Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

གཞིས་བྱེས་གཉིས་སུ་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་པ།

ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཟླ་བ་ ༤ པར་བོད་ཀྱི་དབྱངས་ཡིག་བཞི་དང་ཚེས་ ༣༠ ལ་གསལ་བྱེད་སུམ་བཅུ་མཚོན་པར་བྱེད་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཞེས་བོད་མདོ་དབུས་ཁམས་གསུམ་ཁྱོན་ཡོངས་ལ་ལོ་ལྟར་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣༠ ཉིན་བོད་ནང་རིས་མེད་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་གི་ནང་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག་པ་དང་འདི་བཞིན་བཙན་བྱོལ་དུ་བོད་མིའི་སློབ་གྲྭ་ཁག་ཏུ་དེ་ལྟར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་བོད་ཀྱི་རྒྱལ་ས་ལྷ་ས་དང་ལྷ་སའི་གཙུག་ལག་ཁང་གཙོས་མགོ་ལོག་དང་། ཡུལ་ཤུལ་སྐྱེ་དགུ་མདོ།  རྨ་ཆེན་རྫོང་མི་རིགས་ཀྱི་སློབ་འབྲིང་། མཛོད་དགེ་སྒར་སར་ནང་བསྟན་རིག་གནས་འཛིན་གྲྭ དེ་བཞིན་རྔ་ཡུལ་ཀིརྟིའི་སྔོན་འགྲོའི་སློབ་གླིང་། འབའ་ཡུལ་སེང་ཁྲི་ཆོས་གྲྭ མདོ་སྨད་རྒན་གྱའི་བྲག་དཀར་དགོན་སོགས་ཀྱི་ནང་བོད་མི་རིགས་ཀྱི་ཡིག་གཟུགས་མི་ཉམས་བརྒྱུད་འཛིན་ཞུ་སླད་དབུ་ཆེན་དང་། ཚུགས་རིང་། ཚུགས་ཐུང་། ཚུགས་མ་ཁྱུག ཁྱུག་ཡིག དེ་བཞིན་འབྲུ་རྩ་སོགས་ཡིག་གཟུགས་སྣ་མང་བྲིས་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་ནས་འགྲེམས་སྟོན་གནང་བའམ་ནང་ཕན་ཚུལ་འགྲན་བསྡུར་སོགས་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།དེ་བཞིན་བཙན་བྱོལ་གྱི་ནང་དུའང་སློབ་གྲྭ་ཁག་མང་དག་ཅིག་གི་ནང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། ལྷག་པར་ཁ་སང་ཕྱི་ཚེས་ ༣༠ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གོ་སྒྲིག་འོག་གོ་པཱལ་པུར་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་ཡིག་གཟུགས་འགྲན་བསྡུར་གྱི་ལམ་ནས་དུས་ཆེན་སྲུང་བརྩི་ཞུས་འདུག བཞུགས་སྒར་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་ཕྲུག་རྣམས་ནས་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་འདུག་པ་དང་། ཀ་སྤུངས་༸དཔལ་ས་སྐྱའི་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དུ་ཚོགས་པ་སྐྱིད་སྡུག་དང་གཏན་སློབ། དེ་བཞིན་འཇམ་མགོན་ཀོང་སྤྲུལ་སློབ་གྲྭའི་སློབ་མ་རྣམས་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་ཞུས་འདུག་པ་མ་ཟད། སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་སྐྱོངས་ཀྱིས་གོ་སྒྲིག་འོག་བོད་ཀྱི་མགྲོན་ཁང་དུ་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགེ་རྒན་རྣམ་པ་ཚང་འཛོམས་ཀྱིས་ཡིག་གཟུགས་འགྲན་བསྡུར་ཞིག་གོ་སྒྲིག་གནང་འདུགརྩ་བའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ནི་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ཚེས ༡༦ ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དང་། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྲ་སྒྲིག་ཚོགས་ཆུང་གཉིས་ཀྱིས་གོ་སྒྲིག་འོག་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་མང་མོས་ཀྱིས་ཐག་གཅོད་ལྟར། ཕྱི་ཟླ་ ༤ ཚེས་ ༣༠ ཉིན་མོར་བོད་ཡིག་གི་དབྱངས་བཞི་དང་གསལ་བྱེད་སུམ་བཅུ་མཚོན་པར་བྱེད་པའི་དུས་ཆེན་ལ་གཏན་འབེབས་གནང་ཡོད།

༸པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་འབོད་སྐུལ།

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་༸པཎ་ཆེན་༸སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་། རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༤ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། རྒྱ་གར་གྱི་ས་ཕྱོགས་ཁག་ལྔའི་ནང་གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་བ་ཚོས་དེ་རིང་འདི་ག་རྒྱལ་ས་ལྡི་ལིའི་ Samta Sthal ནས་ Jantar Mantar བར་ཀི་ལོ་མི་ཊར་ ༧ ལྷ་གོམ་བགྲོད་གནང་བ་དང་འབྲེལ་ཞི་བའི་སྐད་འབོད་གནང་ཐོག་ས་གནས་གྱི་རྒྱ་གར་མང་ཚོགས་རྣམས་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དྲིལ་བསྒྲགས་དང་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་གནང་དགོས་པའི་འབོད་སྐུལ་སོགས་ཞུས་ཡོད་པ་རེད།  ལས་འགུལ་དེའི་ཐོག་ལྡེ་ར་ལྡུན་ཁུལ་གྱི་ས་གནས་ཁག་དང་ལྡི་ལི་བཅས་ནས་ཁྱོན་ལས་འགུལ་བ་མི་གྲངས་ ༢༠༠ ལྷག་ནས་མཉམ་ཞུགས་གནང་འདུག་པ་དང་། ལས་འགུལ་བ་དེ་དག་གིས་ཀི་ལོ་མི་ཊར་ ༧ ལྷག་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་གནང་ཡོད་པ་མ་ཟད། རྒྱལ་ས་ལྡི་ལིའི་ Jantar Mantar  ཁུལ་དུ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་ལྟར་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibbat Sayog Manch ལ་སོགས་པའི་ཚོགས་པ་ཁག་གཅིག་གི་སྐུ་ཚབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་པའི་ལྡི་ལི་ས་གནས་འགོ་འཛིན། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་སོགས་ཆེད་ཕེབས་ཀྱིས་རྒྱ་ནག་ནས་ལོ་ངོ་ ༢༤ སྔོན་ནས་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ Bharat Tibbat Sayog Manch སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Pankaj Goyal མཆོག་གིས་ཆོས་ལ་དད་པ་དང་ཡིད་ཆེས་རྩ་བ་ནས་མེད་པའི་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མ་བཙན་ཁྲིད་དང་ཡང་སྤྲུལ་རྫུས་མ་བསྐོ་གཞག་བྱས་པ་མ་ཟད་ད་དུང་བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་ཁོང་ཚོར་ཡོད་སྐོར་བརྗོད་པ་དེར་རྒྱ་གར་གཞུང་མང་གཉིས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ལྷག་པར་ཁོང་ཚོའི་ཚོགས་པས་ད་ཆ་རྒྱ་གར་གྱི་ཁྱིམ་ཚང་རེ་རེའི་ནང་སྐྱོད་དེ་རྒྱ་ནག་གིས་རྒྱ་སྐྱེད་རིང་ལུགས་ཀྱི་གཡོ་སྒྱུའི་སྲིད་བྱུས་ཁག་ལ་དོགས་ཟོན་བྱེད་དགོས་པའི་ངོ་སྤྲོད་གསལ་བཤད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་སོགས་ངོ་སྤྲོད་གནང་སོང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ནས་ཧིཾ་དིའི་སྐད་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་ས་གནས་མི་མང་ཚོར་གསལ་བཤད་གནང་བ་མ་ཟད་བོད་ཀྱི་དཀའ་རྙོག་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་རིང་ལ་སེལ་ཐུབ་ཚེ་རྒྱ་ནག་རང་ཉིད་ལའང་ཁེ་ཕན་ཡོད་པ་དང་། བུད་མེད་ཚོར་སྤྱི་ཚོགས་ཆིག་སྒྲིལ་ཡོང་བར་ལས་འགན་ཆེན་པོ་ཡོད་སྐོར་སོགས་གསུང་བཤད་གནང་ཡོད།གཞི་རྩའི་དབུས་བོད་ཀྱི་བེུད་ལྷན་ཚོགས་ནས་ད་རེས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་བཞུགས་སྒར་དྷ་རྨམ་ས་ལ་ནས་ཅན་དྷི་གྷར་བར་དང་ལྡེ་ར་ལྡུན་ནས་ལྡི་ལ་བར། སྒང་ཏོག་ནས་ས་ལུ་གྷ་ར་བར། ནཱག་པུར་ནས་ཆ་ཏྲིས་གྷར་བར། དེ་བཞིན་མེ་སོར་ནས་སྦེང་ལོར་བར་བཅས་རྒྱ་གར་གྱི་ས་གནས་ཁག་ལྔའི་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།སྐབས་དེར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་སྐབས་དང་བསྟུན་ལྡེ་ར་ལྡུན་ནས་ལྡི་ལི་བར་གྱི་ལས་འགུལ་དེ་དངོས་སུ་དབུ་འཛུགས་གནང་རྒྱུའི་ཆོག་མཆན་རག་མེད་པར་བློ་ཕམ་གནང་བ་དང་སྦྲགས། ས་གནས་གཞན་ཁག་ཏུ་ཁོང་རྣམས་ནས་ས་གནས་ཀྱི་གྲོང་ཁྱེར་ཆེ་ཁག་སོ་སོའི་ནང་གསར་འགོད་གསལ་བསྒྲགས་དང་གོམ་བགྲོད་སོགས་གནང་ཐུབ་ཡོད་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཏུ་རྒྱ་གར་གཞུང་གི་དཔོན་རིགས་ཚོས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།

བོད་མིའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཀྱི་ཉེས་ཆད་དེ་ཧིན་སྒོར་གྱི་ཐོག་ནས་འབུལ་དགོས།

བོད་མིའི་སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་དུས་འགྱངས་ཀྱི་ཉེས་ཆད་དེ་ད་བར་ཨ་སྒོར་གྱི་ཚད་གཞིའི་ཐོག་ནས་ཉེས་ཆད་འབུལ་དགོས་པའི་གཏན་འབེབས་གནང་ཡོད་ཀྱང་། སླད་མར་ཧིན་སྒོར་གྱི་ཐོག་ནས་འབུལ་དགོས་པའི་འགྱུར་བ་བཏང་འདུགརྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་ཕྱི་མི་དེབ་སྐྱེལ་ལྷན་ཁང་གིས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བོད་མི་རྣམས་ནས་རྒྱ་གར་ནང་བཞུགས་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་རམ་ RC ཞེས་པ་དེ་དུས་ཐོག་ལ་དུས་འགྱང་མ་གནང་ཚེ་ཨ་སྒོར་ ༣༠༠ ནས་ ༥༠༠ བར་ཉེས་ཆད་བཏང་ཡོད་ཀྱང་།  ཟླ་བ་འདིའི་ཚེས་ ༨ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་ཀྱིས་བཀོད་ཁྱབ་གནང་བར་གཞིགས་ན། མ་འོངས་པར་བོད་མིའི་སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་དུས་འགྱངས་ཀྱི་ཉེས་ཆད་དེ་ཧིན་སྒོར་གྱི་ཐོག་ནས་འབུལ་དགོས་པ་དང་། སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་རྒྱུའི་ཞག་པོ་ ༡ ནས་ ༩༠ བར་རྗེས་ལུས་ཐེབས་ཚེ་དེར་ཧོན་སྒོར་ ༡༠༠ རེ་དང་ཞག་པོ་ ༩༡ ནས་ལོ་ ༣ ཀྱི་བར་རྗེས་སུ་ཐེབས་ན་ཧིན་སྒོར་ ༢༠༠ དང་ལོ་ ༢ ལས་མང་བ་རྗེས་ལུས་ཐེབས་ཚེ་ཉེས་ཆད་ཧིན་སྒོར་ ༥༠༠ བཅས་གཏང་རྒྱུར་འགྱུར་བ་བཏང་འདུགརྩ་བའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་སུ་སྤྱི་འཐུས་མང་དག་ཅིག་ནས་བོད་མིའི་སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་དུས་འགྱངས་ཀྱི་ཉེས་ཆད་དེ་ཨ་སྒོར་གྱི་ཚད་གཞིའི་ཐོག་ནས་ཉེས་ཆད་གཅོད་ཀྱི་ཡོད་པ་དེ་རྒྱ་གར་ནང་སྲིད་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་ཀྱི་བཀོད་ཁྱབ་ནང་བོད་མིས་ཨ་སྒོར་འབུལ་དགོས་པ་ཞིག་བཀོད་ཡོད་མེད་དང་། བོད་མི་སྐྱབས་བཅོལ་ལག་དེབ་འཁྱེར་མཁན་ཞིག་ལ་ཨ་སྒོར་ནང་ཉེས་ཆད་དངུལ་སྤྲོད་དགོས་པའི་རྒྱུ་མཚན་གང་ཡིན་ཐོག་བཀའ་བསྡུར་གནང་ཡོད་མེད་སོགས་ཀྱི་ཐད་གླེང་མོལ་གནང་ཡོད་པ་ལྟར། སྐབས་དེར་བཀའ་བློན་མཆོག་གིས་འབྲེལ་ཡོད་ས་གནས་སྤྱི་བདེ་ལས་ཁུངས་དང་། ཉེན་རྟོག་ལས་ཁུངས། གསང་བའི་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་ལ་ཞུ་གཏུག་གནང་མུས་ཡིན་པ་དང་། རིང་མིན་གྲུབ་འབྲས་ཐོན་རྒྱུར་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མི་ཚོའི་ངོས་ནས་རང་ཉིད་ཀྱི་སྐྱབས་བཅོལ་ལག་དེབ་དུས་ཐོག་ཏུ་དུས་འགྱངས་ཞུ་དགོས་པར་འབོད་སྐུལ་ཡང་ཞུས་ཡོད།

ཨོ་གླིང་གི་བོད་དོན་དྲིལ་བསྒྲགས་དང་ཆོས་རིག་དར་སྤེལ་གྱི་བོད་ཀྱི་དུས་སྟོན་མཇུག་སྒྲིལ།

ཨོ་གླིང་གི་གྲོང་ཁྱེར་ Brisbane ནང་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཉིན་གསུམ་གྱི་རིང་བོད་དོན་དྲིལ་བསྒྲགས་དང་ཆོས་རིག་དར་སྤེལ་གྱི་བོད་ཀྱི་དུས་སྟོན་ཐེངས་བཅུ་གཅིག་པ་གོ་སྒྲིག་གནང་ཡོད་པ་དང་། ཁ་སང་དངོས་སུ་དུས་སྟོན་དེ་ལེགས་པར་གྲུབ་ཡོད་པ་རེད།དུས་སྟོན་གྱི་མཛད་སྒོའི་ཐོག་ཨོ་གླིང་གི་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་། ཨོ་གླིང་གི་གྲོས་ཚོགས་གོང་མའི་ཚོགས་མི་ཟུར་པའམ་ལྗང་ཁུ་ཚོགས་པའི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་ Bob Brown ལགས། ཨོ་གླིང་གི་རྩོམ་པ་པོ་དང་གསར་འགོད་པ་ Paul Barclay ལགས་ཀྱིས་གཙོས་པའི་མི་མང་བརྒྱ་ཕྲག་ཁ་ཤས་ཤིག་ཚོགས་ཞུགས་གནང་ཐོག་བོད་མིའི་ཆོས་རིག་དར་སྤེལ་དང་བོད་དོན་དྲིལ་བསྒྲགས་ཀྱི་ལས་གཞི་སྣ་མང་སྤེལ་འདུགརླུང་འཕྲིན་ཁང་གིས་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་སུ་ལས་གཞིའི་རྣམ་གྲངས་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་བོད་དོན་དང་འབྲེལ་བའི་རི་མོ་དང་གླུ་གཞས་སྒྱུ་རྩལ། ཟབ་སྦྱོང་དང་བགྲོ་གླེང་སོགས་ཀྱི་ལས་གཞི་མང་དག་ཅིག་སྤེལ་ཡོད་པར་ངོ་སྤྲོད་གནང་སོང་བ་དང་། དེ་བཞིན་ཁོང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ཡོད་སྟབས། ༸གོང་ས་མཆོག་གིས་རྣམ་ཀུན་ནས་རང་ནུས་གང་ལྕོགས་ཀྱིས་བོད་དོན་དྲིལ་བསྒྲགས་བྱེད་དགོས་པའི་ལམ་སྟོན་ཕེབས་དོན་ལྟར་རང་ཉིད་ནས་དེ་ལྟར་ཞུས་པ་ཡིན་ཞེས་གསུངས་ཡོད།རྩ་བའི་བོད་ཀྱིི་དུས་སྟོན་དེ་ཟླ་འདིའི་ཚེས་ ༢༦ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༨ ལ་མཇུག་སྒྲིལ་གནང་ཡོད་པ་དང་། བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་  ༢༠༠༨ ལོ་ནས་བཟུང་བོད་ཀྱི་དུས་སྟོན་དེ་གོ་སྒྲིག་ཞུས་ནས་བོད་དོན་དྲིལ་བསྒྲགས་གནང་སའི་གར་སྟེགས་ཤིག་ཆགས་ཡོད་པ་ལྟར། ཐེངས་འདིའི་ཨོ་གླིང་གི་དུས་སྟོན་དེ་ནི་ཐེངས་བཅུ་གཅིག་པ་ ཆགས་ཡོད་པ་རེད།

བོད་མིའི་སྤྱི་ཚོགས་ཁྲོད་བེུད་ལ་རྩུབ་སྤྱོད་དང་བཙན་གཡེམ་གྱི་གནད་དོན་ཐོག་གོ་རྟོགས་ཞན་པོ་ཡོད་པ་མངོན་གསལ།

དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་ནས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་སྤྱི་ཚོགས་ཁྲོད་བེུད་ཀྱི་གནས་སྟངས་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་བར་བོད་མིའི་སྤྱི་ཚོགས་ཁྲོད་བེུད་ལ་རྩུབ་སྤྱོད་དང་བཙན་གཡེམ་གྱི་གནད་དོན་ཐོག་གོ་རྟོགས་ཞན་པོ་ཡོད་པར་མངོན་གསལ་གནང་འདུགཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་གྱིས་སྙན་ཐོ་དེ་འདོན་སྤེལ་གནང་བའི་ནང་བོད་པའི་སྤྱི་ཚོགས་ཁྲོད་ Gender Stereotypes འམ་ཕོ་མོའི་མ་དག་རྒྱུན་འབྱམས་དང་ཁྱིམ་ཚང་དང་ལས་ཀ་བྱ་ཡུལ། དེ་བཞིན་སྤྱི་ཚོགས་ཁྲོད་བེུད་ཀྱི་གནས་བབ་ལ་ལྟ་ཚུལ་དང་། ཐག་གཅོད་གནང་རྒྱུའི་བརྒྱུད་རིམ་ཁྲོད་བེུད་ནས་ཆ་ཤས་བཞེས་ཕྱོགས། སྤྱི་ཚོགས་ཁྲོད་ཕོ་མོ་འདྲ་མཉམ་དང་ཕོ་མོའི་རྟགས་ཀྱི་ཁྱད་པར་དང་འཕྲོད་བསྟེན། དེ་བཞིན་བེུད་ཐོག་རྩུབ་སྤྱོད་དང་བཙན་གཡེམ་ཀྱི་གནད་དོན། བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་བཅས་ཀྱི་སྐོར་གོ་རྟོགས་ཇི་ཙམ་ཡོད་མེད་ཐོག་ཕྱི་ལོ་ ༢༠༡༧ ལོ་ནས་ཉམས་ཞིབ་གནང་བ་ཞིག་ཆགས་ཀྱི་འདུགདེའི་ཁྲོད་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་སློབ་ཕྲུག་དང་དགེ་རྒན། གྲྭ་བཙུན་དང་མང་ཚོགས། དེ་བཞིན་བོད་མི་མང་སྤྱི་འཐུས་དང་བོད་མིའི་སྒྲིག་འཛུགས་ཀྱི་དབང་ལྡན་མི་སྣ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༠༠༠ ཙམ་ལ་འདྲི་རྩད་གནང་བ་ལས་བོད་པའི་སྤྱི་ཚོགས་ནང་སྤྱིར་དེང་སྐབས་བེུད་གཙོ་གྱུར་བུ་ཕྲུག་ཡོངས་ལ་ཤེས་ཡོན་གྱི་གོ་སྐབས་ཐོབ་བཞིན་ཡོད་པ་དང་། ཁྱིམ་ཚང་ནང་བེུད་ཀྱི་ཤུགས་རྐྱེན་ཆེ་བ་ཡོད་པ། སྤྱི་ཚོགས་ཀྱི་གནད་དོན་ཐོག་བེུད་ནས་ཐག་གཅོད་གནང་རྒྱུ་སོགས་ཤུགས་རྐྱེན་དེ་ཙམ་མེད་པ་མ་ཟད་དེ་བཞིན་འོས་བསྡུ་སོགས་ཀྱི་སྐབས་སུའང་བེུད་རྣམས་ལ་གནོན་ཤུགས་མེད་པར་འོས་འཕང་རྒྱུའི་རང་དབང་ཡོད་པ་སོགས་མངོན་གསལ་བྱུང་ཡོད་པ་དེ་ལྟར་ཡང་། བོད་མིའི་སྤྱི་ཚོགས་ཁྲོད་ཟླ་མཚན་དང་ཕྲུ་གུ་མངོན་འགོག་སོགས་བེུད་དང་འབྲེལ་བའི་གནད་དོན། ལྷག་དོན་བེུད་ཐོག་རྩུབ་སྤྱོད་དང་བཙན་གཡེམ་སོགས་ཀྱི་གནས་ཚུལ་འཕྲད་སྐབས་ཞལ་གསང་པོའི་ཐོག་ནས་གསུང་མཁན་ཉུང་ཉུང་ཡིན་ཁར་གོ་རྟོགས་ཀྱང་ཞན་པོ་ཡོད་པ་མ་ཟད། ལྷག་པར་དུ་མང་ཚོགས་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟབས་གོང་འཕེལ་དང་འབྲེལ་བའི་སྲིད་བྱུས་དང་སྡེ་ཚན་ཆེད་འཛུགས་གནང་བའི་ཐོག་ལ་གོ་རྟོགས་ཞན་པོ་ཡོད་སྐོར་སོགས་ཆེས་མངོན་གསལ་གནང་འདུག་པ་མ་ཟད། མཐོ་སློབ་ཏུ་སྐྱོད་བཞིན་པའི་སློབ་ཕྲུག་ཁྲོད་བེུད་ཀྱི་ལས་འགན་ནི་ཕྲུ་གུའི་སྐྱེས་མ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་ཀྱང་གསལ་འདོན་གནང་ཡོད་པ་རེད།ཐེངས་འདིའི་སྙན་ཐོ་འདོན་སྤེལ་གནང་བ་དང་འབྲེལ། གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཡན་ལག་འདྲ་མིན་ནང་བེུད་ཀྱི་གནད་དོན་དང་འབྲེལ་བའི་གོ་རྟོགས་ལས་རིམ་ཤུགས་ཆེ་རུ་གཏང་རྒྱུ་དང་། བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་དེ་ལས་འཆར་ཞིག་གི་ངོ་བོར་ངོས་འཛིན་གནང་བ་ཙམ་མིན་པར་སྒྲིག་འཛུགས་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་དགོས་གལ་ཡིན་པ་དང་། དེའི་ནང་ད་ལྟའི་ཆར་བེུད་ཀྱི་གནད་དོན་དང་འབྲེལ་བའི་སློབ་སྦྱོང་གནང་མྱོང་ཡོད་པའི་ལས་བྱེད་གཉིས་མ་གཏོགས་མེད་སྟབས། ཆེད་ལས་སློབ་སྦྱོང་གནང་མྱོང་ཡོད་མཁན་མང་བ་ཆེད་བསྐོ་གནང་དགོས་པ་དང་སྡེ་ཚན་གྱི་ལས་གཞི་ཁག་ལ་དུས་ནས་དུས་སུ་དཔྱད་ཞིབ་དགོས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ནང་བེུད་ཀྱི་གནད་དོན་དང་འབྲེལ་བའི་ལས་བྱེད་བསྐོ་གཞག་གནང་གནད་ཡིན་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་ཡོད་པ་རེད།རྩ་བའི་ལས་གཞི་དེ་ US AID ཞེས་པའི་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༡༧༌༡༨ ལོ་གཉིས་ལ་གནད་དོན་དེའི་ཐོག་ཕྱིའི་ཁྱད་ལས་མི་སྣས་སྣེ་ཁྲིད་འོག་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ལས་ཡར་རྒྱས་ཐེབས་རྩ་དང་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་གཉིས་ཀྱི་ལས་བྱེད་དབུས་པའི་ས་གནས་སུ་རྟོག་ཞིབ་ཆེད་མི་སྣ་ ༨ ཆེད་བསྐོ་ཐོག་རྒྱ་གར་དང་བལ་ཡུལ་གྱི་ས་གནས་གང་སར་ལོ་གཉིས་ཙམ་གྱི་རིང་ལ་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་འདོན་སྤེལ་གནང་བ་ཞིག་ཡིན་པ་རེད།

བོད་མི་ལས་འགུལ་བ་དང་རྒྱ་ནག་གཞུང་ཚབ་ལས་བྱེད་དབར་ཁ་རྩོད་ཤོར་བ།

ཁ་སང་ ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་སྐབས་སུ་སུད་སི་གྲོང་ཁྱེར་ཛུ་རིག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་བོད་མི་ལས་འགུལ་བ་དབར་ཁ་རྩོད་ཤོར་འདུག ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། སུད་སི་ས་གནས་བེུད་ཚོགས་པ་དང་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་མཉམ་འབྲེལ་གྱིས་གྲོང་ཁྱེར་ཛུ་རིག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ་འདུ་འཛོམས་ཀྱིས་བོད་མི་ལས་འགུལ་བ་རྣམས་ནས་ལག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུ་པར་དང་ལྷན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་པ་དང་། རིན་པོ་ཆེ་མཆོག་གང་དུ་ཡོད་མེད་རྩད་གཅོད་གནང་རོགས། བོད་མིར་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།ལྷག་པར་དུ་སྐབས་དེར་སྐད་འབོད་ཀྱི་ལས་འགུལ་གྲུབ་མཚམས་སུ་ལས་འགུལ་སྣེ་ཁྲིད་པ་ཁག་གཅིག་གིས་ས་གནས་བོད་མི་ཚོས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་འཚམ་འདྲི་ཞུས་པའི་འཕྲིན་ཡིག་དང་འཚམས་ཤོག་འཁྱེར་ནས་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་ཡིག་སྒམ་ནང་དུ་བླུག་པར་སྐྱོད་སྐབས་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཁག་གཅིག་གཞུང་ཚབ་ལས་ཁུངས་ནས་ཕྱིར་ཐོན་ཐོག་བོད་མི་དེ་དག་ལ་བཀག་འགོག་གིས་ཡིག་སྒམ་ནང་འཚམས་ཤོག་བླུག་མ་འཇུག་སྟབས་བོད་མི་ལས་འགུལ་བ་དང་གཞུང་ཚབ་འབྲེལ་ཡོད་ལས་བྱེད་དབར་ཁ་རྩོད་ཤོར་འདུག དེ་དང་ཕྱོགས་མཚུངས་སུ་ཁ་སང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུང་སྐར་བསྟུན། བྷེལ་འཇམ་ནང་ལ་ཆ་མཚོན་ན་བྷེལ་འཇམ་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་པས་གོ་སྒྲིག་ཞུས་པ་དང་ས་གནས་བོད་པའི་ཚོགས་སྐྱིད་ཁག་ནས་མཐུན་འགྱུར་གནང་ཐོག་དེ་རིང་སྔ་དྲོ་བྷེལ་འཇམ་གྲོང་ཁྱེར་ Antwerp ནས་ཡོ་རོབ་གྲོས་ཚོགས་གནས་ཡུལ་དང་བྷེལ་འཇམ་རྒྱལ་ས་ Brussels བར་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།ས་གནས་ཡུལ་མིའི་ཁྲོད་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་གོ་རྟོགས་སྤེལ་རྒྱུ་དང་རྒྱ་ནག་གཞུང་ནས་རིན་པོ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པ་དང་དེ་བཞིན་རྒྱ་གཞུང་ལ་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་མེད་པར་བརྡ་ལན་སྤྲད་རྒྱུ་བཅས་ཀྱི་ཆེད་དུ་རེད་འདུགདེ་བཞིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར་བོད་མི་ཚོར་རིན་པོ་ཆེ་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་མེད་ཀྱང་། རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ཡོད་པ་ལྟར་ཡོ་རོབ་རྒྱལ་ཁབ་གཞན་འཇར་མ་ནི། ཨོ་སི་ཊོ་རིཡ། སུད་སི། ལེག་ཏེན་སིཊཡན། ཕ་རན་སི། བྷེལ་འཇམ། ནོར་ཝེ། ཨི་ཊ་ལི། ནེ་ཐར་ལན་ཌི། ཅེཀ་སྤྱི་མཐུན་རྒྱལ་ཁབ། དབྱིན་ཡུལ། དེ་བཞིན་ཧྥི་ལན་ཌི་བཅས་ནང་གནས་སྡོད་བོད་མི་ཚོས་རྒྱལ་ཁབ་དེ་དག་གི་གལ་འགངས་ཆེ་བའི་ས་ཚིགས་སུ་འདུ་འཛོམས་ཀྱིས་རང་ལུགས་གཟབ་སྤྲོས་ལེགས་པར་སྤྲས་པ། ལག་ཏུ་དཀར་གཙང་གི་མཇལ་དར་དང་༸པན་ཆེན་རིན་པོ་ཆེའི་༸སྐུ་པར། དེ་བཞིན་བོད་ཀྱི་རྒྱལ་དར་བསྣམས་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་མ་ཟད་མང་ཚོགས་རྣམས་ལ་མངར་ཟས་བགོས་འགྲེམས་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་མི་ཚོས་དགའ་སྐྱོ་འདྲེས་མའི་ཚོར་ཟུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༠ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད། དེ་དང་ཕྱོགས་མཚུངས་ཁ་སང་ཨ་རི་དང་ཨོ་སི་ཊོ་ལི་ཡ་གཙོ་གྱུར་རྒྱལ་སྤྱིའི་ཁྲོད་དུ་ངོ་རྒོལ་དང་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞུ་འབོད། མང་ཚོགས་ལ་མངར་ཟས་བགོས་འགྲེམས་སོགས་རྣམ་པ་འདྲ་མིན་ཐོག་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། ལྷག་དོན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jim McGovern ལགས་དང་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་རྒྱ་གཞུང་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་དང་བོད་ནང་ཆོས་ལུགས་ཀྱི་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་མངོན་གསལ་གནང་བའི་བསྒྲགས་གཏམ་འདོན་སྤེལ་གནང་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།

༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་དང་༸སྐུ་ཕྲེང་ ༡༠ པ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་མོ་འདི་ནི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༠ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་གི་༸སྐུའི་འཁྲུངས་སྐར་དང་༸སྐུ་ཕྲེང་ ༡༠ པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་མཛད་སྒོ་གཟབ་རྒྱས་ངང་ཚོགས་པ་དང་འབྲེལ་རྒྱ་ནག་གཞུང་ནས་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་པ་མ་ཟད། བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་མ་རེད་ཅེས་ནན་པོ་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དབུ་འཛུགས་གནང་བའི་གཞུང་འབྲེལ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སེངྒ་མཆོག་དང་། དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ཉེ་འཁོར་སློབ་གྲྭ་ཁག་གི་སློབ་མ། ས་གནས་མི་མང་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸པཎ་ཆེན་༸སྐུ་ཕྲེང་ ༡༠ པ་མཆོག་གིས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་ནང་ལ་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་པའི་གནས་ཚུལ་རྣམས་ཁ་གསལ་བཀོད་ཡོད་པ་དང་། རིམ་པས་རྒྱ་ནག་གཞུང་ནས་ཁོང་བཙོན་འཇུག་བྱས་པ་སོགས་རིན་པོ་ཆེ་མཆོག་གི་མཛད་རྗེས་ཁག་དྲན་གསོ་དང་སྦྲགས། རྒྱ་གཞུང་གི་དམ་དྲག་དང་དྲག་པོའི་སྲིད་བྱུས་གང་སྤེལ་ལ་ལྟོས་མེད་བོད་ཆོལ་ཁ་གསུམ་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྡེ་ཁག་དང་བོད་ཀྱི་སྐད། རིག་གཞུང་། ལེགས་བྱང་དང་བཅས་པ་བསྐྱར་གསོ་གནང་ཐུབ་པ་དེ་ནི་གཙོ་བོ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཡིན་པ་གསུངས་ཡོད།སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་བཙན་ཁྲིད་བྱས་པའི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངེས་པར་དུ་གློད་བཀྲོལ་བཏང་ནས་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་མཛད་པ་ཁག་རང་དབང་ལྡན་པའི་ཐོག་ནས་བསྐྱང་འཇུག་དགོས་པའི་དགོས་འདུན་ཆེད་བཏོན་དང་འབྲེལ་ཏེ། རྒྱ་ནག་གཞུང་ལ་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེསབྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་མ་རེད་ཅེས་ནན་པོ་གསུངས་ཡོད།དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་༸པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་གིས་བོད་རྒྱལ་ཁབ་དང་མི་རིགས་ཐོག་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ཁག་དྲན་གསོ་དང་འབྲེལ་ནས་༸པཎ་ཆེན་༸སྐུ་གོང་མའི་ཡང་སྲིད་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙན་འོག་ནས་བཙོན་གྲོལ་ཡོང་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག དེ་བཞིན་གང་ཟག་སྒེར་སོགས་ནས་ཐུགས་ཁུར་བཞེས་ཐོག་ལས་འགུལ་མུ་མཐུད་སྤེལ་དགོས་པའི་སྐུལ་མ་གནང་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སེངྒ་མཆོག་གིས་རྒྱ་ནག་དེ་རྒྱལ་སྤྱིའི་ཐོག་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཆགས་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་དང་མང་ཚོགས་ཀྱི་ཆེ་མཐོང་དང་གུས་བརྩི་ཐོབ་པར་ད་བར་གསང་བའི་བཙན་ཁྲིད་བྱེད་བཞིན་པའི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་རང་ཡུལ་དུ་ཕྱིར་ཕེབས་ཐུབ་པ་བཟོ་དགོས་ཞེས་གསུངས་ཡོད།དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་༸པཎ་ཆེན་སྐུ་འཕྲེང་གོང་མའི་མཛད་རྗེས་རྣམས་དྲན་གསོ་དང་སྦྲགས། ད་ལྟ་རྒྱ་གཞུང་གི་བཙན་ཁྲིད་འོག་ཡོད་པའི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གང་ཟག་སྒེར་ཞིག་ནས་གློ་བུར་དུ་ངོས་གནང་བ་ཞིག་མ་ཡིན་པར་བོད་ཀྱི་ཆོས་དང་རིག་གཞུང་། ལྷར་པར་དུ་བོད་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་སྲོལ་རྒྱུན་དང་མཐུན་པའི་ཐོག་ནས་གནང་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་རྒྱ་གཞུང་གི་ངོས་འཛིན་ཞུས་པའི་པཎ་ཆེན་དེ་ཁྲིམས་དང་མཐུན་པ་ཞིག་མིན་པར་གསུངས་ཡོད། རིན་པོ་ཆེ་མཆོག་གིས་ད་དུང་རྒྱ་ནག་གཞུང་གིས་དུས་ནས་དུས་སུ་༸གོང་ས་མཆོག་ཁ་བྲལ་བའི་ཕྱག་ལས་གནང་གི་ཡོད་སྐོར་ཉེས་འཛུགས་བྱེད་བཞིན་ཡོད་ཀྱང་། དོན་ངོ་མའི་ཐོག་ལ་ཁ་བྲལ་བའི་ལས་ཀ་དེ་རྒྱ་ནག་གཞུང་རང་གིས་བྱེད་བཞིན་ཡོད་པར་ནན་པོ་གསུངས་ཡོད།དེ་བཞིན་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག་གིས་རྒྱ་ནག་གཞུང་ནས་ད་བར་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་ཐོག་ཁུངས་ལུང་ལྡན་པའི་ལན་འདེབས་གསལ་བཤད་གང་ཡང་བྱེད་མྱོང་མེད་པ་དང་། ཆུང་སྲིད་རིན་པོ་ཆེའི་གནད་དོན་དེ་བོད་ཀྱི་བླ་ཆེན་གཅིག་གི་གནད་དོན་ཙམ་མིན་པར་རྒྱ་ནག་གཞུང་ནས་བོད་ཀྱི་ནང་ཆོས་དད་རང་དབང་།  འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་ཚད་ལས་འགལ་བའི་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཁུངས་སྐྱེལ་ར་འཕྲོད་གསལ་པོ་བྱེད་ཀྱི་ཡོད་པ་གསུངས་སོང་།  གཞི་རྩའི་དེ་རིང་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུང་སྐར་ཉིན་མོ་ཞིག་ཡིན་པ་དང་། ༸པཎ་ཆེན་སྐུ་ཐོག་གོང་མའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཐོག་ཆུང་སྲིད་རིན་པོ་ཆེ་༸སྐུ་ཁམས་བདེ་ཞིང་རྒྱ་གཞུང་གི་བཙན་འོག་ནས་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་གྱི་འཚམས་འདྲི་དང་སྦྲགས། མང་ཚོགས་རྣམས་ལ་མངར་ཟས་བགོས་འགྲེམས་དང་ཆུང་སྲིད་རིན་པོ་ཆེ་མཆོག་དང་འབྲེལ་བའི་བརྙན་ཐུང་གཟིགས་འབུལ་ཞུས་པ་མ་ཟད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་བཅིུག་པ་མཆོག་རྣམ་གཉིས་ཀྱི་༸སྐུ་པར་འགྲེམས་སྟོན་གནང་ཡོད།

བཞུགས་སྒར་ནས་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས།

དེ་རིང་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་།བོད་ཀྱི་བེུད་ལྷན་ཚོགས་དབུས་ས་གཉིས་ཀྱིས་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཚོུད་ ༨༌༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཆགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ་མཛད་སྒོ་ཞིག་ཚོགས་པའི་ཐོག་ནས་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Ram Swaroop ལགས་རྣམ་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་འགོ་འཛིན། དེ་བཞིན་སེར་སྐྱ་མང་ཚོགས་སོགས་འདུ་འཛོམས་ཐོག་མངར་ཟས་བགོས་འགྲེམས་གནང་སྟེ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།སྐབས་དེར་སྐུ་མགྲོན་རྣམ་གཉིས་ཀྱིས་བོད་ཀྱི་བེུད་ལྷན་ཚོགས་ནས་ད་བར་ལྷག་བསམ་གཡོ་བ་མེད་པར་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སླད་དུ་ལས་འགུལ་གྱི་རྣམ་པ་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་པར་བསྔགས་བརྗོད་གནང་བ་དང་སྦྲགས་ཏེ་དེ་དག་ཆུད་ཟོས་སུ་མི་འགྲོ་བར་ཡིད་ཆེས་དང་ལྷག་དོན་ལས་འགུལ་གང་ཞིག་སྤེལ་བ་དེ་རྒྱུན་སྐྱོང་གནང་ཐུབ་ཚེ་གྲུབ་འབྲས་ངེས་ཅན་ཞིག་སོན་ཐུབ་ངེས་ཡིན་པ་གསུངས་ཡོད།གསར་འགོད་པས་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་སུ་འབོད་སྐུལ་གང་ཡོད་ཐོག་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་སྟོན་གནང་རྒྱུ་དང་འདི་བཞིན་རྒྱ་གར་གཞུང་ནས་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཕྱིར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་དགོས་འདུན་གཉིས་ཆེད་བཏོན་གནང་སོང་།ཐེངས་འདིའི་གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་བཞུགས་སྒར་དྷ་རྨམ་ས་ལ་ནས་ཅན་དྷི་གྷར་བར་དང་ལྡེ་ར་ལྡུན་ནས་ལྡི་ལ་བར། སྒང་ཏོག་ནས་ས་ལུ་གྷ་ར་བར། ནཱག་པུར་ནས་ཆ་ཏྲིས་གྷར་བར། དེ་བཞིན་མེ་སོར་ནས་སྦེང་ལོར་བར་བཅས་རྒྱ་གར་གྱི་ས་གནས་ཁག་ལྔའི་ནང་སྤེལ་རྒྱུ་ཡིན་པ་ལྟར། འདི་ག་བཞུགས་སྒར་ནས་དབུ་འཛུགས་གནང་བའི་གོམ་བགྲོད་འདིའི་ནང་ཁྱོན་བོད་མི་ ༩༡ གིས་མཉམ་ཞུགས་གནང་ཡོད་པ་རེད། ལས་འགུལ་བ་དེ་དག་ལས་ལོ་ན་ཆེ་ཤོས་ ༨༣ དང་ལོ་ན་ཆུང་ཤོས་ ༤ དང་ཕྱེད་ཀ་ཆགས་ཀྱི་འདུག དེ་བཞིན་དེ་རིང་གི་ཉིན་མོ་སྲུང་བརྩི་དང་བསྟུན་ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་ནས་དབུ་འཛུགས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་ལྟར། དེ་རིང་རྒྱལ་ས་ལྡི་ལིར་ལས་འགུལ་དེ་མཇུག་སྒྲིལ་གནང་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་། ༸སྐུ་ཕྲེང་བཅུ་པ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་འདུག རྒྱ་གར་གྱི་ས་གནས་འདྲ་མིན་ཁག་ཏུ་ཞི་བའི་གོམ་བགྲོད་དང་གོ་རྟོགས་ཀྱི་ལས་འགུལ་བཅས་རྣམ་པ་འདྲ་མིན་ཐོག་ནས་དེ་རིང་གི་དུས་ཚིགས་སྲུང་བརྩི་ཞུས་ཡོད་པ་རེད། དེའི་བར་ན་ཡོ་རོབ་རྒྱལ་ཁབ་སུད་སི་དང་བྷེལ་འངམ་ནང་དུ་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་དང་དེ་བཞིན་རྐང་འཁོར་སྐོར་སྐྱོད་བཅས་གནང་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ བཞེས་པའི་རི་མོའི་༸སྐུ་པར་ཞལ་དབྱེ་གནང་བ།

སང་ཉིན་ཕྱི་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་བཞེས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཆུང་སྲིད་རིན་པོ་མཆོག་རྒྱ་གཞུང་གི་བཙོན་འཇུག་དམ་དྲག་འོག་ནས་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་བཏོན་གྱིས་གོམ་བགྲོད་དང་སྐད་འབོད། ངོ་རྒོལ་དང་ཞུ་གཏུག་སོགས་ཀྱི་ལས་འགུལ་འདྲ་མིན་དབུ་འཛུགས་གནང་བཞིན་པའི་ཁྲོད་འདིར་ཨིན་ཇིའི་གསར་འགྱུར་ལས་ཁང་གྲགས་ཅན་བྷི་བྷི་སི་ BBC གསར་ཁང་གིས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་བཞེས་པའི་རི་མོའི་༸སྐུ་པར་ཞིག་ཞལ་དབྱེ་གནང་ཡོད།ཁ་སང་ཞལ་དབྱེ་གནང་བའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་༸སྐུ་པར་འདི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་ཨིན་ཡུལ་རྒྱལ་ཡོངས་ཁྲིམས་འགལ་བྱ་སྤྱོད་ཉེན་སྲུང་ལྷན་ཁང་དང་། དེ་སྔ་ལས་ཁུངས་དེའི་ནང་དེང་དུས་ཚན་རིག་གི་དཔྱད་ཞིབ་ལམ་ནས་མིའི་གཟུགས་པོའི་འཚར་ལོངས་ཀྱི་འགྱུར་བ་དང་། ལྷག་པར་དུ་མི་དངོས་སུ་མཐོང་རྒྱུ་མེད་ཀྱང་ཐོག་མའི་པར་རིས་ལ་གཞིར་བཞག་ཐོག་ནས་མིའི་གདོང་རིས་རིམ་བཞིན་ལོ་ནའི་བབ་དང་བསྟུན་ཏེ་འགྱུར་བ་ཇི་ཐེབས་དག་རི་མོའི་ལམ་ནས་འབྲི་མཁན་ཆེད་ལས་མཁས་པ་སྐུ་ཞབས་ Tim Widden  ལགས་སུ་འབྲེལ་བ་ཞུས་དོན་ལྟར། ཁོང་གིས་དེ་སྔ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལ་ཕེབས་སྐབས་ཀྱི་༸སྐུ་པར་གཅིག་པོ་དེར་གཞིར་བཅོལ་གྱིས་བྲིས་པ་ཞིག་ཡིན་པ་རེད།༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་སུམ་ཅུར་བཞེས་པའི་རི་མོའི་༸སྐུ་པར་ཞལ་དབྱེ་ཀྱི་ལས་གཞི་དང་འབྲེལ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་སུ་ལས་གཞི་དེ་ཐོག་མར་འགོ་འཛུགས་གནང་སྟངས་དང་། ཆུང་སྲིད་རིན་པོ་ཆེའི་༸སྐུ་པར་ཞལ་དབྱེ་གནང་བ་འདིས་མ་འོངས་པར་རེ་བ་གང་ཞིག་གཟིགས་སྐོར་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་ད་བར་རྒྱ་ནག་གཞུང་ནས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ཡིན་པའི་དཔང་རྟགས་ཕྲ་མོ་ཙམ་ཡང་ཕྱིར་འགྱར་བྱེད་ཀྱི་མེད་སྟབས། ཐེངས་འདིའི་ལས་གཞི་འདི་ནི་རིན་པོ་ཆེ་མཆོག་གི་གནས་སྟངས་ཤེས་རྟོགས་ཐུབ་ཐབས་ཙམ་ཡིན་པ་དང་། ལས་གཞི་འདིར་རིམ་པས་རྒྱ་ནག་གཞུང་ཕྱོགས་ནས་བརྡ་ལན་ཞིག་སྤྲད་ཚེ་ང་ཚོའི་ངོས་ནས་ལས་འགུལ་གང་འདྲ་སྤེལ་དགོས་མིན་རྟོགས་ཐུབ་ངེས་ཡིན་པ་གསུངས་སོང་།རྩ་བའི་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་བོད་ནག་ཆུ་ཁུལ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང༌། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་༸སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ཡོངས་བསྒྲགས་མཛད་ཡོད་པ་རེད། འོན་ཀྱང་ཡུན་རིང་མ་སོང་བར་ཉིན་གྲངས་གསུམ་གྱི་རྗེས་སུ་རྒྱ་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་བཅས་པ་བཙན་འཁྲིད་བྱས་སྟབས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༤ དང་། ཆུང་སྲིད་རིན་པོ་ཆེ་མཆོག་བོད་ཁ་བ་གངས་ཅན་དུ་འཁྲུངས་ཏེ་མི་ལོ་ ༣༠ འཁོར་གྱི་ཡོད་པ་རེད།ཆུང་སྲིད་རིན་པོ་ཆེ་སང་ཉིན་དགུང་ལོ་༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཐོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལི་བར་དུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་མ་ཟད། སང་ཉིན་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་ནང་ལ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གནང་གི་ཡོད་པ་རེད།

Latest news