Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་སྲིད་དོན་ཉེས་ཆད་འགེལ་རྒྱུ།

རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆ་མི་རིགས་ས་ཡ་བརྒལ་བ་འཛིན་བཟུང་གིས་བཀག་ཉར་བྱས་ནས་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་གདུག་རྩུབ་མནར་གཅོད་གཏོང་བཞིན་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་གནང་གི་ཡོད་པ་ལྟར། ད་ལན་ཡོ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་དཔོན་རིགས་བཞི་དང་ཤིན་ཅང་ནང་དུ་ཡོད་པའི་ཚོགས་པ་གཅིག་བཅས་ལ་སྲིད་དོན་གྱི་ཉེས་ཆད་འགེལ་རྒྱུ་རེད་འདུགཉེ་ལམ་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཡོ་རོབ་མཐུན་ཚོགས་ཀྱིས་ཚོགས་མི་བགྲེས་པ་ཁག་གཅིག་གིས་མཐུན་ཚོགས་ནས་གསར་དུ་གཏན་འབེབས་གནང་བའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཉེས་ཆད་གཅོད་པའི་སྲིད་བྱུས་དེའི་བརྒྱུད་རྒྱ་གཞུང་གི་དཔོན་རིགས་བཞི་དང་ཚོགས་པ་གཅིག་བཅས་ལ་རྒྱུ་ནོར་ལོངས་སྤྱོད་དང་ཁོང་ཚོ་ཡོ་རོབ་ནང་འགྲུལ་སྐྱོད་ཀྱི་མཐོང་མཆན་བཀག་སྡོམ་གནང་རྒྱུ་བཅས་སྲིད་དོན་གྱི་ཉེས་ཆད་བཀལ་རྒྱུར་མོས་མཐུན་བྱུང་ཡོད་པ་དང་། ཐག་གཅོད་འདི་རིང་མིན་ཟླ་ ༣ ཚེས་ ༢༢ ཉིན་ཕྱི་སྲིད་བློན་ཆེན་ཁག་ནས་བཀའ་བསྡུར་གནང་སྟེ་ཕྱག་བསྟར་གནང་རྒྱུར་རེ་བ་གནང་བཞིན་འདུག སྲིད་དོན་གྱི་ཉེས་ཆད་ཁོངས་སུ་རྒྱ་ནག་ཙམ་མིན་པར་ཨུ་རུ་སུ་དང་བྱང་ཀོ་རི་ཡ། དེ་བཞིན་ཨ་ཕི་རི་ཀའི་མི་སྣ་ཁག་གཅིག་ཀྱང་ཡོད་སྟབས་མི་སྣ་དེ་དག་གི་མིང་དེ་གཞུང་འབྲེལ་སྒོ་ནས་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་བྱུང་བའི་རྗེས་སུ་ཡོངས་གྲགས་གནང་རྒྱུ་ཡིན་པར་བརྗོད་འདུག Reuters གསར་ཁང་གིས་འཇར་མ་ནིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Heiko Maas མཆོག་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གནས་ཚུལ་དེ་ར་སྤྲོད་གནང་བ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཉེས་ཆད་འགེལ་རྒྱུའི་སྲིད་བྱུས་གཏན་འབེབས་བརྒྱུད་ང་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོར་ཉེས་ཆད་བཀལ་རྒྱུའི་གོ་སྐབས་སྐྲུན་གྱི་ཡོད་སྟབས། གོ་སྐབས་དེ་ངེས་པར་དུ་ལོངས་སུ་སྤྱོད་རྒྱུར་འདོད་པ་ཡོད་ཅེས་གསུངས་འདུག  སྤྱིར་ཡོ་རོབ་མཐུན་ཚོགས་ཀྱིས་ད་ལན་ཙམ་མིན་པར་འདས་ལོའི་ནང་དྲྭ་རྒྱར་སིམ་འཛུལ་གྱི་གནས་ཚུལ་རྐྱེན་གྱིས་རྒྱ་རིགས་གཉིས་དང་བཟོ་ཚོང་ཁང་གཅིག་བཅས་ལ་ཉེས་ཆད་འགེལ་རྒྱུ་རེད་འདུག རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་གཉིས་ཙམ་ལ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དུ་འཛིན་བཟུང་བཀག་ཉར་གྱིས་རྩུབ་སྤྱོད་དང་ལྟ་བ་སྒྱུར་ཐབས། དེ་བཞིན་བཙན་དབང་གིས་སྐྱེ་སྒོ་འགོག་པ་སོགས་བྱེད་ཀྱི་ཡོད་པ་དང་། ཡུ་གུར་ཁ་ཆེ་མི་རིགས་ཀྱི་གནད་དོན་ཐད་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་དཔོན་རིགས་ཚོར་རྒྱ་གཞུང་ནས་ཤིན་ཅང་ནང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ལས་གཞི་དོན་ཁག་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་ཡང་གནང་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གི་ངོས་ནས་ཕྱི་ཕྱོགས་ནས་རྒྱ་ནག་ནང་མོལ་གྱི་གནད་དོན་ལ་ཐེ་བྱུས་གནང་རྒྱུ་མཚམས་འཇོག་དགོས་པའི་བརྡ་ལན་སྤྲད་ཡོད་པ་རེད། རྒྱ་ནག་གི་བྱེད་ཕྱོགས་དེ་དག་ལ་བརྟེན་ནས་འདས་པའི་དུས་ཡུན་ནང་ཨ་རི་ལྟ་བུའི་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་གཞུང་གི་དཔོན་རིགས་ཁག་གཅིག་ལ་ཨ་རི་ནང་ཡོང་རྒྱུར་མཐོང་མཆན་བཀག་སྡོམ་གནང་རྒྱུ་གཙོས་ཨ་རིའི་ཁྲིམས་ལུགས་ཀྱི་དབང་ཚད་འོག་ཡོད་པའི་འགོ་ཁྲིད་དེ་དག་གི་རྒྱུ་ནོར་ལོངས་སྤྱོད་རྒྱུ་རྣམས་ལ་བཀག་སྡོམ་སོགས་གནང་ཡོད་པ་རེད།

སོག་པོའི་དད་ལྡན་རྣམས་ལ་ཉིན་གཉིས་ཀྱི་གསུང་ཆོས་མཇུག་སྒྲིལ།

དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དང་། དད་ལྡན་མང་ཚོགས་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་གནང་བ་ཁག་ལ་བཀའ་ལན་སྩལ་བ་དང་འབྲེལ། མང་ཚོགས་ཀྱིས་སྤྱོད་འཇུག་་དང་སེམས་བསྐྱེད་ལ་ཐོས་གསུམ་སྒོམ་གསུམ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟན་མཛད་དེ་ཐེངས་འདིའི་ཉིན་གཉིས་ཀྱི་གསུང་ཆོས་རེ་ཞིག་མཇུག་སྒྲིལ་སོང་། དེ་རིང་གསུང་ཆོས་ཀྱི་སྐབས་སུ། མགོན་པོ་གང་གིས་དེང་གི་དུས་སུ་རྒྱ་གར་ནང་གི་གདན་ས་གསུམ་གྱི་གཙོ་བྱས་པའི་གྲྭ་ས་ཁག་ཏུ་དཀའ་བ་ཁྱད་བསད་ཀྱི་ཐོག་ནས་ནང་བསྟན་གྱི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་དེ་ནི་ཞེ་དྲག་གི་ཡག་པོ་ཡོད་པར་བཀའ་གནང་བ་དང་འབྲེལ་ནས། སོག་པའི་དགེ་འདུན་པ་རྣམས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་བོར་སློབ་སྦྱོང་བྱས་པ་ཁོ་ནས་འདང་གི་མེད་པར། གཞུང་ཆེན་དེ་དག་སློབ་སྦྱོང་བྱས་པ་བརྒྱུད་ནས་ཕྱག་སྟར་གནང་སྟེ་རང་རྒྱུད་ཞི་དུད་ཡོང་བར་འབད་བརྩོནང་གནང་དགོས་སྐོར་བཀའ་སྩལ་བ་མ་ཟད། བོད་མི་རྣམས་ལ་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་ལོ་ངོ་སྟོང་ཕྲག་གི་རིང་ལ། བོད་ཀྱི་རིག་གཞུང་གི་བླ་སྲོག་ཏུ་གྱུར་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེར་བདག་ཉར་བྱས་ནས་ཡོང་ཡོད་པ་ལྟར། སོག་པོ་རྣམས་ཀྱིས་ཀྱང་དེ་བཞིན་གཞུང་ཆེན་བཀའ་པོད་ཁག་ལ་མུ་མཐུད་དུ་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།གཞི་རྩའི་ཐེངས་འདིར་༸མགོན་པོ་གང་ཉིད་མཆོག་གིས་སོག་པོའི་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཚེས་ ༡༡ ཉིན་་སོག་རིགས་གཞོན་སྐྱེས་ཚོར་ཆེད་དམིགས་ཐོག་ནང་ཆོས་དང་ཚན་རིག་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་གནང་བ་བརྒྱུད་སོག་རིགས་གཞོན་སྐྱེས་ཚོས་དེང་དུས་ཀྱི་ཚན་རིག་ཐོག་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ནང་པའི་གཞུང་ལུགས་ནང་གསུངས་པའི་ཚད་མ་རིག་པའི་ལྟ་གྲུབ་དེ་ཟུང་འབྲེལ་ཐོག་སློབ་སྦྱོང་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་ལམ་སྟོན་མཛད་ཡོད་པ་དང་། ཁ་སང་ཚེས་ ༡༢ ཉིན་དཔལ་ནཱ་ལེནྡྲའི་༸པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཀའ་དྲིན་བསྐྱངས་ཏེ་ནང་ཆོས་ནང་གསུངས་ཡོད་པའི་སེམས་ཁམས་རིག་པའི་རྣམ་གཞག་ལ་ཐུག་སྐབས་དེང་གི་ཚན་རིག་པ་ཚོས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་སོགས་བཀའ་སྩལ་དང་ཆབས་ཅིག མང་ཚོགས་རྣམས་ནས་༸པཎ་གྲུབ་བཅུ་བདུན་ལ་སོགས་པའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ལུགས་ཁག་ལ་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།དེ་རིང་གསུང་ཆོས་གྲུབ་མཚམས་སུ་སོག་པའི་བླ་ཆེན་ཁག་གི་སྣེ་ཁྲིད་པའི་ཐོག་ནས་དགེ་འདུན་པ་ཡོངས་དང་དད་ལྡན་མང་ཚོགས་ཀྱིས་སྐྱབས་མགོན་རིན་པོ་ཆེ་ལ་བརྟན་བཞུགས་ཀྱི་ཚུལ་དུ། གང་ཉིད་མཆོག་གི་ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་བ་མ་ཟད། རྟེན་འབྲེལ་རང་བཞིན་གྱི་མན་ཊལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཐེངས་འདིའི་གསུངས་ཆོས་མཇུག་སྒྲིལ་སོང་།

ཚན་རིག་དང་ཚད་མ་རིག་པའི་ལྟ་གྲུབ་གཉིས་ཟུང་འབྲེལ་ཐོག་སློབ་སྦྱོང་བྱེད་དགོས་བའི་ལམ་སྟོན།

དེ་རིང་སྔ་དྲོ་ཆུ་ཚོད་དགུ་པ་ནས་བཅུ་དང་ཕྱེད་ཀ་ཙམ་གྱིས་རིང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་སོག་རིགས་གཞོན་སྐྱེས་ཚོར་ཆེད་དམིགས་ཐོག་ནང་ཆོས་དང་ཚན་རིག་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་གཞོན་སྐྱེས་ཁག་གིས་དེ་འབྲེལ་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སོགས་མཛད་པ་དང་འབྲེལ། སོག་རིགས་གཞོན་སྐྱེས་ཚོས་དེང་དུས་ཀྱི་ཚན་རིག་ཐོག་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ནང་པའི་གཞུང་ལུགས་ནང་གསུངས་པའི་ཚད་མ་རིག་པའི་ལྟ་གྲུབ་དེ་ཟུང་འབྲེལ་ཐོག་སློབ་སྦྱོང་བྱེད་ཐུབ་ན་དགེ་ཚན་ཆེན་པོ་ཡོད་པའི་ལམ་སྟོན་མཛད་སོང་།དེ་ཡང་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ཀྱི་ཐོག་མ་དེར། དྲ་ཐོག་ནས་མཉམ་ཞུགས་གནང་པའི་སོག་རིགས་གཞོན་སྐྱེས་གཙོས་པའི་དད་ལྡན་ཡོངས་ལ་འཚམས་འདྲི་དང་སྦྲགས། ཆེན་པོ་ཧོར་གྱི་རྒྱལ་ཁབ་དེ་ལོ་རྒྱུས་ཐོག་ནས་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ཡང་སངས་རྒྱས་ཀྱི་བསྟན་པ་བྱང་ནས་བྱང་དུ་དར་ཞེས་གསུངས་སྲོལ་ཡོད་པ་ལྟར། ད་ཆ་ཆེན་པོ་ཧོར་གྱི་མི་རིགས་ཚོས་ཉམས་ལེན་བྱེད་བཞིན་པའི་ནང་ཆོས་དེ་བོད་ནས་དར་བ་ཞིག་ཡིན་པ་དང་། དེ་ནས་རིམ་པས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཀྱི་སྐུ་དུས་སུ་བོད་སོག་དབར་ལ་ཆོས་ཕྱོགས་ཀྱི་དམིགས་བསལ་འབྲེལ་བ་བྱུང་པ་སོགས་བོད་དང་སོག་པོའི་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་བཀའ་འགྲེལ་ཞིབ་རྒྱས་མཛད་ཡོད།   མ་ཟད་མགོན་པོ་གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་འདི་ནི་དད་པ་ཁོ་ནའི་རྗེས་སུ་འགྲོ་རྒྱུ་ཞིག་མ་ཡིན་པར། རིག་པས་དཔྱད་པ་བྱས་པའི་ཐོག་ནས་འགྲོ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་མགོན་པོ་གང་ཉིད་མཆོག་རྒྱ་གར་ནང་འབྱོར་བའི་རྗེས་སུ་རྒྱལ་སྤྱིའི་ཚན་རིག་མཁས་པ་ཁག་དང་ལྷན་དུ་གྲོས་བསྡུར་སྦྱང་ཤེས་གནང་སྐབས་ཚན་རིག་པ་ཚོས་ཀྱང་ནང་པའི་ཆོས་དེ་རིག་པའི་ལམ་ནས་འགྲོ་རྒྱུ་ཡོད་པ་དང་། ལྷག་པར་དུ་ནང་པའི་གཞུང་ལུགས་ནང་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ལ་ཚན་རིག་པ་ཚོས་དམིགས་བསལ་གྱི་དོ་སྣང་དང་དགའ་མོས་ཆེན་པོ་གནང་གི་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། བོད་དང་སོག་པོ་གཙོས་པའི་དཔལ་ནཱ་ལེནྡཱ་ནས་མཆེད་པའི་ནང་པ་སངས་རྒྱས་པའི་བསྟན་པ་ཉམས་ལེན་བྱེད་མཁན་རྣམས་ཚན་རིག་པ་དང་དཔུང་བ་མཉམ་གཤིབ་བྱས་ནས་འགྲོ་རྒྱུའི་ནུས་པ་ལྡན་ཡོད་སྟབས། སོག་རིགས་མང་ཚོགས་དང་། ལྷག་པར་དུ་སོག་རིགས་གཞོན་སྐྱེས་ཚོས་དེང་དུས་ཀྱི་ཚན་རིག་ཐོག་སློབ་སྦྱོང་བྱས་པ་དང་ཆབས་ཅིག་ཏུ། ནང་པའི་གཞུང་ལུགས་ནང་གསུངས་པའི་སེམས་ཁམས་རིག་པ་དང་། ཚན་མ་རིག་པའི་ལྟ་གྲུབ་དེ་དག་ཚན་རིག་དང་ཟུང་འབྲེལ་ཐོག་སློབ་སྦྱོང་བྱེད་ཐུབ་ན་དགེ་ཚན་ཆེན་པོ་ཡོད་པའི་ལམ་སྟོན་མཛད་སོང་། གཞན་ཡང་སྐབས་དེར་མགོན་པོ་གང་ཉིད་མཆོག་ནས་ཕྱི་སོག་ཚོས་རང་ཉིད་ཀྱི་མི་རིགས་དང་ཆོས་གཅིག་མཚུངས་ཡིན་པ་ད་ཆ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པ་ནང་སོག་དང་མན་ཇུའི་མི་རིགས་ཚོ་དང་འབྲེལ་བ་བྱེད་ཐུབ་ན་དགེ་མཚན་ཡོད་པའི་ལམ་སྟོན་སོགས་མཛད་ཡོད། སྔོན་འགྲོའི་བཀའ་སློབ་ལམ་སྟོན་ཁག་གྲུབ་མཚམས་སུ་སོག་རིགས་གཞོན་སྐྱེས་ཁག་ཅིག་ནས་༸གོང་ས་མཆོག་ལ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་གང་འདྲ་ཞིག་བྱེད་དགོས་མིན་དང་། ནང་ཆོས་དང་ཚན་རིག་གཉིས་ཟུང་འབྲེལ་ཐོག་སློབ་སྦྱོང་བྱེད་སྟངས་སོགས་དང་འབྲེལ་བཀའ་འདྲི་དགོངས་ཞུས་པ་ཁག་ལ་བཀའ་ལན་མཛད་ཡོད། གཞི་རྩའི་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབས་པ་ལྟར་༸གོང་ས་སྐྱབས་མགོན་ཆེན་པོི་མཆོག་གིས་དེ་རིང་སོག་རིགས་གཞོན་སྐྱེས་ཚོ་ལ་ནང་ཆོས་དང་ཚན་རིག་སྐོར་བཀའ་སློབ་ལམ་སྟོན་སྩལ་བ་མ་ཟད། སང་ཉིན་དང་གནངས་ཉིན་བཅས་ཉིན་གྲངས་གཉིས་རིང་གི་སྔ་དྲོ་ཆུ་ཚོད་ ༩ ནས་༡༠།༣༠ བར་དུ་དྲ་ཐོག་བརྒྱུད་སོག་པོའི་དད་ལྡན་མི་མང་ལ་ནཱ་ལེནྡཱའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་དང་། བཀའ་ཆོས་དེ་དག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་བོད་སྐད་དང་དབྱིན་སྐད། དེ་བཞིན་རྒྱ་སྐད་གཙོས་པའི་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། བཀའ་ཆོས་གསན་གཟིགས་གནང་མཁན་མང་ཚོགས་རྣམས་ནས་སྤྱི་ཚོགས་རྒྱང་བཀྱེད་བསྟེན་རྒྱུའི་གཙོས་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྔོན་འགོག་གི་བྱ་གཞག་ལ་འཐུས་ཤོར་མེད་པ་གནང་རྒྱུ་གལ་ཆེན་པོ་ཡིན་པ་རེད།

སྲིད་སྐྱོང་མཆོག་གིས་རྡ་ཤོད་དུ་བྱིས་པའི་རྩེད་ར་ཞིག་དབུ་འབྱེད་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གནས་ཡུལ་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་སླད་དེ་རིང་ཞོགས་པ་ཕྱག་ཚོད་༡༡།༠༠ཐོག་བོད་མིའི་་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དྷ་ཤོད་ Kacheri ཁུལ་དུ་རྟེན་གཞི་བྱས་པའི་ State War Memorial ཞེས་པའི་ཧི་མ་ཅལ་མངའ་སྡེའི་དམག་གི་དྲན་རྟེན་སྐྱེད་ཚལ་ནང་ Vikas Children's park ཞེས་བྱིས་པའི་རྩེད་ར་ཞིག་དབུ་འབྱེད་གནང་སོང་།དེ་ཡང་དེ་རིང་དབུ་འབྱེད་མཛད་སྒོ་དེའི་ཐོག་སྲིད་སྐྱོང་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་མཆོག དེ་བཞིན་འབྲེལ་ཡོད་རྒྱ་གར་མི་སྣ་དང་སྲི་ཞུའི་ལས་བྱེད་པ་ཁག་ཅིག་ལྷན་འཛོམས་ཀྱི་ཐོག་རྩེད་ར་དེ་དབུ་འབྱེད་གནང་སོང་།དེ་རིང་དབུ་འབྱེད་གནང་བའི་རྩེད་ཐང་དེའི་ནང་ཕྲུ་གུའི་ལུས་སྦྱོང་བྱ་རྒྱུའི་རྩེད་ཆས་ཁག་ཅིག་ཆེད་འཛུགས་གནང་འདུག་པ་དང་།ལས་གཞི་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༧ཚེས་༡ནས་༢༠༢༡ལོའི་ཕྱི་ཟླ་༦ཚེས་༣༠ ་་བར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་མུས་ཁྲོད་གནས་ཡུལ་རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཆེན་པོ་ཡིན་པའི་མཚོན་རྟགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་ཡིད་ཆེས་དགེ་རྩའི་བརྒྱུད་དེ་ལས་གཞི་དེ་བརྩམས་པ་ཞིག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གི་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་གི་དགེ་རྩའི་སློབ་ཡོན་གསལ་བསྒྲགས།

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགའ་ལྡན་ཕོ་བྲང་གི་དགེ་རྩ་ཡིས་ཕྱི་ལོ་ ༢༠༢༡ དང་༢༠༢༢ ལོའི་མགོན་པོ་གང་གི་སློབ་ཡོན་སྐབས་བཅུ་བ་དེ་གསལ་བསྒྲགས་བསྐྱངས་ཏེ། ཨོ་གླིང་དང་ཡུ་རོབ། དེ་བཞིན་ཨ་རི་སོགས་ཀྱི་ནང་དུ་གཙུག་ལག་རམས་འབྱམས་པ་དང་འབུམ་རམས་པའི་སློབ་གནས་ཐོག་སློབ་སྦྱོང་བྱེད་འདོད་ཡོད་རིགས་ཀྱིས་༸གོང་ས་ཏཱ་ལའི་བླ་མའི་སློབ་ཡོན་དེར་འགེངས་ཤོག་སྐོང་འཐུས་ཀྱི་གསལ་བསྒྲགས་གནང་འདུགསློབ་ཡོན་གསལ་བསྒྲགས་ཀྱི་ནང་དུ་གསལ་བ་ལྟར་ན། མགོན་པོ་གང་གི་མཚན་གནས་རྗེས་འབྲེལ་གྱི་སློབ་ཡོན་དེའི་ཁྱབ་ཁོངས་སུ་དམིགས་བསལ་གྱི་བོད་མི་སློབ་ཕྲུག་གྲངས་བཅུ་ནས་བཅོ་བརྒྱད་ལ་ཨ་སྒོར་ཁྲི་གཅིག་རེ་ལྷག་གི་སློབ་ཡོན་འབུལ་རྒྱུ་ཡིན་པ་དང་། སློབ་ཡོན་དེའི་དམིགས་ཡུལ་ནི་བོད་མིའི་བདེ་སྡུག་གི་མཚོན་པའི་འགྲོ་བ་མི་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་མཁན་གྱི་སློབ་མ་རྣམས་ལ་སེམས་སྐུལ་ཐེབས་ཐབས་སུ་དམིགས་པ་ཞིག་ཡིན་པར་གསལ་འདུག གཞི་རྩའི་འདི་ལོ་དང་སང་ལོའི་སློབ་ཡོན་གྱི་ཆེད་དུ་སྙན་ཞུ་འབུལ་མཁན་རྣམས་ཀྱི་ཆ་རྐྱེན་གྱིི་ནང་དུ། སློབ་མ་གང་ཞིག་ཨོ་གླིང་དང་ཡུ་རོབ། དེ་བཞིན་ཨ་རི་སོགས་ཀྱི་གཙུག་ལག་སློབ་ཆེན་གང་ཞིག་གམ། ཡང་ན་ཆེད་ལས་ཀྱི་སློབ་གྲྭ་གང་ཞིག་ནང་སློབ་སྦྱོང་བྱེད་རྒྱུར་ངོས་ལེན་བྱས་ཡོད་པའི་དཔང་ཡིག་དང་། དེ་བཞིན་རང་ཉིད་བོད་མི་ཡིན་པའི་དཔང་ཡིག་སོགས་ www.dalailamafoundation.org. ཞེས་པའི་༸གོང་ས་མཆོག་གི་ཐེབས་རྩ་ཁང་ལ་འདི་ལོའི་ཟླ་བ་ ༤ པའི་ཚེས་ ༢༣ སྔོན་དུ་འབུལ་བཞེས་གནང་དགོས་བ་དང་། དེ་བཞིན་སྔར་ནས་སློབ་ཡོན་ཐོབ་པའི་སློབ་མ་རྣམས་ཀྱིས་རང་གི་སློབ་ཡོན་མུ་མཐུད་བསྐྱར་ཞུ་བྱེད་འདོད་ཡོད་རིགས་ཀྱིས་སྙན་ཞུ་མཉམ་དུ་འགེངས་ཤོག་གཞན་ཞིག་ཀྱང་འབུལ་ལམ་ཞུ་དགོས་བར་འགྲེལ་བརྗོད་གནང་བ་དེ་ལྟར་ཡང་། སློབ་ཡོན་བསྐྱར་ཞུའི་གོ་སྐབས་དེ་ལོ་གཉིས་ལས་ལྷག་ལ་གནང་གི་མེད་པ་རེད་འདུག སློབ་ཡོན་འདིར་སྙན་ཞུ་འབུལ་མཁན་རྣམས་ཀྱི་སྙན་ཞུ་ཁག་༸གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་གི་རང་དབང་ལྡན་པའི་སློབ་ཡོན་ལྷན་ཚོགས་ཀྱིས་བརྟག་དཔྱད་གནང་བ་བརྒྱུད་ནས་བདམས་ཐོན་བྱུང་བའི་སློབ་ཕྲུག་རྣམས་ལ་གློག་འཕྲིན་བརྒྱུད་ནས་དྲ་ཐོག་གི་བཅར་འདྲི་ཞུ་རྒྱུ་ཡིན་པ་དང་། མཐའ་མའི་སློབ་ཡོན་ཐོབ་པའི་གནད་དོན་དེ་མི་སྒེར་བརྒྱུད་ནས་ཟླ་བ་ ༧ པའི་ཚེས་༧ ལ་གསལ་བསྒྲགས་བྱ་རྒྱུ་ཡིན་པར་འཁོད་འདུག གཞན་ཡང་གསལ་བསྒྲགས་དེར་གསལ་བ་ལྟར་ན། མགོན་པོ་གང་གི་མཚན་གནས་ཅན་གྱི་སློབ་ཡོན་དེ་འབུལ་འགོ་བརྩམས་པ་ནས་བཟུང་ཨ་རི་དང་ཨོ་གླིང་། དེ་བཞིན་དབྱིན་ཡུལ་དང་ཁ་ཎ་ཊ། དེ་བཞིན་ཧྥ་རན་སི་དང་འཇར་མན་སོགས་ཀྱི་གཙོ་བྱས་པའི་གཙུག་ལག་སློབ་ཁང་མང་པོ་ནང་དུ་སློབ་འཇུག་བྱས་པའི་བོད་རིགས་སློབ་མ་གྲངས་ ༡༧༠ ལྷག་ལ་ཨ་སྒོར་ས་ཡ་གཉིས་ལྷག་གི་སློབ་ཡོན་ཕུལ་ཐུབ་པ་བྱུང་ཡོད་འཁོད་པ་དང་། ཁོང་ཅག་གི་སློབ་ཚན་གྱི་ཆ་ནས། སྐྱེ་ཁམས་རིག་པ་དང་སྨན་རྫས་རིག་པ། དེ་བཞིན་ཁོར་ཡུག་དང་འཕྲུལ་ལས་སོགས་ཀྱི་ཚན་ཐོག་འབུམ་རམས་པའི་སློབ་སྦྱོང་གནང་མཁན་ཡིན་སྐོར་འཁོད་འདུག གཞི་རྩའི་དགའ་ལྡན་ཕོ་བྲང་གི་དགེ་རྩ་ཁང་དེ་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་གསར་གཏོད་གནང་བ་ཞིག་ཡིན་པ་དང་། དགེ་རྩ་ཁང་དེའི་དམིགས་འབེན་ནི་མགོན་པོ་གང་གི་ཐུགས་བསྐྱེད་དམ་བཅའ་ཁག་གི་ལས་གཞི་རྒྱ་བསྐྱེད་དང་། དེ་བཞིན་བོད་རིགས་ཀྱི་གཙོ་བྱས་པའི་རིས་མེད་དགོས་ངེས་ཅན་གྱི་མང་ཚོགས་ལ་རོགས་འདེགས་ཞུ་ཆེད་དུ་བཙུགས་པ་ཞིག་རེད་འདུག

༸གོང་ས་མཆོག་གིས་ཛོ་ནཱལ་སྨན་ཁང་དུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་བསྒྲོན་པ།

དེ་རིང་སྔ་དྲོ་ཆུ་ཚོད་ ༦ པ་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་དེ་དྷ་ཤོད་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་ཛོ་ནཱལ་སྨན་ཁང་དུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་བསྒྲོན་གནང་མཛད་སོང་། ད་ལྟའི་ཆར་རྒྱ་གར་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ Covid Shield དང་ COVAXIN ཞེས་མི་འདྲ་བ་གཉིས་ཡོད་པའི་ནང་ནས་༸གོང་ས་མཆོག་གིས་ Covid Shield ཞེས་པའི་སྔོན་ཁབ་དེ་བསྒྲོན་གནང་མཛད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ངོས་ཀྱི་ཡིད་ཆེས་འཕེར་བའི་གྲོགས་པོ་དང་སྨན་པ་ཚོས་གཉན་རིམས་ཀྱི་སྔོན་ཁབ་བསྒྲོན་དགོས་གལ་ཡིན་པའི་ལམ་སྟོན་ཕུལ་དོན་བཞིན་དེ་རིང་སྔོན་ཁབ་དེ་བསྒྲོན་པ་ཡིན་ཞེས་བཀའ་སྩལ་བ་དང་ཆབས་ཅིག ཏོག་དབྱིབས་གཉན་རིམས་ཀྱིས་མནར་བའི་ནད་པ་དང་མང་ཚོགས་གང་མང་ནས་ཁེ་ཕན་ཆེ་སར་དགོངས་པ་བཞེས་ཏེ་སྔོན་སྨན་ཁབ་བརྒྱབ་རྒྱུའི་སྙིང་སྟོབས་དང་སྤོབས་པ་ལྡན་དགོས་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། སྐབས་དེར་ཆེད་བཅར་གནང་བའི་ཧི་མཱ་ཅལ་མངའ་སྡེའི་ཀངྒ་རཱ་རྫོང་ཁོངས་ཀྱི་སྨན་སྦྱོར་དང་འཕྲོད་བསྟེན་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Dr. G. D. Gupta ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཀངྒ་རཱ་ས་གནས་གཞུང་གི་ངོས་ནས་༸གོང་ས་མཆོག་ལ་སྔོན་ཁབ་བསྒྲོན་ཕྱིར་༸རྒྱལ་བའི་ཕོ་བྲང་དུ་དམིགས་བསལ་མཐུན་རྐྱེན་བསྐྲུན་རྒྱུར་དགོངས་པ་བཞེས་ཡོད་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་དཀྱུས་མ་དང་གཅིག་མཚུངས་ཐོག་ས་གནས་གཞུང་གི་སྨན་ཁང་ལ་མར་ཆིབས་བསྒྱུར་མཛད་རྒྱུ་ཡིན་པར་བཀའ་ཕེབས་མཛད་ཡོད་སྐོར་འགྲེལ་བརྗོད་གནང་སོང་བ་མ་ཟད། ཐེངས་འདིའི་གོ་སྐབས་དང་བསྟུན་༸གོང་ས་མཆོག་གིས་དབུས་པའི་༸རྒྱལ་བའི་ཆིབས་ཞབས་པ་སོགས་ཁྱོན་ལས་བྱེད་ ༡༡ ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་བསྒྲོན་ཡོད་པ་དང་རིམ་པ་གཉིས་པ་དེ་ཉིན་གྲངས་ ༢༨ རྗེས་སུ་བསྒྲོན་རྒྱུ་ཡིན་པར་གསུངས་སོང་། ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་ Hamirpur ནས་ཡིན་པའི་ཛོ་ནཱལ་སྨན་ཁང་གི་སྨན་ཞབས་པ་ Komal Kaplesh ལགས་ཀྱིས་དེ་རིང་༸གོང་ས་མཆོག་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་བསྒྲོན་ཡོད་པ་དང་། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་དང་འབྲེལ་ནས་ད་རེས་ཁོང་གི་མི་ཚེ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བ་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས་སེམས་ནང་དགའ་ཚོར་དཔག་མེད་བྱུང་ཞེས་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཉན་རིམས་ཀྱི་སྔོན་ཁབ་བསྒྲོན་རྒྱུའི་སྐལ་པ་བཟང་པོ་བྱུང་སོང་བར་མ་ཟད། སྔོན་ཁབ་དེ་ཡང་ཤིན་ཏུ་ཡག་པོ་བྱུང་སོང་ཞེས་གསུངས་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༣ པ་ཙམ་ནས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་རྐྱེན་གྱིས་མཛད་འཆར་ཁག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་བརྒྱུད་བསྐྱངས་ཏེ་ཕོ་བྲང་གི་ཕྱི་ཕྱོགས་སུ་ཆིབས་བསྒྱུར་གཅིག་ཀྱང་མཛད་མེད་པ་དང་། ད་རེས་ལོ་གཅིག་ཙམ་གྱི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་སྔོན་ཁབ་བསྐྱོན་སླད་ཆིབས་བསྒྱུར་མཛད་སྐབས་དྷ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་མང་ཚོགས་རྣམས་ཀྱིས་གཙོས་པའི་ས་གནས་ཡུལ་མི་དང་ཕྱི་ནང་གི་ལྡན་མང་ཚོགས་དུ་མས་དགའ་དད་སྤྲོ་གསུམ་འཁོལ་བའི་ཐོག་ནས་ཕེབས་ལམ་གྱི་གཡས་གཡོན་དུ་བང་སྒྲིག་ནས་༸རྒྱལ་བའི་མཇལ་ཁ་ཞུས་ཡོད་པ་རེད།

པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་གཞུང་ལ་ཐུགས་སྣང་གནང་དགོས་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིང་གྷ་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་ Tibetan Buddhist Center གཙོས་པའི་ཚོགས་པ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ལེགས་སྦྱར་དང་པཱ་ལའི་གཞུང་ལས་འབྱུང་བའི་བསླབ་པ་གསུམ་གྱི་བརྗོད་གཞིའི་བགྲོ་གླེང་ཉིན་དང་པོའི་དབུ་འབྱེད་མཛད་སྒོར་ཚོགས་མགོན་དུ་དབུ་བཞུགས་ཀྱིས་པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་གཞུང་ལ་ཐུགས་སྣང་གནང་ཚེ་དགེ་མཚན་ཡོད་སྐོར་བཀའ་སྩལ་སོང་།   དེ་རིང་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་༸གོང་ས་༸སྐྱབས་མགོན་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བོད་བརྒྱུད་ནང་པའི་ཆོས་ཚོགས་དང་ཚོགས་པ་ཁག་ལ་བཀའ་སློབ་ལམ་སྟོན་སྩལ་སྐབས་དུས་རྒྱུན་ཐེག་པ་ཆེ་ཆུང་གཉིས་ཀྱི་བཀའ་མོལ་གནང་གི་ཡོད་སྟབས་དེ་ལྟ་བུའི་ཚིག་སྤྱོད་བྱེད་བཞིན་པ་ནི་མི་འགྲིག་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཞེས་པའི་ཐོག་ནས་དབྱེ་བ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་དང་སྦྲགས། པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་ཀྱི་ནང་འདུལ་བའི་ཉམས་བཞེས་དང་བསླབ་པ་གསུམ་གྱི་ཉམས་ལེན་གཞི་རྩ་ཡིན་པ་དང་། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་བསྟན་སྐབས་སྟོན་ཡུལ་གདུལ་བྱའི་ཉམས་ལེན་གཞི་མར་བཞག་ནས་བཀའ་ཆོས་སྩལ་ཡོད་སྐོར་བཀའ་སྩལ་ཡོད།    མགོན་པོ་༸གང་ཉིད་མཆོག་གིས་བོད་ནང་དུ་ནང་པའི་ཆོས་བརྒྱུད་དར་ཚུལ་ངོ་སྤྲོད་མཛད་པ་དང་འབྲེལ་ནས་བོད་ནང་བོད་ཀྱི་སྔར་བྱོན་མཁས་གྲུབ་ཚོས་ཚད་མ་རིག་པའི་གཞུང་ལ་གལ་ཆེར་ངོས་འཛིན་གྱིས་ ཐུགས་སྣང་ཆེན་པོ་གནང་ཡོད་པ་དང་སྒོས་དེང་རབས་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་སྐབས་འདིར་ལུང་ཁོ་ན་ལ་སྐྱབས་སུ་མཆི་ཞེས་ཕྱིན་ཚེ་ངལ་བ་འཕྲད་ཀྱི་ཡོད་སྟབས་པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་མའི་གཞུང་ལ་ཏོག་ཙམ་ཐུགས་སྣང་གནང་ན་དགེ་མཚན་ཡོད་སྐོར་ལམ་སྟོན་བཀའ་སྩལ་སོང་། བརྗོད་གཞི་དང་འབྲེལ་ནས་ཚོགས་ཞུགས་པས་བཀའ་འདྲི་དགོངས་སྐོར་ཁག་ཅིག་ཞུས་པའི་ཁྲོད་ཚོགས་ཞུགས་པ་གཅིག་གིས་པཱ་ལི་དང་ལེགས་སྦྱར་གྱི་གཞུང་ནས་བསླབ་པ་གསུམ་གྱི་ཉམས་ལེན་སྐོར་གསུངས་ཁག་སློབ་གྲྭར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་གྱི་ངོ་བོར་སློབ་ཁྲིད་གནང་ཐུབ་མིན་ཐོག་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཉམས་ལེན་གྱི་སྙོང་པོ་གང་ཡིན་བསླབ་དགོས་པས་དེ་ནི་གཞན་གནོད་གཞི་བཅས་སྤོང་བ་ཞིག་དགོས་ཀྱི་ཡོད་སྟབས། དེ་དག་དང་མཐུན་པའི་ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་ནས་བསླབ་བྱ་གང་ལེན་ན་འགྲིག་པ་དང་སློབ་གྲྭར་སློབ་ཁྲིད་ཐུབ་སྐོར་བཀའ་སྩལ་ཡོད།དེ་བཞིན་ནང་པ་ཚད་ལྡན་ཞིག་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་སྐྱབས་འགྲོའི་ཚིག་ཞལ་འདོན་གནང་བ་ཙམ་མིན་པར་དེ་དག་གི་དོན་ཤེས་དགོས་པ་དང་། དེ་ནང་པའི་ཆོས་ཀྱི་དོན་གང་ཡིན་ཞིབ་རྒྱས་ཤེས་འདོད་ཡོད་ཚེ་དེར་སློབ་གཉེར་ཡང་གཏིང་ཟབ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།གཞི་རྩའི་དྲ་ཐོག་བརྒྱུད་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་ཀྱི་ཚོགས་ཆེན་དེ་སིང་གྷ་པུར་བོད་ཀྱི་ཆོས་ཚོགས་དང་མ་ལེ་ཤ་ཡའི་ཆོས་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཚོགས་སྡེ་ ༡༢ དང་ལྷན་དུ་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ལྷན་ཚོགས་དེར་རྒྱལ་ཁབ་ ༡༤ ཡི་གསུང་བཤད་གནང་མཁན་ ༣༨ ལྷག་ཡོད་པ་རེད་འདུག

༸གོང་ས་མཆོག་ལ་ཏོག་དབྱིབས་སྔོན་ཁབ་བརྒྱབ་རྒྱུའི་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་ཡིན་ཞེས་གསུངས་འདུག

ཧི་མཱ་ཅལ་ཀངྒ་རཱ་ས་གནས་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏོག་དབྱིབས་གཉན་རིམས་ ༡༩ པའི་སྔོན་ཁབ་བརྒྱབ་རྒྱུ་ཐད་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་རེད་འདུགབོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དབུས་དང་ཀངྒ་རཱ་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐུ་འཁོར་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་བརྒྱབ་གནང་རྒྱུར་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་དང་བོད་མི་ཡོངས་ལ་སྔོན་ཁབ་བརྒྱབ་རྒྱུའི་འབོད་སྐུལ་ཞུས་དོན་ལྟར་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ Rakesh Prajapati མཆོག་གིས་སྤྱིར་དམིགས་བསལ་གྱི་ཆོག་མཆན་དགོས་ཀྱི་མེད་ཀྱང་།  ལོ་ན་ ༦༠ ཡན་ཚང་མར་སྔོན་ཁབ་བརྒྱབ་ཀྱི་ཡོད་པ་བཞིན་༸གོང་ས་མཆོག་ལ་དམིགས་བསལ་གྱི་སྔོན་ཁབ་བརྒྱབ་རྒྱུའི་མཐུན་རྐྱེན་སྦྱར་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་ཀངྒ་རཱ་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་སྐུ་ཞབས་ Gurdarshan Gupta ལགས་ཀྱིས་ང་ཚོས་༸གོང་ས་མཆོག་ལ་༸སྐུའི་ཕོ་བྲང་དུ་སྔོན་ཁབ་བརྒྱབ་རྒྱུའི་ཐད་དམིགས་བསལ་མཐུན་རྐྱེན་བསྐྲུན་རྒྱུར་དགོངས་པ་བཞེས་ཀྱི་ཡོད་ཅེས་གསུངས་འདུག གཞི་རྩའི་རྒྱ་གར་ནང་ཏོག་དབྱིབས་སྔོན་ཁབ་ཐོག་མར་སྨན་པ་དང་སྨན་ཞབས་པ།  དེ་བཞིན་མདུན་བསྐྱོད་ཞབས་ཞུ་བ་ལ་བརྒྱབ་ཡོད་པ་དང་། བདུན་ཕྲག་སྔ་མའི་གྲངས་ཐོར་གཞིགས་ན་ད་བར་ཁྱོན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ནང་མདུན་བསྐྱོད་ཕྱག་ལས་གནང་མཁན་མི་གྲངས་བསྡོམས་ ༤༠༦ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད་པ་རེད། སྔོན་ཁབ་རིམ་པ་གཉིས་པ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡  ནས་མི་ལོ་ན་ ༦༠ ཡན་དང་དེ་བཞིན་ལོ་ན་ ༤༥ ཡན་གང་ཞིག་ལ་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་པ་ཚོར་བརྒྱབ་རྒྱུ་དབུ་འཛུགས་གནང་ཡོད་པ་རེད།  དེའི་ཁྲོད་ཁ་ས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ལོ་ན་ ༦༠ ཡན་གྱི་དགེ་འདུན་པ་དང་བཙུན་མ་ ༨༢ དང་མན་སྤར་ཕན་བདེ་གླིང་དང་གཞན་ས་ཁུལ་ཁག་གི་ལོ་ན་བགྲེས་པ་ཚོར་ཏོག་དབྱིབས་སྔོན་ཁབ་བརྒྱབ་འདུག

གཞིས་ལུས་བོད་རིགས་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་དོ་སྣང་བྱེད་སྐོར་བཀའ་སྩལ་བ།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རབ་གནས་ལྕགས་གླང་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ། སེམས་བསྐྱེད་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་སྦྲགས། གཞིས་ལུས་བོད་རིགས་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་དོ་སྣང་བྱེད་སྐོར་ལམ་སྟོན་མཛད་སོང་།དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༧ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷརྨ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་ལམ་བརྒྱུད་སྐྱེས་རབས་ཀྱི་བཀའ་ཆོས་དབུ་འཛུགས་ཀྱིས་སྔོན་འགྲོའི་བཀའ་སློབ་སྩལ་སྐབས་བོད་མི་རྣམས་བཙན་བྱོལ་ལ་ཡོང་བ་དེ་རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུར་ཆགས་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས། ང་ཚོ་བཙན་བྱོལ་ལུང་པའི་ནང་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་གནང་བའི་སྒོ་ནས་དེ་དག་ད་ཆ་འཛམ་གླིང་ཐོག་མཐོང་ཆོས་སུ་གྱུར་ཡོད་པ་དང་ལྷག་དོན་ཆོས་ལུགས་གཞན་དང་དེང་རབས་ཀྱི་ཚན་རིག་པ་ཚོའི་ནང་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད་པར་བཀའ་སྩལ་བ་དང་ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་ཆོས་རྒྱལ་དང་སློབ་དཔོན་སོགས་ཀྱི་སྐུ་དྲིན་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་བསྟན་པ་ཆ་ཚང་བ་འདི་འཛམ་གླིང་གང་དུའང་མེད་པར་བོད་ནང་དར་ཁྱབ་བྱུང་ཡོད་པ་ལུང་འདྲེན་གྱིས་ད་ཆ་ང་ཚོ་ཆབ་སྲིད་ཀྱི་ཐོག་ནས་གནས་སྟངས་སྐྱོ་པོ་ཆགས་ཡོད་ཀྱང་སངས་རྒྱས་པའི་ཆོས་གཏིང་ཟབ་ཡོད་པ་དེའི་རྐྱེན་གྱིས་རྒྱ་གཞུང་གིས་བོད་མི་ཚོར་བཙན་དབང་ཐོག་ཆབ་སྲིད་ཀྱི་སློབ་གསོ་དང་སྡུག་སྦྱོང་མནར་གཅོད་གང་འདྲ་བཏང་དང་གཏོང་མུས་ལ་ལྟོས་མེད་བོད་མིའི་ཆོད་སེམས་ལ་འགྱུར་བ་མེད་སྐོར་བཀའ་སློབ་སྩལ་སོང་།དེ་བཞིན་༸གོང་ས་མཆོག་གིས་དེང་གི་ཆར་བོད་གཞིས་ལུས་རྒྱ་ཆེ་མི་མང་ཚོགས་ཚང་མས་སངས་རྒྱས་ཀྱི་བསྟན་པ་འདི་རྒྱ་ཆེན་པོའི་ཐོག་ནས་མ་ཤེས་ཀྱང་དད་པ་རང་གི་ཐོག་ནས་ཆོས་དད་བརྟན་པོ་ཡོད་པ་འདི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་། ནང་པའི་ཆོས་འདི་མ་འོངས་པར་རིམ་པས་བོད་རྒྱ་ཧོར་གསུམ་ནང་ཁྱབ་སྤེལ་ཤུགས་ཆེར་འགྲོ་ངེས་ཡིན་སྟབས་ཚང་མ་སེམས་སྐྱིད་པོ་དང་བག་ཕེབས་པོའི་ངང་བཞུགས་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། ལྷག་དོན་༸གོང་ས་མཆོག་གིས་བོད་ནང་གི་རྒྱ་ཆེ་མི་མང་སྤྱི་དང་སྒོས་བོད་རིགས་གཞོན་སྐྱེས་ཚོར་བོད་ཡིག་ཐོག་དམིགས་དོ་སྣང་གནང་གལ་ཡིན་སྐོར་དང་འབྲེལ། ནང་པ་སངས་རྒྱས་པའི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་ཁག་འགྲེལ་བརྗོད་གནང་ཐུབ་མཁན་བོད་སྐད་ཁོ་ན་ཆགས་ཡོད་པ་དང་དེ་བཞིན་རྒྱ་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་འདི་རིམ་པས་རྩ་བརླག་གཏོང་རྒྱུའི་ཐབས་ཤེས་སྣ་མང་བྱེད་བཞིན་པའི་གནས་སྟངས་འོག་འཛམ་གླིང་སྤྱིའི་དོ་སྣང་སླེབས་རྒྱུའི་སངས་རྒྱས་པའི་ལྟ་གྲུབ་འདི་བོད་ཡིག་ཁོ་ནར་ཡོད་པས་དེ་ནི་བོད་མི་རིགས་ཀྱི་སྤོབས་པ་ཡིན་སྟབས་གཞིས་ལུས་བོད་རིགས་ན་གཞོན་རྣམས་ཀྱིས་ངེས་པར་དུ་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན་པའི་གཞེན་སྐུལ་མཛད་ཡོད། ༸གོང་ས་མཆོག་གིས་ད་དུང་ལོ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་གིས་མཆུ་ཟླའི་ཡར་ཚེས་གཅིག་ནས་བཅོ་ལྔའི་བར་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་ཚར་བཅད་པའི་དུས་ཆེན་ནམ་ཆོ་འཕྲུལ་དུས་ཆེན་ནམ་ཡིན་ལ་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་སྐྱེས་རབས་ཀྱི་བཀའ་ཆོས་སྩལ་གྱི་ཡོད་པ་ལྟར། དེ་རིང་སྔ་དྲོ་སྔ་ལོར་བསྩལ་བའི་སྐྱེས་རབས་ཀྱི་བཀའ་ཆོས་ལས་འཕྲོ་སྐྱོང་མཛད་རྗེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོའི་བཀའ་ཆོས་དང་། ལ་དྭགས་སེམས་བསྐྱེད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སེམས་བསྐྱེད་ཀྱི་ཆོས་འབྲེལ་སོགས་བཀའ་དྲིན་སྩལ་སོང་།

Latest news