Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་ལ་བཀའ་སློབ་སྩལ་བ།

དེ་རིང་སྔ་དྲོར་ཀོ་རི་ཡ་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་བྱམས་བརྩེ་དང་འཚེ་མེད་ཞི་བའི་ Compassion and Non-Violence སྐོར་ལ་བཀའ་སློབ་ལམ་སྟོན་སྩལ་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་འགྲོ་བ་མིའི་རིགས་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་པར་བརྟེན་ནས་ཆོས་ལུགས་ཀྱི་ལྟ་གྲུབ་ཀྱང་མི་འདྲ་བ་ཡོད་པ་དང་དེ་ལྟར་ཡོད་པ་དེས་ཀྱང་འགྲོ་བ་མིར་ཕན་ཐོགས་ཡོང་གི་ཡོད་པ་མ་ཟད་སེམས་བཟང་པོ་བྱ་རྒྱུ། གཞན་ལ་གནོད་འཚེ་སྤང་བ། བྱམས་བརྩེ་ཉམས་ལེན་བྱ་རྒྱུ་དེ་ཆོས་ལུགས་ཚང་མས་བསླབ་བྱ་གཅིག་གྱུར་གནང་གི་ཡོད་པར་བཀའ་སྩལ་བ་དང་སྦྲགས། འདས་པའི་ལོ་རྒྱུས་ནང་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་མི་ཕན་ཚུལ་དབར་གསོད་རེས་བྱས་ཡོད་ཀྱང་། སླད་མར་ང་ཚོས་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་ལས་ལེགས་བྱ་བཞེས་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སེམས་ཅན་གྱི་སྡུག་བསྔལ་དེ་སརྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕྱག་གིས་མི་སེལ་བ་དང་འགྲོ་བའི་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། སྟོན་པའི་ཐུགས་རྒྱུད་དུ་ཡོད་པའི་ཡོན་ཏན་ནམ་སྤངས་རྟོགས་ཀྱི་མཁྱེན་པ་དེ་ང་ཚོར་སྤོ་རྒྱུ་མེད་པ་རེད་ཅེས་བཀའ་བ་སྩལ་དང་ཆབས་ཅིག་ཏུ་ཆོས་བྱོས་ཤིག་ཅེས་བརྗོད་སྐབས་སྒོ་ལྔའི་ཤེས་པ་དག་གི་སྟེང་ནས་ཡོང་རྒྱུ་མེད་པར་གཙོ་བོ་ཡིད་བློའི་ཐོག་ནས་སེམས་མ་འཁྲུག་པ་བྱ་རྒྱུ་དང་། ཡིད་བློར་བསྒྱུར་བཅོས་གཏོང་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་གལ་ཆེན་པོ་ཡིན་པར་བཀའ་སྩལ་སོང་། ༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་སྩལ་གྲུབ་མཚམས་སུ་ཐུགས་བརྩེ་བ་ཆེན་པོས་མང་ཚོགས་ཀྱི་དོགས་དྲིར་བཀའ་ལན་སྩོལ་སྐབས་ Joong-Ang Sangha གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཞིག་གིས་ནད་ཡམས་འདིའི་དབང་གིས་མིའི་བསམ་བློ་དང་དཔལ་འབྱོར་སོགས་ལ་དཀའ་ངལ་ཆེས་ཆེར་འཕྲད་བཞིན་ཡོད་པ་མ་ཟད་ཡུལ་ལུང་མང་པོར་ཆུ་ལོག་དང་རླུང་འཚུབ། མེའི་འཇིགས་པ་སོགས་རིམ་པར་འབྱུང་བཞིན་ཡོད་སྟབས་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་འདིར་མིའི་འགྲོ་བ་ཆགས་ནས་ལོ་ས་ཡ་དང་བྱེ་བ་མང་པོ་སོང་ཟིན་པ་ཞིག་དང་། སངས་རྒྱས་བཅོན་ལྡན་འདས་ཕེབས་སྐབས་ཚེ་ལོ་བརྒྱ་པའི་དུས་ཞེས་བརྗོད་ཀྱི་ཡོད་ཀྱང་དུས་ཚོད་དེའི་ནང་འབྱུང་བའི་འགྱུར་ལྡོག་རིམ་པ་དང་མིའི་ཚེའང་ཐུང་དུ་འགྲོ་བཞིན་ཡོད་པ་ལྟར་ད་ལྟའི་དུས་རབས་ཀྱི་མཐའ་མ་དེ་མེ་འཇིགས་ཀྱི་ཕྱོགས་སུ་ཆས་ཀྱི་ཡོད་སྟབས། གསོན་པའི་དུས་འདིར་མིའི་རྣམ་དཔྱོད་ལེགས་པར་སྤྱད་དེ་མི་ལུས་དོན་ལྡན་ཞིག་བྱེད་དགོས་པ་་སོགས་ལམ་སྟོན་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་དོགས་འདྲིེ་ཁག་ལ་བཀའ་ལན་སྩལ་གྲུབ་མཚམས་སུ་ཐེངས་འདིའི་ལས་རིམ་གསོལ་འདེབས་ཞུ་མཁན་ཀོ་རི་ཡ་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གི་མཚན་བྱང་ལ་ཆ་མཚོན་ན། བསླབ་པ་གསུམ་གྱི་ཉམས་ལེན་མཐིལ་ཕྱིན་པ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་སྟེ་གསོལ་སྩལ་མཛད་པ་ཞིག་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ་ཏེ་ཆོས་གྲོགས་ཚོས་ཀྱང་ཐོག་མར་ཐོས་བྱུང་གི་ཤེས་རབ་དང་།དེ་ནས་བསམ་བྱུང་གི་ཤེས་རབ། དེ་རྗེས་མཐར་སྒོམ་བྱུང་གི་ཤེས་རབ་རྒྱུད་ལ་སྐྱེས་ནས་ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས་ཞེས་པ་ལྟར་དེ་ལྟར་གནང་ཐུབ་པར་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་སོང་།

ཆོས་སྡེ་ཚོར་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གོང་མཐོ་གནང་ཕྱིར་དམིགས་བསལ་འགན་ཡོད།

ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་བཀའ་གདམས་ཆོས་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྒྱ་གར་གྱི་ཚོུད་ ༩ མ་ཟིན་ཙམ་ནས་ཚོུད་ ༡༠ ཡོལ་ཙམ་བར་དུ་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་རྣམས་ལ་སངས་རྒྱས་པའི་ཆོས་ཀྱི་སྤྱི་བཤད་སྐོར་བཀའ་ཆོས་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་བ་དང་འབྲེལ་ཏེ་ཆོས་སྡེ་སོ་སོར་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གོང་མཐོ་གནང་ཕྱིར་དམིགས་བསལ་འགན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།དེ་རིང་གི་བཀའ་ཆོས་འདི་ནི་ཨིན་ཌོ་ནེ་ཤི་ཡའི་ནང་སློབ་གྲྭ་འདྲ་མིན་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་རབས་འཆད་སྤེལ་གྱི་ལས་རིམ་ཁོངས་སུ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཀྱི་ཐོག་མར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ལས་གཉིས་པ་ཆོས་ལུགས་མཐུན་འབྲེལ་གོང་མཐོ་གནང་རྒྱུ་དེ་ཡིན་པ་དང་། སྤྱིར་ནང་པ་དང་ཧིཾདྷུ། ཡེ་ཤུ། གཅེར་བུ་བ། ཁ་ཆེ་ཆོས་ལུགས་སོགས་ནས་བསླབ་བྱ་གཅིག་མཚུངས་གནང་བ་ནི་བྱམས་པ་དང་བརྩེ་བ་ཆགས་ཀྱི་ཡོད་སྟབས་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཡོད་པ་ཞིག་རེད། དེས་ན་འགྲོ་བ་མི་རྣམས་བྱམས་བརྩེ་དང་ལྡན་པ་ཞིག་གནང་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན་པར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལ་ཁས་ལེན་མིན་ནི་གང་ཟག་སྒེར་སོ་སོར་རག་ལུས་ཡོད་པ་དང་འགྲོ་བ་མི་རྣམས་ཐོག་མར་མ་ལས་བཙས་པ་ནས་བཟུང་ཨ་མའི་བྱམས་སྐྱོང་ལ་བརྟེན་ནས་འཚོ་བ་ཞིག་ཡིན་པ་དང་བྱམས་པ་དང་བརྩེ་བ་ནི་ང་ཚོ་འཚོ་བར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད་པར་བཀའ་སྩལ་མཛད་པ་དང་ཆབས་ཅིག འཛམ་གླིང་ནང་རྙོག་གླེང་ཆེས་ཆེར་བྱུང་བ་དེ་དག་བྱམས་བརྩེའི་བསམ་ལ་མ་འདང་བའི་རྐྱེན་གྱིས་ཡིན་སྟབས། ཆོས་སྡེ་སོ་སོར་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གོང་མཐོ་གནང་ཕྱིར་དམིགས་བསལ་འགན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་གྲུབ་མཚམས་སུ་བཀའ་འདྲི་དགོངས་སྐོར་གྱི་ལས་རིམ་སྐབས་སློབ་ཕྲུག་ཞིག་གིས་ནད་ཡམས་ཀྱི་དུས་སྐབས་སུ་གཞན་ལ་རོགས་རམ་ཇི་ལྟར་ཞུ་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་གཉན་རིམས་དེ་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་གདལ་ཕྱིན་པའི་ཁར་ད་ཆ་གོ་ལའི་ཚ་དྲོད་ཆེ་བའི་རྐྱེན་གྱིས་གནམ་གཤིས་ལ་འགྱུར་ལྡོག་ཕྱིན་ཏེ་རང་གཞན་ཀུན་ལ་ངལ་བ་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། ང་ཚོར་དཀའ་ངལ་དེ་དག་ཇེ་ཉུང་དུ་གཏོང་རྒྱུའི་ཐབས་ལམ་ཡོད་སྐོར་བཀའ་སྩལ་སོང་བ་དང་སྦྲགས། ལྷག་དོན་ད་ལྟ་ནད་ཡམས་ཀྱི་དུས་ཚིགས་འདིའི་ཁྲོད་སྨན་པ་དང་སྨན་ཞབས་པ་ཚོས་ནད་པ་དྲག་སྐྱེད་སླད་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པར་བསྔགས་བརྗོད་མཛད་པ་དང་གཉན་རིམས་དེ་གནས་སྐབས་རིང་ཁྱབ་གདལ་བྱུང་བ་ཞིག་ཡིན་པས་ང་ཚོས་བློ་མ་ཞུམ་པར་དེར་གདོང་ལེན་གནང་དགོས་ཞེས་ལམ་སྟོན་སྩལ་སོང་། གཞན་ཡང་༸གོང་ས་མཆོག་གིས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ང་ཚོ་ཚང་མར་སངས་རྒྱས་ཀྱི་རིགས་ཁྱབ་ཡོད་ཅེས་གསུངས་ཡོད་པ་རེད། འོན་ཀྱང་ཕྱིའི་གཟུགས་པོའི་རྣམ་འགྱུར་ཇི་ལྟར་ཡོད་མེད་ལ་ལྟོས་མེད་གཙོ་བོ་སེམས་དེ་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་ཡོད།  མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ཨིན་ཌོ་ནེ་ཤི་ཡའི་ནང་པ་ཚོ་ཕྱོགས་གཅིག་ནས་ཁ་ཆེ་རྒྱལ་ཁབ་ཆེན་པོ་གཅིག་ནང་བཞུགས་མཁན་གྱི་ནང་པ་ཆགས་ཀྱི་ཡོད་པ་དང་། ཁྱེད་ཚོས་ཁ་ཆེ་ཚོར་སངས་རྒྱས་ཀྱི་ཆོས་ནས་གསུངས་པའི་བྱམས་པ་དང་སྙིང་རྗེའི་ཉམས་ལེན་ངོ་སྤྲོད་དང་ཕན་ཚུན་དབར་སྦྱང་བཤད་གནང་ཚེ་རང་གཞན་གཉིས་ཀར་སྤྱི་ཚོགས་འདི་བྱམས་བརྩེའི་རང་བཞིན་དང་ལྡན་པ་ཞིག་ཏུ་སྐྲུན་རྒྱུའི་དགོངས་པ་འཁོར་ཐུབ་ཀྱི་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།མཛད་རིམ་བསྐྱང་གཏན་ཁེལ་ཁག་ལ་གཞིགས་ན། བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པ་སྟེ་ཕྱི་ཚེས་ ༡༨ ཉིན་ཀོ་རི་ཡ་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་ལ་བགྲོ་གླེང་གནང་རྒྱུ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་རེད་འདུག དེ་བཞིན་ཕྱི་ཚེས་ ༢༥ ཉིན་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པ་ (Tibetan Culture and Its Potential to Contribute to Peace)  ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་ ཁག་ལ་བཀའ་ལན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག

ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་གནང་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དུ་ཟླ་སྔོན་མའི་ཚེས་ ༡ ཉིན་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་བའི་སྐུ་ཞབས་ Atul Keshap མཆོག་གིས་ཁ་སང་ཚེས་ ༡༠ ཉིན་༸གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་མཇལ་འཕྲད་ཀྱིས་བོད་ཀྱི་ཐུན་མིན་ལེགས་བྱང་དང་སྐད་ཡིག་བཅས་པ་སྲུང་སྐྱོབ་གནང་རྒྱུར་རྒྱབ་སྐྱོར་སྔར་ལྷག་གནང་ངེས་ཡིན་པར་ཞལ་བཞེས་གནང་འདུགཁ་སང་རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོར་ཨ་རིའི་གཞུང་ཚབ་ཁང་དུ་སྐུ་ཞབས་ Atul Keshap མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་རྣམ་གཉིས་དབར་ཕྱག་ཚོད་གཅིག་རིང་མཇལ་མོལ་གནང་ཡོད་པ་དང་། སྐུ་ཞབས་ Keshap མཆོག་གིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་ལྷན་རྒྱས་ཀྱི་མཇལ་འཕྲད་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་ཏེ་ཨ་རི་གཞུང་གི་ངོས་ནས་བོད་མིའི་ཆོས་དད་རང་དབང་དང་། ལྷག་པར་དུ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གནས་དང་སྐད་ཡིག་བཅས་སྲུང་སྐྱོབ་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མི་ཀུན་གྱི་འདྲ་མཉམ་ཐོབ་ཐང་གི་དགོངས་གཞིར་གུས་བརྩི་ཞུ་བཞིན་ཡོད་སྐོར་གསུངས་འདུགཐེངས་འདིའི་ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་དབར་གྱི་མཇལ་མོལ་འདི་ནི་ཉེ་སྔོན་ཟླ་ ༧ ཚེས་ ༢༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྒྱ་གར་ནང་གཞུང་འབྲེལ་གཟིགས་སྐོར་ཁྲོད་ཡུལ་དེའི་གནད་ཡོད་དབུ་ཁྲིད་ཚོ་དང་མཇལ་འཕྲད་མ་གནང་བའི་གོང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ཟུར་དུ་མཇལ་འཕྲད་གནང་བ་དང་དེའི་རྗེས་སུ་རྒྱ་གར་གྱི་གཞི་རིམ་མི་མང་དང་ཆོས་ལུགས་ཀྱི་སྐུ་ཚབ་ཁག་ཅིག་དང་མཇལ་མོལ་གནང་སྐབས་སུ་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་དང་མཇལ་འཕྲད་གནང་བ་བཅས་ཀྱི་རྗེས་འབྲེལ་ལྟ་བུ་ཆགས་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ Wion གསར་ཁང་ལ་ད་རེས་ཀྱི་མཇལ་མོལ་འདི་ནི་གཙོ་བོ་བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་ལྷག་པར་དུ་ཆོས་དད་རང་དབང་གི་གནས་བབ་བཅས་ཀྱི་སྐོར་ལ་གོ་རྟོགས་གང་ལེགས་སྤེལ་ཐབས་ཆེད་ཡིན་པར་གསུངས་འདུགགཞི་རྩའི་ཉེ་ལམ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དང་ད་རེས་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Atul Keshap མཆོག་བཅས་རྣམ་གཉིས་ཀྱིས་སྔར་རྗེས་སུ་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་མཇལ་འཕྲད་གནང་བ་དེས་ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་དུ་མི་སྤྱོད་ལས་འདས་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་བཞེངས་ཕྱོགས་སྔར་ལྷག་སྲ་བརྟན་དང་རྒྱ་སྐྱེད་གནང་ཕྱིར་ཡིན་པ་ཞིག་ལ་ངོས་འཛིན་དང་། ལྷག་དོན་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་མཚམས་འདིར་རྒྱ་ནག་ལ་བརྡ་ལན་ཤུགས་ཆེ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་རེད།

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ཞུ་སྐུལ།

རྒྱ་གར་དབུས་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཀི་ཤཱན་ཀ་པུར་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་སྒར་བསམ་ཡས་གླིང་དུ་ཆེད་ཕེབས་གནང་སྟེ་རྒྱ་གར་དབུས་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་ཆེད་བཏོན་གནང་འདུག་པ་མ་ཟད། ཁོང་སྒེར་གི་ངོས་ནས་ལོ་ངོ་ ༦༠ ལྷག་གི་རིང་བོད་མི་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་རྒྱུན་སྐྱོང་གང་འདྲ་གནང་ཡོད་མེད་ཀྱི་དངོས་མཐོང་ཉམས་མྱོང་ལ་གཞིགས་ཏེ་བོད་མིའི་མི་རབས་གསར་པ་ཚོར་ལས་འགན་དེ་ལྕི་མོ་ཞིག་ཡིན་ཀྱང་མི་རབས་རྒན་པ་ཚོའི་ལ་རྒྱ་དང་སེམས་ཤུགས་ལ་གཞིགས་པའི་དཀའ་ངལ་ལ་གདོང་ལེན་ཞུ་རྒྱུའི་ནུས་པ་ལྡན་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་འདུགརེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེ་དྷརྨ་ས་ལ་ཁུལ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ Kishan Kapoor མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ལྷན་དུ་བོད་སྒར་བསམ་ཡས་གླིང་གི་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་སླད་ཕེབས་ཡོད་པ་དང་། བོད་མི་དང་གྲོགས་འདྲིས་ཆེ་བའི་སྐུ་ཞབས་ཀི་ཤཱན་ཀ་པུར་མཆོག་གིས་སྐབས་དེར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་ཐོག་བླ་ན་མེད་པའི་དགོངས་གཞི་དང་། མགོན་པོ་༸གང་ཉིད་མཆོག་གི་བོད་དོན་བདེན་མཐའ་སེལ་བའི་དབུ་མའི་ལམ་གྱི་དགོངས་གཞི་བཅས་ལ་བརྟེན་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་པའི་སྙན་གྲགས་ཆེ་བའི་དབུ་ཁྲིད་ཞིག་ལ་ངོས་འཛིན་དང་ཆེ་བསྟོད་ཞུ་བཞིན་ཡོད་པ་ལྟར་རྒྱ་གར་དབུས་གཞུང་གི་ངོས་ནས་ཀྱང་མགོན་པོ་༸གང་ཉིད་མཆོག་ལ་རིན་ཆེན་ཕ་ལམ་ལྟ་བུར་ཆེ་མཐོང་ཆེ་ཤོས་སུ་ངོས་འཛིན་ཞུ་བཞིན་པའི་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པའི་དགོས་འདུན་བཏོན་པ་མ་ཟད་ད་དུང་ཁོང་གིས་དེ་སྔོན་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་གལ་ཡིན་སྐོར་ཐེངས་འགའ་ཞུས་མྱོང་ཡོད་པར་གསུངས་ཡོད།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་ཡུལ་དེ་བོད་ཡིན་ཀྱང་། ༸སྐུ་ཚེ་ཧྲིལ་པོ་རྒྱ་གར་ནང་དང་ལྷག་དོན་ཧི་མཱ་ཅལ་མངའ་སྡེར་༸སྐུ་བཞུགས་མཛད་ཀྱི་ཡོད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་རྒྱུ་དེ་ནི་བོད་མིའི་ཆེ་མཐོང་ཙམ་མིན་པར་ཧི་མཱ་ཅལ་མངའ་སྡེ་དང་ཁྱད་པར་དུ་དྷརྨ་ས་ལའི་མང་ཚོགས་ཀྱི་ཆེ་མཐོང་དང་སྤོབས་པ་ཞུ་དགོས་པའི་གནད་འགག་ཅན་གྱི་གནད་དོན་ཞིག་རེད་ཅེས་གསུངས་ཡོད།རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ Kishan Kapoor མཆོག་ནི་བཞུགས་སྒར་དྷརྨ་ས་ལའི་བོད་མི་ཚོས་རྣམ་ཀུན་ནས་ཚོགས་འདུ་ཁག་དང་ལས་འགུལ་སོགས་ནམ་སྤེལ་ལ་སྐུ་མགྲོན་དུ་གདན་འདྲེན་ཞུ་ས་བོད་མི་དང་གྲོགས་འདྲིས་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཁོང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་རང་ནས་ཡིན་སྟབས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་གནང་བབ་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད།བོད་སྒར་བསམ་ཡས་གླིང་དུ་ཚོགས་པའི་མཛད་སྒོའི་ཐོག་ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་འོག་ནས་བོད་དེ་བཙན་བཟུང་བྱས་ཡོད་ཀྱང་བཙན་བྱོལ་དུ་འབྱོར་བའི་བོད་མིའི་མི་རབས་རྒན་པ་ཚོས་ངལ་བ་བཟོད་གླགས་མེད་པ་དུ་མར་གདོང་ལེན་གནང་བ་དངོས་སུ་མཇལ་རྒྱུ་བྱུང་ཞེས་དེ་བྱུང་དྲན་གསོ་དང་སྦྲགས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་མི་རབས་རྒན་པ་ཚོས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ངལ་བ་དུ་མར་གདོང་ལེན་གནང་སྟེ་འཐབ་རྩོད་ཀྱི་ནུས་པ་ཉམས་མེད་རྒྱུན་གནས་གནང་བར་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཁོང་གིས་བོད་མིའི་མི་རབས་གསར་པ་ཚོར་མི་རབས་རྒན་པ་ཚོ་ལྟར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ངལ་བ་ཇི་འཕྲད་ལ་ཞུམ་པ་མེད་པར་གདོང་ལེན་གནང་ནས་བོད་ཀྱི་འཐབ་རྩོད་དེ་སྔར་ལྷག་རྒྱུན་གནས་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས་སོང་། མཛད་སྒོའི་སྐབས་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་གཙོས་པའི་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་ཆེད་ཕེབས་གནང་ཡོད་པ་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འདུ་འཛོམས་བྱུང་བའི་བོད་མིའི་དབུ་ཁྲིད་ཚོར་སྐུ་ཞབས་ Kishan Kapoor མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་ཡོད་པ་རེད།

TRICYCLE དུས་དེབ་གསར་འཛུགས་གནང་སྟེ་ལོ་ངོ་སུམ་ཅུ་འཁོར་བསྟུན་༸གོང་ས་མཆོག་ལ་བཀའ་འདྲི།

ཨ་རི་ནང་གི་ Tricycle དུས་དེབ་གསར་འཛུགས་གནང་སྟེ་ལོ་ངོ་ ༣༠ འཁོར་བ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་པ་ཞིག་གི་ནང་མགོན་པོ་༸གང་ཉིད་མཆོག་གིས་མཚམས་རེ་ངལ་བ་འཕྲད་པ་དེ་གཞན་ཕན་གྱི་བློ་གོང་འཕེལ་གནང་རྒྱུའི་རྒྱུར་འགྲོ་ཡི་ཡོད་པར་ལམ་སྟོན་སྩལ་འདུགཨ་རིའི་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ Tricycle དུས་དེབ་ཀྱི་རྩོམ་པ་པོ་དང་ཚན་རིག་གསར་འགོད་པ་གྲགས་ཅན་སྐུ་ཞབས་ Daniel Goleman ལགས་ཀྱིས་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་བརྒྱུད་ནང་བསྟན་གྱི་ཐོག་ནས་འགྲོ་བ་མིར་ཕན་བདེ་སྒྲུབ་ཕྱོགས་གང་ཡོད་སོགས་དམིགས་བསལ་གྱི་གནད་དོན་ཁག་ཅིག་གི་ཐོག་ལ་བཀའ་འདྲི་ཞུས་འདུག སྐབས་དེར་སྐུ་ཞབས་ Daniel Goleman ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དེང་གི་ཤེས་ཡོན་ལ་མཉམ་བསྲེས་ཇི་ལྟར་གནང་དགོས་སྐོར་དང་དེའི་ཁྲོད་མ་འདང་བ་ཇི་ཡོད་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཁྲོད་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ན་ལས་ནང་སེམས་ཀྱི་བདེ་ཐབས་སྐོར་ལ་གང་ཡང་གསུངས་མེད་སྟབས་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་ཐུན་མིན་གྱི་ཀླད་པ་ཞིག་ཡོད་པས་ཀླད་པ་དེ་སྤྱད་ནས་ཤེས་ཡོན་གོང་འཕེལ་གཏོང་གནད་ཡིན་པ་དང་། ཁྱད་པར་དུ་རྒྱ་གར་གནའ་རབས་ཀྱི་འཚེ་བ་མེད་པའི་ལྟ་གྲུབ་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་འགྲེལ་བཤད་གནང་ཐུབ་པའི་གུ་ཡངས་དང་ཡ་རབས་བཟང་པོའི་བསླབ་བྱ་ཞིག་ཡིན་སྐོར་བཀའ་སྩལ་བ་དང་འབྲེལ། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ལ་མིའི་ལྷན་སྐྱེས་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་གོ་ལ་གཅིག་གྱུར་དང་འབྲེལ་བའི་སློབ་གསོ་སྤྲོད་དགོས་པ་སོགས་ཀྱི་ལམ་སྟོན་སྩལ་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་གལ་གནད་སྐོར་དང་འབྲེལ་ཏེ་ནང་ཆོས་འདི་ལྷ་མེད་སྨྲ་བའི་ཆོས་ལུགས་ཤིག་དང་ཚང་མ་མཐར་ཐུག་རང་ཉིད་ཀྱི་བྱེད་བབ་ལ་རང་ལུས་ཡོད་སྐོར་བཀའ་སྩལ་བ་མ་ཟད། རང་གི་ངོས་ནས་ཇི་ཙམ་གཞན་ཕན་བསྒྲུབ་པ་དེ་ཚོད་ཀྱིས་རང་ལ་ཁེ་ཕན་ཡོང་གི་ཡོད་སྟབས་གཞན་ཕན་དེ་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་དེའི་ཁྲོད་སེམས་སྐྱིད་པོ་མེད་པའི་གཞི་རྩ་གཙོ་བོ་ནི་ཁོང་ཁྲོ་ཡིན་པས་དེ་དོར་བར་རང་གཅེས་འཛིན་གྱི་བསམ་བློ་དེ་སྤོང་དགོས་པར་ལམ་སྟོན་སྩལ་འདུག ལྷག་དོན་སྐུ་ཞབས་ Daniel Goleman ལགས་ཀྱིས་ད་ཆ་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་ཁྲོད་མང་ཚོགས་ནས་འགྲོ་བ་མི་ཕན་ཚུལ་ལ་རོགས་འདེགས་གནང་ཐོག་འཛམ་གླིང་འདི་སྔར་ལྷག་བདེ་སྐྱིད་ལྡན་པ་བསྐྲུན་རྒྱུར་གོ་སྐབས་དམ་འཛིན་གནང་ཕྱོགས་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ང་ཚོའི་ངོས་ནས་སྨན་པ་དང་སྨན་ཞབས་པ་ཁྲོད་ནས་དམིགས་དཔེ་བཞེས་དགོས་པ་དང་ཁོང་རྣམ་པའི་ཕྱག་ལས་དེ་ནི་གཞན་གཅེས་ཀྱི་ཕྱག་ལས་ཤིག་དངོས་སུ་ཕྱག་བསྟར་གནང་བ་ཡིན་པར་བསྔགས་བརྗོད་མཛད་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དངོས་སུ་ཕྱག་བསྟར་གནང་ཕྱོགས་དང་འབྲེལ་ནས་ནང་པའི་བསྟན་བཅོས་ནང་སེམས་ཚོར་ཁག་གི་སྐོར་དང་དེ་དག་ལས་བྱུང་བའི་ཁོང་ཁྲོ་དང་འཇིགས་སྣང་སོགས་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐད་ལ་འགྲེལ་བཤད་གཏིང་ཟབ་ཡོད་པར་བཀའ་བསྩལ་བ་མ་ཟད། ཡི་ཤུའི་ཆོས་བརྒྱུད་ཀྱིས་ང་ཚོ་ཚང་མ་དཀོན་མཆོག་གིས་བཟོས་པར་འདོད་ཀྱི་ཡོད་པའམ་དཀོན་མཆོག་གཅིག་གམ་ཕ་མ་གཅིག་ལས་མཆེད་པའི་གཅེན་གཅུང་ཤ་སྟགས་ཡིན་པ་འདོད་སྐོར་ལུང་འདྲེན་མཛད་དེ་གལ་ཏེ་ང་ཚོས་དེ་དེ་བཞིན་འདོད་ཀྱི་ཡོད་ན་འགྲོ་བ་མི་ཚང་མ་མཐུན་སྒྲིལ་དང་བྱམས་བརྩེ་ལྡན་པའི་ཐོག་ནས་མཉམ་གནས་བྱེད་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག

༸གོང་ས་མཆོག་གི་ཟླ་བ་འདིའི་ནང་གི་མཛད་འཆར་ཁག་ཅིག་ཐུགས་གཏན་ཁེལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱ་བརྒྱུད་ནས་ཟླ་བ་འདིའི་ཚེས་ ༡༡ དང་ཚེས་ ༡༨ ཚེས་ ༢༥ གཞན་ཡང་ཟླ་བ་ ༩ ཚེས་ ༨ དང་ ༩ བཅས་སོ་སོར་བཀའ་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་སྩལ་གཏན་ཁེལ་བའི་མཛད་འཆར་གྱི་གསལ་བསྒྲགས་ཤིག་སྤེལ་འདུགཕྱི་ཚེས་ ༡༡ ཉིན་ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་བཀའ་གདམས་ཆོས་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་རྣམས་ལ་བཀའ་ཆོས་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཐུགས་གཏན་ཁེལ་འདུགདེ་བཞིན་ཚེས་ ༡༨ ཉིན་ཀོ་རི་ཡ་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེ་དང་འཚེ་མེད་ཞི་བའི་ (Compassion and Non Violence) སྐོར་ལ་བགྲོ་གླེང་གནང་རྒྱུ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ། དེ་རྗེས་ཚེས་ ༢༥ ཉིན་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པ་ (Tibetan Culture and Its Potential to Contribute to Peace)  ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་བཀའ་སློབ་གྲུབ་མཚམས་ཚོགས་པ་དེ་གའི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཐུགས་གཏན་ཁེལ་འདུགདེ་བཞིན་ཟླ་བ་ ༩ ཚེས་ ༨ དང་ ༩ ཉིན་གཉིས་ཀྱི་རིང་ཨེ་ཤ་ཡའི་དད་ལྡན་ཚོགས་པ་ཁག་ཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དང་། ཆོས་ཞུ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟླ་བ་འདི་དང་ཟླ་བ་རྗེས་མ་ནང་གི་མཛད་འཆར་ཁག་ཅིག་གཏན་ཁེལ་གྱི་གསལ་བསྒྲགས་བསྐྱངས་པ་དང་འབྲེལ་ཏེ། དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་གི་ཡོད་སྟབས། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པའི་གཞེན་སྐུལ་གནང་འདུག

དཀར་འཁྱིལ་ས་མཚམས་ཀྱི་དམག་དཔོན་ཞིག་གིས་༸གོང་ས་མཆོག་གི་བཀྲིན་ལས་ང་ཚོར་གནོད་འཚེ་ཕྲན་བུ་ཙམ་ཡང་མ་བྱུང་བར་གསུངས་འདུག

རེས་གཟའ་ཟླ་བ་ཕྱི་ཚེས་ ༢༦ ཉིན་རྒྱ་གར་རྒྱལ་ཡོངས་སུ་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་པ་ཀིསི་ཐན་བར་ས་མཚམས་དམག་འཁྲུག་བྱུང་བར་རྒྱ་གར་རྒྱལ་ཡོངས་སུ་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་།   དུས་དྲན་སྲུང་བརྩིའི་མཛད་སྒོ་དང་བསྟུན་དམག་དཔོན་ཟུར་པ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྦྱིན་རླབས་ལ་བརྟེན་སྐབས་དེར་ང་ཚོར་གནོད་འཚེ་ཕྲན་བུ་ཙམ་ཡང་བྱུང་མ་སོང་ཞེས་བརྗོད་འདུགདེ་ཡང་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་པ་ཀིསི་ཐན་དབར་ཇ་མུ་ཀ་ཤི་མིར་ཁུལ་གྱི་དཀར་འཁྱིལ་ཟེར་བའི་ས་གནས་སུ་རྒྱལ་ཁབ་ཕྱོགས་གཉིས་བར་ས་མཚམས་ཀྱི་དམག་འཁྲུག་བྱུང་ཡོད། སྐབས་དེར་རྒྱལ་ཁ་རྒྱ་གར་ལ་ཐོབ་ཡོད་ནའང་།  རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༥༠༠༠ ལྷག་གི་མཐོ་སྒང་དུ་དམག་འཐབ་བྱེད་རྒྱུའི་ནུས་པ་དེ་ཧི་མ་ལའི་རི་རྒྱུད་ཀྱི་མི་རིགས་ཚོར་ནུས་པ་ལྡན་ཡོད་པ་ལྟར།   ཕྱི་ལོ་ ༡༩༩༩ ལོའི་ཕྱི་ཟླ་ ༥ ནས་ ༧ བར་གྱི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དཀར་འཁྱིལ་ཁུལ་ Tiger Hill ས་མཚམས་ཀྱི་དམག་ཁུལ་དེར་ལ་དྭགས་གདོང་ལེན་རུ་ཁག་དང་ SFF དྭང་ཞབས་དམག་དཔུང་གཉིས་ཀྱིས་ནུས་རྩལ་ལ་བརྟེན་ནས་རྒྱལ་ཁ་བླངས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གཞུང་གི་ངོས་ནས་ལོ་རེའི་ཕྱི་ཟླ་ ༧ ཚེས་ ༢༧ དེ་དཀར་འཁྱིལ་རྒྱལ་ཁའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་པ་ལྟར།   ཁ་ཉིན་རྒྱ་གར་གྱི་གསར་ཁང་ཆེ་གྲས་ CNN IBN གྱི་ Kargil Vijiya Diwas ཞེས་པའི་ཉིན་མོ་དང་བསྟུན། དམིགས་བསལ་བརྙན་འཕྲིན་གྱི་ལས་རིམ་ཞིག་བཟོས་ཡོད་པ་དང་། དཀར་འཁྱིལ་དམག་ཐོབ་བྱས་རྗེས་ཅན་གྱི་མི་སྣ་ཁག་ཅིག་ལ་བཅའ་འདྲི་ཞུས་པའི་ཁོངས་སུ།   ལ་དགས་གདོང་ལེན་རུ་ཁག་དམག་སྤྱི་བསོད་ནམས་དབང་ཕྱུག་ལགས་ཀྱིས། སྐབས་དེར་ངོས་རང་དམག་ས་དེར་སླེབས་ཉེར་ཡོད་པའི་མི་ཊར་  ༥༠༠ ཙམ་དུ་ཕྱོགས་གཞན་གྱི་པ་ཀིས་ཐན་གྱི་དམག་མི་ཚོས་མེ་མདའ་རྒྱག་འགོ་ཚུགས་སོང་། འོན་ཀྱང་སྟབས་ལེགས་པ་ཞིག་ལ་སྐབས་དེར་གློ་བུར་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་ངོ་རུབ་སྟེ་ང་ཚོའི་ཕྱོགས་ཀྱི་ས་ཚིགས་དེ་མཐོང་དཀའ་བ་ཆགས་པར་བརྟེན་ང་ཚོར་ཕར་རྒོལ་བྱེད་རྒྱུར་གོ་སྐབས་བཟང་པོ་ཞིག་བྱུང་པ་དང་།   ང་ཚོའི་དམག་མི་ཚོས་སྐབས་དེར་པ་ཀིསི་ཐན་གབ་ཡུལ་ས་ཚུགས་ལ་ཕར་རྒོལ་བྱས་ཏེ་རྒྱལ་ཁ་ལེན་ཐུབ་པ་བྱུང་ཡོད་པར་བརྗོད་ཡོད། བསོད་ནམས་དབང་ཕྱུག་གི་རུ་ཁག་ནང་ཡོད་པའི་ཚེ་རིང་སྟོབས་ལྡན་ལགས་ནི་སྐབས་དེར་རུ་ཁག་ནས་དགུང་ལོ་བགྲེས་ཤོས་དེ་ཡིན་པ་དང་།   ཁོང་གི་ CNN IBN གསར་ཁང་ལ་ང་ཚོ་ནང་པ་རེད།   ལྷག་བསམ་རྣམ་དག་གིས་སོ་སོའི་རྒྱལ་ཁབ་དོན་དུ་རང་སྲོག་ཚུན་ཆད་བློས་གཏོང་ཐུབ་མཁན་ཞིག་རེད།  ང་ཚོ་དམག་སར་མ་ཐོན་སྔོན་ལ་ ༸ གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུའི་ཞལ་མཇལ་ཐོབ་བྱུང་།  མཇལ་ཁ་དེའི་སྦྱིན་རླབས་དབང་གིས་ང་ཚོར་རྨ་ཁ་ཙམ་ཡང་བྱུང་མེད་པར་གསུངས་སོང་།གཞི་རྩའི་ཕྱི་ལོ་ ༡༩༩༩ ལོའི་རྒྱ་གར་དང་པ་ཀིསི་ཐན་བར་གྱི་དམག་འཁྲུག་དེའི་སྐབས་ SSF དྭང་ཞབས་ཀྱི་རུ་ཁག་ཁག་ཅིག་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་མ་ཟད།   དྭང་ཞབས་རུ་ཁག་གི་བོད་མི་ཁག་ཅིག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

ནོ་སྦེལ་ལྷན་ཚོགས་ཐོག་༸གོང་ས་མཆོག་དང་ཐེ་ཝན་གྱི་ཚན་རིག་པའི་གསུང་བཤད་བཀག་སྡོམ་ལ་སྐྱོན་བརྗོད།  

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཚོགས་པའི་ནོ་སྦེལ་ལྷན་ཚོགས་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྣམ་ཀུན་ནས་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཐེ་ཝན་མི་རིགས་ཡིན་པ་ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་རྫས་སྦྱོར་རིག་པའི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་རྣམ་གཉིས་གསུང་བཤད་གནང་མཁན་ཁོངས་སུ་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ལྷན་ཚོགས་དེ་མ་གནང་བའི་སྔ་རོལ་ཕྱི་ཟླ་གསུམ་པ་དང་བཞི་པའི་ནང་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ལ་ཁ་པར་དང་ལྷག་དོན་ལྷན་ཚོགས་ཀྱི་སྔ་ཉིན་དེར་གློག་འཕྲིན་བཏང་སྟེ་དབུ་ཁྲིད་རྣམ་གཉིས་ཀྱི་གསུང་བཤད་མཛད་རིམ་དེ་ཕྱིར་འཐེན་ཞུ་དགོས་པའི་གནོན་ཤུགས་བསྟུད་མར་སྤྲད་འདུགནོ་སྦེལ་ཐེབས་རྩ་ཁང་དང་ལྷན་དུ་འདི་ལོའི་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་ཨ་རིར་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་ཡོངས་ཚན་རིག་ལྟེ་གནས་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་གཞུང་ཚབ་ཁང་གི་ངོས་ནས་ཁ་པར་དང་གློག་འཕྲིན་སོགས་ཀྱི་ཐོག་ནས་གནོན་ཤུགས་ཇི་ལྟར་སྤྲད་མིན་ར་འཕྲོད་གནང་ཡོད་པ་དང་། ལྷན་ཚོགས་གོ་སྒྲིག་གནང་མཁན་གྱིས་རྒྱ་ནག་གི་གནོན་ཤུགས་ལ་ལྟོས་མེད་༸གོང་ས་མཆོག་དང་སྐུ་ཞབས་ Lee ལགས་ཀྱི་གསུང་བཤད་མཛད་རིམ་དེ་ཕྱིར་འཐེན་གནང་ཐབས་མེད་ཅེས་གསུངས་འདུག་པ་དེ་ལྟར་ཡང་། ཁ་སང་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་བརྒྱ་ལྷག་གིས་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་གི་བྱེད་བབ་དེར་སྐྱོན་བརྗོད་ཤུགས་ཆེ་དང་ཐུགས་འཚབ་ཀྱི་རྣམ་པ་བཏོན་འདུགབསྒྲགས་གཏམ་དེའི་ཐོག་ཚན་རིག་དང་དཔལ་འབྱོར་རིག་པ། དེ་བཞིན་རྩོམ་རིག་སོགས་སྡེ་ཚན་ཡོངས་ནས་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་བརྒྱ་ལྷག་ཡོད་པ་དང་། བསྒྲགས་གཏམ་གོ་སྒྲིག་གནང་མཁན་གྲས་སུ་ཡོད་པ་ཕྱི་ལོ་ ༡༩༩༣ ལོར་སྨན་གྱི་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་བ་སྐུ་ཞབས་ Richard Roberts ལགས་ཀྱིས་རྒྱ་ནག་གི་གནོན་ཤུགས་དེ་ལྟར་རྐྱེན་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་གསང་བ་ལས་ཁུངས་གཉིས་ཀྱིས་གནད་དོན་དེའི་ཐོག་རྟོག་ཞིབ་དབུ་འཛུགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག་ཀྱང་། ད་ལྟའི་ཆར་ནོ་སྦེལ་ཐེབས་རྩ་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་གསང་བ་ལས་ཁུངས་གཉིས་ཀྱིས་ཞིབ་དཔྱད་གནང་བའི་གྲུབ་འབྲས་མ་སོན་གྱི་བར་དུ་གང་ཡང་གསུང་རྒྱུ་མེད་ཅེས་གསུངས་འདུག གཞི་རྩའི་འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་མཇུག་ལ་ཚོགས་པའི་དྲྭ་ཐོག་གི་ནོ་སྦེལ་ལྡན་ཚོགས་སྐབས་དྲྭ་འབུ་བཏང་སྟེ་འགོག་རྐྱེན་བཟོ་ཐབས་ཀྱི་གནད་དོན་ཐེངས་གཉིས་ཙམ་བྱུང་ཡོད་པ་དང་། ཐེངས་འདིར་བསྒྲགས་གཏམ་ཆེད་འདོན་གནང་མཁན་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་བརྒྱ་ལྷག་ཡོད་པ་དེ་དག་གིས་གནད་དོན་དེ་རྒྱ་ནག་གཞུང་ཚབ་ཁང་དང་ཐད་ཀར་འབྲེལ་བ་ཡོད་མེད་ལ་ལྟོས་མེད་རྒྱ་གཞུང་གིས་ཨ་རིའི་ཚན་རིག་སྡེ་ཚོགས་ལ་གནོན་ཤུགས་སྤྲད་དེ་ནོ་སྦེལ་ཞི་བདེའི་དེད་དཔོན་གཉིས་ལ་དེ་ལྟ་བུའི་དམ་དྲག་བྱས་པར་ཁོང་རྣམ་པར་ཁོང་ཁྲོ་ཤུགས་ཆེ་སློང་ཡོད་པར་འགྲེལ་བརྗོད་གནང་ཡོད།ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee ལགས་ནི་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་ཕྱི་ལོ་ ༡༩༨༦ ལོར་རྫས་སྦྱོར་རིག་པའི་ཐོག་ལ་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་ཡོད་ཅིང་། སྐུ་ཞབས་ Lee ལགས་ཀྱིས་ཕྱི་ལོ་ ༢༠༡༩ ལོར་ཐེ་ཝན་གྱི་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་སྐུ་  Tsai Ing-wen མཆོག་ལ་ཐེ་ཝན་གྱི་རང་བཙན་ཐོག་ལ་བཞེངས་ཕྱོགས་བརྟན་པོ་མེད་སྐོར་ཞུས་པ་དང་འབྲེལ་ཏེ་ཁོང་ཉིད་སླར་སྲིད་འཛིན་གྱི་སྐབས་གཉིས་པར་མི་བཞེངས་པར་ཞུ་སྙན་ཕུལ་མྱོང་ཡོད་པ་རེད།ལྷག་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་ནས་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། གཙུག་ལག་སློབ་དཔོན་ཁག་ཅིག་དབར་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཆེས་ཐོག་མ་གནང་སྐབས་སྐུ་ཞབས་ Lee ལགས་ཆེད་ཕེབས་གནང་མྱོང་ཡོད་པ་རེད།སྤྱིར་རྒྱ་གཞུང་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྤྱིའི་གླེང་སྟེགས་ཆེ་ཆུང་གང་ཡིན་ལ་ལྟོས་མེད་ཐེ་ཝན་ལྷན་ཞུགས་གནང་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་སུད་ཌེན་ནང་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་༸གོང་ས་མཆོག་གི་༸སྐུ་པར་དང་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱི་སྒྱུ་རྩལ་གྱི་པར་རིས་འགྲེམས་སྟོན་ཡང་བཀག་སྡོམ་བྱས་ཡོད་པ་རེད།

འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་སྐྱེད་གལ་སྐོར་བཀའ་སྩལ་བ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོན་ཏོན་གྱི་དཔལ་འབྱོར་རིག་པའི་སློབ་གཉེར་ཁང་གི་བདེ་སྐྱིད་ལག་ལེན་ཐོབ་ཐབས་ཀྱི་ལས་འགུལ་ཚོགས་པའི་ཚོགས་གཙོ་མཁས་དབང་  Prof. Lord Richard Layard ལགས་དང་ལྷན་དུ་བདེ་སྐྱིད་སྔར་ལས་ལྷག་པའི་འཛམ་གླིང་བསྐྲུན་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བཀའ་སློབ་གནང་སྟེ། རིགས་རུས་ལ་ལྟོས་མེད་ཀྱི་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་སྐྱེད་གལ་ཡིན་པའི་བཀའ་སློབ་ལམ་སྟོན་སྩལ་སོང་།དེ་ཡང་དེ་རིང་གི་བཀའ་སློབ་གྱི་ཐོག་མར་མགོན་པོ་གང་གིས། འགྲོ་བ་མིའི་རིགས་ནི་ཐོག་མར་སྐྱེས་བ་ནས་བཟུང་རང་གི་ཨ་མའི་གཙོ་བྱས་པའི་སྤྱི་ཚོགས་ཀྱི་བྱམས་བརྩེ་ལ་བརྟེན་ནས་འཚར་ལོང་བྱུང་གི་ཡོད་པ་ཞིག་ཡིན་པའི་བཀའ་འབྲེལ་དང་ལྷན་དུ། བྱམས་བརྩེ་ནི་འགྲོ་བ་མིའི་རིགས་ཀྱི་རྒྱུད་དུ་གདོད་མ་ནས་གནས་བ་ཞིག་ཡིན་ནའང་། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནས་དར་ཁྱབ་བྱུང་བའི་ཤེས་ཡོན་གྱི་ལམ་ལུགས་དེ་དངོས་གཙོ་རིང་ལུགས་ལ་རྨང་གཞི་བྱས་ཡོད་པ་ཞིག་ཡིན་སྟབས། ། ད་ལྟའི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་སེམས་ཀྱི་ཞི་བདེ་སྐྲུན་ཐབས་དང་། ལས་སེམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས། དེ་བཞིན་བདེ་སྐྱིད་ཀྱི་ཁྱིམ་ཚང་སྐྲུན་ཐབས་སོགས་ཀྱི་བསླབ་གཞི་གཏན་འབེབས་བྱེད་གལ་ཡིན་པའི་བཀའ་སྟོན་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་བཞིན་མགོན་པོ་གང་གིས་དུས་རྒྱུན་ནས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་སྐྲུན་ཐབས་ལ་ཐུགས་བརྩོན་གནང་གི་ཡོད་པར་བཀའ་སྩལ་ཏེ།  འཛམ་གླིང་གི་ཤར་ལྷོ་ནུབ་བྱང་གི་གང་དུ་གནས་བའི་འགྲོ་བ་མི་ཡོངས་རྫོགས་ཆོས་ལུགས་མ་འདྲ་བའི་རྗེས་འབྲངས་ཡིན་པ་དང་། དེ་བཞིན་རྒྱལ་ཁོངས་མི་གཅིག་པ་དང་བཞིན་རས་ཀྱི་ཁ་ཏོག་ཀྱང་མི་གཅིག་ནའང་། གཞི་རྩའི་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་སྟབས།  འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་གཙོ་བོར་འཛིན་དགོས་བ་ལས་ཆོས་ལུགས་དང་རྒྱལ་ཁོངས་སོགས་རིམ་པ་གཉིས་བ་ཡིན་སྟབས། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་བཏང་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐབས་གནང་དགོས་བར་བཀའ་སྩལ་སོང་།གཞན་ཡང་མགོན་པོ་གང་གིས་བོད་ཀྱི་རིག་གཞུང་ནི་གཞན་ལ་འཚེ་བ་མི་བྱེད་པའི་སྲོལ་རྒྱུན་ལ་གཞི་བྱས་པ་ཞིག་ཡིན་པར་ལུང་འདྲེན་མཛད་པ་དང་འབྲེལ་ནས། གང་ཉིད་ཀྱིས་འདས་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་འཛམ་གླིང་གང་སར་སེམས་ཀྱི་ཞི་བདེ་ཁྱབ་སྤེལ་བྱེད་རྒྱུར་ཕྱག་ལས་མཛད་ཡོད་པའི་ཁྲོད། ནུབ་ཕྱོགས་ཀྱི་ཚན་རིག་པ་མང་པོར་མཇལ་འཕྲད་གནང་པ་དང་། ད་ཆ་ཚན་རིག་པ་རྣམས་ཀྱིས་ཀྱང་སེམས་ཀྱི་ཞི་བདེའི་གལ་གནད་ཆེན་པོར་བརྩི་བཞིན་ཡོད་པར་བཀའ་སྩལ་ནས། ཁོང་ཁྲོ་དང་རྣམ་རྟོག་བྲལ་བའི་ཐོག་སེམས་ཀྱི་ཞི་བདེ་ཡོད་པ་ཡིན་ན་ལུས་སེམས་ཞི་ལྷོད་ངང་གནས་ཐུབ་པ་ཞིག་ཡིན་པར་བཀའ་སྩལ་སོང་།དེ་རིང་གི་བཀའ་སློབ་ལས་རིམ་གྲུབ་མཚམས་སུ་མགོན་པོ་གང་གིས་ལས་རིམ་ལ་ཞུགས་མཁན་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་གནང་བ་ཁག་ལ་བཀའ་ལན་སྩལ་བའི་ཁྲོད་དུ། གྲོགས་པོའི་མཛའ་འབྲེལ་ཇི་ལྟར་རྒྱུན་སྐྱོང་གནང་དགོས་བའི་བཀའ་ལན་དུ།  འགྲོ་བ་མིའི་རིགས་ཀྱིས་རང་ཉིད་གཞན་ལས་ཐ་དད་པར་འཛིན་པའི་བློ་སྤངས་ཏེ་རང་ཉིད་ཀྱི་སྤྱི་ཚོགས་དང་སྲིད་གཞུང་སོགས་ལ་གཙིགས་འཛིན་བྱེད་རྒྱུ་མེད་པར། ཕ་རོལ་བ་དེ་ཡང་འགྲོ་བ་མི་གཅིག་གྱུར་གྱི་གཅེན་གཅུང་ཞིག་ཏུ་ངོས་འཛིན་གནང་བ་ཡིན་ན། ཕན་ཚུན་གྱི་འབྲེལ་ལམ་ཇེ་ལེགས་སུ་གཏོང་ཐུབ་པ་ཞིག་པའི་བཀའ་ལན་སྩལ་སོང་།གཞན་ཡང་འཛུལ་ཞུགས་པ་ཞིག་གིས་རང་ཉིད་ཀྱི་ཨ་ཕ་འདི་ལོར་འདས་གྲོངས་སུ་ཕྱིན་ཡོད་སྟབས་སེམས་ཀྱི་སྡུག་བསྔལ་ལས་གྲོལ་ཐབས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་མགོན་པོ་གང་གིས། འཇིག་རྟེན་གྱི་བྱ་བཞག་ཡོད་ཚད་ཀྱི་ཁྲོད་དུ་འདས་ཟིན་པ་ཞིག་ལ་སེམས་ཁྲལ་བྱས་ནས་ཕན་ཐོགས་ལྡན་པ་ཞིག་ཡིན་ན་སེམས་ཁྲལ་བྱ་འོས་བ་ཞིག་ཡིན་ནའང་། སེམས་ཁྲལ་བྱས་ཀྱང་འདས་ཟིན་པའི་གནད་དོན་དེར་བསྐྱར་ལོག་བྱེད་ཐབས་བྲལ་བ་ཞིག་ཡིན་ན་སེམས་ཁྲལ་བྱས་ནས་ཕན་ཐོགས་གང་ཡང་མེད་སྟབས། དེ་ལས་འདས་བོ་གང་གིས་རང་ཉིད་ལ་བཅིངས་བའི་རེ་བ་དེ་དག་ལེགས་འགྲུབ་ཡོང་ཐུབ་ལ་བརྩོན་པ་གནང་རྒྱུ་དང་། དེ་བཞིན་རང་ཉིད་ཀྱི་མཐའ་འཁོར་ན་ཡོད་པའི་མི་དག་ལ་བརྩེ་བ་སྦྱིན་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་ཏེ་དེ་རིང་གི་བཀའ་སློབ་ལམ་སྟོན་གྱི་མཛད་རིམ་དེ་མཇུག་སྒྲིལ་མཛད་སོང་།

Latest news