Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༤ པ་སྲུང་བརྩི།

ཁ་ཉིན་ཕྱི་ཚེས་ ༡༥ ཉིན་ཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ལས་ཁུངས་ཁག་གི་དྲུང་འཕར་ཡན་གྱི་གཞུང་ཞབས་རྣམས་ལྷན་འཛོམས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༤ པ་དེ་སྲུང་བརྩི་ཞུས་སོང་།སྲིད་སྐྱོང་མཆོག་གིས་སྐབས་དེར་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ་གནས་ཡུལ་རྒྱ་གར་གྱི་གཞུང་མང་གཉིས་ལ་འཚམས་འདྲི་དང་འབྲེལ། ད་བར་རྒྱ་གར་གཞུང་གིས་༸གོང་ས་མཆོག་གིས་དབུས་པའི་བཙན་བྱོལ་བོད་མི་རྣམས་ལ་གཟིགས་རྟོག་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཉེ་ལམ་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་གནད་དོན་དང་འབྲེལ་རྒྱ་དཀར་ནག་གཉིས་ཀྱི་དབར་གདོང་ཐུག་བྱུང་བ་དེས་བོད་ཀྱི་གནད་དེ་རྒྱ་གར་ལ་ཇི་ཙམ་གལ་ཆེན་པོ་ཆགས་ཡོད་པ་ཤེས་རྟོགས་བྱུང་བ་ལྟར་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་རྒྱ་གར་གྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་ཀྱི་དབར་ས་མཚམས་ཤིག་མེད་པ་མཁྱེན་པའི་ཐོག་ནས་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུས་སོང་།  དེ་བཞིན་སྐབས་དེར་ཕྱི་ནང་གི་གསར་འགོད་པ་ཚོས་ད་ལྟའི་དུས་སྐབས་འདིར་བོད་མིའི་འཐབ་རྩོད་ལ་དགོངས་པ་གང་འདྲ་བཞེས་བཞིན་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་གི་ངོས་ནས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་གནང་དགོས་པ་ལྟར། ཁོང་རང་ཉིད་ཀྱིས་སྲིད་སྐྱོང་གི་ལས་ཡུན་རིང་ལ་བོད་ཀྱི་གནད་དོན་དེ་སེལ་རྒྱུའི་རེ་བ་དང་འབད་བརྩོན་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་བོད་མི་ཚོས་ཆིག་སྒྲིལ་གྱི་སྒོ་ནས་འཐབ་རྩོད་གནང་དགོས་གལ་ཡིན་པར་གསུངས་ཡོད། རྩ་བའི་སྒྲིག་འཛུགས་ཀྱི་ངོས་ནས་ཉིན་མོ་དེ་སྲུང་བརྩིས་ཞུས་གྲུབ་མཚམས་སུ་ཀངྒ་ར་རྫོང་ལས་ཁུངས་ཀྱིས་ཇི་ལྟར་མགྲོན་འབོད་གནང་དོན་ལྟར་དྷ་ས་ཉེན་རྟོག་པའི་རྩེད་ཐང་དུ་ཚོགས་པའི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག དེ་བཞིན་བཀའ་བློན་ཁག་ཅིག བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་གིས་དེ་རིང་དྲ་ཐོག་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་སྟེ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠༌༣༠ ཐོག་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ་བརྒྱུད་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་རང་ཉིད་སྲིད་སྐྱོང་དུ་བཞེངས་རྒྱུ་ཡིན་པ་དང་། བཞེངས་དོན་གང་ཡིན་དང་ཆབ་སྲིད་ཀྱི་བཞེངས་ཕྱོགས། མ་འོངས་འཆར་སྣང་བཅས་ངོ་སྤྲོད་གནང་སོང་། སྐབས་དེར་ཁོང་གིས་རང་ཉིད་༸གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག་རང་ནུས་གང་ཐུབ་ཀྱིས་ཕྱག་ལས་གནང་མཁན་རྒྱལ་ཞེན་ཅན་གྱི་ནང་མི་ཞིག་ཏུ་སྐྱེས་པ་དང་། བོད་མི་རིགས་ཀྱི་ངོ་བོ་ར་འཕྲོད་པ་དང་མི་རིགས་ཀྱི་ལ་རྒྱ་གསལ་པོ་ཤེས་པའི་ཁོར་ཡུག་ནང་འཚར་ལོངས་བྱུང་སྐོར་གསུངས་པ་དང་སྦྲགས། རང་ཉིད་ཀྱི་བསམ་དོན་བཞིན་སློབ་སྦྱོང་དང་ལྷག་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གྲོས་ཚོགས། བོད་མིའི་སྒྲིག་འཛུགས་བཅས་སུ་ཁྱོན་ལོ་ངོ་ ༣༠ ལྷག་གི་རིང་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་དང་ཉམས་མྱོང་བྱུང་ཡོད་པའི་ཁར་ད་ལྟ་ང་ཚོར་ཕོ་མོ་འདྲ་མཉམ་གྱི་འགན་ཁུར་རྒྱུའི་གོ་སྐབས་དང་ནུས་པ་ཡོད་པ་དེ་ལོངས་སུ་སྤྱད་ནས་མ་འོངས་པར་བེུད་འགོ་ཁྲིད་ཀྱི་དཔེ་བཟང་སྤེལ་རྒྱུ་སོགས་ཀྱི་གོ་སྐབས་དང་ནུས་པ་ཡོད་པར་ཡིད་ཆེས་ཐོག་ནས་སྲིད་སྐྱོང་འོས་གཞིར་བཞེངས་བཞིན་ཡོད་པ་གསུངས་སོང་།ད་རེས་ཀྱི་གོ་སྐབས་དང་བསྟུན་ཁོང་ཉིད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་གྲོས་ཚོགས་ནས་བོད་ཀྱི་བདེན་དོན་སེལ་ཕྱིར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་སྐབས་སྤྱི་འཐུས་ཤིག་ཡིན་པ་ལྟར་ཁོང་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་དེ་དབུ་མའི་ལམ་ཡིན་པར་ཡོངས་གྲགས་གནང་ཡོད། ཁོང་གིས་ད་ལྟའི་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་ཀྱི་འགྱུར་ལྡོག་གི་གོ་སྐབས་དམ་འཛིན་གྱིས་སོ་སོའི་གནས་ཡུལ་རྒྱ་གར་ནས་དབུ་འཛུགས་ཀྱིས་བོད་དོན་རྒྱབ་སྐྱོར་གོང་འཕེལ་གཏོང་ཕྱིར་ལས་གཞི་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་ཁོང་ཉིད་ནས་ཐུགས་ཕན་སོས་པའི་ནུས་པ་ཆེད་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་མ་འོངས་པའི་ལས་འཆར་ངོ་སྤྲོད་དང་འབྲེལ་ཏེ་འཛིན་སྐྱོང་དང་དེང་སྐབས་བཙན་བྱོལ་བོད་མིའི་མི་འབོར་ཕྱེད་ཀ་ཙམ་ཕྱིའི་རྒྱལ་ཁབ་ཁག་ཏུ་བཞུགས་པའི་བོད་མི་དེ་དག་ཆགས་ཀྱི་ཡོད་སྟབས། སྐུ་ཚབ་དོན་གཅོད་ཁག་ནས་ཆབ་སྲིད་ཀྱི་འགན་འཁུར་མུ་མཐུད་བཞེས་པའི་ཐོག་ནས་མང་ཚོགས་ཀྱི་བདེ་དོན་ལྟ་སྐྱོང་ཆེད་ས་གནས་ཁག་ཏུ་བོད་པའི་མི་འབོར་ལ་གཞིགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ངོ་བོ་དེར་ངོས་འཛིན་ཆེ་བ་གནང་རྒྱུ་མ་ཟད་ས་འཐུས་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ངོ་བོར་བསྒྱུར་རྒྱུ་དང་། ཕྱིའི་རྒྱལ་ཁབ་ནས་རྒྱ་གར་ལ་ཕེབས་མཁན་རྣམས་ལ་ PAP སོགས་འགྲུལ་སྐྱོད་དང་འབྲེལ་བའི་ངལ་བ་ཁག་སེལ་ཐབས་འབད་རྒྱུ་ཡིན་པ་སོགས་གསུངས་སོང་།བོད་མིའི་སྒྲིག་འཛུགས་ཀྱི་གཞི་རྟེན་ཏེ་སྲི་ཞུ་བ་རྣམས་ཀྱི་བདེ་སྡུག་ལྟ་སྐྱོང་ཆེད་དུ་སྲི་ཞུ་བ་རྣམ་པར་སྐྱེད་མེད་བུ་གཡར་གནང་རྒྱུ་དང་། ས་གནས་བོད་མིའི་གཞིས་ཆགས་ཁག་ཏུ་སྤྱི་ཚོགས་ཀྱི་འགན་ཁུར་གནང་མཁན་དག་ལ་མཐུན་འགྱུར་དང་ངོས་འཛིན་ཇེ་མཐོར་གཏོང་རྒྱུ་མ་ཟད། གཞིས་ཆགས་ཁག་གི་གནས་བབ་ལ་གཞིགས་ཏེ་སོ་ནམ་ཞིང་ལས་དང་མཉམ་འབྲེལ། བཟོ་གྲྭ་སོགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་ནས་གཞིས་ཆགས་སྲ་བརྟན་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས་སོང་། ས་ཁང་སྒྲིག་གཞི་དང་ཉམ་ཐག་ལྟ་སྐྱོང་སྒྲིག་གཞི་རྣམས་ལ་བསྐྱར་བཅོས་ཀྱིས་ཉམ་ཐག་གི་གནས་བབ་ལས་གྲོལ་ཐབས་དང་། ཁ་འཐོར་བོད་མི་རྣམས་ལ་སྡོད་གནས་ཀྱི་ངལ་བ་སེལ་རྒྱུ། རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཕྱག་ལས་གནང་མཁན་གྱི་བོད་མི་གཞོན་སྐྱེས་རྣམས་ཀྱི་སྡོད་གནས་དང་འབྲེལ་བའི་ངལ་བ་སེལ་རྒྱུ། དགོན་སྡེ་ཁག་ལ་ཡོད་པའི་སློབ་གྲྭའི་གནས་སྟངས་དེ་དག་༸དཔལ་ནཱ་ལེནྡྰའི་ཆོས་བརྒྱུད་འཛིན་མཁན་གྱི་ངོས་འཛིན་ལྡན་པའི་ཤེས་ཡོན་ལམ་ལུགས་ཐོག་ཕེབས་ཐུབ་ཐབས་སུ་བོད་ཡིག་དང་བོད་སྐད་ཡར་རྒྱས་གཏོང་འཆར་ཡོད་པ་མ་ཟད། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ནུས་པ་མཉམ་སྤུངས་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་པ་སོགས་ངོ་སྤྲོད་གནང་སོང་། ད་རེས་ཀྱི་གསར་འགོད་ལྷན་ཚོགས་འདིའི་ཐོག་བཙན་བྱོལ་བོད་མིའི་བོད་དབྱིན་གཉིས་ཀྱི་གསར་ཁང་ཁག་གི་གསར་འགོད་པ་ཁྱོན་ ༡༨ ཙམ་ནས་མཉམ་ཞུགས་གནང་ཡོད་པ་ལྟར་བཀའ་ཟུར་མཆོག་ནས་གསར་འགོད་པ་རྣམས་ཀྱི་བཀའ་འདྲིར་དང་བཞེས་ཀྱིས་དགོངས་ཚུལ་ཁག་གསལ་བཟོ་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཉན་ཞིབ་ཐོག་མཉམ་ཞུགས་གནང་བ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༦ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གིས་གོ་སྒྲིག་གནང་བའི་འོག་རྒྱ་ནག་ཐོག་གི་ཉན་ཞིབ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང་། ཉན་ཞིབ་ལས་རིམ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུ་གནང་དོན་ལྟར་སྲིད་སྐྱོང་མཆོག་གིས་སྐབས་དེར་བོད་རྒྱ་གཉིས་ལ་སྨན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ངོས་བཞེས་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་བཞིན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དགོངས་བཞེས་གནང་བ་དང་འབྲེལ་ཏེ་སླད་མར་ཚོགས་འདུའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་འདུགརྒྱ་ནག་དང་ཁེ་ན་ཌ་གཉིས་དབར་གྱི་དཔལ་འབྱོར་དང་ཕྱི་འབྲེལ། བདེ་འཇགས་སོགས་འབྲེལ་ལམ་སྤྱིའི་ཐོག་བསྐྱར་ཞིབ་གནང་མཁན་ཚོགས་ཆུང་དེ་ནི་སྔ་ལོར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་བའི་ཁྲོད་ཆེད་འཛུགས་གནང་བ་ཅིག་ཡིན་པ་དང་། སྲིད་སྐྱོང་མཆོག་ནི་ཚོགས་ཆུང་དེས་རྒྱ་ནག་ཐོག་གི་ཉན་ཞིབ་སྐབས་གདན་གནང་བའི་སྐུ་མགྲོན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་འོག་མའི་དམིགས་བསལ་ལས་དོན་ཚོགས་ཆུང་དེའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་ཁེ་དབང་རྩོད་པའི་སྲིད་བྱུས་ཤིག་ཏུ་ངོས་འཛིན་དང་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བའི་རེ་སྐུལ་ཞུས་པ་དང་ཆབས་ཅིག  ཁེ་ན་ཌ་གཞུང་གིས་མང་གཙོ་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་དང་མཉམ་རུབ་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དེ་རྒྱ་གཞུང་དེ་བཞིན་བོད་དང་ཤིན་ཅང་། ཧོང་ཀོང་། ཐེ་ཝན་སོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བརྩི་སྲུང་བྱེད་མཁན་ཞིག་ཏུ་བཟོ་དགོས་པ་གསུངས་འདུག ཁ་སང་གི་ཉན་ཞིབ་དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་ནས་གཞི་རྩའི་འགྲོ་བ་མིའི་རིན་ཐང་དང་མང་གཙོའི་ལམ་ལུགས། རང་དབང་སོགས་ལ་དོ་ཕོག་གཏོང་བཞིན་ཡོད་པ་ཆེས་མངོན་གསལ་གནང་བ་མ་ཟད། དེ་སྔ་བོད་ལ་བྱུང་བའི་གཉའ་གནོན་གྱི་ལོ་རྒྱུས་དེ་ད་ཆ་ཐེ་ཝན་དང་། ཧོང་ཀོང་། དེ་བཞིན་ཤར་ཏུར་ཀི་སི་ཐན་གྱི་ཁུལ་དུ་འཕྲད་བཞིན་ཡོད་སྟབས་བོད་དེ་མིག་དཔེར་བཟུང་ནས་ལེགས་བྱ་བླང་རྒྱུ་མང་དག་ཅིག་ཡོད་སྐོར་གསུངས་པ་དང་འབྲེལ། ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་ལྟ་བུའི་བཅའ་ཁྲིམས་ཤིག་སྔར་བོད་ནང་དུའང་གཏན་འབེབས་བྱས་ཏེ་སྨྲ་བརྗོད་རང་དབང་དང་བོད་མིར་དྲག་གནོན་བྱས་ཡོད་སྟབས། རྒྱ་གཞུང་གིས་བོད་དུ་བཙན་གནོན་བྱས་པ་དེ་ཕྱིའི་རྒྱལ་ཁབ་དང་འགོ་ཁྲིད་མི་སྣ་ཚོས་སྣང་མེད་དུ་འཇོག་རྒྱུ་མེད་སྐོར་དྲན་སྐུལ་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་རྒྱ་ནག་དམར་ཤོགས་ཚོགས་པའི་བྱ་སྤྱོད་དེ་དག་ཛ་དྲག་ཏུ་འགྲོ་བཞིན་པ་ལྟར་ང་ཚོས་རྒྱ་ནག་དེ་འགྱུར་བ་གཏོང་དགོས་པ་ལས་དེ་མིན་རྒྱ་ནག་གིས་ང་ཚོ་འགྱུར་བ་གཏོང་ངེས་ཡིན་པ་དང་རྒྱ་ནག་དེ་བཞིན་རྒྱལ་ཚོགས་ལ་དངུལ་གྱི་རོགས་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་སྟབས་རོགས་སྐྱོར་དེའི་བརྒྱུད་ནས་རྒྱལ་ཚོགས་ནང་དུའང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་གཏོར་བཤིག་གཏོང་ཐབས་ཀྱི་བྱུས་ངན་འོག་རང་གི་ལྟ་ཕྱོགས་དང་མཐུན་པའི་ཆེས་མཐོའི་མི་སྣ་བསྐོ་གཞག་བྱེད་བཞིན་ཡོད་སྐོར་གསུངས་འདུག རྒྱ་ནག་གཞུང་གིས་བཟོས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་གཉིས་ཆེད་འདོན་བྱས་པ་དེ་མུ་མཐུད་ལག་བསྟར་བྱས་ཚེ་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་གཞི་རྩ་འཛིན་ས་མེད་པར་འགྱུར་ངེས་ཡིན་པ་བརྗོད་འདུག གཞི་རྩའི་ཁ་སང་གི་ཉན་ཞིབ་ལས་རིམ་ཐོག་ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ Geoff Regan ལགས་དང་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ Dan Albas ལགས། གྲོས་ཚོགས་འཐུས་མི་ Stéphane Bergeron ལགས། གྲོས་ཚོགས་འཐུས་ Bloc Québécois ལགས། དེ་བཞིན་མང་གཙོ་ཆབ་སྲིད་ཚོགས་པ་གསར་པའི་གྲོས་ཚོགས་འཐུས་མི་ Jack Harris ལགས། ཁེ་ན་ཌའི་རྒྱ་ནག་གཞུང་ཚབ་ཟུར་པ་ David Mulroney ལགས་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད། ཡང་དེའི་བར་ན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་ཕྱི་དྲོ་སྲིད་སྐྱོང་གི་ལས་གནས་བཞེས་ནས་ལོ་༩ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན་བོད་ཀྱི་བརྙན་འཕྲིན་བརྒྱུད་ཆབ་སྲིད་ཀྱི་གཏམ་བཤད་ཅིག་སྤེལ་འདུག་པ་དང་། ཁོང་གིས་སྐབས་དེར་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པ་དེ་ནི་ཧ་ཅང་གཏིང་ཟབ་པའི་ཕྱོགས་གཉིས་ལ་སྨན་པའི་སྲིད་བྱུས་ཤིག་ལས་འཛམ་གླིང་གི་ཁོར་ཡུག་ལ་འགྱུར་བ་ཕྲན་བུ་ཕྱིན་མ་ཐག་ཏུ་འགྱུར་བ་འགྲོ་སླ་བའི་སྲིད་བྱུས་ཤིག་གཏན་ནས་མིན་སྐོར་འགྲེལ་བརྗོད་དང་འབྲེལ། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་པས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་གདོང་ལེན་ཤུགས་ཆེ་བྱེད་བཞིན་པའི་དུས་སྐབས་འདིར་བོད་མི་རྣམས་ཀྱིས་གོ་སྐབས་གང་ཐུབ་ཅི་ཐུབ་བཞེས་ཏེ་རྒྱ་ནག་ལ་རྡོག་རྩ་གཅིག་དྲིལ་ཐོག་ནས་ཁ་གཏད་གཅོག་དགོས་པ་ལས་བོད་མི་ནང་ཁུལ་དབར་རང་བཙན་དང་དབུ་མའི་ལམ་ཞེས་འཁྲུག་རྩོད་གནང་རྒྱུ་མེད་པའི་གཞེན་སྐུལ་གནང་འདུག

 བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དངོས་སུ་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ བའི་ཐོག   གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་གི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས་དང་། འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་དང་དགེ་བཤེས་མ་བདེ་ལེགས་དབང་མོ་གཉིས་ཀྱི་དབུ་བཞུགས་ཀྱིས་གསར་འགོད་ལྷན་འཛོམས་ཤིག་སྐོང་ཚོགས་གནང་སྟེ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་འོག  ཕྱི་ལོ་ ༢༠༢༡ ལོའི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དངོས་སུ་འགོ་འཛུགས་གནང་བ་གསལ་བསྒྲགས་བསྐྱངས་སོང་།  དབུས་འོས་བསྡུ་ལས་ཁང་གིས་ད་ལྟའི་ཆར་སྲིད་སྤྱི་གཉིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ག་དུས་གནང་མིན་གྱི་དུས་ཚོད་གཏན་འབེབས་གནང་མེད་ནའང་།  འོས་བསྡུ་འགན་འཛིན་ལགས་ཀྱིས་དེང་སྐབས་ནད་ཡམས་གྱི་རྐྱེན་གྱིས་དཀའ་ཚེགས་དུ་མ་ཡོད་མེད་ལ་མ་ལྟོས་པར་འོས་བསྡུ་ཆེན་མོ་དུས་ཐོག་ལ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ས་གནས་འོས་བསྡུ་ལས་ཁང་དང་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་ཀྱང་ངལ་བ་ཁྱད་བསད་ཀྱིས་ཞུ་སྒོ་ཁག་གནང་ཐབས་དང་། ལྷག་པར་དུ་རང་རིགས་ཡོངས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་འོས་བསྡུའི་ནང་ཆ་ཤས་བཞེས་རྒྱུ་གལ་ཆེན་ཡིན་པར་ངོ་སྤྲོད་གནང་བ་མ་ཟད། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་དགོངས་དོན་ལྟར། འོས་བསྡུའི་དེབ་སྐྱེལ་གསར་དུ་ཞུ་གཏན་འཁེལ་བ་ཡིན་པས་མང་ཚོགས་ཀྱིས་དམིགས་བསལ་ཐུགས་སྣང་བཞེས་དགོས་བའི་རེ་སྐུལ་ཞུས་སོང་། དེ་དང་འབྲེལ་ནས། འོས་བསྡུ་ལས་ཁང་གིས་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་རྣམས་ཀྱིས་འོས་འགྲན་དྲིལ་བསྒྲགས་བྱེད་ཕྱོགས་དང་འབྲེལ་ནས་རྩ་འཛིན་གྱི་ལམ་སྟོན་དོན་ཚན་བཅུ་གཉིས་ཅན་ཞིག་གསལ་བསྒྲགས་གནང་བའི་ནང་།  འོས་མི་རྣམས་ཀྱིས་དྲིལ་བསྒྲགས་ཀྱི་ཡིག་ཆའི་ཐོག་༸གོང་ས་མཆོག་གི་སྐུ་པར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་སོགས་འཁོད་མི་ཆོག་པ་དང་། དེ་བཞིན་སྤྱི་ཡོངས་ནས་ཡ་རབས་བཟང་སྤྱོད་དང་ལྡན་པ། འཆམ་མཐུན་གྱི་རྨང་གཞི་བརྟན་པ། གཞན་ཡང་གཞི་རིམ་གྱི་ཐོབ་ཐང་ཁག་ལ་སྲུང་བརྩི་ཞུ་རྒྱུ་དང་། དྲང་བདེན་མིན་པའི་གནས་ཚུལ་ཁྱབ་སྤེལ་མི་ཆོག་པ་སོགས་ཀྱི་དོན་ཚན་བཅུ་གཉིས་ཕྱིར་བསྒྲགས་གནང་སོང་། གཞན་ཡང་སྐབས་དེར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་ལྟར་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་གྲངས་དེ་སྔ་ལྟར་ ༤༥ ངེས་གནས་ཡིན་པ་དང་། མང་ཚོགས་རྣམས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ དང་ ༢༥ གཉིས་ལ་དམིགས་བསལ་གྱི་ཐུགས་སྣང་དགོས་པ་མ་ཟད། དེང་སྐབས་ཁ་པར་དང་དྲ་ལམ་ཁག་ཏུ་སྒེར་ནད་སྤྱི་སྤུངས་ཀྱི་ནང་ཁུལ་འཁྲུགས་གཞི་དང་། དགོས་མེད་དཀྲོགས་རྐྱེན་རིགས་ལ་དབུ་མ་འཁོར་བར་དྭོགས་ཟོན་དང་སྦིར་བསངས་དོད་པོས་བྱ་ར་དམ་འཛིན་གནང་དགོས་པའི་ལམ་སྟོན་སོགས་གནང་སོང་པ་མ་ཟད། རིམ་བཞིན་དབུས་འོས་བསྡུ་ལས་ཁང་ནས་ཚེས་གྲངས་གསལ་སྒྲགས་གནང་མཚམས་སུ་འོས་བསྡུའི་དེབ་སྐྱེལ་ངེས་པར་དུ་གནང་དགོས་པ་གསུངས་སོང་། དེ་བཞིན་སྐབས་དེར་འདི་གའི་གསར་འགོད་པས་ཕྱི་ལོ་ ༢༠༡༦ འོས་བསྡུའི་ཁྲོད་དགོན་པ་གྲྭ་ཚང་དང་སྡེ་ཚན་བྱེ་བྲག་པ་རེ་འགས་སྲིད་སྐྱོང་གི་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྐབས་སུ་དམིགས་བསལ་གྱི་ཁྱབ་ཁོངས་ཀྱི་ས་ཁུལ་རེ་འགར་འགྲོ་རུ་མ་བཅུག་པ་སོགས་ཀྱི་གནད་དོན་བྱུང་ཡོད་སྟབས། དེ་འདྲའི་རྙོག་གླིང་གི་སྐབས་སུ་འོས་བསྡུ་ལས་ཁང་གི་ངོས་ནས་འགན་ག་རེ་བཞེས་བཞིན་ཡོད་པར་བཀའ་འདྲི་ཞུས་པར། ཁོང་གིས་མང་ཚོགས་ཀྱི་བོད་མིའི་བཅའ་ཁྲིམས་ལ་རྩ་འཛིན་བྱས་པའི་ཐོག་ནས་མང་ཚོགས་ཀྱི་ཐོབ་ཐང་དང་འོས་འགན་གཉིས་ལ་བརྩི་སྲུང་བྱེད་རྒྱུ་གལ་ཆེན་པོ་ཡིན་ལུགས་ཀྱིས། འོས་བསྡུ་ལས་ཁང་གི་ངོས་ནས་འོས་མི་ཡོངས་ལ་གཅིག་གྱུར་གྱིས་དྲིལ་བསྒྲགས་ཀྱི་གོ་སྐབས་འབུལ་བར་མཐུན་རྐྱེན་སྒྲུབ་དགོས་ལུགས་ཀྱི་ལམ་སྟོན་གནང་སོང་། གཞི་རྩའི་དབུས་འོས་བསྡུ་ལས་ཁང་ནས་རིམ་པའི་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འདི་བཞིན་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ཟབ་སྦྱོང་ཁག་ཅིག་གནང་འཆར་འདུག་ཀྱང་། ད་ལྟའི་རིམས་ནད་ཁྱབ་བརྡལ་གྱི་ཛ་དྲགས་གནས་སྟངས་ཁྲོད་མང་ཚོགས་ཀྱིས་སྟབས་བདེའི་ངང་ནས་འོས་བསྡུའི་གནས་ཚུལ་འཚོལ་བཤེར་བྱེད་ཐབས་དང་། འོས་བསྡུའི་གོ་རྟོག་སྤེལ་རྒྱུ་སོགས་ལ་དམིགས་ཏེ། tibetanelection.net ཞེས་པའི་འོས་བསྡུའི་དྲ་རྒྱ་གསར་པ་ཞིག་ཀྱང་དབུ་འབྱེད་གནང་ཡོད།    དབུས་འོས་བསྡུ་ལས་ཁང་གི་བསྒྲགས་གཏམ། To press Tibetan

འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས་པ། 

ཉེ་ཆར་བོད་མི་མང་སྤྱོ་འཐུས་རྒྱུན་ལས་ཀྱི་ལྷན་ཚོགས་ཐེངས་ ༣༢༤ པའི་ཐོག་སྤྱི་མོས་ཀྱིས་བདམས་ཐོན་བསྐོ་གཞག་བྱུང་བའི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་ནས་ཆེས་མཐོའི་ཁྲིམ་པ་ཆེ་བའི་དྲུང་ནས་ལས་ཁུར་དམ་འབུལ་ཞུས་སོང་།དེ་རིང་སྔ་དྲོ་བཞུགས་སྒར་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། བདམས་ཐོན་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས། གཞན་ཡང་སྐུ་མགྲོན་རྣམ་པ་བཅས་ཚང་འཛོམས་སར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་ནས་ཤིས་བརྗོད་གསུང་འདོན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་སོགས་རྟེན་འབྲེལ་གྱི་མཛད་རིམ་ཁག་གྲུབ་མཚམས་སུ་བདམས་ཐོན་འོས་བསྡུའི་འགན་འཛིན་ལས་འཕར་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་ཀྱིས་ཆེས་མཐོའི་ཁྲིམས་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་ལས་ཁུར་དམ་འབུལ་ཞུས་ཡོད།གཞི་རྩའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ནམ་ཡིན་སྐབས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ལྟར་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་གཞག་དགོས་ཀྱི་ཡོད་པ་དང་། འགན་འཛིན་ལས་འཕར་གཉིས་ཀྱི་ལས་ཡུན་དེ་ནི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་གསལ་བསྒྲགས་གནང་བ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གྱི་བར་དུ་ཆགས་ཀྱི་ཡོད་པ་རེད།གནངས་ཉིན་རེས་གཟའ་ལྷག་པའི་ཉིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་པ་ལྷན་ཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་ཐོག་ལ་གསར་འགོད་ལྷན་ཚོགས་ཤིག་གནང་གི་ཡོད་པ་རེད། འབྲེལ་ཡོད་པར་ཁག་བོད་མིའི་སྒྲིག་འཛུགས།

སྤྱི་ཚོགས་དྲྭ་རྒྱ་བརྒྱུད་དཔལ་འབྱོར་བསྡུ་སློང་ཞུ་རིགས་ཉམ་ཐག་ཁོངས་ནས་གྲོལ་བར་ངོས་འཛིན།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཉེ་ཆར་ཕྱི་ཟླ་ ༧ པའི་ཚེས་ ༣༡ ཉིན་གསལ་བསྒྲགས་ཤིག་འདོན་སྤེལ་གནང་འདུག་པའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་རོགས་སྐྱོར་ཐོབ་མཁན་ཁོངས་ནས། སྤྱི་ཚོགས་དྲ་རྒྱ་བརྒྱུད་དཔལ་འབྱོར་བསྡུ་སློང་ཞུ་རིགས་ཀྱི་གནད་དོན་བྱུང་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཐག་རོགས་སྐྱོར་ཐོབ་ཐང་ཁོངས་ནས་རང་བཞིན་གྱི་འབུད་པའམ་ཉམ་ཐག་གི་གནས་སྟངས་ནས་གྲོལ་བར་ངོས་འཛིན་ཞུས་ཏེ་འབྲེལ་ཡོད་ཚོགས་སྒེར་སུས་དཔལ་འབྱོར་བསྡུ་འགོད་བྱས་པ་དེས་མུ་མཐུད་མི་ཚེར་ལྟ་སྐྱོང་གནང་དགོས་པ་འཁོད་འདུག འདི་ལོ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཁྲོད། རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེའི་གཞུང་འཛིན་པ་རྣམས་ནས་རིམས་ནད་སྔོན་འགོག་དང་འབྲེལ། ཐེམ་སྤང་གི་དུས་བཀག་གི་ཁྲོད། ཉམས་ཐག་དབུལ་ཕོངས་མང་པོ་ཞིག་ལ་དཀའ་ངལ་དུ་མ་འཕྲད་པ་དང་འབྲེལ། གཏོང་ཕོད་ཅན་རྣམས་ཀྱིས་དབུལ་ཕོངས་དེ་དག་ལ་དངུལ་དང་སྐམ་ཟས་སོགས་ཀྱི་རོགས་སྐྱོར་ཤུགས་ཆེར་བྱས་པ་བཞིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྒེར་མང་དག་ཅིག་གིས་དངུལ་གྱི་རོགས་སྐྱོར་དང་། དེ་མིན་སྐམ་ཟས་མཁོ་སྤྲོད་གནང་བ་སོགས་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་ཡོད་པ་རེད། དེ་མིན་བོད་མི་ཁག་ཅིག་གིས་ངོ་དེབ་དང་ YouTube དེ་བཞིན་ Instagram སོགས་སྤྱི་ཚོགས་དྲ་ལམ་ཐོག དཀའ་ཚེགས་ཅན་གྱི་དུས་ཚོད་འདིའི་ནང་དཀའ་ངལ་འཕྲད་བཞིན་པའི་བོད་མི་ཉམ་ཐག་ཁག་ཅིག་བརྙན་ཐུང་ནང་བརྒྱུད་སྤེལ་བྱས་པའི་ཐོག་ནས། ཕྱི་ནང་བོད་མི་མང་པོའི་ཁྲོད་ནས་རོགས་དངུལ་བསྡུ་རུབ་ཀྱིས་དེ་དག་ལ་རོགས་རམ་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། ཉེ་ཆར་ཚེས་ ༣༡ ཉིན་ནང་སྲིད་ལས་ཁུངས་ཀྱི་གནད་དོན་དེ་དང་འབྲེལ་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བར་བོད་མི་ཁག་ཅིག་གིས་ཏོག་དབྱིབས་གཉན་རིམས་ཀྱི་གོ་སྐབས་བཟུང་སྟེ། ཉམ་ཐག་རེ་ཟུང་ལ་བརྙན་ཐུང་བཟོས་ཏེ་དཔལ་འབྱོར་བསྡུ་སློང་ཞུ་རྒྱུའི་ལམ་སྲོལ་ངན་པ་ཞིག་ཆགས་ཡོད་པ་དང་། ཚོགས་སྒེར་དེ་དག་ཁག་ཅིག་ལྷག་བསམ་ལྡན་ཅིང་ཉམ་ཐག་རྣམས་ལ་རོགས་ཕན་སྒྲུབ་རྒྱུའི་ཀུན་སློང་ཡོད་སྲིད་ཀྱང་། རིགས་ཤིག་ནས་སོ་སོའི་ཁེ་ཕན་ཁོ་ནའི་ཆེད་དུ་བེད་སྤྱོད་གཏོང་མི་སྲིད་པ་མིན་སྐོར་འགྲེལ་བརྗོད་གནང་འདུག ནང་སྲིད་ལས་ཁུངས་ངོས་ནས་ད་དུང་སྤྱི་ཚོགས་དྲ་རྒྱའི་ནང་ཉམ་ཐག་གནས་སྟངས་དང་འབྲེལ་བའི་བརྙན་ཐུང་དེ་དག་འཛམ་གླིང་ཀུན་ལ་ཁྱབ་བརྡལ་འགྲོ་རྐྱེན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་དཀྲུག་པའི་རྒྱུ་རུ་འགྱུར་ངེས་དང་སྒོས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མཐོང་ལ་གནོད་གཞིར་འགྱུར་བ་ལྷག་པར་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་འགྱུར་ཉེན་བཅས་ཆེད་བཀོད་དང་སྦྲགས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་སྐྱོང་འོག་ཡོད་པའི་ཉམ་ཐག་སུ་འདྲ་ཞིག་སྤྱི་ཚོགས་དྲ་རྒྱ་བརྒྱུད་དཔལ་འབྱོར་བསྡུ་སློང་ཞུ་རིགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐོག་རོགས་སྐྱོར་ཐོབ་ཐང་ཁོངས་ནས་རང་བཞིན་གྱི་འབུད་པའམ་ཉམ་ཐག་གི་གནས་སྟངས་ནས་གྲོལ་བར་ངོས་འཛིན་ཞུས་ཏེ་འབྲེལ་ཡོད་ཚོགས་སྒེར་དུས་དཔལ་འབྱོར་བསྡུ་དགོས་བྱས་པ་དེས་མུ་མཐུད་མི་ཚེ་ལྟ་སྐྱོང་བྱེད་དགོས་པའི་བཀའ་ཁྱབ་བཏང་འདུག ཁ་སང་དང་དེ་རིང་བཅས་སྤྱི་ཚོགས་དྲ་ལམ་ཐོག་ནང་སྲིད་ལས་ཁུངས་ཀྱི་བཀོད་ཁྱབ་དེར་འགྲིག་མིན་གྱི་བཀའ་མོལ་གནང་མཁན་མི་ཉུང་བ་ཞིག་འདུག་པ་མ་ཟད། ལྷག་དོན་སྐྱོན་བརྗོད་གནང་མཁན་ཚོས༸གོང་ས་མཆོག་གིས་བོད་མི་རྣམས་ལ་རང་མགོ་ཐོན་ཙམ་བྱུང་ན། བོད་མི་ཉམ་ཐག་གཞན་རྣམས་ལ་རོགས་རམ་གང་ཐུབ་བྱེད་དགོས་བའི་བཀའ་བསྩལ་ལུང་འདྲེན་གྱིས་དེ་རིང་གི་གནད་དོན་འདིའི་ཐོག་ནས་༸གོང་ས་མཆོག་གི་དགོངས་པ་དཀྲུག་པ་ལས་ཐུགས་དགྱེས་པའི་རེ་བ་ཡོད་པ་དང་། ཉམ་ཐག་ཚོར་རོགས་རམ་གནང་བ་དེ་ནི་དགའ་དགོས་བ་ཞིག་ལས་སྡུག་དགོས་བའི་རྒྱུ་མཚན་གང་ཡང་མ་མཐོང་ཞེས་དང་། དེ་བཞིན་རྒྱ་ནག་གཙོས་རྒྱལ་ཁབ་སྟོབས་ཆེ་ཆུང་ཅི་འདྲ་ཞིག་ཡིན་རུང་མང་ཚོགས་ཁྲོད་དབུལ་ཕྱུག་གི་གནས་སྟངས་གཉིས་ཀ་ཡོད་པ་འཇིག་རྟེན་ཆོས་ཉིད་ཡིན་སྟབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཉམ་ཐག་རེ་ཟུང་ཡོད་པ་མཐོན་པར་དགྲ་དགའ་གཉེན་སྡུག་སོགས་ཀྱི་གནད་དོན་ག་ལ་ཆགས་སྲིད་པ་སོགས་གསུང་མཁན་འདུག རླུང་འཕྲིན་ཁང་གིས་དེ་རིང་ནང་སྲིད་ལས་ཁུངས་སུ་དེ་དོན་བཀའ་འདྲི་ཞུ་རྒྱུའི་དུས་ཚོད་ཞུས་ཀྱང་། རིང་མིན་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ཐོག་གསལ་བཤད་གནང་རྒྱུ་ཡིན་སྐོར་གསུངས་བ་ལས་བཅར་འདྲི་དང་ལེན་གནང་མ་སོང་།

དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་གནང་བ།

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ནམ་ཡིན་སྐབས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ལྟར། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་དགོས་པ་ལྟར། ཁ་སང་ཉིན་རྒྱབ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་གྱི་ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༢༤ པའི་ཐོག་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཐོག་ནས་བདམས་ཐོན་བྱུང་འདུགདེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་དོན་ཚན་ ༩༧ གྱི་ནང་གསེས་ ༢ པའི་ཀ་པ་དང་ཁ་པ་གཉིས་སུ་གསལ་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། དེ་བཞིན་སྲིད་སྐྱོང་བཅས་ལས་བགྲུབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་འོས་བསྡུའི་འགན་འཛིན་ལས་འཕར་གྱི་འོས་དམིགས་ཁོངས་སུ་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་བདེ་ལེགས་དབང་མོ་ལགས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་བསྟན་འཛིན་དོན་ཡོད་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། སྨན་རྩིས་ཁང་གི་སྨན་རམས་པ་ཆོས་ལོ་ཐར་ལགས་བཅས་འཆར་འབུལ་གནང་པའི་ཐོག ཁ་སང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཀྱིས་བདམས་ཐོན་བསྐོ་བཞག་གནང་འདུགད་རེས་བསྐོ་གཞག་བྱུང་བའི་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནི་བསླེབ་ལ་ཉེ་བའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོར་དམིགས་པ་ཞིག་ཡིན་པ་ལྟར། ཁོང་རྣམ་པའི་ལས་ཡུན་ནི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གྱི་བར་དུ་ཆགས་ཀྱི་ཡོད་པ་རེད།དེ་རིང་འདི་ག་རླུང་འཕྲིན་ཁང་གིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོག་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དེར་འབྲེལ་བཀའ་དྲི་ཁག་ཅིག་ཞུ་སྐབས། དབུས་འོས་བསྡུ་ལས་ཁང་གིས་དེ་སྔ་ནས་བོད་མི་གནས་ཡུལ་ས་གནས་ཁག་ཏུ་ཟབ་སྦྱོང་དང་། དེ་བཞིན་རིམ་པས་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་བསྐོ་བཞག་སོགས་ཀྱི་ཐད་ལ་འབྲེལ་བ་ཞུས་ཟིན་པ་དང་། དེ་ནས་རིམས་པས་ཁ་སང་བསྐོ་བཞག་བྱུང་བའི་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱི་དམ་འབུལ་གྲུབ་མཚམས་སུ་འོས་བསྡུའི་ལས་དོན་ཁག་ཁ་གསལ་ཆགས་རྒྱུ་དང་། ལྷག་པར་དུ་ད་ལྟའི་ཏོག་དབྱིབས་རིམ་ནད་ཀྱི་ཛ་དྲགས་གནས་སྟངས་ལ་ལྟོས་མེད་འོས་བསྡུའི་ལས་རིམ་ཁག་དུས་ཐོག་ལ་འགྲོ་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་སོང་།

རྒྱ་གཞུང་གིས་བོད་མིར་ཕ་སྐད་ཐོག་སློབ་གཉེར་རྩ་བ་ནས་གནང་རྒྱུ་མེད་པ་བཟོ་བཞིན་ཡོད་པ་རེད།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་ཤེས་ཡོན་སློབ་གསོ་སྲིད་བྱུས་དེ་ནི་བོད་མི་ཚོར་རང་ཉིད་ཀྱི་ཕ་སྐད་ནང་ཤེས་ཡོན་སློབ་གཉེར་རྩ་བ་ནས་གནང་རྒྱུ་མེད་པ་བཟོ་རྒྱུ་དེ་རེད་ཅེས་གསུངས་སོང་། སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤ པ་དང་བསྟུན་ཁ་སང་ཕྱི་ཚེས་ ༡༥ ཉིན་སུད་སི་སྐུ་ཚབ་དོན་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཆེད་ལས་མི་སྣ་གདན་ཞུས་ཀྱིས་དྲྭ་ཐོག་གི་ཐད་གཏོང་གླེང་མོལ་ལས་རིམ་ཞིག་གནང་སོང་། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་ཀྱིས་བོད་ནང་གི་སྐད་ཡིག་སློབ་གསོའི་རང་དབང་སྐོར་གླེང་བ་དང་འབྲེལ། ཕྱི་ལོ་ ༡༩༦༠ ཙམ་ནས་རྒྱ་གཞུང་གིས་བོད་ནང་གི་སློབ་འབྲིང་དང་མཐོ་རིམ་སློབ་གྲྭ་ཁག་ཏུ་རྒྱ་སྐད་ནང་དུ་ཤེས་ཡོན་སློབ་གསོ་སྤྲོད་འགོ་བཙུགས་ཡོད་ཅིང་། དེ་སྔའི་རྒྱ་སྐད་གཙོ་བོར་གཞིགས་པའི་ཤེས་ཡོན་སློབ་གསོའི་སྲིད་བྱུས་དེ་ད་ཆ་བོད་ཁུལ་གྱི་དམའ་རིམ་སློབ་གྲྭ་ཁག་དང་སྔོན་འགྲོའི་འཛིན་གྲྭ་ཁག་ཏུ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་། དེས་ད་སྐབས་བོད་པའི་བྱིས་པ་ཚོར་རང་ཉིད་ཀྱི་ཕ་སྐད་ནང་དུ་སློབ་གཉེར་བྱེད་རྒྱུར་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ཁུལ་དུ་ཡོངས་གྲགས་སུ་སྐད་གཉིས་སློབ་གསོའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་ལུགས་བརྗོད་བཞིན་ཡོད་ཀྱང་དོན་དངོས་ཐོག་ས་གནས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཏུ་རྒྱ་སྐད་གཙོ་བོ་བཞག་གིས་སློབ་ཁྲིད་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་ཅེས་གསུངས་སོང་། དེ་བཞིན་ཁོང་གིས་ད་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོད་པའི་སློབ་གྲྭ་ཁག་ཏུ་རྒྱ་སྐད་ཁོ་ན་ལས་མི་ཤེས་མཁན་གྱི་དགེ་རྒན་ཆེད་གཏོང་བྱེད་བཞིན་ཡོད་པ་དང་། སློབ་གྲྭ་ཁག་གི་འགན་འཛིན་དང་འབྲེལ་ཡོད་དགེ་རྒན་རྣམས་ནས་བོད་ཕྲུག་སློབ་མར་བོད་པའི་སྐད་ཡིག་རང་གི་ཐོག་ཤེས་ཡོན་སྤྲོད་རྒྱུའི་ཆོད་སེམས་ཡོད་ཀྱང་དོན་དངོས་ཐོག་སློབ་གྲྭ་ནང་དུ་ཤེས་ཡོན་སློབ་ཁྲིད་བྱ་རྒྱུའི་ཡོ་ཆས་འདང་ངེས་མེད་པ་དང་། ཁྱད་པར་དུ་བོད་པའི་སྐད་ཡིག་སྲུང་སྐྱོབ་དང་ལས་འགུལ་སྤེལ་མཁན་བཀྲིས་དབང་ཕྱུག་མཚོན་པའི་ད་བར་འབྲེལ་སྐད་ཡིག་རང་དབང་སྲུང་སྐྱོབ་པ་བོད་པ་མང་པོ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་བསྐྱིལ། དེ་བཞིན་མནར་གཅོད་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་གསུངས་ཡོད།གཞན་ཡང་དྲྭ་ཐོག་གླེང་མོལ་ལས་རིམ་ཐོག་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་ལས་འགུལ་གྱི་འགན་འཛིན་ལྕམ་སྐུ་ Christa Meindersma ལགས་ཀྱིས་བོད་ནང་གི་སྨྲ་བརྗོད་རང་དབང་གི་གནས་སྟངས་སྐོར་གསུངས་ཡོད་པ་རེད། ཉེ་ཆར་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱལ་ཚོགས་ཀྱི་སྨྲ་བརྗོད་དང་བསམ་བརྗོད་རང་དབང་གི་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣས་ཏོག་དབྱིབས་གཉན་རིམས་འདིས་མང་ཚོགས་ཀྱི་ཚེ་སྲོག་འཕྲོག་པ་ཁོ་ན་ཙམ་མིན་པར་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གིས་གཉན་རིམས་ཀྱི་མིང་བྱང་འོག་མང་ཚོགས་ཐོག་དྲག་གནོན་བྱེད་བཞིན་ཡོད་ཅེས་སྙན་ཐོ་ནང་གསལ་སྐོར་ Christa Meindersma ལགས་ཀྱིས་ལུངས་འདྲེན་དང་འབྲེལ། བོད་ནང་ད་ལྟའི་ཆར་གནས་སྟངས་གཅིག་མཚུངས་ཆགས་ཡོད་པ་དང་། རྒྱ་གཞུང་གིས་བོད་ཁུལ་དུ་ད་ཆ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གྱི་གནང་སྒོ་དང་བརྟན་ལྷིང་སྲུང་སྐྱོབ་བཅས་ལ་ཁ་གཡར་ནས་ས་གནས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་མ་ཟད། སྐད་འཕྲིན་ལ་སོགས་པའི་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་དང་དེ་འབྲེལ་བསྔོ་སྨོན་གསུང་མཁན་བོད་མིའི་ཐོག་དྲག་གནོན་དང་འཛིན་བཟུང་བྱེད་བཞིན་ཡོད་པ་གསུངས་ཡོད་པ་རེད། ལྷག་པར་དུ་ཁོང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་དེ་ཕྱི་ལ་སྒོ་མོ་བརྒྱབ་ནས་བོད་དེ་ད་ཆ་བོད་མི་ཚོར་བཙོན་ཁང་ལྟ་བུ་ཆགས་ཡོད་པ་དང་། བོད་ནང་གི་བོད་མི་ཚོར་བསམ་བརྗོད་རང་དབང་དང་འགྲོ་བསྐྱོད་རང་དབང་མེད་པ་མ་ཟད། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་བོད་དུ་ནང་མི་དང་གཉེན་འཕྲད་དུ་བསྐྱོད་ཐུབ་ཀྱི་མེད་པ་དང་། དེ་བཞིན་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་། རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣ་བཅས་བོད་ནང་འགྲུལ་བཞུད་གནང་རྒྱུའི་ཆོག་མཆན་གནང་གི་མེད་ཅེས་གསུངས་པ་དང་ཆབས་ཅིག བོད་དེ་བཞིན་ད་ཆར་རྒྱ་ནག་མངའ་འོག་ཏུ་ས་ཁུལ་ཁག་ནང་ནས་ཆེས་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད་ཅེས་གསུངས་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷག་སྒྲོན་ལགས་ཀྱིས་བོད་ནང་གི་འདུ་འཛོམས་རང་དབང་གི་གནས་སྟངས་སྐོར་གླེང་སློང་གནང་སྐབས་བོད་དེ་ལོ་རྒྱུས་ཀྱི་ཆ་ནས་རྒྱ་ནག་དང་ཐ་དད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་གཞུང་གིས་བོད་དེ་བརྟན་ལྷིང་དང་བདེ་འཇགས་ཡོང་བར་ངེས་ཤེས་མེད་པའི་དབང་གིས་དེ་ལྟར་ཡོང་ཐབས་སུ་བོད་མིར་དྲག་གནོན་དང་འདུ་འཛོམས་རང་དབང་རྡོག་རོལ་དང་དམ་དྲག་བྱེད་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།རྩ་བའི་ཐེངས་འདིའ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ནས་ཕྱི་ཟླ་ ༧ ཚེས་ ༢༠ བར་ཚོགས་ཀྱི་ཡོད་པ་རེད། འདི་ལོ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་སྔ་ལོའི་ཚོགས་དུས་ ༤༣ པ་དེ་དུས་ཚོད་གཅིག་གི་ནང་ཆ་ཚང་ཚོགས་ཐུབ་མེད་པ་དང་། ད་ལན་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༤༤ པའི་ཚོགས་འདུ་འགྲོ་ལུགས་དང་ལས་རིམ་ཁག་ཀྱང་རྣམ་ཀུན་དང་མི་འདྲ་བ་གནང་དགོས་བྱུང་ཡོད་པ་རེད། སུད་སི་དོན་ཁང་གི་ངོས་ནས་ཀྱང་ད་ལན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ཟུར་ཚོགས་དེ་དྲྭ་ཐོག་བརྒྱུད་གཉེར་ཡོད་པ་རེད།

འདི་ལོའི་འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་སློབ་ཁག་གི་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ ༩༨༌༢༣ རེད་འདུག

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ནང་དུ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ལ་ཞུགས་མཁན་བོད་རིགས་སློབ་མ་ ༡༠༡༦ བྱུང་ཡོད་པ་ལས་སློབ་ཚན་ལྔའི་ཆ་སྙོམས་ཀྱི་བརྒྱ་ཆ་ ༩༥ ལྷག་བླངས་པའི་སྲིད་སྐྱོང་གི་སློབ་ཡོན་བཞེས་མཁན་སློབ་མ་གྲངས་ ༡༩ བྱུང་འདུག་པ་དང་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་སློབ་ཁག་གི་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ ༩༨༌༢༣ སོན་འདུགདེ་རིང་ཉིན་རྒྱབ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་གནང་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་བཅས་ལྷན་ཞུགས་གནང་སོང་།འདི་ལོའི་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥ ལྷག་སོན་པའི་བོད་པའི་སློབ་མ་གྲངས་ ༡༩ བྱུང་བའི་ཁོངས་ནས་སྡེ་ཚན་སོ་སོའི་རྩེ་ཕུད་གསུམ་ནི་མ་སུ་རི་བོད་ཁྱིམ་ཚན་རིག་སྡེ་ཚན་གྱི་སློབ་མ་ཀུན་དགའ་ལེགས་བྱུང་ལགས་སུ་རྒྱ་ཆ་ ༩༩༌༢ དང་། སྒྱུ་རྩལ་སྡེ་ཚན་གྱི་སློབ་མ་བསོད་ནམ་སྟོབས་རྒྱལ་ལགས་སུ་རྒྱ་ཆ་ ༩༨༌༦ དེ་བཞིན་ཚོང་རིག་སྡེ་ཚན་གྱི་སློབ་མ་བསྟན་འཛིན་ནོར་སྒྲོན་ལགས་སུ་རྒྱ་ཆ་ ༩༦༌༨ ཐོབ་ཡོད་པ་དང་། བརྒྱ་ཆ་ ༩༥ ལྷག་སོན་པའི་སློབ་མ་ ༡༩ ཡོད་པའི་ཁོངས་ནས་ ༡༤ མ་སུ་བོད་ཁྱིམ་ནས་རེད་འདུག གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་ནས་སྲིད་སྐྱོང་གི་སློབ་ཡོན་བཞེས་མཁན་གྱི་སློབ་མ་རྣམས་ལ་འཚམས་འདྲི་བཀྲ་ཤིེས་བདེ་ལེགས་ཞུས་པ་དང་། བཀའ་ཤག་སྐབས་སྔོན་མ་ནས་དབུ་འཛུགས་ཀྱིས་བཙན་བྱོལ་ནང་གི་ཤེས་ཡོན་སློབ་གསོའི་ཆེད་དུ་མ་དངུལ་ལྡབ་གསུམ་ཙམ་སྤར་ཆ་གནང་བའི་ཐོག་ལས་གཞི་སྤེལ་བ་ཁག་གཞིར་བཞག་གིས་དམིགས་བསལ་ཐུགས་རེ་གནང་བ་ལྟར། འདི་ལོར་སྲིད་སྐྱོང་གི་སློབ་ཡོན་ཡོན་བཞེས་མཁན་གྲངས་བཅུ་དགུ་བྱུང་བ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་བ་མ་ཟད། བརྒྱ་ཆ་ ༩༥ བཞེས་མཁན་ཟེར་དུས་ཤེལ་སྒོ་ནང་གི་མོག་མོག་རེད་ཟེར་མཁན་བྱུང་ཡོད་ཀྱང་། ད་ཆ་དེ་ལྟར་མིན་པར་དངོས་སུ་དམིགས་ཚད་བཟུང་བ་བཞིན་གྲུབ་འགྲས་ཆེན་པོ་སོན་ཡོད་སྐོར་གསུངས་སོང་།དེ་བཞིན་སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་འདི་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནི་བཙན་བྱོལ་གྱི་འདས་པའི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། སྤྱི་ཡོངས་ཀྱི་ཆ་ནས་ཡིག་རྒྱུགས་ཁྲོད་རོགས་འདེགས་གནང་མཁན་ལས་ཀྱི་སྣེ་མོ་བ་མང་པོ་ཡོད་ཀྱང་། དེ་དག་ཚང་མ་ཁུངས་གཏུགས་ནས་སོང་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་རག་ལས་ཡོད་སྟབས། དེ་རིང་གི་རྒྱལ་ཁའི་གྲུབ་འབྲས་དང་སྟབས་བསྟུན་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མ་བཙན་བྱོལ་དུ་ཕེབས་ནས་བོད་ཕྲུག་རྣམས་ལ་སློབ་གྲྭ་ལོགས་སུ་གསར་འཛུགས་གནང་དགོས་པའི་ལམ་སྟོན་ཕེབས་པ་ལྟར། ད་ཆ་ཚང་མ་གྲུབ་འབྲས་སྨིན་ནས་ཡོད་པར་བརྟེན་དེ་རིང་གི་ཉིན་མོ་འདིར་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་སུ་དྲན་ཐོག་༸སྐུ་མདུན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་། སྤྱིར་འདི་ལོའི་ཡིག་རྒྱུགས་ནང་གཏན་སློབ་ཁག་ ༡༦ ནས་ཁྱོན་བསྡོམས་སློབ་ཕྲུག་ ༡༠༡༦ མཉམ་ཞུགས་ཀྱིས་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨༌༢༣ ལོན་ཡོད་པ་དང་། དེ་ནི་སྔ་ལོ་ལས་བརྒྱ་ཆ་ ༡༌༢༣ འཕར་ཡོད་པ་མ་ཟད། འདི་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་པའི་སློབ་གྲྭ་བཅུ་ཡོད་པ་དང་། བརྒྱ་ཆ་༩༠ ཡན་ལོན་པའི་སློབ་ཕྲུག་ ༩༡ བྱུང་བའི་ཁོངས་ནས་སློབ་མ་ ༤༤ མ་སུ་རི་བོད་ཁྱིམ་ནས་ཡིན་པ་རེད།རྩ་བའི་འདི་ལོར་ཡིག་རྒྱུགས་ཀྱི་སྐབས་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་བྱུང་འགོ་ཚུགས་པའི་རྐྱེན་གྱིས་སློབ་གྲྭ་མང་ཆེ་ཤོས་སུ་བོད་ཡིག་དང་ས་ཁམས་རིག་པ་གཉིས་ལ་ཡིག་རྒྱུགས་གཏོང་མ་ཐུབ་སྟབས། རྒྱ་གར་དབུས་ཤེས་ཡོན་ལྷན་ཚོགས་ཀྱི་ལམ་སྟོན་ལྟར་བརྒྱ་ཆ་མཐོ་ཞོས་བཞེས་ཡོད་པའི་སློབ་ཚན་ཉིས་ཀྱི་བརྒྱ་ཆའི་ཆ་སྙོམས་ཀྱི་བརྒྱ་ཆ་ལྟར་ཆ་བགོས་བྱས་ཡོད་སྟབས། གསར་ཁང་ལ་དེར་འབྲེལ་གྱི་ཐོག་ནས་བོད་ཡིག་གི་སློབ་ཚན་ལ་ཡིག་རྒྱུགས་གཏོང་མ་ཐུབ་པར་བློ་ཕམ་ཡོད་སྐོར་གསུང་མཁན་རེ་གཉིས་བྱུང་སོང་། ཤེས་རིག་བཀའ་བློན་མཆོག་ལ་གནད་དོན་དེར་འབྲེལ་གྱི་བཀའ་འདྲི་ཞུས་པར་དེ་ནི་རྒྱ་གར་དབུས་ཤེས་ཡོན་ལྷན་ཚོགས་ཀྱི་ལམ་སྟོན་ཡིན་སྟབས་འགྱུར་བ་གཏོང་ཐབས་གང་ཡང་མེད་ཀྱང་། སྐད་ཡིག་ལ་ཡག་པོ་ཡོད་ན་དེ་ནི་རང་གི་མི་ཚེ་གཅིག་གི་མཛེས་རྒྱན་ལྟ་བུ་ཡིན་སྟབས། མཐོ་སློབ་འགྲིམ་སྐབས་རྒྱུན་འཛིན་གནང་གལ་ཡིན་པའི་ལམ་སྟོན་གནང་སོང་།

Latest news