆབས་ཅིག བོད་ཀྱི་ཆོས་བརྒྱུད་ནི་ནཱལེནྡཱའི་བརྒྱུད་པ་ཚང་ལ་མ་ནོར་བ་དེ་ཡིན་པས་ཡང་དག་པའི་རིགས་ལམ་ཉིད་ནས་ངེས་པ་འདྲོང་རྒྱུ་ཡོད་པ་ཞིག་རེད་ཅེས་བཀའ་སྩལ་མཛད་འདུགདེ་བཞིན་མགོན་པོ་༸གང་གིས་ངོས་ཀྱིས་རྒྱལ་སྤྱིའི་སྡིངས་ཆར་བོད་ཀྱི་ཆོས་དང་རིག་གཞུང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པར་སྤྲོ་བ་དང་ཕྱི་རབས་རྣམས་ལའང་རང་གི་རིག་གཞུང་བརྒྱུད་འཛིན་བྱེད་ཕྱོགས་ཐད་ལམ་སྟོན་གྱི་མིག་དཔེ་ལྟ་བུར་གྱུར་པའི་ཡིད་ཆེས་ཡོད་པར་བཀའ་སྩལ་འདུགགཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་རེ་བོད་ལ་ལོ་སྟོང་ཕྲག་གི་སྔོན་ནས་ནང་ཆོས་ཀྱིས་མཚོན་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་དག་ད་ཆ་མི་རབས་རྗེས་མ་ཚོས་ཉམས་མེད་བརྒྱུད་འཛིན་བྱེད་པའི་དུས་སུ་སླེབས་ཡོད་པས་ཀུན་གྱིས་སྤོབས་པ་དང་ལྷག་བསམ་རྒྱ་ཆེར་བསྐྱེད་དེ་མ་ཁྱབ་པའི་སར་ཁྱབ་པ་དང་། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་སུ་རྒྱ་ཆེར་གསལ་བར་བྱེད་དགོས་པའི་སྐུལ་ལྕག་དང་ཐུགས་སྨོན་བཅས་བཀྲིན་ཆེ་བ་སྩལ་གནང་མཛད་འདུགརྩ་བའི་ཉིན་གྲངས་ལྔའི་རིང་ཚོགས་པའི་སྒོམ་སྒྲུབ་དང་སེམས་ཁམས་རིག་པའི་ཐོག་རྒྱལ་ཡོངས་འཕགས་བོད་བགྲོ་གླེང་ཐེངས་གཉིས་པ་དེ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་གི་གཟི་བརྗིད་མངོན་ཐུབ་པ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་བ། ཕྱི་ནང་གཉིས་ཀྱི་དཔལ་ཡོན་ལྡན་པའི་མི་སྡེའི་སྤྱི་ཚོགས་གསར་པ་ཞིག་དང་། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་རླབས་ཆེན་གྱི་དགོངས་གཞི་གཞིར་བཟུང་། ཕྱི་ལོ་ ༢༠༡༩ རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོར་སྲུང་བརྩི་ཞུས་པ་དང་འབྲེལ་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེས་ཐོག་མ་ཚོགས་ཡོད། སླར་ཟླ་བ་འདིའི་ཕྱི་ཚེས་ ༡༧ ནས་ ༢༡ བར་ཉིན་ལྔའི་རིང་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྒོམ་སྒྲུབ་དང་སེམས་ཁམས་རིག་པའི་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཐེངས་གཉིས་པ་གནང་བ་ཞིག་ཆགས་ཡོད།གཞི་རྩའི་ཐེངས་གཉིས་པའི་རྒྱལ་ཡོངས་འཕགས་བོད་བགྲོ་གླེང་ཐོག་རྒྱ་གར་གྱི་མངའ་སྡེ་ཁག་བཅོ་ལྔའི་ས་ཁུལ་འདྲ་མིན་ནས་ཆེད་མཁས་མི་སྣ་དང་དོན་གཉེར་ཅན་ ༣༠༠ ལྷག་དང་། རྒྱ་གར་གནས་བརྟན་སྡེ་པའི་དགེ་སློང་དང་འབུམ་རམས་པ། མཐོ་རིམ་དགེ་རྒན། གདན་སའི་མཁས་དབང་རྣམ་པ། ཟུར་ཉན་པ་མོན་གྷོ་སམ་བྷོ་ཊའི་དགེ་སློབ། གཞིས་གྲོང་ཁག་གི་མི་མང་དོན་གཉེར་ཅན་བཅས་ཁྱོན་མི་གྲངས་ ༢༦༠ ལྷག་ལྷན་འཛོམས་གནང་འདུག དེ་བཞིན་བགྲོ་གླེང་གི་སློབ་སྟོན་པའི་ཁོངས་སུ་དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་དགའ་བྱང་མཁན་རིན་པོ་ཆེ་བློ་བཟང་བསྟན་པ་མཆོག ༸སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་བཅས་རྣམ་པ་ཆགས་ཀྱི་འདུགརླུང་འཕྲིན་ཁང་གིས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཁོངས་སུ་ཡོད་པ་༸གོང་ས་མཆོག་གི་༸སྐུའི་ཧིཾདཱིའི་གསུང་སྒྱུར་བ་སྐུ་ཞབས་ཀཻ་ལཱཤ་ལགས་སུ་ཐེངས་འདིའི་བགྲོ་གླེང་ཐོག་དམིགས་བསལ་གཞུང་ཆེན་གང་དག་ཐོག་བགྲོ་གླེང་གནང་ཡོད་པ་དང་སྒོམ་སྒྲུབ་དང་སེམས་ཁམས་རིག་པ་ཞེས་བརྗོད་གཞི་གདམ་དོན་གང་ཡིན་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་ཡོད་པས་གཤམ་དུ་གསན་པར་ཞུ།།

༸གོང་ས་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་གླེའི་ཁུལ་དུ་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་ཁེལ་འདུགའདི་ལོའི་ཕྱི་ཟླ་བཞི་པ་ནང་ཁྲིགས་སེ་རིན་པོ་ཆེ་མཆོག་དང་ལ་དྭགས་ནང་པ་ཚོགས་འདུའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས། དེ་བཞིན་ལ་དྭགས་དགོན་ཚོགས་ཀྱི་གཙོ་འཛིན་རྒན་བཤད་སྒྲུབ་བྱམས་པ་ལགས། ལིང་ཤེད་དགོན་པའི་སྐུ་ཚབ་བཅས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༢ ལོའི་དབྱར་དུས་སུ་ལ་དྭགས་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་འདི་ལོའི་ཕྱི་ཟླ་བདུན་པའམ་བརྒྱད་པ་ནང་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་དོན་ལྟར། ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ལ་དྭགས་སུ་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་ཁེལ་འདུག་པར་མ་ཟད་ཁུལ་དེར་ཟླ་བ་གཅིག་ཙམ་རིང་༸སྐུ་ལྷོད་བཞུགས་མཛད་རྒྱུ་དང་མང་ཚོགས་ལ་ཉིན་གསུམ་རིང་བཀའ་ཆོས་སྩལ་གཏན་ཁེལ་འདུགརླུང་འཕྲིན་ཁང་གིས་ལ་དྭགས་དགོན་པ་ཚོགས་འདུའི་དབུས་སྐྱོང་བསྟན་འཛིན་དབང་གྲགས་ལགས་སུ་ཞལ་པར་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཁུལ་གྱི་ཆིབས་བསྒྱུར་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་མགོན་པོ་༸གང་ཉིད་མཆོག་གླེའི་ཁུལ་དུ་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་གྱི་ཞོགས་པར་ལ་དྭགས་སུ་ཆིབས་བསྒྱུར་དང་ཁུལ་དེར་ཟླ་བ་གཅིག་ལྷག་གམ་ཕྱི་ཟླ་བརྒྱད་པའི་བདུན་ཕྲག་གསུམ་པ་དང་བཞི་པ་བར་དུ་སྐུ་ལྷོད་མཛད་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཀྱི་ཁུལ་དུ་སྐུ་ལྷོད་བཞུགས་མཛད་སྐབས་སུ་མཛད་འཆར་ཅི་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པ་༸གང་ཉིད་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་ཟིན་པའི་རྗེས་སུ་ཉིན་གྲངས་བཅུ་ཙམ་རིང་སྐུ་ལྷོད་བཞུགས་མཛད་རྒྱུ་དང་དེ་རྗེས་སྨན་པས་༸སྐུའི་འཕྲོད་བཞེས་བརྟག་ནས་༸སྐུའི་འཕྲོད་བཞེས་གསལ་ཐང་ཡིན་པའི་ལམ་སྟོན་ཕེབས་ཚེ་གླེའི་ཉེ་འཁོར་གྱི་མཛད་འཕྲིན་ཁག་སྐབས་དེ་དུས་ཐུགས་གཏན་ཁེལ་ངེས་ཡིན་པ་གསུངས་ཡོད།༸གོང་ས་མཆོག་ལ་དྭགས་ནས་ཆིབས་བསྒྱུར་མ་མཛད་གོང་ལ་དྭགས་ཀྱི་དད་ལྡན་མི་མང་ཡོངས་ཀྱི་ཆེད་དུ་ལ་དྭགས་ UT གཞུང་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས། དེ་བཞིན་ནང་ཚོགས་དང་དགོན་ཚོགས་བཅས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕལ་ཆེར་ཉིན་གྲངས་གསུམ་རིང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་བཀའ་ཆོས་སྩལ་རྒྱུ་ཐུགས་གཏན་ཁེལ་ཡོད་སྐོར་གསུངས་སོང་།གཞི་རྩའི་ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཁུལ་གྱི་ཆིབས་བསྒྱུར་མཛད་རྒྱུ་ནི་ལོ་ངོ་གཉིས་ཀྱི་གོང་ལ་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་བའི་རྗེས་ཀྱི་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ལ་དྭགས་ཁུལ་གྱི་ལས་ཀྱི་སྣེ་མོ་བ་ཚོས་དེ་སྔ་གསོལ་འདེབས་ཞུས་སྐབས་སུ་ལིང་ཤེད་དགོན་གྱི་དབྱར་ཆོས་ཆེན་མོ་དང་ཁྲིགས་སེ་དགོན་པ་བཅས་སུ་ཆིབས་བསྒྱུར་མཛད་རྒྱུའི་གསོལ་འདེབས་ཞུས་ཡོད་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནས་ཕྱིར་བཞུགས་སྒར་དུ་༸ཞབས་སོར་འཁོད་རྗེས་ཕྱི་ཟླ་ ༩ ཚེས ༡༥ དང་ ༡༦ བཅས་ཉིན་གཉིས་རིང་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་ བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དངོས་གཞི་སྩལ་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་བདུན་པ་ནས་དབུ་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་མང་ཚོགས་ཆིག་ཁྲི་ཙམ་ལ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་བཀའ་དྲིན་སྩལ་བ་དང་སྦྲགས། འཕགས་པ་སྤྱན་རས་གཟིགས་དང་བོད་མིའི་དབར་གྱི་ཐུན་མིན་གྱི་འབྲེལ་བ་དང་བྱང་ཆུབ་ཀྱི་སེམས་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་སོགས་བཀའ་སློབ་ལམ་སྟོན་བཀའ་དྲིན་སྩལ་གནང་མཛད་སོང་། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཁ་སང་མགོན་པོ་གང་ཉིད་མཆོག་ནས་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་གྱི་སྒྲུབ་ཞག་མཛད་དེ་སྔོན་འགྲོའི་བཀའ་དབང་ཁག་ཅིག་སྩལ་སོང་བ་དང་དེ་རིང་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོར་བཀའ་དབང་དངོས་གཞི་སྩལ་ཡོད་པ་རེད། སྐབས་དེར་མགོན་པོ་གང་ཉིད་མཆོག་ནས་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་འདི་ཉིད་རྒྱུད་སྡེ་བཞི་ལས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་པ་སོགས་ཉམས་ལེན་གྱི་རྣམ་གཞག་ཁག་ཞིབ་ཕྲ་བཀའ་འགྲེལ་ཕེབས་ཡོད། མགོན་པོ་གང་ཉིད་མཆོག་ནས་ད་རེས་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གནང་རྒྱུ་བྱུང་བ་དེ་ནི་སྐལ་པ་བཟང་པོ་ཞིག་ཡིན་པ་དང་། འཕགས་པ་སྤྱན་རས་གཟིགས་ནི་བོད་གངས་ཅན་ལྗོངས་ཀྱི་ལྷ་བསྐལ་ཡིན་པས་ཐུན་མིན་གྱི་འབྲེལ་བ་ཡོད་པ་བཀའ་སྩལ་སོང་། དེ་བཞིན་མགོན་པོ་གང་ཉིད་མཆོག་ནས་དངོས་གཞིའི་བཀའ་དབང་སྩལ་སྐབས་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་འདིའི་དམ་ཚིག་གཙོ་བོ་དེ་ནི་སེམས་པ་བཟང་པོ་བྱ་རྒྱུ་དང་། རང་གཞན་གཉིས་ཀར་ཕན་པའི་བདེ་སྐྱིད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་རྒྱུ་དེ་ཡིན་པ་སོགས་བཀའ་སྩལ་ཡོད། ལྷག་པར་དུ་མགོན་པོ་གང་ཉིད་མཆོག་ནས་དབང་སྣོན་པའི་སྐབས་ལ་ད་རེས་བླ་མས་མར་དབང་ཐེངས་ཅིག་ངོ་སྤྲད་པ་དང་། དབང་ཞུ་མཁན་ཚོས་གཙོ་བོ་ཉི་རེ་བཞིན་དུ་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བར་བསམ་བློ་གཏོང་དགོས་པའི་ལམ་སྟོན་བཀའ་དྲིན་སྩལ་གནང་མཛད་སོང་།དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་བཀའ་དྲིན་སྩལ་མཚམས་སུ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་དབུས་པའི་འབྲེལ་ཡོད་རྣམ་པས་སྨོན་ལམ་གསུང་འདོན་དང་སྦྲགས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་ཞུས་སྟེ་ཐེངས་འདིའི་བཀའ་དབང་གི་མཛད་འཆར་ཁག་ལེགས་པར་གྲུབ་ཡོད།རྩ་བའི་ཐེངས་འདིའི་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་འདི་བཞིན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་གསོལ་འདེབས་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ཁ་སང་བཀའ་དབང་སྟ་གོན་གྱི་སྐབས་སུ་མགོན་པོ་གང་ཉིད་མཆོག་ནས་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་བཀའ་དྲིན་སྩལ་ཡོད།

སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་དབུ་འཛུགས།

སང་ཉིན་ས་ག་ཟླ་བའི་ཚེས་ ༡༥ དུས་ཚིགས་ཁྱད་པར་ཅན་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་མང་ཚོགས་ཡོངས་ལ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དངོས་གཞི་སྩལ་གཏན་ཁེལ་བ་ལྟར་དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་གྱི་སྒྲུབ་ཞག་མཛད་དེ་སྔོན་འགྲོའི་བཀའ་དབང་ཁག་ཅིག་སྩལ་བ་དང་དེ་བཞིན་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་སྩལ་གནང་མཛད་སོང་།   ཐེངས་འདིའི་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དང་བཀའ་ཆོས་ཀྱི་མཛད་རིམ་འདི་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་རིང་སྔ་དྲོ་བཀའ་དབང་གི་སྟ་གོན་སླད་༸གོང་ས་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་དུ་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་སྦྲགས། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་མ་སྩལ་གོང་ལ་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་བཀའ་དྲིན་སྩལ་གནང་མཛད་ཡོད།   སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་འཛམ་གླིང་འདིའི་ཐོག་སྟོན་པ་མང་པོ་ཕེབས་པ་རྣམས་ཀྱིས་རང་སོ་སོའི་གདུལ་བྱར་ཕན་ཐོགས་མང་པོ་བསྒྲུབས་ཡོད་པ་དང་། དེ་དག་ཁྲོད་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དེ་ནི་གཞན་དང་མི་འདྲ་བར་དད་པ་ཁོ་ནའི་རྗེས་སུ་འབྲང་རྒྱུ་ཙམ་མིན་པར་རིགས་པའི་ཐོག་ནས་འགྲོ་དགོས་པར་གསུངས་ཡོད་སྟབས། སྟོན་པའི་རྗེས་སུ་འབྲང་བ་ཙམ་མིན་པར་ཆོས་དད་མེད་མཁན་ཚོས་ཀྱང་བརྟག་པའི་ཐོག་ནས་ནང་ཆོས་ལ་དམིགས་བསལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བཀའ་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་ཀྱི་ཆོས་འདི་ཐོག་མར་བོད་ལ་ཇི་ལྟར་དར་ཚུལ་དང་ལྷག་པར་ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་སངས་རྒྱས་ཀྱི་བཀའ་བསྟན་འགྱུར་རྣམས་བོད་ཡིག་ཐོག་ཕབ་བསྒྱུར་མཛད་པ་སོགས་བཀའ་འགྲེལ་དང་སྦྲགས། བཀའ་འགྱུར་བསྟན་འགྱུར་དེ་དག་མཆོད་གཤོམ་ནང་སྒྲིག་རྒྱུ་ཞིག་མིན་པར་སློབ་སྦྱོང་གནང་གལ་ཡིན་པ་དང་། ལྷག་དོན་བོད་ཀྱི་སངས་རྒྱས་པའི་ཆོས་འདི་གཏིང་ཟབ་ཅིང་རིགས་པ་དང་ལྡན་པ་ཞིག་ཡིན་སྟབས། བར་སྐབས་ཤིག་ནས་རྒྱ་ནག་གུང་ཁྲན་ཏང་གིས་ཆོས་ལུགས་ལ་དགག་ཆ་བྱས་ཏེ་ཆོས་ལུགས་མེད་པ་བཟོ་ཐབས་མང་པོ་བྱས་ཡོད་ཀྱང་། གཞིས་ལུས་རྒྱ་ཆེ་མི་མང་གི་སེམས་ནང་ནས་ཆོས་དད་བརླག་ཐུབ་ཐབས་མེད་པ་ཞིག་ཆགས་ཡོད་ཅེས་བཀའ་སྩལ་མཛད་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བཙན་བྱོལ་ནང་འགྱར་བའི་རྗེས་སུ་ནང་ཆོས་ལ་སློབ་སྦྱོང་གནང་ཡུལ་བསྟི་གནས་ཁག་སླར་གསོ་དང་གསར་རྒྱག་རིམ་པ་གནང་སྟེ་དེ་སྔ་ཕྱི་མི་ཚོས་བོད་པའི་ནང་ཆོས་འདི་བླ་མའི་ཆོས་རེད་ཅེས་གསུངས་པ་ལའང་འགྱུར་བ་བཏང་ཡོད་པར་མ་ཟད་ད་ཆ་རྒྱུ་མཚན་དང་ལྡན་པའི་བོད་ཀྱི་ནང་ཆོས་ལ་ཚན་རིག་མཁས་པ་ཚོས་ཀྱང་དོ་སྣང་ཆེན་པོ་གནང་བཞིན་ཡོད་སྟབས། ང་ཚོར་བསྟན་པ་སྤུས་དག་པོ་ཞིག་ཡོད་པ་འདིར་སློབ་གཉེར་རྒྱ་གང་ཆེ་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་བཀའ་དྲིན་སྩལ་སྐབས་སེམས་ཆགས་སྡང་གི་གཞན་དབང་དུ་སོང་ཚེ་སེམས་སྐྱིད་པ་ཞིག་ཡོང་ཐབས་མེད་པས་རྣམ་ཀུན་ནས་སེམས་སྙོམས་པར་འཇོག་ཐབས་གནང་དགོས་པ་དང་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་ན་དགེ་མཚན་ཆེན་པོ་ཡོད་པ་སོགས་ལམ་སྟོན་མཛད་ཡོད།ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་བ་གྱུར་བ་འདིས་ཕྱོགས་གཅིག་ནས་འགྲོ་དོན་རྒྱ་ཆེ་བ་ཆེན་པོ་བསྒྲུབས་ཐུབ་ཡོད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག དེ་རིང་དང་སང་སྔ་དྲོ་སྩལ་རྒྱུའི་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་ལ་རྒྱ་ནག་དང་བོད་ནང་དུ་བཞུགས་མཁན་དོན་གཉེར་ཅན་མང་པོ་ཡོད་པ་ཚང་མ་ངོས་ཀྱིས་དམིགས་འོག་ཏུ་བཅུག་གི་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་བར་མ་ཟད་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་གྱི་སྒྲུབ་ཞག་མཛད་ཡོད། སྐུ་པར་ཁག་གི་བདག་དབང་སྐུ་སྒེར་ཡིག་ཚང་།

Latest news