Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

སེམས་ཀྱི་ཞི་བདེ་སྐྲུན་མཁན་བོད་ཀྱི་ཆོས་རིག་གིས་རྒྱ་ནག་མི་མང་དུང་ཕྱུར་ཁ་ཤས་ཡོད་པ་ཚོར་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཟོ་བསྐྲུན་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་དཔེ་དེབ་དང་ www.monlamdic.com ཞེས་པའི་ཚིག་མཛོད་ཆེན་མོའི་དྲ་རྒྱ་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྐྱོན་དུ་བལྟས་ནས་མེད་པར་བཟོ་ཐབས་དང་། ཐ་ན་བོད་ཡིག་སློབ་པ་ལའང་དམ་དྲག་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་སེམས་ཀྱི་ཞི་བདེ་སྐྲུན་མཁན་བོད་ཀྱི་ཆོས་རིག་གིས་འཛམ་བུ་གླིང་སྤྱི་དང་སྒོས་རྒྱ་ནག་མི་མང་དུང་ཕྱུར་ཁ་ཤས་ཡོད་པ་ལ་དངོས་ཡོད་ཀྱིས་སེམས་ཀྱི་ཞི་བདེ་དང་། སྤྱི་ཚོགས་བག་ཕེབས་དང་ཞི་བདེ་ཡོང་བ་ལ་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་བཀའ་སྩལ་སོང་།དེ་རིང་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་གཞུགས་སྒར་དུ་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་པོ་དང་འབྲེལ་བའི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་དང་སྨོན་ལམ་ཚིག་མཛོད་ཆེན་མོའི་དྲ་རྒྱ་དབུ་འབྱེད་བཀའ་དྲིན་སྩལ་ཡོད།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་གངས་ཅན་པའི་ཆོས་དང་རིག་གཞུང་ཧ་ཅང་གི་ཕྱུག་པོ་ཡིན་པ་མ་ཟད། བོད་ཀྱི་རིག་གཞུང་གིས་ཁ་ཡོད་ལག་ཡོད་ཀྱིས་མིའི་སེམས་ལ་ཞི་བདེ་སྤྲོད་ཐུབ་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་། མགོན་པོ་༸གང་ཉིད་མཆོག་ལ་ཆ་མཚོན་ན་བོད་ཀྱི་རིག་གཞུང་ལ་སྦྱང་པའི་དགེ་སློང་ཞིག་ཆགས་ཡོད། གང་ལྟར་སོ་སོའི་ལུང་པར་བྲལ་ཏེ་བཙན་བྱོལ་ལ་སླེབས་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ཀྱང་སེམས་ཀྱི་ཞི་བདེ་དཀྲུགས་ཐུབ་ཀྱི་མི་འདུག་ལ། དེར་གནས་ཐུབ་ཡོད་པ་དེ་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་དང་གོམས་གཤིས་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ལམ་སྟོན་སྩལ་སོང་།མགོན་པོ་མཆོག་གིས་བོད་མིའི་ངོས་ནས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་མཐའ་གཅིག་ཏུ་རང་བཙན་རྩོད་ཀྱི་མེད་པ་དང་། རང་སྐྱོང་གི་མིང་ཐོག་ནས་བདག་པོ་ཡག་པོ་རྒྱག་ཐུབ་པ་ཞིག་དང་། དེའི་ཐོག་རྒྱ་ནག་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཁྱབ་སྤེལ་གཏོང་ཐུབ་ན། འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ནང་དུ་ང་ཚོའི་བྱམས་པ་དང་བརྩེ་བའི་ཤུགས་རྐྱེན་ཏན་ཏན་བྱུང་ཐུབ་པ་ཞིག་རེད། ཚང་མས་སེམས་ཤུགས་བསྐྱེད་ནས་གནང་ཤོག་ཅེས་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་སྩལ་ཡོད།༸གོང་ས་མཆོག་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་མི་ཡོངས་ལ་ཡི་རངས་བསྔགས་བརྗོད་མཛད་པ་དང་སྦྲགས་ཏེ། ཚིག་མཛོད་འདི་ལྟ་བུ་རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་ལམ་སྟོན་དང་། དང་ཐོག་རྒྱ་ནག་སྐམ་ས་ཆེན་མོར་ཐད་ཀར་གཏོང་མ་ཐུབ་ཀྱང་ཐེ་ཝན་དང་ཧོང་ཀོང་ལ་གཏོང་བའི་འབད་བརྩོན་གནང་དགོས་ཞེས་དང་། རྒྱ་མི་གུང་ཁྲན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་དུག་རེད་ཟེར་བར་ཆོས་གང་འདྲ་ཡོད་པ་དང་། རིག་གཞུང་གང་འདྲ་ཡོད་པ་སྟོན་ཐུབ་པ་ཞིག་དང་། རིམ་བཞིན་རྒྱ་རིགས་སྤུན་ཟླ་ཚོས་ཤེས་ཐུབ་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ལམ་སྟོན་རྒྱ་ཆེར་མཛད་ཡོད།བོད་ཀྱི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་རྒྱ་གར་ཕགས་པའི་ཡུལ་དུ་དེང་སྐབས་ནུབ་ཕྱོགས་ཀྱི་དེང་དུས་ཤེས་ཡོན་དང་འཕྲུལ་ཆས་ཡག་པོ་ཡོད་སྟབས། རྒྱ་གར་བ་ཚོས་སྔ་མོའི་རིག་གཞུང་འདི་དང་དེ་རིང་ཁ་སང་གི་དངོས་པོ་ཡར་རྒྱས་གཉིས་པོ་ཟུང་འབྲེལ་ཐོག་ནས་གནང་ཐུབ་ཡག་ཡོད་སྐོར་དང་འབྲེལ། ༸སྐུའི་འཕྲོད་བཞེས་ཀྱི་གནས་ཚུལ་ཡག་པོ་བྱུང་སོང་ན་རིང་མིན་མགོན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དེ་ལྡི་ལི་བཙུག་ལག་སློབ་གྲྭ་ཁག་གི་དགེ་རྒན་རྣམས་དང་མཇལ་འཕྲད་མཛད་དེ་དེ་དག་ཐོག་བཀའ་བསྡུར་མཛད་འཆར་ཡོད་པར་བཀའ་སྩལ་སོང་།གཞི་རྩའི་དེ་རིང་གི་མཛད་སྒོ་ཐོག་དམིགས་བསལ་སྐུ་མགྲོན་དུ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་ས་སྐྱ་ཁྲི་འཛིན་ ༤༢ པ་དང་ ༤༣ པ། ཞྭ་དཀར་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཕེབས་གནང་འདུག ༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོག་རྩོམ་སྒྲིག་པའི་ཕྱག་ལས་གནང་མཁན་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་ ༡༡༣ སྐོར་ཞིག་ལ་གཟེངས་བསྟོད་ཕྱག་འཁྱེར་སྩལ་གནང་མཛད་སོང་།བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག ༸དཔལ་ས་སྐྱ་ཁྲི་འཛིན་ ༤༣ པ་མཆོག་བཅས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་སྐྱོང་དང་ཆོས་བརྒྱུད་གྲུབ་མཐའ་ཁག་དང་། ཤེས་ཡོན་སྡེ་ཚན་ཁག་མཉམ་འབྲེལ་གྱིས་རྩོམ་སྒྲིག་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་དང་ཚིག་མཛོད་ཆེན་མོའི་ལས་གཞི་སྤེལ་ཐུབ་པར་ཡི་རང་བསྔགས་བརྗོད་མཛད་ཡོད། བོད་ཀྱི་སྐད་ཡིག་འདི་ད་ལྟ་སའི་གོ་ལ་འདིའི་སྟེང་དུ་སྐད་ཡིག་ ༧༠༠༠ ལྷག་ཙམ་ཞིག་གསོན་གནས་ཡོད་པའི་ཁྲོད་ནས་ནང་པའི་ཆོས་དང་ནང་དོན་རིག་པའི་གཞུང་ལུགས་ཀྱི་རང་རྩོམ་དང་སྒྲ་སྒྱུར་གཉིས་ཀའི་ཐོག་ནས་གྲངས་འབོར་དང་སྤུས་ཚད་ཐོག་ནས་རྩེ་ཕུད་སོན་པ་དེ་བོད་ཀྱི་ཡིག་ཆགས་ཡོད་སྟབས། མ་འོངས་པར་ནང་པའི་གཞུང་ལུགས་ལ་གཟིགས་དགོས་ཚེ་བོད་སྐད་ལ་མ་བལྟ་ཐབས་མེད་དང་། བོད་སྐད་ཡག་པོ་ཤེས་པར་བོད་ཀྱི་ཚིག་མཛོད་འདི་ལྟ་བུར་བལྟ་དགོས་པ་ཞིག་ཆགས་པར་བརྟེན་མ་འོངས་པའི་མི་རབས་ཚོས་ལས་གཞི་འདིའི་རིགས་རྒྱུན་འཛིན་གལ་ཆགས་ཡོད་པ་སོགས་གསུངས་སོང་།བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་བཅས་ཀྱིས་བོད་ནང་རྒྱ་ནག་གི་དྲག་གནོན་འོག་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་ཁྲོད་ལས་གཞི་འདི་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་ཡོད།རྩ་བའི་དེ་རིང་དབུ་འབྱེད་གནང་བའི་སྨོན་ལམ་ཚིགས་འཛོད་ཆེན་མོ་དང་དྲ་རྒྱ་དབུ་བྱེད་གནང་བ་དེ་དག་གི་ཆེད་དུ་ཆོས་བརྒྱུད་ཁག་འདྲ་མིན་གྱི་མི་ ༢༠༠ ལྷག་གིས་ལོ་ངོ་ ༩ ཙམ་གྱི་རིང་ལ་རྩོམ་སྒྲིག་ཕྱག་ལས་གནང་ཡོད་པ་ལྟར་མཛད་སྒོའི་དངོས་གཞི་ཐོག་ཕེབས་ཐུབ་པ་མི་གྲངས་ ༡༡༣ བྱུང་འདུག

བོད་ཀྱི་གནས་སྟངས་ལ་གཞིགས་ཏེ་དགུང་གྲངས་བརྒྱ་ཙམ་བཞུགས་རྒྱུར་བཀའ་བཞེས་སྨིན་སྩལ།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་༸དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་གཙོས་པའི་བོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་སྦྲགས། བོད་ཀྱི་གནས་སྟངས་ལ་གཞིགས་ཏེ་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་རིང་པོར་བཞུགས་མ་ཐུབ་ཚེ་སངས་རྒྱས་པའི་བསྟན་པ་སྤྱི་དང་སྒོས་བོད་རྒྱ་ཆེ་མི་མང་གི་རེ་འདོད་བསྒྲུབ་ཀྱི་མེད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་ཙམ་བཞུགས་རྒྱུར་བཀའ་བཞེས་བཟང་པོ་སྨིན་མཛད་སོང་། ༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ལོ་གཉིས་ཙམ་གྱི་གོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དགུང་གེགས་དང་བསྟུན་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་ཡོད་པ་དེ་ལྟར་ནའང་། དུས་ཡུན་དེའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་བའི་རྐྱེན་གྱིས་བྱུང་མེད་པ་རེད། ད་ཆ་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་ཡར་རྒྱས་སུ་སོང་བར་བརྟེན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ངོས་ནས་བཀའ་བཞེས་སྨིན་སྩལ་ཐོབ་དོན་བཞིན་ཉེ་ལམ་ཕྱི་ཚེས་ ༢༠ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་རྣམས་ལྡེ་ར་ལྡུན་ནས་ཆིབས་ཐོན་གྱིས་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་གནང་སྟེ་ཕྱི་ཚེས་ ༢༡ ནས་དབུ་འཛུགས་ཀྱིས་བརྟན་བཞུགས་སྒྲུབ་ཞག་གནང་ཡོད།དེ་རིང་བརྟན་བཞུགས་བསྟར་འབུལ་དངོས་གཞི་སྔ་དྲོ་ཕྱག་ཚོད་ ༨ ཙམ་ལ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆོན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སུ་༸དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ ༤༣ པ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་དངོས་དང་འབྲེལ་བའི་མཎྡྲལ་ལྗགས་བཤད་གནང་སོང་།བརྟན་བཞུགས་བསྟར་འབུལ་ཞུ་གྲུབ་མཚམས་སུ་་༸གོང་ས་མཆོག་གིས་དེ་རིང་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་གཉིས་ཀྱིས་དབུས་པའི་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་པ་དང་སྦྲགས། བོད་བསྟན་སྲིད་སྤྱིའི་གནས་སྟངས་ལ་གཞིགས་ཏེ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་རིང་པོར་བཞུགས་མ་ཐུབ་ཚེ་སངས་རྒྱས་པའི་བསྟན་པ་སྤྱི་དང་སྒོས་བོད་རྒྱ་ཆེ་མི་མང་གི་རེ་འདོད་བསྒྲུབ་ཀྱི་མེད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་ཙམ་བཞུགས་རྒྱུར་བཀའ་བཞེས་བཟང་པོ་སྨིན་མཛད་ཡོད་པར་མ་ཟད། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རིས་སུ་མ་ཆེད་པའི་ཆོས་བརྒྱུད་ཁག་སོ་སོར་ཐུན་མོང་མ་ཡིན་པའི་མན་ངག་གང་ཡོད་པ་དེ་ཆོས་བརྒྱུད་གཞན་དང་མ་འདྲ་བ་ཞིག་ཆགས་ཀྱི་ཡོད་སྐོར་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་། ཐེངས་འདིའི་བརྟན་བཞུགས་འདི་ནི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་ལ་ཚོགས་སྡེ་ཁག་མང་པོས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པའི་ཁོངས་ནས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་གི་བརྟན་བཞུགས་ཐོག་ས་ཕྱོགས་འདྲ་མིན་ནས་བཅར་བའི་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པའི་སྐུ་ཚབ་མི་སྣ་དང་། སྤུར་ཝ་ལ་ས་སྐྱའི་གཞིས་ཆགས། དེ་བཞིན་ལྡེ་ར་ལྡུན་དང་ཌལ་ཧོར་སོགས་ནས་བོད་མིསྟོང་ཕྲག་མང་པོ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འདུ་འཛོམས་གནང་ཡོད་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་སྐབས་སུ་བོད་གོང་དཀར་ལུགས་ཀྱི་གོང་དཀར་རྔ་འཆམ་གྱི་སྤྱན་འདྲེན་དང་། དེ་བཞིན་ས་སྐྱ་གཞིས་ཆགས་དང་བོད་ཀྱི་ཟློས་གར་ཚོགས་པས་བཀྲིས་ཞོལ་པ་དང་མཆོད་དབྱངས་སོགས་ཕུལ་ནས་ཆོས་དང་འཇིག་རྟེན་གཉིས་ཟུང་འབྲེལ་གྱི་ཐོག་ནས་སྤྱན་འདྲེན་ཞུས་ཡོད་པ་དང་། བོད་མི་སྟོང་ཕྲག་མང་པོས་ཕྱག་ལ་དཀར་གཙག་གི་མཇལ་དར་དང་གདུག་སྤོས། དེ་བཞིན་མེ་ཏོག་བཅས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཐེངས་འདིའི་བརྟན་བཞུགས་ཡོངས་སུ་གྲུབ་པའི་རྗེས་སུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་རྣམ་པ་དང་། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་སྐུ་མགྲོན་རྣམས་ལ་དགོང་དྲོ་བོད་ཀྱི་ཟློས་གར་ཚོགས་པར་བོད་ཀྱི་ཐུན་མིན་རིག་གཞུང་གི་རྐང་བྲོ་གླུ་གཞས་ཁག་ཅིག་གཟིགས་འབུལ་དང་གསོལ་སྟོན་བཤམ་གྱི་ཡོད་པ་རེད། ༸སྐུ་པར་གྱི་བདག་དབང་༸དཔལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གིས་ཨོསྟྲེ་ལི་ཡཱི་སྲིད་བློན་གསར་པར་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Anthony Albanese ལགས་ཨོསྟྲེ་ལི་ཡཱིའི་Australia རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་སྟེ་ཡུལ་དེའི་སྲིད་བློན་སྐབས་ ༣༡ པར་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། མ་འོངས་ལས་དོན་དང་མི་མང་གི་མངོན་འདོད་ཁག་གང་ལེགས་གྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུགཁ་ཉིན་ཕྱི་ཚེས་ ༢༡ ཉིན་Australia ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་སྟེ་ཨོ་གླིང་ངལ་རྩོལ་ཚོགས་པ་ལ་རྒྱལ་ཁ་ཐོབ་སྟེ་ཚོགས་པའི་འགན་འཛིན་སྐུ་ཞབས་ Anthony Albanese ལགས་ཀྱིས་དེ་རིང་ཨོསྟྲེ་ལི་ཡཱིའི་སྲིད་བློན་གྱི་ལས་ཁུར་དམ་འབུལ་བཞེས་ཡོད་པ་ལྟར། ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Anthony Albanese ལགས་ལ་དགའ་བསུའི་འཚམས་འདྲི་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༨༢ ལོར་ཨོསྟྲེ་ལི་ཡཱའི་རྒྱལ་ཁབ་ཏུ་ཐོག་མར་ཆིབས་བསྒྱུར་མཛད་པ་ནས་བཟུང་ད་བར་ཁུལ་དེའི་ནང་ཡོད་པའི་ཤེས་རིག་གི་བསྟི་གནས་དང་ཞི་བདེའི་ཚོགས་པ་ཁག་གི་མགྲོན་འབོད་ཞུས་དོན་བཞིན་ཁུལ་དེར་ཡང་ཡང་ཆིབས་བསྒྱུར་མཛད་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། སྐབས་དེར་ལས་རིགས་འདྲ་མིན་གཉེར་བཞིན་པའི་ས་གནས་མི་མང་གི་གུ་ཡངས་དང་བག་ཕེབས་ཀྱི་བསམ་བློས་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་ཚོར་ཆེན་པོ་སྦྱིན་མྱོང་ཡོད་སྐོར་བཀའ་སྩལ་བ་དང་དང་ཆབས་ཅིག ས་གནས་མི་མང་ཚོས་མགོན་པོ་མཆོག་གིས་བྱམས་སྙིང་རྗེ་དང་། བཟོད་སྒོམ། དགོངས་ཡངས་སོགས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་ཆོས་ལུགས་མཐུན་འབྲེལ་ཐོག་ཐུགས་བརྩོན་མཛད་བཞིན་ཁག་ལ་དོ་སྣང་དང་དགའ་མོས་གནང་བཞིན་པ་དེས་ཐུགས་འགུལ་ཆེན་པོ་ཐེབས་ཡོད་སྐོར་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་ནས་ཨོསྟྲེ་ལི་ཡཱ་མི་མང་དང་དབུ་ཁྲིད་རིམ་བྱོན་གྱིས་ད་བར་བོད་མི་ཚོ་ལ་རང་ཉིད་ཀྱི་ནང་པའི་རིག་གཞུང་རྒྱུན་འཛིན་བྱེད་རྒྱུར་རྒྱབ་སྐྱོར་གནང་དང་གནང་བཞིན་དེ་ནི་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པ་དང་། ནང་པའི་གཞུང་ནས་གསུངས་བའི་འཚེ་མེད་ཞི་བ་དང་། སྙིང་རྗེའི་བསླབ་བྱ་ཁག་ནི་གང་ཟག་སྒེར་གྱི་སེམས་ལ་ཞི་བདེ་བསྐྲུན་རྒྱུ་མ་ཚད་པར་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་ནུས་པ་ལྡན་ཡོད་པ་སོགས་བཀའ་སྩལ་བ་དང་སྦྲགས། སྐུ་ཞབས་ Anthony Albanese ལགས་གིས་སྲིད་བློན་གྱི་ལས་ཡུན་རིང་ལ་ཨོསྟྲེ་ལི་ཡཱ་མི་མང་གི་རེ་བ་དང་མངོན་འདོད་ཁག་བསྒྲུབ་རྒྱུ་དང་། ཞི་བདེ་དང་མཛའ་མཐུན་ལྡན་པའི་འཛམ་གླིང་བསྐྲུན་ཆེད་ཡོང་འགྱུར་གྱི་དཀའ་སྡུག་ཁག་ལ་གདོང་ལེན་གནང་ཐུབ་པའི་ཐུགས་སྨོན་མཛད་ཡོད།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་གིས་ཀྱང་སྐུ་ཞབས་ Anthony Albanese ལགས་ཨོསྟྲེ་ལི་ཡཱའི་སྲིད་བློན་གྱི་ཐུགས་འགན་བཞེས་པར་འཚམས་འདྲི་དང་སྦྲགས། སྲིད་འཛིན་ལས་ཡུན་རིང་ད་བར་གཞུང་འཛིན་རིམ་བྱོན་ནས་བོད་དོན་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་རྒྱབ་སྐྱོར་དང་རོགས་གནང་ཁག་མུ་མཐུན་གནང་སྐྱོང་ཡོང་བའི་ཐུགས་རེ་ཡོད་ཅེས་གསུངས་འདུགརྩ་བའི་ཐེངས་འདིའི་ཨོསྟྲེ་ལི་ཡཱའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་དུ་ཨོ་གླིང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ་དེ་ནི་འདས་པའི་ལོ་བཅུའི་ནང་གི་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། སྐུ་ཞབས་ Anthony Albanese ལགས་ཀྱི་དེ་རིང་སྲིད་བློན་གྱི་ལས་ཁུར་དམ་འབུལ་ཞུས་གྲུབ་མཚམས་སུ་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་སྐབས་ད་ལྟའི་ཆར་ཨོསྟྲེ་ལི་ཡཱ་དང་རྒྱ་ནག་གི་གཉིས་ཀྱི་འབྲེལ་བ་ནི་གནས་སྟངས་ཁག་པོ་ཞིག་གི་ཐོག་གནས་ཡོད་པ་དང་། འགག་རྩ་གཙོ་བོ་དེ་རྒྱ་ནག་ལ་ཐུག་ཡོད་པ་དང་ཨོསྟྲེ་ལི་ཡཱའི་ངོས་ནས་རང་ཉིད་ཀྱི་རིན་ཐང་དང་ལངས་ཕྱོགས་ཁག་སྲུང་སྐྱོབ་ངེས་ཅན་གནང་ངེས་ཡིན་པ་གསུངས་འདུག

༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་བཅས་༸རྒྱལ་བའི་བརྟན་བཞུགས་སླད་བཞུགས་སྒར་དུ་ཆིབས་བསྒྱུར།

ཟླ་བ་འདིའི་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་ལྟར། དེ་རིང་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཐོག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་རྣམས་ལྡེ་ར་ལྡུན་ནས་ཆིབས་ཐོན་གྱིས་བཞུགས་སྒར་དྷརྨ་སཱ་ལཱར་༸ཞབས་སོར་འཁོད་གནང་སོང་། དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་སྐུ་འཁོར་རྣམས་ལྡེ་ར་ལྡུན་ནས་ཆིབས་ཐོན་གྱིས་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་གནང་སྐབས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་ཁག་ཅིག དེ་བཞིན་ས་གནས་མི་མང་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།སྐབས་དེར་འདི་གའི་གསར་འགོད་པ་ཆེད་བཅར་གྱིས་༸དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ ༤༣ པ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་རིན་པོ་ཆེ་མཆོག་གིས་ལོ་གཉིས་ཙམ་གྱི་གོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དགུང་གེགས་དང་བསྟུན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་གསོལ་འདེབས་ཞུས་ཡོད་པ་དང་། གཉན་རིམས་ཁྱབ་གདལ་སོང་རྐྱེན་དེ་ལྟར་བྱུང་མེད་སྐོར་སོགས་གསུངས་པ་དང་ཆབས་ཅིག བརྟན་བཞུགས་ཀྱི་འབུལ་རྫས་མཆོག་ནི་བླ་མའི་བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེས་པ་བྱ་རྒྱུ་དེ་ཡིན་པ་སོགས་གསུངས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན། ༸དཔལ་ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་བ་དང་། སང་ཚེས་ ༢༡ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག ༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་དང་༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གསུམ་པ་རྣམ་གཉིས་བཅས་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་བཞག་དབུ་འཛུགས་གནང་གི་འདུགརྩ་བའི་འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཤུགས་ཆེར་སོང་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་བརྒྱུད་མང་ཚོགས་ལ་བཀའ་ཆོས་དང་བཀའ་དབང་། བཀའ་སློབ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་ཀྱང་། ད་ཆ་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་ཡར་རྒྱས་སུ་སོང་བར་བརྟེན་རིམ་པས་སྔར་བཞིན་མཛད་འཆར་ཁག་མུ་མཐུད་དབུ་འཛུགས་བསྐྱང་གནང་མཛད་ཡོད་པ་བཞིན། ཕྱི་ཟླ་ ༦ ཚེས་ ༡ ནས་ ༢ བར་ཉིན་གཉིས་རིང་གི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། དེ་བཞིན་ཕྱི་ཟླ་ ༧ ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་སཱ་ལཱར་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་། དེ་ཡང་ཚེས་ ༨ ཉིན་གྱི་སྔ་དྲོ་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་། ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་གཏན་ཁེལ་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་དེ་རིང་སྔ་དྲོ་ཚོུད་ ༨ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་སྐབས་དེར་བོད་ཀྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་དམར་པོའི་གཞུང་གི་ངོས་ནས་ད་བར་བོད་མིའི་བསམ་བློར་འགྱུར་བ་གཏོང་ཐབས་ཇི་ཙམ་བྱས་ཀྱང་དེར་ལམ་ལྷོངས་རྩ་བ་ནས་བྱུང་མེད་ཅེས་བཀའ་སྩལ་མཛད་འདུགདེ་རིང་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཚོུད་ ༨ ཙམ་ལ་ལྕམ་སྐུ་ Uzra Zeya མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱི་གཞུང་ཚབ་གཞོན་པ་ལྕམ་སྐུ་ Patricia Lacina ལགས་དང་། USAID ཨ་རིའི་རོགས་ཚོགས་ཀྱི་འཛིན་སྐྱོང་ཕྱག་རོགས་གཞོན་པ་ལྕམ་སྐུ་ Änjali Kaur ལགས་བཅས་ལས་གྲུབ་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་བཅས་དང་ལྷན་དུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་དུས་ཡུན་ཚོུད་གཅིག་ཙམ་གྱི་རིང་ལ་བཀའ་མོལ་ཞུས་སོང་།༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་རིང་གི་མཇལ་ཁ་དང་འབྲེལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བར་ལྕམ་སྐུ་ཛི་ཡ་མཆོག་གིས་༸གོང་ས་མཆོག་ལ་རང་ཉིད་ཀྱི་ངོ་སྤྲོད་སྙན་སེང་ཞུས་པ་དང་འབྲེལ། ད་རེས་མགོན་པོ་༸གང་ཉིད་མཆོག་གིས་ཁོང་ལ་༸རྒྱལ་བའི་ཕོ་བྲང་དུ་སྣེ་ལེན་གནང་བ་འདི་ནི་ཧ་ཅང་གི་སྐལ་བ་བཟང་པོ་བྱུང་ཞེས་ཞུས་པ་དང་ཆབས་ཅིག འཚམས་གཟིགས་འདིའི་ཐོག་ནས་ཁོང་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་དང་ཨ་རིའི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་མ་ཟད་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོང་བའི་ཐུགས་སྨོན་ཞུ་ཡི་ཡོད་ཅེས་ཞུས་ཡོད།༸གོང་ས་མཆོག་གིས་སྐབས་དེར་ལྕམ་སྐུ་མཆོག་གིས་དབུས་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པོ་ངོ་སྤྲོད་མཛད་པ་དང་ཆབས་ཅིག ཨ་རི་དང་རྒྱ་གར་གཉིས་ནི་རང་དབང་དང་མང་གཙོ་ལྡན་པའི་རྒྱལ་ཁབ་ཡིན་པར་ཆེ་བསྟོད་མཛད་པ་དང་། ལྷག་པར་དུ་རྒྱ་གར་ནི་ཆོས་ལུགས་འདྲ་མིན་ཞི་བའི་ཐོག་ནས་མཉམ་གནས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྐོར་བཀའ་སྩལ་བ་དང་སྦྲགས། བོད་ཀྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་དམར་པོའི་གཞུང་གི་ངོས་ནས་ད་བར་བོད་མིའི་བསམ་བློར་འགྱུར་བ་གཏོང་ཐབས་ཇི་ཙམ་བྱས་ཀྱང་དེར་ལམ་ལྷོངས་རྩ་བ་ནས་བྱུང་མེད་ཅེས་བཀའ་སྩལ་མཛད་འདུགསྤྱིར་ལྕམ་སྐུ་ Zeya མཆོག་གིས་ཁ་སང་བོད་མིའི་སྒྲིགས་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་བོད་ཀྱི་དཔེ་མཛོད་ཁང་བཅས་སུ་གཟིགས་ཞིབ་གནང་བ་དང་། སྲིད་སྐྱོང་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད།དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་གྲུབ་རྗེས་ལྕམ་སྐུ་མཆོག་དང་སྐུ་ཚབ་རྣམས་དྷ་སྟེང་བོད་ཁྱིམ་དུ་ཕེབས་ཏེ་གཟིགས་ཞིབ་དང་ཨ་རི་བོད་མིའི་སློབ་ཡོན་ལས་འཆར་ནང་འཛུལ་ཞུགས་གནང་མཁན་ཁག་གཅིག་དང་མཇལ་འཕྲད་གནང་སོང་བ་མ་ཟད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་དགུང་ཚིགས་ཐོག་ཕེབས་ཡོད་པ་དང་། ཕྱི་དྲོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་༸དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་བཅས་སུ་གཟིགས་ཞིབ་གནང་བ་དང་འབྲེལ་ནས་ཐེངས་འདིིའི་རྒྱ་གར་ནང་གི་མཛད་འཆར་ཁག་མཇུག་སྒྲིལ་གནང་སྟེ་སང་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་བལ་ཡུལ་ལ་ཕེབས་ཀྱི་ཡོད་པ་རེད། གཞི་རྩའི་ཨ་རིའི་སྲིད་འཛིན་ཟུར་པ་ Donald Trump མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༠ ནང་རང་ཉིད་ཀྱི་ལས་ཡུན་འཁྱུར་ལ་ཉེ་སྐབས་སུ་སྐུ་ཞབས་ Robert A. Destro ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་པ་དེ་ལྟར་ཡང་། སྐབས་དེར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཅས་ལ་གཞིགས་ཏེ་ཁོང་བཞུགས་སྒར་དུ་ཕེབས་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡ ནང་དྲ་རྒྱ་བརྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་མ་ཟད་སྐབས་དེའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་དང་ལྷན་དུ་དྲ་ཐོག་མཇལ་འཕྲད་ཀྱིས་བཀའ་མོལ་ལྷུག་པོ་གནང་ཡོད་པ་རེད། སྐབས་དེར་སྐུ་ཞབས་ Robert A. Destro མཆོག་ནས་བོད་ཀྱི་གནད་དོན་ཐོག་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་ཨ་རིའི་ཕྱི་སྲིད་ཁུངས་ཀྱི་ཁྱབ་ཁོངས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོ་བོའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན། ལྷག་པར་དུ་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་ཁག་སྲུང་སྐྱོབ་ཀྱི་ལས་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་ཡོད།དེ་བཞིན་སྔ་ལོའི་ཕྱི་ཟླ་ ༡༢ ཕྱི་ཚེས་ ༢༠ ཉིན་ལྕམ་སྐུ་ Uzra Zeya མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་སྐོར་གཞག་བྱུང་བ་དང་འབྲེལ། ཁོང་གིས་སྐུ་སྒེར་གྱི་འཕྲུལ་སྒྲ་ཐོག་བོད་དོན་སྐོར་གསུང་བཤད་ཆེས་ཐོག་མ་དེ་གནང་བའི་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་པའི་རིང་ལ་བོད་མི་གཙོས་མཐུན་གྲོགས་ཀྱི་སྡེ་ཚན་ཁག་དང་ནུས་པ་མཉམ་སྤུངས་ཀྱིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་མཐུད་གནང་སྟེ་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་པར་འབད་བརྩོན་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད།

བདག་ཅག་གི་སྟོན་པའི་གསུང་གི་འཕྲིན་ལས་ལ་དོ་སྣང་མང་ཙམ་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་བརྒྱུད་International Buhhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་བཅར་བ་དད་ལྡན་ཡོངས་ལ་དགའ་བསུའི་གསུང་འཕྲིན་ཞིག་སྩལ་བ་དང་སྦྲགས། སངས་རྒྱས་ཀྱི་གསུང་གི་འཕྲིན་ལས་ལ་སློབ་གཉེར་གྱིས་དོ་སྣང་མང་ཙམ་གནང་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུགགནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ Buddha Purnima ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༨ ཐོག་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་དྲྭ་ཐོག་བརྒྱུད་དེ་དུས་ཆེན་གསུམ་འཛོམས་ཀྱི་དུས་སྟོན་སྲུང་བརྩི་གནང་བ་དང་འབྲེལ། ཆོས་ཕྱོགས་ཀྱི་དུས་སྟོན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ཏཱའི་སི་ཏུ་རིན་པོ་ཆེ་མཆོག་སོགས་བོད་ཀྱི་བླ་སྤྲུལ་ཁག་ཅིག་དང་། རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ Kiren Rijiju  མཆོག་དང་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ G. Kishan Reddyམཆོག དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ནང་པའི་དབུ་ཁྲིད་བླ་ཆེན་བཅས་སོགས་ཁྱོན་གནད་ཡོད་མི་སྣ་ ༣༠ ལྷག་མཉམ་ཞུགས་ཀྱིས་གསུང་འཕྲིན་དང་བཀའ་སློབ་ལམ་སྟོན་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་ཆོས་ཕྱོགས་ཀྱི་དུས་སྟོན་ཉིན་མོར་ལྷན་ཞུགས་གནང་བའི་གནས་བརྟན་སྡེ་པའི་རྗེས་འབྲང་པ་གཙོས་ནང་པའི་ཆོས་གྲོགས་ཕོ་མོ་ཡོངས་ལ་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། དེ་རིང་ནི་བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་སྤྱད་མཛད་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་བསྐྱང་ས་པའི་དུས་ཚིགས་ཁྱད་པར་ཅན་ཆགས་ཡོད་སྟབས།ང་ཚོ་ཚང་མ་སྟོན་པ་བཅོམ་ལྡན་འདས་ཀྱི་གསུངས་པའི་ནང་ཆོས་ཉམས་ལེན་གནང་མཁན་གཅིག་མཚུངས་ཡིན་ནའང་སྟོན་པའི་གསུངས་པ་ལྟར་སངས་རྒྱས་ཀྱི་ཆོས་ལ་དད་པ་ཙམ་མིན་པར་རིགས་པས་དཔྱད་པ་བྱས་པའི་ཐོག་ནས་ཉམས་ལེན་གྱིས་བསམ་བློ་གཏང་རྒྱུ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ཁོ་ནར་ཡོད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཆགས་ཡོད་པར་བཀའ་སྩལ་སོང་།དེ་རིང་གི་དུས་ཚིགས་ཁྱད་པར་ཅན་དེའི་ཐོག་ནས་ཆོས་གྲོགས་ཕོ་མོ་ཡོངས་ལ་སྟོན་པའི་གསུང་གི་འཕྲིན་ལས་ལ་དམིགས་བསལ་སློབ་གཉེར་གནང་སྟེ་ཐུགས་སྣང་མང་ཙམ་གནང་ཐུབ་ཚེ་རང་ཉིད་ཀྱི་སེམས་དང་སྒོས་ཁོར་ཡུག་ནང་དོན་དམ་གྱི་ཞི་བདེ་ཡོང་ངེས་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་དེའི་ནང་སངས་རྒྱས་ཀྱིས་ཆོས་འཁོར་རིམ་པ་གསུམ་སྐོར་བའི་མཛད་པ་སོགས་ཞིབ་རྒྱས་ངོ་སྤྲོད་མཛད་དེ་མགོན་༸གང་ཉིད་མཆོག་ནི་སྟོན་པའི་རྗེས་འབྲང་པ་དང་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པའི་ཆ་ནས་དུས་རྒྱུན་དུ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་དགོངས་པ་ཉམས་ལེན་གནང་རྒྱུ་དེས་མགོན་པོ་མཆོག་ལ་ཐུགས་ཕན་གསོས་པོ་བྱུང་ཡོད་པར་བཀའ་སྩལ་འདུག དྲ་རྒྱ་བརྒྱུད་གོ་སྒྲིག་ཞུས་པའི་དེ་རིང་གི་ཆོས་ཕྱོགས་ཀྱི་མཛད་སྒོའི་ཐོག་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ནང་པའི་རྗེས་འབྲང་པ་ཡོངས་ནས་བདག་ཅག་གི་སྟོན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་དྲན་པ་ཁོ་ན་ཙམ་མིན་པར་དོན་དངོས་ཐོག་སྟོན་པའི་གསུང་དང་ལམ་སྟོན་ཁག་བྱམས་བརྩེ་དང་སྙིང་རྗེའི་གཞི་རྩར་བཞག་ནས་ཉམས་ལེན་གནང་གལ་ཡིན་པ་སོགས་གསུངས་ཡོད། ཕྱོགས་མཚུངས་སུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཉེ་ཆར་འཛམ་གླིང་ཡོངས་རྫོགས་རིམས་ནད་ཀྱི་དངངས་སྐྲག་འོག་ཏུ་འཚོ་དགོས་བྱུང་བ་དང་ད་ཆ་ནུབ་ཕྱོགས་ཡུལ་གྲུ་ཁག་ཅིག་ནང་དམག་འཁྲུག་གི་ངལ་བ་འཕྲད་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུར་འབད་དགོས་གལ་ཡིན་པར་བཀའ་སྩལ་འདུག དེ་བཞིན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཀྱང་འགྲོ་བ་མི་ཡོད་ཚད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཐར་ཐབས་མེད་པའི་གནས་ལུགས་འགྲེལ་བརྗོད་དང་སྦྲགས། ང་ཚོས་ལོ་ལྟར་དུས་ཚིགས་འདི་ནམ་ཤར་ལ་འཛམ་གླིང་ནང་ཞི་བདེ་དང་མཐུན་སྒྲིལ། བྱམས་བརྩེ་གོང་འཕེལ་སླད་རང་ཉིད་ཀྱིས་ཁས་ལེན་ཞུས་པའི་དམ་བཅའ་ཁག་བསྐྱར་གསོ་གནང་གལ་ཡིན་པར་དྲན་སྐུལ་གནང་ཡོད།

༸གོང་ས་མཆོག་༸དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།

དེ་རིང་བོད་ཟླ་ ༣ ཚེས་ ༡༥ སྟེ་བདག་ཅག་གི་སྟོན་པ་མཉམ་མེད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆེས་ཐོག་མར་༸དཔལ་དུས་ཀྱི་འཁོར་ལོའི་བཀའ་བསྩལ་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་ལྟར། བོད་ཀྱི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་དྷ་ས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་ཆིབས་བསྒྱུར་གྱིས་༸དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་གཙོས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་དགེ་འདུན་པ་བཅས་ཚང་འཛོམས་ཀྱིས་དུས་འཁོར་སྒྲུབ་མཆོད་ཆེན་མོ་དབུ་འཛུགས་མཛད་ཡོད་པ་རེད། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་དྲྭ་རྒྱའི་གསར་འགོད་པ་ཉི་མ་ལགས་སུ་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་ཆིབས་བསྒྱུར་མཛད་དོན་གང་ཡིན་གལ་གནད་སོགས་ངོ་སྤྲོད་གནང་དོན་ལ་༸དཔལ་དུས་ཀྱི་འཁོར་བའི་སྒྲུབ་མཆོད་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཕྱིར་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་འཁོར་གྱི་སྒྲུབ་མཆོད་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པའི་སྲོལ་དེ་༸རྒྱལ་མཆོག་༸སྐུ་ཕྲེང་ན་རིམ་རྣམས་དབུ་བཞུགས་ལ་ཕེབས་སྲོལ་ཡོད་པ་ཞིག་ཆགས་ཡོད་སྐོར་གསུངས་པ་མ་ཚད་པར་༸དཔལ་དུས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དེ་ཉིད་རྒྱ་གར་དང་དེ་ནས་བོད་དུ་ཇི་ལྟར་དར་འཕེལ་བྱུང་ཚུལ་སོགས་གསུངས་སོང་།དེ་བཞིན་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཕྱི་ལོ་ ༡༧༥༢ ལོར་བོད་ནང་དུ་༸རྒྱལ་མཆོག་༸སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ལ་དུས་འཁོར་གྱི་ཆོ་ག་འདོན་སྟངས་དང་ཆོ་གའི་གར་འཆམ་སོགས་ཐོག་མར་སྲོལ་གཏོད་མཛད་པ་སོགས་ཕྱག་སྲོལ་དར་འཕེལ་གྱི་དེ་བྱུང་ངོ་སྤྲོད་ཞིབ་རྒྱས་གནང་ཡོད།གཞི་རྩའི་༸དཔལ་དུས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དེ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཆེས་ཉེ་བའི་༸དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་ཆེན་མོར་ཆེས་ཐོག་མ་བདག་ཅག་གི་སྟོན་པ་མཉམ་མེད་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་ལོ་རྗེས་མ་དེར་བྱང་ཤམྦྷ་ལའི་རྒྱལ་པོ་ཉི་མའི་འོད་དང་བཙུན་མོ་རྣམ་པར་རྒྱལ་བའི་སྲས་བྱང་ཤམ་བྷ་ལའི་རྒྱལ་ཕྲེང་ ༩༩ པ་རྒྱལ་པོ་ཟླ་བ་བཟང་པོ་གཙོས་སྐལ་ལྡན་གདུལ་བྱ་རྣམས་ལ་ཐོག་མར་༸དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དང་བཅས་པ་བསྩལ་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། ལྷག་དོན་དུས་འཁོར་སྒྲུབ་མཆོད་ཆེན་མོ་དེ་ཉིད་བོད་ནང་དུ་༸རྒྱལ་མཆོག་༸སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་ཕྱི་ལོ་ ༡༧༥༢ ལོར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ལ་དུས་འཁོར་གྱི་ཆོ་ག་འདོན་སྟངས་དང་ཆོ་གའི་གར་འཆམ་སོགས་ཐོག་མར་སྲོལ་གཏོད་གནང་བ་ཞིག་ཆགས་ཡོད་སྟབས། གྲྭ་ཚང་རང་གིས་ཆོ་གའི་སྲོལ་དེ་ཉིད་སྔར་བཞིན་ཉམས་མེད་ཕྱག་སྲོལ་ཕྱག་བསྟར་གནང་ནས་ད་བར་ལོ་ ༢༧༠ ཕྱིན་ཡོད།༸སྐུ་པར་གྱི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད།

སྐུ་ཞབས་ Shashi Tharoor ལགས་ཀྱིས་༸གོང་ས་མཆོག་ལ་ Bharat Ratna འབུལ་ལམ་ཞུ་དགོས་པའི་ཞུ་སྐུལ་གནང་བ།

རྒྱ་གར་ལྷོ་ཕྱོགས་ Kerala མངའ་སྡེའི་ Thiruvananthapuram ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་གཞོན་ཟུར་པ་སྐུ་ཞབས་ Shashi Tharoor ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པའི་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་འབྲེལ། ༸གོང་ས་མཆོག་ནི་རྒྱ་གར་གྱི་མི་སེར་མིན་ཡང་། མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་ངོ་ ༦༣ ལྷག་གི་རིང་ཡུལ་འདིའི་ནང་སྐུ་བཞུགས་མཛད་དེ་རྒྱ་གར་གཙོས་འཛམ་གླིང་གི་སྐྱེས་འགྲོ་ཀུན་ལ་ཕན་བདེ་རྒྱ་ཆེ་བསྒྲུབས་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུ་གལ་ཡིན་པའི་འགྲེལ་བརྗོད་གནང་འདུགསྔ་ལོའི་ཕྱི་ཟླ་ ༩ ནས་བཟུང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སློབ་མ་གཙོ་བོར་གྱུར་པའི་ཐུགས་འདྲིས་ཆེན་པོ་ཡོད་པ། དེ་བཞིན་མགོན་པོ་༸གང་ཉིད་མཆོག་ལ་ཆེ་བསྟོད་ཞུ་མཁན་མི་སྣ་ཁག་ཅིག་གིས་དང་བླངས་ཐོག་ Bharat Ratna for Dalai lama ཞེས་༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་གྱི་དྲ་ཐོག་ལས་འགུལ་ཞིག་དབུ་འཛུགས་གནང་དོན་ལྟར་ད་ཆ་ཟླ་བ་བདུན་ལྷག་འགྲོ་བཞིན་པའི་ཁྲིད་འདིར་ཁ་སང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་གཞོན་ཟུར་པ་སྐུ་ཞབས་ Shashi Tharoor ལགས་ཀྱིས་ལས་འགུལ་དེར་རྒྱབ་སྐྱོར་ཡོད་པའི་བརྙན་པར་ཞིག་འདོན་སྤེལ་དང་སྦྲགས། ཁོང་གིས་འདས་པའི་དུས་ཡུན་ནང་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་ཀྱི་གོ་སྐབས་ཐེངས་འགའ་བྱུང་མྱོང་ཡོད་པ་དང་མགོན་པོ་༸གང་ཉིད་མཆོག་གི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་མཁྱེན་ཡོན་དང་བྱམས་བརྩེའི་དགོངས་པ། དེ་བཞིན་ཞལ་ཤོབ་ཚ་བའི་རང་བཞིན་བཅས་ལ་ཡིད་སྨོན་བྱུང་ཡོད་སྐོར་གསུངས་པ་དང་ཆབས་ཅིག སྐུ་ཞབས་ཁོང་གིས་དེ་སྔ་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་རླབས་ཆེན་གྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཞེས་དང་། ལྷག་དོན་ད་རེས་གོ་སྐབས་འདིའི་ཐོག་ནས་རྒྱ་གར་དབུས་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་ཞུ་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་ཡོད།དེ་བཞིན་བརྙན་པར་ནང་སྐུ་ཞབས་ Shashi ལགས་ཀྱིས་ཁོང་སྒེར་ལ་མཚོན་ན་དེ་སྔ་རྒྱ་གར་དབུས་གཞུང་ལ་ཡུལ་དེའི་མི་སེར་སུ་ཞིག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པ་འབྱུང་ཚེ་དེར་ངེས་པར་དུ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་སྲིད་བྱུས་གཏན་འབེབས་དགོས་པར་འབོད་སྐུལ་ཞུ་མཁན་གཙོ་གྲས་སུ་ཡོད་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༦༣ ལྷག་གི་རིང་ཡུལ་འདིའི་ནང་སྐུ་བཞུགས་མཛད་དེ་རྒྱ་གར་གཙོས་འཛམ་གླིང་གི་སྐྱེས་འགྲོ་ཀུན་ལ་ཕན་བདེ་རྒྱ་ཆེ་བསྒྲུབས་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུ་གལ་ཡིན་པའི་འགྲེལ་བརྗོད་གནང་སྟེ། རྒྱ་གར་གཞུང་གྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་སྒོས་འཛམ་གླིང་ཀུན་ཁྱབ་ཀྱི་ཐུགས་འགན་བཞེས་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Bharat Ratna འབུལ་ལམ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་ཀུན་ལ་ཞབས་འདེགས་བླ་མེད་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་ཞུ་རྒྱུའི་དུས་ལ་བབ་ཡོད་ཅེས་གསུངས་འདུགད་ཆ་དྲ་ལམ་བརྒྱུད་སྤེལ་བཞིན་པའི་ཞུ་སྐུལ་གྱི་ལས་འགུལ་ནང་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནས་ཤེས་ཡོན་ཅན་དང་ཚོས་ལས་པ། སྨན་པ། སྤྱི་ཚོགས་རིག་གནས་པ། དེ་བཞིན་སྒྱུ་རྩལ་བ། ནང་ཆོས་སློབ་མ། དེ་བཞིན་གློག་བརྙན་བཟོ་སྐྲུན་པ་སོགས་ལས་རིགས་འདྲ་མིན་གཉེར་མཁན་ཚོས་རྒྱབ་སྐྱོར་གནང་སྟེ་རྒྱ་གར་གྱི་སྲིད་འཛིན་མཆོག་དང་སྲིད་བློན་མཆོག་རྣམ་གཉིས་ཀྱི་མཚན་ཐོག་ལ་དྲ་ཐོག་ཞུ་སྙན་ཞིག་ཕུལ་བའི་ཐོག་ནས་རྒྱ་གར་དབུས་གཞུང་གི་ངོས་ནས་ངེས་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་ཞུས་འདུག་ལ། དེ་བཞིན་རྒྱ་གར་གྱི་ཡུལ་མི་རྣམས་ལའང་གཅིག་མཚུངས་ཞུ་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་གནད་དོན་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་དེ་འབྲེལ་དགོས་འདུན་ཆེད་བཏོན་གནང་ཡོད་པར་མ་ཟད་རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྒན་གྲས་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གཙོས། ལ་དྭགས་ནང་པ་ཚོགས་པ་དང་ལ་དྭགས་ཀྱི་ཁྲིགས་སེ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ཁྲིགས་སེ་རིན་པོ་ཆེ་མཆོག་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་སྲིད་བློན་མཱོ་ཌི་མཆོག་ལ་ཞུ་སྙན་ཞིག་ཀྱང་ཕུལ་ཏེ་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་ཞུས་ཡོད་པ་རེད།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་དགེ་འདུན་པ་ ༦༠༠ ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༥ ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཚོུད་ ༨ ཙམ་ནས་བྱེས་ཀྱི་གདས་ས་ཁག་གཙོས་རྒྱ་གར་དང་བལ་ཡུལ་ནང་གི་ནང་པའི་དགོན་སྡེ་གྲྭ་ཚང་ཁག་ ༣༠ ལྷག་དང་དེ་བཞིན་ཝེ་ཏི་ནམ། སི་པེན། ཨ་རི། ཇར་མན་སོགས་ཕྱིའི་རྒྱལ་ཁབ་ ༡༠ ཙམ་བཅས་ནས་ཕེབས་པའི་ནང་པའི་དགེ་འདུན་པ་ཞལ་གྲངས་ ༦༣༠ ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དབུ་འཛུགས་མཛད་པ་དང་སྦྲགས། དེ་རིང་ཉིན་དང་པོའི་ཐོག་དགེ་འདུན་པ་ལྔ་བཅུ་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བཀའ་དྲིན་སྩལ་སོང་།འདས་པའི་ལོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་ཛ་དྲག་གནས་སྟངས་རྐྱེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཆར་ཡོངས་རྫོགས་དྲ་ཐོག་ནས་བསྐྱངས་ཏེ་ཕྱི་ནང་གི་དད་ལྡན་མི་སྣ་དང་གནད་ཡོད་དཔོན་རིགས་ཁག དེ་བཞིན་མཁས་པ་དང་ཁྱད་ལས་པ་སོགས་དང་དངོས་སུ་མཇལ་འཕྲད་མཛད་མེད་པ་དང་། འདས་པའི་ཟླ་ཤས་གོང་ནས་ཏོག་དབྱིབས་ཀྱི་གནས་སྟངས་བཟང་དུ་འགྲོ་དང་འགྲོ་མུས་ཀྱི་མཚམས་འདིར་མཛད་འཆར་ཁག་རིམ་པས་སྔར་རྒྱུན་ལྟར་བསྐྱང་གནང་དབུ་འཛུགས་མཛད་ཡོད་པ་མ་ཟད། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བར་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་དགེ་འདུན་པ་ཞལ་གྲངས་ལྔ་བཅུ་ལྷག་ལ་དངོས་སུ་མཇལ་ཁ་སྩལ་ཏེ་བསྙེན་རྫོགས་ཀྱི་སྡོམ་པ་བཀའ་དྲིན་སྩལ་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དགེ་འདུན་པ་རྣམས་ནི་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་སྟེ་ད་རེས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་རྒྱུ་བྱུང་བ་འདི་ནི་སྐལ་པ་བཟང་པོ་ཞིག་དང་། མགོན་པོ་༸གང་ཉིད་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་བསྟན་གཙོ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་༸སྐུའི་དྲུང་ནས་བསྙེན་རྫོགས་སྒྲུབ་གནང་མཛད་ཡིན་སྐོར་བཀའ་སྩལ་མཛད་ཡོད།བསྙེན་རྫོགས་ཀྱི་སྡོམ་པ་སྩལ་གྲུབ་མཚམས་སུ་གསར་འགོད་པས་དགེ་འདུན་པ་ཁག་ཅིག་ལ་དེ་འབྲེལ་བཅར་འདྲི་ཞུས་པར་༸གོང་ས་མཆོག་གི་༸སྐུའི་དྲུང་ནས་དགེ་སློང་གི་སྡོམ་པ་ཞུ་རྒྱུ་བྱུང་བ་འདི་ནི་ཧ་ཅང་གི་སྐལ་པ་བཟང་པོ་ཞིག་བྱུང་སོང་ཞེས་དང་། བསྙེན་རྫོགས་ཀྱི་སྡོམ་པ་ཞུ་སྐབས་སུ་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཤུགས་དྲགས་ཆེན་པོས་ཞུས་པ་ཡིན་ཞེས་གསུངས་སོང་།ལྷག་པར་དུ་དེ་རིང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་མཁན་ཁོངས་སུ་ཡོད་པ་ཝེ་ཏི་ནམ་ནས་ཡིན་པའི་དགེ་འདུན་པ་དབང་གྲགས་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་སྩོལ་སྐབས་སེམས་ལ་དགའ་འཚོར་དཔག་མེད་བྱུང་ཞེས་གསུངས་པ་དང་ཆབས་ཅིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་གྲུབ་རྗེས་གཞན་ཕན་གྱི་ཉམས་བཞེས་ལག་བསྟར་གནང་དགོས་པའི་ལམ་སྟོན་མཛད་སྐོར་གསུངས་ཡོད།༸གོང་ས་མཆོག་གིས་དེ་རིང་ནས་དབུ་འཛུགས་མཛད་དེ་ཚེས་ ༢༣ བར་གདན་ས་ཁག་གཙོས་དགོན་སྡེ་གྲྭ་ཚང་ཁག་ ༣༠ ཙམ་དང་ཕྱིའི་རྒྱལ་ཁབ་ ༡༠ ཙམ་བཅས་ནས་ཆེད་བཅར་ཞུས་པའི་དགེ་འདུན་པ་ཞླ་གྲངས་ ༦༣༠ ཙམ་ཡོད་པ་རྣམས་ལས་ཉིན་གྲངས་རེ་རེར་དགེ་འདུན་པ་ཞལ་གྲངས་ལྔ་བཅུར་ཆ་བགོས་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཀའ་དྲིན་བསྩལ་རྒྱུ་ཡིན་པ་རེད།དེ་རིང་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དབུ་འཛུགས་མ་གནང་གོང་དུ་མགོན་པོ་༸གང་ཉིད་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་གཟིགས་དང་བརྒྱད་གཏོར་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད།

Latest news