Tibetan Royal Year of 2151 | Year of the Wood Dragon

བོད།

བོད་མདོ་སྨད་རྔ་པ་ནས་བོུ་གཉིས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་རྔམ་སྟོན་གནང་འདུག

བོད་རིགས་བོུ་གཉིས་ཀྱི་ལུས་ལ་བོད་ཆས་གཙང་མ་སྤྲས་ཏེ་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཁའ་དབྱིངས་སུ་འཕྱར་ནས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་༸སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་རྒྱ་གཞུང་ལ་ཞི་རྒོལ་གནང་འདུག དེའང་རྔ་བ་ཀིརྟི་དགོན་གྱི་གླིང་ཆེན་ཉེ་འགྲམ་དུ་བོད་རིགས་བོུ་གཉིས་ཀྱིས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཁའ་དབྱིངས་སུ་འཕྱར་ནས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་༸སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་པ་མངོན་བཏོན་གྱིས་ཞི་བའི་རྔམ་སྟོན་གནང་འདུག ད་ལྟའི་ཆར་ཁོང་རྣམ་གཉིས་ཀྱི་མིང་དང་ས་གནས་གང་ཡིན་གཙོས་པའི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡིན་ཤེས་རྟོགས་ཐུབ་མེད། འདི་ག་རླུང་འཕྲིན་ཁང་ལ་བྱེས་བཞུགས་ཕ་ཡུལ་རྔ་བ་ནས་ཡིན་པའི་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། བེུད་གཉིས་པོས་རྔ་བ་ཀིརྟི་དགོན་གྱི་གླིང་ཆེན་ཉེ་འགྲམ་དུ་ཞི་རྒོལ་གནང་ཡོད་པ་དང་། ཁོང་གཉིས་ཀྱིས་ཀིརྟི་དགོན་པར་སྐོར་བ་ཕྱིན་ནས་ཕྱིར་ཐོན་ནས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཁའ་དབྱིངས་སུ་འཕྱར་ནས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་༸སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་གནང་པ་རེད་འདུག་ཅེས་གསུངས་སོང་། གཞན་ཡང་ས་གནས་བོད་མི་ཚོས་གནས་ཚུལ་དེའི་ཐད་རྩད་གཅོད་རིམ་པ་གནང་པ་ལས་ངོ་རྒོལ་གནང་ཡུལ་ནི་ཀིརྟི་དགོན་པའི་རྒྱལ་སྒོའི་གཤམ་དུ་ཡིན་པ་ས་ཚིགས་གཏན་འཁེལ་ཡོད་ཀྱང་། ད་ལྟའི་ཆར་ས་གནས་སུ་དམ་བསྒྲགས་ཆེ་རྐྱེན་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་འདུག རྩ་བའི་འདས་པའི་ལོ་ཤས་ནང་བོད་མདོ་སྨད་རྔ་པ་དང་མདོ་ཁམས་ལི་ཐང་། དེ་བཞིན་དཀར་མཛེས་བཅས་བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་རྣམས་ནས་ཁེར་རྐྱང་གིས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུར་པར་བསྣམས་ཏེ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དང་། བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད། ལྷག་དོན་ ༢༠༡༥ ཟླ་༨ ཚེས་༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས་རང་ལོ་ ༢༣ ཡས་མས་སོན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་ བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ནང་ལ་གདན་ཞུ་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་གནང་སྟབས། རྒྱ་གཞུང་ཉེན་རྟོག་པས་དེ་མ་ཐག་འཛིན་བཟུང་བྱས་རྗེས་གནས་ཚུལ་གང་ཡིན་ཤེས་རྟོགས་ཐུབ་མེད་པ་རེད། དེ་བཞིན་འདི་ལོའི་ཟླ་ ༣ ཚེས་ ༡ ཉིན་བོད་ནང་གི་ཚོུད་ ༡༢།༠༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོའི་བཀྲ་ཤིས་གཡས་འཁྱིལ་ཚང་གི་བུ་མོ་མང་དགའ་ལགས་ཀྱིས་རྨེའུ་རུ་མའི་ཡུལ་ཚོའི་ཁྲོམ་གཞུང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཞིག་ཕྱག་གཉིས་ཀྱིས་མཁའ་དབྱིངས་སུ་འཕྱར་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་སྟེ་གོམ་བགྲོད་གནང་པར་བརྟེན་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་འོག་ད་བར་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་བ་མ་ཟད།  ཕྱི་ལོ་ ༢༠༡༤  ཟླ་ ༡༢ ཚེས་ ༢༢ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༤ ཡོལ་ཙམ་ལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྲང་ལམ་སྨད་ཕྱོགས་ནས། རང་ལོ་ ༡༩ ཡིན་པའི་བུ་མོ་ཚེ་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུུས་ལ་ཞི་རྒོལ་ཆེད་སྐུ་ལུས་མེར་བསྲེགས་བཏང་སྟབས་ས་གནས་དེར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་མང་དག་ཞིག་ཐོན་ཡོད་པ་རེད།

གྲྭ་བློ་བཟང་སངས་རྒྱས་ལགས་བཙོན་གྲོལ་ཐོབ་ཀྱང་གཟུགས་གཞིའི་གནས་སྟངས་ཞན་པོ་གྱུར་འདུག

  དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་བཀའ་སློབ་ཀྱི་བརྙན་པར་སོགས་ཕབ་ལེན་དང་འགྲེམས་སྤེལ་གནང་པའི་ཉེས་མིང་འོག་སྤྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ཟི་ཁྲོན་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་པའི་རྔབ་ཀིརྟི་དགོན་པའི་གྲྭ་བློ་བཟང་སངས་རྒྱས་ལགས་གློད་གྲོལ་ཐོབ་འདུག དེའང་ཁོང་གི་བཙོན་འཇུག་དུས་ཡུན་ཚང་བར་བརྟེན་ཟླ་ ༡༡ ཚེས་ ༡༢ ཉིན་དགོང་མོ་རྒྱ་གཞུང་གིས་གསང་སྟབས་ཐོག་རང་ཁྱིམ་ལ་བསྐྱལ་འདུག་པ་དང་། ཁོང་བཙོན་ཁང་ནང་ལོ་མང་རིང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་རྐྱེན་བཙོན་གྲོལ་བཏང་ཡང་སྐུ་གཟུགས་ཀྱི་གནས་སྟངས་ཆེས་ཞན་པོ་གྱུར་བ་དང་དེ་བས་ཀྱང་ཁོང་གི་དྲན་ཤེས་ཉམས་ཡོད་པ་རེད་འདུག རྒྱ་གཞུང་གིས་ཁོང་གི་ནང་མི་ཉེ་འབྲེལ་སུ་གང་ལ་ཡང་ཁོང་བཙོན་གྲོལ་གཏོང་རྒྱུ་ཡིན་པའི་བརྡ་ལན་སྤྲད་མེད་སྟབས། ནང་མི་ཉེ་འབྲེལ་སུ་གཅིག་ཀྱང་ཁོང་གི་ཕེབས་བསུར་བཅར་ཐུབ་མེད་པ་རེད་འདུག འོན་ཀྱང་ཁོང་རང་ཉིད་ཕ་ཡུལ་དུ་འབྱོར་བ་གྲོགས་ཉེ་འབྲེལ་ཚོས་ཤེས་པས་འཕྲལ་མར་ཁ་བཏགས་སོགས་ཁྱེར་ནས་ཕེབས་བསུའི་འཚམས་འདྲི་ཞུས་ཡོད་འདུག གཞི་རྩའི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ནི་དེ་སྔོན་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རྔ་བ་ཀིརྟི་དགོན་པའི་ཉེ་འདབས་སུ་རང་ལུས་མེ་བསྲེགས་གནང་སྐབས་ས་གནས་བོད་མི་ཚོས་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་མཁན་ཁོངས་སུ་ཁོང་མཉམ་ཞུགས་གནང་འདུག རྩ་བའི་གྲྭ་བློ་བཟང་སངས་རྒྱས་ལགས་ཀྱི་སྐྱེས་ཡུལ་ནི་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་རྔ་བ་ས་ཁུལ་རྔ་བ་རྫོང་ཆོས་རྗེ་མ་ཡུལ་ཚོ་ནས་ཡིན་པ་རེད།

བལ་ཡུལ་ས་མཚམས་ནས་བོད་མི་ ༤༡ འཛིན་བཟུང་གིས་རྒྱལ་ས་ཀཐ་མན་གྲུར་ཕྱིར་ལོག་བྱས་འདུག

བལ་ཡུལ་ནས་རྒྱ་གར་ནང་བསྐྱོད་བཞིན་པའི་བོད་མི་ ༤༡ ཙམ་རྒྱ་གར་དང་བལ་ས་མཚམས་ Kailali ས་ཁུལ་ནས་བལ་པོའི་ཉེན་རྟོག་པས་འཛིན་བཟུང་འོག་རྒྱལ་ས་ཀ་ཐ་མན་གྲུར་ཕྱིར་ལོག་བྱས་འདུག དེ་ཡང་བལ་ཡུལ་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཟླ་ ༡༡ ཚེས་ ༡༤ ཉིན་བོད་ནས་གསར་དུ་འབྱོར་བའི་བོད་མི་སྐྱ་སེར་ཁྱོན་ ༤༡ སྐོར་ཞིག་བལ་ཡུལ་དང་རྒྱ་གར་གཉིས་ཀྱི་ས་མཚམས་ Kailali ས་ཁུལ་གྱི་ Dhangadhi དགག་སྒོ་ནས་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་འདི་བཞིན་ཁོང་རྣམས་བལ་ཡུལ་ནང་དུ་ཕྱིར་ལོག་བྱས་ཡོད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། བོད་མི་དེ་དག་རྒྱ་གར་གྱི་ནང་པའི་གནས་ཆེན་རྡོ་རྗེ་ལྡན་དང་། ཝཱ་རཱ་ཎ་སཱི། རྩ་མཆོག་གྲོང་སོགས་སུ་གནས་མཇལ་དུ་བསྐྱོད་འཆར་ཡོད་ཀྱང་། ཁོང་རྣམས་ལ་རྒྱ་གར་དུ་བསྐྱོད་ཆོག་པའི་རང་ཉིད་དོ་བདག་སོ་སོའི་ངོ་སྤྲོད་ལག་འཁྱེར་དང་ཕྱིར་བསྐྱོད་ལག་འཁྱེར་སོགས་གང་ཡང་མེད་རྐྱེན་གྱིས་འཛིན་བཟུང་བྱས་འདུག གཞི་རྩའི་བལ་ཡུལ་དེ་རྒྱ་གར་དང་བོད་གཉིས་ཀྱི་བར་ལ་ཆགས་ཡོད་པ་དང། བོད་ནས་རྒྱ་གར་ནང་དུ་ཕེབས་མཁན་བོད་མི་རྣམས་བལ་ཡུལ་བརྒྱུད་ནས་ཡོང་དགོས་ཀྱི་ཡོད་པ་རེད། བལ་ཡུལ་གཞུང་གིས་ངོས་ནས་ལོ་མང་རིང་བོད་མིའི་རྣམས་ལ་རྒྱ་གར་དུ་བསྐྱོད་རྒྱུར་མཐུན་འགྱུར་གནང་ཡོད་ཀྱང། ལོ་ཤས་གོང་ནས་རྒྱ་གཞུང་གིས་གནོན་ཤུགས་རྐྱེན་པས་བོད་ནས་བལ་ཡུལ་དུ་ཡོང་མཁན་བོད་མི་དེ་དག་ལ་བལ་ཡུལ་བརྒྱུད་རྒྱ་གར་དུ་བསྐྱོད་པར་ཆེས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་ཁྲོད། དེ་སྔོན་ཡང་བལ་ཡུལ་ས་མཚམས་ཉེན་རྟོག་པས་བོད་མི་ཁག་ཅིག་ཕྱིར་ལོག་བཏང་བའི་གནས་ཚུལ་ཐོན་མྱོང་ཡོད་པ་རེད། དེ་བཞིན་བལ་ཡུལ་ནང་དུ་བོད་མི་མང་དག་ཞིག་ལ་ཁུལ་དེར་གནས་སྡོད་ཆོག་པའི་ལག་འཁྱེར་མ་རག་པའི་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པ་མ་ཟད། ལྷག་དོན་བལ་པོའི་ཉིན་རྟོག་པས་ས་གནས་སུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། རྒྱ་གཞུང་ལ་ངོ་རྒོལ་སོགས་ཀྱི་གནང་སྒོ་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་རེད། དེ་སྔ་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༨ ཚེས་ ༦ ཉིན་རང་ལོ་ ༣༩ ཡིན་པའི་དགེ་འདུན་པ་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱིས་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་གནང་ཡོད་པ་རེད།      རྩ་བའི་བོད་མི་དེ་དག་དེ་རིང་ཚེས་ ༡༥ ཉིན་རྒྱབ་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་དུ་འབྱོར་གྱི་འདུག

བླ་རུང་སྒར་ནས་ཕྱིར་ཕུད་བཏང་པ་ཁག་ཅིག་རང་སར་འབྱོར་སྐབས་སུའང་བཀག་ཉར་བྱེད་བཞིན་པ།

འདི་ལོའི་ཟླ་ ༧ ཚེས་ ༢༠ ནས་འགོ་འཛུགས་ཀྱིས་བོད་གསེར་རྟ་རྫོང་བླ་རུང་སྒར་ནང་བསྟན་སློབ་གླིང་གི་གྲྭ་ཤག་མང་དག་ཅིག་གཏོར་བཤིག་དང་། བླ་རུང་སྒར་དུ་སློབ་གཉེར་གནང་བཞིན་པའི་བོད་ཀྱི་ས་ཁུལ་གཞན་ནས་ཕེབས་པའི་གྲྭ་བཙུན་དུ་མ་ཕྱིར་ཕུད་བཏང་བ་དང་གཏོང་མུས་ཁྲོད་ཁ་སང་རྫ་སྟོད་ཀྱི་གྲྭ་བཙུན་མང་པོ་སྐྱོ་གདུང་གི་ངོ་འབོད་འོག་རང་ཡུལ་དུ་ཕེབས་བཞིན་འདུག་པ་མ་ཟད། དེ་སྔ་ཕྱིར་ཕུད་བཏང་བའི་གྲྭ་བཙུན་ཁག་ཅིག་རང་སོ་སོའི་ཕ་ཡུལ་དུ་འབྱོར་སྐབས་སུའང་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཉེ་ལམ་རྒྱ་ནག་ནང་གི་སྤྱི་ཚོགས་གླེང་སྟེགས་དྲ་བ་དང། བོད་ནང་གི་གསར་འགྱུར་ཡོང་ཁུངས་ཁག་ལ་གཞིགས་ན། འདས་པའི་ཟླ་ཤས་ནང་བླ་རུང་སྒར་དུ་སློབ་གཉེར་གནང་བཞིན་པའི་ཆབ་མདོ་དང་དམར་ཁམས། བྲག་ཡབ། སྡེ་དགེ ཁྱུང་པོ་བཅས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་གྲྭ་བཙུན་དང། དེ་བཞིན་ཡུལ་ཤུལ། དཀར་མཛེས། མགོ་ལོག རྔ་བ། མཛམ་ཐང། རྨ་སྟོད། རྨ་ཆེན། དགའ་བདེ། རྫ་སྟོད་སོགས་ནས་ཕེབས་པའི་གྲྭ་བཙུན་ཕལ་མོ་ཆེ་བ་ཆོས་སྒར་ནས་རིམ་བཞིན་ཕྱིར་འཕུད་བཏང་ཟིན་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་མི་གཅིག་གིས་ས་གནས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་པར་ཉེ་སྔོན་ཟླ་བ་གཅིག་དང་ཉིན་གྲངས་ ༢༠ ཙམ་གྱི་སྔོན་ལ་བླ་རུང་སྒར་ནས་ཕྱིར་ཕུད་བཏང་པའི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་རེ་བོ་ཆེའི་གྲྭ་བཙུན་ ༣༠༠ ཙམ་དང་། རྫ་སེར་ ཤུལ་ཁུལ་གྱི་གྲྭ་བཙུན་རྣམས་རང་གི་ཕ་ཡུལ་དུ་འབྱོར་མ་ཐག་ས་གནས་ཉེན་རྟོག་པས་བཙན་དབང་གིས་བཀག་ཉར་བྱེད་ཡོད་པ་རེད་འདུག དེ་བཞིན་བླ་རུང་སྒར་ནས་ཕྱིར་ཕུད་འགྲོ་ཡི་མིན་ཟེར་མཁན་གྲྭ་བཙུན་ཁག་ཅིག་ཀྱང་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་པ་དང་། དཀར་མཛེས་ཁུལ་དུ་ཕྱིར་ཕུད་བཏང་པའི་གྲྭ་བཙུན་ ༨༠༠ ཡས་མས་ཞིག་ས་གནས་དེར་རྒྱ་གཞུང་གིས་གསར་རྒྱག་བྱེད་བཞིན་པའི་སློབ་གྲྭ་ཞིག་གི་ནང་དུ་བཞག་རྒྱུའི་འཆར་གཞི་ཡོད་པ་རེད་འདུག དེ་བཞིན་ Weibo དང་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་འདྲ་པར་ཐོན་པ་ལས་ཤེས་རྟོགས་བྱུང་བར་གཤིགས་ཚེ་བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་བོད་རྒྱ་གཉིས་ཀྱི་ཐོག་ལ་འཁོད་པའི་དམ་བཅའ་བའི་ཡི་གེ་ཞིག་སྟེང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་བཅུག་འདུག དམ་བཅའ་བའི་ཡི་གེ་དེའི་ནང་འཁོད་དོན། གསེར་རྟ་རྫོང་ལྔ་རིག་ནང་བསྟན་སློབ་གླིང་གི་དྲིལ་བསྒྲགས་སྒྲིག་བཅོས་ལས་དོན་གྱི་བླང་བྱ་ལྟར། ང་རང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཁ་བྲལ་ཏེ་ཕ་ཡུལ་དུ་སླེབས་རྗེས། སྔར་ལྟར་རྒྱལ་གཅེས་ཆོས་གཅེས་དང། སྡོམ་སྲུང་། ཁྲིམས་བརྩི་བྱེད་པ་མ་ཟད། ཕྱིར་བླ་རུང་སྔ་རིག་ནང་བསྟན་སློབ་གླིང་དུ་འོང་ནས་བསྟན་འདོད་མི་བྱེད་པའི་དམ་བཅའ་འཇོག་གོ་ཞེས་འཁོད་འདུག རྩ་བའི་རྒྱ་གཞུང་གིས་དེ་སྔ་ ༢༠༠༡ ལོར་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་དོན་ཐེངས་གཅིག་སྤེལ་མྱོང་ཡོད་པ་ལྟར། སྐབས་དེར་གྲྭ་བཙུན་ཁག་ཅིག་ནས་རང་དགོན་གཏོར་བཤིག་གཏོང་བཞིན་པར་མ་བཟོད་ནས་རང་སྲོག་བཅད་པའི་གནས་ཚུལ་སྔ་རྗེས་སུ་ཐོན་ཡོད་པ་རེད།

རྫ་སྟོད་དུ་ས་འགུལ་གྱི་གོད་ཆག་ཁྲོད་མི་གཅིག་རྐྱེན་ལམ་དུ་གྱུར་བ་དང་སྡོད་ཁང་དུ་མ་གས་སྲུབས་ཤོར་འདུག

དེའང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁ་ཉིན་ཟླ་ ༡༠ ཚེས་ ༡༧ ཉིན་བོད་ནང་ཕྱི་དྲོ་ཚོུད་ ༣།༡༥ ཐོག་བོད་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་ཤུགས་ཚད་རིམ་པ་ ༦.༤ ཅན་བྱུང་པའི་གནས་ཚུལ་ཐོན་པ་ཙམ་ལས། སྐབས་དེར་ས་གནས་ཀྱི་མང་ཚོགས་ཁྲོད་མི་ཤི་དོན་རྐྱེན་དང་། སྡོད་ཁང་ཁག་ལ་གས་སྲུབས་སོགས་གཏོར་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད། འོན་ཀྱང་ཁ་སང་ཀྲུང་གུའི་བོད་སྐད་རླུང་འཕྲིན་དྲ་བའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ད་ལན་བོད་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་འགུལ་གྱི་འཇིག་པའི་དོན་རྐྱེན་ཁྲོད་མི་གཅིག་གི་ཚེ་སྲོག་ཤོར་བ་མ་ཟད། ས་ཡོམ་བྱུང་སའི་ལྟེ་བའི་ས་ཁུལ་ཨག་སྟོད་ཡུལ་ཚོའི་ཁང་པ་མང་པོར་གས་སྲུབས་ཤོར་ཞིང་། ཁང་པ་མང་པོ་ཉེན་ཁ་ཅན་དུ་གྱུར་ཡོད་པའི་གནས་ཚུལ་སྤེལ་འདུག  ད་རེས་ཀྱི་ས་ཡོམ་བྱུང་ས་རྫ་སྟོད་རྫོང་འདི་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་ ༥༠༦ བར་ཆགས་ཡོད་ཅིང་། ད་ལྟའི་རྒྱ་གཞུང་གི་མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་སུ་བཅུག་ཡོད་པ་རེད། རྩ་བའི་བོད་ཡུལ་ཤུལ་ཁུལ་དུ་དེ་སྔོན་ས་ཡོམ་ཐེངས་མང་བྱུང་མྱོང་ཞིང་། ཕྱི་ལོ་ ༢༠༡༠ ལོར་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཚད་རིམ་པ་ ༦.༩ ཅན་ཞིག་བྱུང་བ་དེའི་ཁྲོད་མི་སྟོང་ཁྲག་དུ་མའི་ཚེ་སྲོག་ཤོར་ཡོད་པ་རེད།    

གཞས་པ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་ལགས་རྣམ་གཉིས་བཙོན་གྲོལ་ཐོབ་འདུག

རྒྱ་གཞུང་གིས་བོད་མདོ་སྨད་རྔ་པ་ནས་ཡིན་པའི་གཞས་པ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་ལགས་རྣམ་པ་གཉིས་ལོ་བཞིའི་རིང་གི་བཙོན་འཇུག་དུས་ཡུན་ཚང་རྗེས་བཙོན་གྲོལ་བཏང་འདུག རྩ་བའི་གཞས་པ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཡས་མས་ཙམ་ནས་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ། དེ་བཞིན་བོད་ཀྱི་རང་དབང་སླད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་ཚོར་བསྟོད་གླུ་ཕུལ་བའི་ཆེད་སྒྲིག་གི་འོད་སྡེར་འགྲེམས་སྤེལ་གནང་པར་བརྟེན།  རྒྱ་གཞུང་གིས་ཁོང་གཉིས་རྨ་ཆུ་རྫོང་ཐོག་ནས་འཛིན་བཟུང་གིས་ཟླ་བ་དྲུག་ལྷག་རིང་རྔ་བ་རྫོང་དུ་བཀག་བསྐྱིལ་བྱས་རྗེས། ལོ་བཞིའི་རིང་བཙོན་ཁང་ནང་བཞུགས་དགོས་བྱུང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། གཞས་པ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་ལགས་རྣམ་གཉིས་ཁ་ནུབ་ཙམ་ལ་བཙོན་གྲོལ་ཐོབ་སྟེ་རང་གི་ཕ་ཡུལ་དུ་འབྱོར་ཡོད་པ་ཙམ་ལས་གཟུགས་གཞིའི་གནས་སྟངས་ཇི་ཡོད་སྐོར་སོགས་ཞིབ་ཕྲའི་ཁ་གསལ་མིན་འདུག གཞི་རྩའི་གཞས་པ་ཁོང་རྣམ་གཉིས་བོད་མདོ་སྨད་རྔ་བ་རྨེའུ་རུ་མའི་རུ་ཆེན་དང་པོའི་ཡུལ་མི་ཡིན་པ་དང་། གླུ་བ་པདྨ་འཕྲིན་ལས་ལགས་རང་ལོ་ ༢༢ ཡིན་ཞིང་ཕ་མིང་ལ་འཛམ་ལྷ་དང་མ་མིང་ལ་ཚེ་རིས་མ་ཡིན་འདུག དེ་བཞིན་གླུ་བ་ཕྱག་རྡོར་ལགས་ནི་རང་ལོ་ ༣༢ ཡིན་ཞིང་ཕ་མིང་ལ་མཆོག་ལྡན་མདོ་བ་ཡིན་པ་དང་རྒྱལ་གཅེས་པ་གཅོད་པ་ལགས་ཀྱི་སྤུན་མཆེད་རེད་འདུག

རྒྱ་གཞུང་ནས་ཉེ་ཆར་གློད་གྲོལ་བཏང་བའི་བོད་མི་ཆབ་སྲིད་བཙོན་པ་གཉིས་སླར་འཛིན་བཟུང་བྱས་པ།

རྒྱ་ནག་གཞུང་གིས་ཉེ་ཆར་ཟླ་ ༨ ཚེས་ ༡༣ དང་ཟླ་ ༩ ཚེས་ ༡༦ ཉིན་སོ་སོར་བཙོན་གྲོལ་བཏང་བའི་བོད་མི་ཆབ་སྲིད་བཙོན་པ་བསམ་གྲུབ་ལགས་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་གཉིས་སླར་འཛིན་བཟུང་བྱས་འདུག དེ་རིང་ཟླ་ ༩ ཚེས་ ༢༤ བོད་ནང་གི་གནས་ཚུལ་འབྱོར་བར་གཞིགས་ན། ཉེ་ཆར་ཟླ་འདིའི་ཚེས་ ༡༦ ཉིན་རྒྱ་གཞུང་གི་བཙོན་ཁང་ནང་ལོ་ལྔ་དང་ཕྱེད་ཀའི་བཙོན་འཇུག་མྱངས་པའི་བོད་མི་ཆབ་སྲིད་བཙོན་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་བཙོན་གྲོལ་བཏང་ཡོད་ཀྱང། ཕྱི་ཉིན་ཚེས་ ༡༧ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་སླར་འཛིན་བཟུང་བྱས་འདུག དེ་བཞིན་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཆད་མྱངས་པའི་བོད་མི་བསམ་གྲུབ་ལགས་ཉེ་སྔོན་ཟླ་ ༨ ཚེས་ ༡༣ ཉིན་བཙོན་གྲོལ་བཏང་ནས་ཟླ་བ་གཅིག་ཙམ་ལས་ཕྱིན་མེད་ཀྱང་། ཁོང་ཡང་ཚེས་ ༡༨ ཉིན་གུང་ཚོུད་ ༢།༠༠ སྟེང་སླར་འཛིན་བཟུང་བྱས་ཡོད་འདུག ད་ལྟའི་ཆར་ཁོང་གཉིས་སླར་འཛིན་བཟུང་བྱེད་དོན་གང་ཡིན་གསལ་ཁ་ཐོབ་མེད་པ་དང་ཁོང་གཉིས་ཉེ་སྔོན་གློད་གྲོལ་བཏང་སྐབས་ས་གནས་སོ་སོའི་བོད་མི་མང་ཚོགས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག སུད་སེར་བཅའ་བཞུགས་བ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་དོན། བོད་མི་ཆབ་སྲིད་བཙོན་པ་གཉིས་པོ་རྒྱ་གཞུང་གིས་དབྱེ་བའི་བོད་དཀར་མཛེས་རང་སྐྱོང་ཁུལ་གསེར་རྟ་རྫོང་ནས་ཡིན་པ་དང། སྒྲུབ་པ་སྐྱབས་ལགས་གློད་གྲོལ་བཏང་བའི་རྗེས་སུ་ཁོང་ལ་ས་གནས་བོད་མི་རྣམས་ནས་དགའ་བསུ་ཞུས་པའི་འདྲ་པར་ཁག་ཅིང་ཕྱིར་འགྱར་བྱུང་བའི་ནང་ཟླ་བ་སྔོན་མའི་ནང་བཙོན་གྲོལ་ཐོབ་པའི་བོད་མི་བསམ་གྲུབ་ལགས་ཀྱང་ཕྱག་ལ་མཇལ་དར་བསྣམ་ནས་དགའ་བསུ་ཞུ་བའི་ཁོངས་སུ་ཡོད་པ་མངོན་གསལ་བྱུང་འདུག་ཅེས་གསུངས་སོང་། རྩ་བའི་གངས་སྐྱེས་སྒྲུབ་པ་སྐྱབས་སམ་སྨྱུག་མིང་ལ་གངས་མེ་སྟག་ལགས་དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ པའི་ནང་འཛིན་བཟུང་བྱས་འདུག་པ་དང་། དེ་བཞིན་བསམ་གྲུབ་ལགས་ཀྱང་ལོ་དེའི་ཟླ་ ༦ པའི་ནང་འཛིན་བྱས་ཡོད་པ་དང། དེ་རྗེས་ ༢༠༡༣ ལོར་ཁོང་གཉིས་ཀར་དམར་ཆུང་ངོ་རྒོལ་ཚོགས་པའི་ཚོགས་མི་ཡིན་པ་དང། བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་ཁྲིམས་ཐག་བཅད་པའི་ཁྲོད་སྒྲུབ་པ་སྐྱབས་ལགས་ལ་ལོ་ལྔ་དང་ཕྱེད་ཀ་དང། བསམ་གྲུབ་ལགས་ལ་ལོ་ལྔའི་རིང་བཙོན་འཇུག་གི་ཁྲིམས་ཆད་ཕོག་འདུག སྐབས་དེར་བོད་མི་གསུམ་ལ་ཡང་ཉེས་མིང་དེའི་འོག་ལོ་ ༢ ནས་ ༣ བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། གངས་སྐྱེད་སྒྲུབ་པ་སྐྱབས་ལགས་ནས་དེ་སྔོན་ཕྱི་ལོ་ ༢༠༠༨ ལོ་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་ས་བྱི་ཁྲག་བྲིས་དམར་པོ་དང་། དེ་རིང་གི་མིག་ཆུ་ཞེས་པའི་ཕྱག་དེབ་སོགས་ལྗགས་རྩོམ་གནང་མྱོང་ཡོད་པ་རེད་འདུག

བོད་ནང་གི་ཆུ་མཛོད་རྐྱེན་པས་ཨེ་ཤེ་ཡའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་གསུངས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་སྔ་ལོ་ནས་རྒྱ་གཞུང་གིས་བོད་ནང་ཆུ་རགས་མང་དག་ཞིག་གསར་རྒྱག་བྱས་པ་དེས་མ་འོངས་པར་བོད་ཀྱི་ཆུ་རྒྱུན་ལ་བརྟེན་ནས་འཚོ་བཞིན་པའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོར་ཉེན་ཁ་ཡོད་པའི་གོ་རྟོགས་ཀྱི་ལས་འགུལ་སྤེལ་མུས་ལྟར། ཁ་སང་ཚེས་ ༢༣ ཉིན་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་གི་ཞིག་གི་སྒྲིག་ཞུས་ཡོད་པ་དང་། ཨེ་ཤེ་ཡའི་བདེ་འཇགས་ལ་ཆུའི་ཉེན་ཁ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་གཙོས་པའེ་ཐའི་ལན་ཌི། བྷང་ལ་དེ་ཤ་བཅས་ཀྱི་མཁས་པ་དང་ཉམས་ཞིབ་པ་སོ་སོའི་དགོངས་ཚུལ་གང་ཡོད་གསུངས་འདུག རྩ་བའི་ད་ལན་གྱི་ལས་འགུལ་དེའི་བརྒྱུད་བོད་ཀྱི་རྒྱུག་ཆུ་དང་ཐད་ཀར་འབྲེལ་ཡོད་ལྷོ་ཤར་ཨེ་ཤེ་ཡའི་མི་དམངས་ཚོར་གཞི་རིམ་གྱི་གོ་རྟོགས་མི་དམན་པ་ཞིག་སྤེལ་རྒྱུ་དང་། དེ་བཞིན་མ་འོངས་པར་ཚོགས་ཆུང་ཞིག་གསར་འཛུགས་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་རེད་འདུག

གངས་སྐྱེས་སྒྲུབ་པ་སྐྱབས་ལགས་བཙོན་གྲོལ་ཐོབ་འདུག

རྒྱ་གཞུང་གིས་གསེར་རྟ་རྫོང་ནས་ཡིན་པའི་བོད་རིགས་དགེ་རྒན་གངས་སྐྱེས་སྒྲུབ་པ་ལགས་མི་ལོ་༥དང་ཕྱེད་ཀའི་རིང་བཙོན་འཇུག་དུས་ཡུན་ཚང་སྟེ་གློད་གྲོལ་བཏང་འདུག གངས་སྐྱེས་སྒྲུབ་པ་ལགས་སམ་སྨྱུག་མིང་ལ་གངས་མེ་སྟག་ལགས་ནི་ས་བྱི་ཁྲག་བྲིས་དམར་པོ་དང་དེ་རིང་གི་མིག་ཆུ་ཞེས་པ་སོགས་ཀྱི་དཔེ་དེབ་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་དེ་སྔ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ཉིན་གྱི་མཚན་མོར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ༢༠༡༣ ལོར་ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་དམར་ཆུང་ངོ་རྒོལ་ཚོགས་པའི་ཚོགས་མི་ཡིན་པ་དང་། བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་ལོ་ལྔ་དང་ཕྱེད་ཀའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད་འདུག  སྐབས་དེར་ཁོང་དང་ལྷན་དུ་བོད་རིགས་བསམ་གྲུབ་ལགས་ལ་ལོ་ ༥ དང་གཡུ་སྦྲང་ལགས་ལ་ལོ་ ༢ དེ་བཞིན་གསལ་ལགས་ལགས་ལ་ལོ་༣ དང་ཤེལ་རྒྱལ་ལགས་ལ་ལོ་ ༢ བཅས་ཁོང་རྣམས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཁ་སང་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་རྒྱ་གཞུང་གིས་གསེར་རྟ་རྫོང་ནས་ཡིན་པའི་བོད་རིགས་དགེ་རྒན་གངས་སྐྱེས་སྒྲུབ་པ་ལགས་ལོ་༥དང་ཕྱེད་ཀའི་བཙོན་འཇུག་དུས་ཡུན་ཚང་སྟེ་གློད་གྲོལ་བཏང་འདུག་པ་དང་། སྐབས་དེར་ཁོང་གི་ནང་མི་གཙོས་དགའ་ཉེ་སྤུན་མཆེད་ཚོས་དགའ་བསུ་ཞེས་པའི་འཕྲད་དར་དང་མཇལ་དར་སོགས་བསྣམས་ཏེ་ཁོང་ལ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད་འདུག རྩ་བའི་གངས་སྐྱེས་སྒྲུབ་པ་ལགས་ཁ་སང་རྒྱ་ནག་གི་བཙོན་ཁང་ནས་གྲོད་གྲོལ་བཏང་ཡོད་ཀྱང་ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཇི་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།  

Latest news