Tibetan Royal Year of 2151 | Year of the Wood Dragon

བོད།

རྔ་བ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་འཛིན་བཟུང་བྱས་འདུག

བོད་མི་ཞིག་གིས་རྔ་བ་རྫོང་གི་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་༸སྐུ་པར་བསྣམས་ནས་ཞི་བའི་རྔམ་སྟོན་གནང་འདུག  དེ་རིང་ཟླ་ ༥ ཚེས་ ༢ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༣།༠༠ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ཀྱིས་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་འདུག འདི་ག་རླུང་འཕྲིན་ཁང་དུ་སུད་སི་གནས་སྡོད་བ་ལྷ་སའི་བསོད་ནམས་ལགས་ཀྱིས་ས་གནས་ནས་འབྱོར་བའི་གནས་ཚུལ་ཁོ་སྤྲོད་གནང་དོན། དེ་རིང་བོད་ནང་གི་ཉིན་རྒྱབ་ཚོུད་ ༣ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ནས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པར་བརྟེན། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་འདུག་ཅེས་གསུངས་སོང། ད་ལྟའི་ཆར་ཁོང་གིས་ཞི་བའི་རྔམ་སྟོན་གནང་བའི་འདྲ་པར་དང་རྙན་པར་ཁག་ཅིག་ཕྱི་གྱར་བྱུང་འདུག་ཀྱང་། ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་པ་དང། ཁོང་དགོན་པ་གང་ནས་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། རྩ་བའི་རྒྱ་གཞུང་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གནང་མཁན་དང་ཁོང་རྣམ་པའི་ནང་མི་ཉེ་འབྲེལ་དག་ལ་དངོས་ལྐོག་བརྒྱུད་གསུམ་གྱི་ཐོག་ནས་གྲོང་པ་དང་དགོན་སྡེ་སྤྱི་ཡོངས་ལ་ཉེས་ཆད་ཚབས་ཆེ་གཏང་རྒྱུ་མགོ་བཙུགས་པ་ནས་བཟུང། བོད་ནང་རང་ལུས་མེར་སྲེག་གི་གནད་དོན་ཉུང་རུ་ཕྱིན་ཡོད་ཀྱང། བོད་མི་ཁྱེར་ཀྱང་གིས་ངོ་རྒོལ་སྐད་འབོད་ཀྱི་གནད་དོན་དེ་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད་སྔ་ལོ་རྔ་བ་ནང་དུ་བོད་མི་ཁྱེར་ཀྱང་གིས་ལས་འགུལ་མང་དག་ཞིག་སྤེལ་ཡོད་པ་རེད།  

སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་འདུག

བོད་མདོ་ཁམས་དཀར་མཛེས་ཁུལ་གྱི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེའམ་སྤྲུལ་སྐུ་ཕུར་བུ་ཚེ་རིང་མཆོག་ཟླ་འདིའི་ཚེས་ ༡༧ ཉིན་བཙོན་འཇུག་དུས་བཀག་གཙང་རྗེས་གློད་བཀྲོལ་བཏང་འདུག     དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དཀར་མཛེས་དགོན་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ལས་གློད་བཀྲོལ་བཏང་ཡོད་ཀྱང། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཇི་ཡོད་དང་བཙོན་ཁང་ནས་བཙོན་གྲོལ་ཇི་ལྟར་བཏང་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། གཞི་རྩའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་རྫོང་ཐོག་ཏུ་སྤང་རི་བཙུན་དགོན་གྱི་བཙུན་མ་ ༨༠ སྐོར་ཞིག་གིས་དགོན་པའི་ནང་རྒྱ་གཞུང་ནས་སྤེལ་བཞིན་པའི་རྒྱལ་གཅེས་ཆོས་བྱེད་ཀྱི་ལས་གཞི་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྟབས། བཙུན་མའི་ལས་འགུལ་དེ་བརྒྱུད་སྐུལ་བྱེད་པའི་དྭོགས་གཞི་འོག་ཟླ་ ༥ ཚེས་ ༡༨ ཉིན་གྱི་ཐོ་རངས་ཙམ་ལ་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་དམག་མིས་རིན་པོ་ཆེའི་གཟིམ་ཆུང་མཐའ་སྐོར་ཏེ་འཛིན་བཟུང་བྱས་ཡོད་པ་མ་ཟད། རིན་པོ་ཆེའི་གཟིམ་ཤག་ཀྱང་སྔོག་བཤེར་བྱས་ཡོད་འདུག དམག་མི་དང་ཉེན་རྟོག་པ་མང་པོས་དུས་ཡུན་རིང་པོར་རིན་པོ་ཆེ་མཆོག་གཙོ་བཞུགས་གནང་སའི་ཡར་སྟེང་བཙུན་དགོན་དང་སྤང་རི་སྣ་བཙུན་དགོན་གཉིས་ལ་རྒྱ་གཞུང་ཉེན་རྟོག་པས་མཐའ་སྐོར་སྟེ་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད། རིན་པོ་ཁོང་འཛིན་བཟུང་བྱས་རྗེས་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་བ་དང་། དེ་རྗེས་ ༢༠༠༩ ཕྱི་ཟླ་ ༢༣ ཉིན་དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིན་པོ་ཆེ་མཆོག་ལ་ལོ་ ༨ དང་ཟླ་བ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་མན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། རིན་པོ་ཆེ་མཆོག་ལ་ཁྲིམས་ཐག་གཅོད་སྐབས་ཁྲིམས་བཤེར་སོགས་ཀྱི་གོ་རིམ་གང་ཡང་བརྒྱུད་མེད་པ་མ་ཟད། དེ་སྔོན་ཁྲིམས་རྩོད་པ་གཉིས་གླས་ཡོད་པའང་ཁྲིམས་རྭར་བཅར་བཅུག་མེད་པ་དང་། ནང་མི་གཉེན་འབྲེལ་ཚོས་རིན་པོ་ཆེ་མཆོག་ལ་ནག་ཉེས་གང་ཞིག་གི་འོག་བཙོན་འཇུག་བྱས་པ་སོགས་ཀྱི་ཤེས་རྟོགས་གང་ཡང་མེད་ཀྱང་། ནང་མི་གཙོས་ཉེ་འབྲེལ་ཚོས་གཞི་ནས་རིན་པོ་ཆེ་མཆོག་རྒྱ་ནག་ཁྲིན་ཏུའུ་མན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་ཡོད་པ་རེད། དེ་རྗེས་ཕྱི་ལོ་ ༢༠༡༤ ཟླ་ ༨ ནང་གནས་ཚུལ་ཐོན་པར། རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་དུ་མི་སྤྱོད་ལས་འདས་པའི་ཆེས་སྡུག་སྦྱོང་མནར་གཅོད་འོག་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ་ཤེས་རྟོགས་བྱུང་འདུག་པ་དང་། སྐབས་དེར་ཁོང་གི་ས་གནས་བོད་མི་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་སོགས་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་ཁོང་སྨན་བཅོས་ཆེད་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པར་རྒྱ་གཞུང་གིས་དང་ལེན་གང་ཡང་བྱས་མེད། རྩ་བའི་སྤང་རི་སྣ་རིན་པོ་ཆེའམ་ཕུར་བུ་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༥༧ ཟླ་ ༡ ཚེས་ ༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་། བེ་རི་སྡེ། གསེར་མཁར་ཡུལ་ཚོ། མཆིག་རིང་གྲོང་ཡབ་ཚེ་དབང་དར་རྒྱས་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རིན་པོ་ཆེ་མཆོག་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་ཡིན་པ་དང་སྤང་རི་སྣ་སྒེར་གྱི་རྒན་གསོ་ཁང་གི་འགན་འཛིན་ཡང་ཡིན་པ་རེད།

རྨ་ཆུ་ནང་གི་ཞི་རྒོལ་དེ་འབྲོག་པ་གནས་སྤོས་ཀྱི་སྲིད་བྱུས་དང་འབྲེལ་བ་ཡོད་སྐོར་གསུངས་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་ཉེ་ཆར་ཟླ་འདིའི་ཚེས་ ༨ ཉིན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་བོད་རིགས་སློབ་མཐར་སོན་པ་ཁག་ཅིག་གིས་རྫོང་སྲིད་གཞུང་ལ་དྲང་བདེན་མིན་པའི་ལས་བསྐོས་བྱས་ཡོད་སྐོར་གྱི་ལས་འགུལ་སྤེལ་བ་དེ་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དངོས་ཡོད་གནས་སྟངས་དང་མི་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད་ཕྱུག་བསྒྱུར་རྩ་སྐྱོང་ཞེས་པའི་རྩ་ས་སྲུང་སྐྱོབ་ཆེད་བོད་མི་འབྲོག་པ་གནས་སྤོས་གཏོང་རྒྱུའི་སྲིད་བྱུས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང། དེ་ཡང་ཁ་སང་ཕྱི་ཚེས་ ༡༢ ཉིན་བསྟི་གནས་ཁང་དེའི་དྲ་གནས་ཐོག་ལ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནང་དུ་སློབ་མཐར་སོན་པའི་བོད་རིགས་སློབ་མ་ལས་ཀ་བྱེད་བཞིན་པ་དེ་དག་གིས་རྫོང་སྲིད་གཞུང་ལ་དྲང་བདེན་མིན་པའི་ལས་བསྐོས་བྱས་ཡོད་སྐོར་གྱི་དོན་ཚན་གསུམ་གསལ་བཏོན་གྱིས་ཆབ་སྲིད་ལ་རྒྱབ་འགལ་བྱས་མེད་སོགས་འཁོད་པའི་འཕྲད་དར་བསྣམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ཆེས་ཐོག་མ་མིན་པ་དང། དེ་སྔ་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་ལ་རྨ་ཆུ་རྫོང་སློབ་མཐར་སོན་པའི་སློབ་མ་སྐོར་ཞིག་གིས་ཀྱང་རྫོང་སྲིད་གཞུང་གི་ལས་ཁུངས་མདུན་དུ་ཕྱི་ཡོང་སློབ་མར་སྔོན་འགོག ས་གནས་སློབ་མར་ལས་བགོས་ཅེས་འབོད་ཚིག་འཁོད་པའི་འཕྲད་དར་བསྣམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། ལྷག་དོན་ལས་ཞུགས་ཡིག་རྒྱུགས་ཀྱི་བརྒྱུད་རིམ་ཁྲོད་དུའང་དྲང་བདེན་མེད་པར་འབྲེལ་ཡོད་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་དང་དབང་ཤུགས་ལོག་སྤྱོད་བྱེད་བཞིན་པར་ངོ་རྒོལ་བྱས་འདུག་ལ། ལོ་ཤས་རིང་ས་གནས་ནས་མཐར་སོན་པའི་སློབ་མ་ཚོས་གོང་རིམ་ལ་ཞུ་ཡིག་རིམ་པ་ཕུལ་ཡོད་ཀྱང་། ས་གནས་འབྲེལ་ཡོད་དཔོན་རིགས་ཚོས་སྣང་མེད་དུ་བསྐྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག བསྟི་གནས་ཁང་གིས་རྒྱ་ནག་གཞུང་གིས་བོད་རྨ་ཁུལ་རྫོང་དང་མགོ་ལོག་བཅས་སུ་ཕྱི་ལོ་ ༢༠༠༤ ཡས་མས་ནས་ཕྱུག་བསྐྱུར་རྩ་སྐྱོང་ཞེས་པའི་རྩ་ས་སྲུང་སྐྱོབ་ཀྱི་སྲིད་བྱུས་འོག བོད་མི་འབྲོག་པ་མང་དག་ཞིག་གྲོང་ཁྱེར་ནང་དུ་གནས་སྤོས་བྱས་བཅུག་ནས་འབྲོག་པའི་འཚོ་ཐབས་མེད་པ་བཟོས་པ་མ་ཟད། བོད་ཁུལ་མཁར་གྲོང་ཅན་དུ་བསྒྱུར་བ་ཞེས་པའི་སྲིད་བྱུས་འོག ཕྱི་ནས་རྒྱ་རིགས་མང་པོ་གནས་སྤོས་ཀྱིས་བོད་མིར་དབང་བའི་ལས་ཀ་དང་ཐོབ་ཐང་དེ་དག་སྤྲད་སྟབས། བོད་ཀྱི་འབྲོག་པའི་གཞོན་སྐྱེས་དེ་དག་སློབ་མཐར་སོན་ཟིན་ཀྱང་འབྲོག་སར་འབྲོག་ལས་མེད་པ་དང་སྲིད་གཞུང་གིས་གྲོང་ཁྱེར་དུ་ལས་ཀ་མི་སྤྲད་པས་ཁོང་རྣམས་ཀྱི་འཚོ་གནས་ལའང་ངལ་བ་ཆེན་པོ་འཕྲད་སྟབས། གཞོན་སྐྱེས་དེ་དག་གིས་ཞི་རྒོལ་དེ་ལྟར་གནང་པ་ཞིག་ཡིན་སྐོར་གསུངས་སོང་། དེ་བཞིན་བསྟི་གནས་ཁང་དེའི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས་རྒྱ་གཞུང་གིས་བོད་མི་དང་བོད་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་དོན་དམ་གྱི་སྲིད་བྱུས་ཤིག་ལག་བསྟར་མ་ཐུབ་པ་དེ་སྲིད་དུ་ངོ་རྒོལ་གྱི་གནད་དོན་དེའི་རིགས་མུ་མཐུད་འཕྲད་ངེས་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནང་བོད་རིགས་ཞུ་རྒོལ་བ་རྣམས་རྫོང་དཔོན་དང་ཐུག་འཕྲད་བྱ་རྒྱུའི་ཐག་གཅོད་བྱས་འདུག

ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་བོད་མི་ལས་བྱེད་པས་ཞུ་འབོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་བཀག་སྐྱིལ་ཁང་ནས་གློད་བཀྲོལ་འོག་རང་ཁྱིམ་དུ་འབྱོར་ཞིང་། ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ཁོང་རྣམས་དང་ས་གནས་རྫོང་དཔོན་དབར་ཐུག་འཕྲད་བྱ་རྒྱུའི་ཐག་གཅོད་བྱས་འདུག འདི་ག་རླུང་འཕྲིན་ཁང་དུ་ཕ་ཡུལ་རྨ་ཆུ་ནས་ཡིན་པའི་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་བོད་རིགས་སློབ་མཐར་སོན་ནས་ལས་ཀ་བྱེད་བཞིན་པའི་གཞོན་སྐྱེས་དེ་དག་གིས་རྫོང་སྲིད་གཞུང་ལ་དྲང་བདེན་མིན་པའི་ལས་བསྐོས་བྱས་ཡོད་སྐོར་གྱི་དོན་ཚན་གསུམ་གསལ་བཏོན་གྱིས་ཆབ་སྲིད་ལ་རྒྱབ་འགལ་བྱས་མེད་ཅེས་པ་སོགས་འཁོད་པའི་འཕྲད་དར་བསྣམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་མ་ཐག་རྒྱ་གཞུང་ཉེན་རྟེག་པས་ཁོང་རྣམས་འཛིན་བཟུང་གིས་ཉིན་གཅིག་རིང་བཙོན་འཇུག་བྱས་ཡོད་པ་གསུངས་སོང། ད་དུང་ཁོང་གིས་བཙོན་འཇུག་དེའི་རིང་ལ་མི་སྤྱོད་ལས་འདས་པའི་གཅར་རྡུང་དྲག་པོ་བཏང་པའི་ཁོངས་སུ་བོད་པའི་བེུད་གཞོན་སྐྱེས་གཉིས་ཡོད་སྐོར་གསུངས་པ་མ་ཟད། བོད་རིགས་དེ་དག་གློད་བཀྲོལ་བཏང་ནས་ཕྱི་ཉིན་དེར་གཞོན་སྐྱེས་དེ་དག་དང་ས་གནས་ཀྱི་བོད་མི་གདུང་སེམས་མཉམ་བསྐྱེད་གནང་མཁན་མི་གྲངས་ ༤༠ སྐོར་ཞིག་ནས་སླར་རྫོང་སྲིད་གཞུང་གི་ལས་ཁུངས་མདུན་དུ་ཞི་རྒོལ་རྔམ་སྟོན་གནང་ཡོད་པ་གསུངས་སོང། གནད་དོན་དེ་དག་ལ་བརྟེན་ནས་རྫོང་སྲིད་གཞུང་གིས་བོད་མི་ལས་བྱེད་རྣམས་ལ་ཟླ་འདིའི་རེས་གཟའ་སྤེན་པ་ཕྱི་ཚེས་ ༡༦ ཉིན་ས་གནས་རྫོང་དཔོན་དང་ཐུག་འཕྲད་ཀྱིས་གནད་དོན་དེར་གསལ་བཤད་གནང་རྒྱུ་ཡིན་སྐོར་བརྗོད་འདུག དེའི་བར་ན། སྔ་ལོ་བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་ནང་དུ་རྒྱ་གཞུང་གིས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པའི་གནད་དོན་དང་འབྲེལ་ཞུ་གཏུགས་བྱེད་སྐབས་འཛིན་བཟུང་བྱས་པའི་བོད་མི་བཞི་ལ་ལོ་གཉིས་ནས་གསུམ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁ་སང་ཚེས་ ༡༡ ཉིན་རྔ་བ་མཛོད་དགེ་རྫོང་མི་མང་ཁྲིམས་ཁང་གིས་བོད་མི་བཞི་པོ་དེ་དག་གི་ཁོངས་ནས་ཕུར་ཁོ་དང་རིན་རྡོ། དེ་བཞིན་ཡེ་ཤེས་གསུམ་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐགས་བཅད་འདུག  དེ་དག་ལས་འཇིགས་བྱེད་སྐྱབས་ལ་ལོ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག      བོད་མི་བཞི་པོ་དེ་དག་བཙོན་ཁང་ནང་སྡོད་མི་དགོས་ཀྱང་། བཙོན་འཇུག་གི་དུས་ཡུན་ཇི་ཡིན་ཐོག་ལ་ཟླ་བ་དྲུག་གི་དུས་ཡུན་ཁ་གནོན་གྱིས་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང།  ལྟ་རྟོག་དང་དོ་དམ་འོག་བསྡད་ནས་ཁྲིམས་ཆད་ཁ་སྐོང་ཆོག་པ་བཟོས་འདུག རྩ་བའི་གནད་དོན་དེ་ནི་ ༢༠༡༠ ལོར་རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞི་ཞེས་པའི་མིང་ཐོག་ནས་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་དང་། སྐ་བར་མ་སྡེ་བའི་ནང་འབྲོག་ཁྱིམ་མི་ཉི་ཤུ་ལྷག་གི་ཁང་པ་བཙན་དབང་གིས་གཏོར་བཤིག་དང་སྡོད་གནས་སྤོ་བཅུག་ཡོད་ཀྱང་།  ས་ཆ་དེ་དག་ཐོག་ད་ལྟའང་འཛུགས་སྐྲུན་གྱི་ལས་གཞི་གང་ཡང་སྤེལ་མེད་པ་མ་ཟད། རྩྭ་ས་ཁག་ཅིག་སྒེར་པ་ཁག་ལ་གཡར་ཡོད་པར་བརྟེན་སྔ་ལོའི་སྤྱི་ཟླ་ ༥ ནང་རྩ་ས་བཙན་འཕྲོག་བྱས་པའི་འབྲོག་མི་ཚོས་ས་གནས་མཛོད་དགེ་རྫོང་དང་། ཞིང་ཆེན་རིམ་པར་ཞུ་ཡིག་ཕུལ་ནས་གཞུང་གིས་རྩ་ས་ཕྱིར་སྤྲོད་དགོས་པ་དང།  གྱོང་གུན་ཁ་གསབ་དགོས་བའི་ཞུ་གཏུགས་གནང་པས་བོད་མི་བཞི་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་རེད།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་བོད་མི་ལས་བྱེད་པས་ཞུ་འབོད་ཀྱི་ལས་འགུལ་སྤེལ་བ།

དེ་ཡང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་འབྲེལ་ཡོད་ལས་བྱེད་ཚོས་ལྐོག་དངུལ་དང་ལྟག་སྒོ་བརྒྱུད་རིམ་ལ་བརྟེན་ནས་བོད་རིགས་སློབ་གྲྭ་མཐོན་ཟིན་ནས་ལས་ཀར་ཞུགས་ཡོད་པའི་ས་གནས་བོད་རིགས་ལས་བྱེད་རྣམས་ལས་གནས་ནས་ཕྱི་འབུད་བྱ་དགོས་པའི་དྲང་བདེན་མིན་པའི་ཡིག་ཆ་ཞིག་ཁྱབ་སྒྲགས་བྱས་འདུག དེ་རིང་ཟླ་ ༤ ཕྱི་ཚེས་ ༨ ཉིན་ས་གནས་བོད་རིགས་ལས་བྱེད་དེ་དག་གིས་གོང་འཁོད་རྒྱུ་མཚན་ལ་བརྟེན་ནས་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་འཕྲད་དར་འཕྱར་ནས་ཞུ་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་དུ་སུད་སིར་བཞུགས་པའི་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། བོད་རིགས་ལས་བྱེད་དེ་རྣམས་ཀྱིས་ཞུ་འབོད་ཀྱི་ཁྱབ་བསྒྲགས་ཡིག་ཆ་ཞིག་འགྲེམས་སྤེལ་གནང་ཡོད་པ་གསུངས་སོང་། ཡིག་ཆ་དེའི་ནང་འཁོད་དོན་ལ་རྫོང་སྲིད་གཞུང་གིས་དྲང་བདེན་མིན་པའི་ལས་བསྐོས་བྱས་ཡོད་སྐོར་གྱི་དོན་ཚན་གསུམ་གསལ་བཏོན་བྱས་ཡོད་པ་རེད། དེ་ཡང་སྤྱི་ཕན་ལས་གནས་ལ་ཞུགས་པའི་སློབ་བུ་ང་ཚོ་ལས་གནས་ལ་ཞུགས་ཁུལ་ཙམ་བྱས་ཏེ་མི་ལོ་གསུམ་བཞིའི་རིང་ལ་གཞི་རིམ་གྱི་སྲིད་གཞུང་དང་ད་དུང་ནགས་ལས་ལས་ཁུངས་སོགས་སུ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་བསྒྲུབས་མོད། འོན་ཀྱང་མི་ལོ་གསུམ་ལ་འབད་རྗེས་ང་ཚོ་ལ་འབྲས་བུ་ཅི་ཡང་མེད་པར་ལས་གནས་ནས་ཕྱིར་འབུད་དགོས་པའི་ཡིག་ཆ་ཁྱབ་བསྒྲགས་བྱེད་ཀྱིན་འདུག་ཅེས་དང་། ད་རུང་གོང་རིམ་གྱིས་ང་ཚོ་རང་རྫོང་གི་སློབ་མ་ཚོར་ཆུ་ཚད་མེད་ཚུལ་སོགས་མང་པོ་ཞིག་ལ་ཁ་གཡར་ནས་ཐག་གཅོད་ཡང་དག་ཅིག་བྱས་མ་མྱོང་། ལས་གནས་དེར་མི་བུ་རེ་གཉིས་ཀྱི་ཤེས་ཡོན་ཆུ་ཚད་ནི་སློབ་ཆུང་སློབ་མའི་ཤེས་ཚད་ལས་མེད་ཀྱང་། སྒོར་མོའི་ངོ་སོ་དང་ལྟག་སྒོའི་བརྒྱུད་རིམ་ལ་བརྟེན་ནས་བྱ་བའི་ལས་གནས་ལ་ཞུགས་པ། ས་ཆ་གཞན་གྱི་མི་སྣ་ཡང་ལྟག་སྒོ་དང་ཐབས་བྱུས་ངན་པ་ལ་བརྟེན་ནས་བྱ་བའི་ལས་གནས་ལ་ཞུགས་པ་དང་། དེ་བཞིན་བྱ་བའི་ལས་བགོས་ཐད་ཀྱི་ཡིག་རྒྱུགས་ལེན་པའི་སྐབས་ལྟག་སྒོ་བརྒྱུད་པ་ལ་བརྟེན་ནས་ཤེས་ཡོན་གྱི་ཆུ་ཚད་ཡོད་མེད་ཀྱི་མི་སྣ་བརྗེ་རེས་བྱས་ཏེ་བྱ་བའི་ལས་གནས་ལ་ཞུགས་པ་རེད་ཅེས་སོགས་བཀོད་པ་མ་ཟད། དེའི་ཕྱིར་ང་ཚོ་ཚང་མས་གོང་རིམ་ལ་ཚུལ་དང་མཐུན་པའི་རེ་ཞུ་བྱེད་ཀྱི་ཡོད། ཁྱེད་ཚོ་ཚང་མས་ང་ཚོར་རྒྱབ་སྐྱོར་གནང་རོགས་ཅེས་འཁོད་ཡོད་པ་རེད་འདུག

ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་ཛ་དྲག་གནས་སྟངས་འོག་སྨན་ཁང་དུ་སྐྱེལ་བ།

  ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་བོད་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་གནང་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་ ༡༥ རིང་ཁྲིམས་བཅད་མྱོང་ཡོད་པའི་ཡེ་ཤེས་ཆོས་སྒྲོན་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་འོག་སྨན་ཁང་དུ་སྐྱེལ་ཡོད་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ཆར་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་དུ་ཡོད་པའི་ཡེ་ཤེས་ཆོས་སྒྲོན་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཆེས་ཛ་དྲག་འོག་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག གཞི་རྩའི་ཡེ་ཤེས་ཆོས་སྒྲོན་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྗེས། ༢༠༠༩ ཕྱི་ཟླ་ ༧ པའི་ནང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ཕྱི་ཕྱོགས་སུ་གསང་བ་ཕྱིར་གྱར་བྱས་པའི་ཉེས་མིང་འོག་ལོ་ ༡༥ རིང་ཁྲིམས་བཅད་འདུག་པ་མ་ཟད། ལྷག་དོན་ལོ་ཤས་རིང་ལྷ་སའི་ཉེ་འདབས་ཀྱི་ངལ་རྩོལ་ར་བ་ཞིག་ཏུ་དུས་བཀག་བཙོན་འཇུག་བྱས་པ། དེ་རྗེས་གྲྭ་བཞི་བཙོན་ཁང་དང་ཆུ་ཤུལ་བཙོན་ཁང་དུ་བཀག་སྐྱིལ་བྱས་འདུག རྒྱ་གཞུང་གིས་ཁོང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་སྟབས་དེ་སྔ་ཁོང་གི་སྐུ་གཟུགས་གནས་སྟངས་ཛ་དྲག་འོག་སྨན་ཁང་དུ་སྐྱེལ་ཡོད་པ་རེད་འདུག་ལ། ད་ལྟ་སླར་ཡང་ཁོང་སྨན་ཁང་དུ་སྐྱེལ་བ་དེ་ཐེངས་གཉིས་པ་དེ་ཆགས་ཀྱི་འདུག རྩ་བའི་ཡེ་ཤེས་ཆོས་སྒྲོན་ལགས་ནི་སྨན་པ་ཞིག་ཡིན་པ་དང་། ད་ལྟ་རང་ལོ་ ༥༤ ཙམ་རེད་འདུག དེ་སྔོན་ཁོང་ལྷ་སའི་ནོར་བུ་གླིང་གའི་ཉེ་འགྲམ་གྱི་སྨན་ཁང་ཞིག་ཏུ་ཕྱག་ལས་གནང་མྱོང་ཡོད་པ་རེད་འདུག

ས་ཞིང་བཙན་འཕྲོག་གི་གནད་དོན་དང་འབྲེལ་བེུད་གསུམ་ལ་རྨས་སྐྱོན་དང་སྐྱེས་པ་བཅུ་འཛིན་བཟུང་བྱས་འདུག

རྒྱ་ནག་གཞུང་ནས་དབྱེ་བའི་ཀན་སུའུ་ཞིང་ཆེན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་ནང་དུ་ས་གནས་སྲིད་གཞུང་གིས་བོད་མིའི་ས་ཞིང་བཙན་འཕྲོག་བྱས་པར་མང་ཚོགས་ཀྱིས་སྲིད་གཞུང་ལ་ཞུ་འབོད་བྱས་སྐབས་ཉེན་རྟོག་པས་བོད་མི་རྣམས་ལ་དྲག་གནོན་ཤུགས་ཆེ་བྱས་པས་བེུད་གསུམ་ལ་རྨས་སྐྱོན་དང་སྐྱེས་པ་བཅུ་འཛིན་བཟུང་གིས་བཀག་སྐྱིལ་བྱས་ཡོད་པ་རེད་འདུག དེ་ཡང་ཁ་ཉིན་ཚེས་ ༢ ཉིན་རྒྱ་ནག་ནང་གི་ Weibo དྲ་རྒྱ་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ཆར་ཐེ་བོ་རྫོང་ས་གནས་སྲིད་གཞུང་གིས་བོད་པའི་ཁྱིམ་ཚང་འགའ་ཞིག་གི་ས་ཞིང་བཙན་འཕྲོག་བྱས་པར་བོད་མི་རྣམས་མ་བཟོད་སྟབས། ཟླ་འདིའི་ཚེས་ ༡ ཉིན་བོད་མི་རྣམས་ཀྱིས་ས་ཆ་དེ་དག་ཚུར་རྩིས་སྤྲོད་བྱ་དགོས་པ་དང་། བོད་མི་རྣམས་ལ་ས་ཞིང་འདེབས་ལས་བྱ་བཅུག་དགོས་པ་སོགས་ཀྱི་ཞུ་འབོད་ལན་མང་བྱས་ཀྱང་དེར་བདག་སྤྲོད་བྱ་རྒྱུ་ལས་ལྡོག་སྟེ་ས་གནས་ཉེན་རྟོག་པས་བོད་མི་རྣམས་ལ་དྲག་གནོན་ཤུགས་ཆེ་བྱས་པས་བེུད་གསུམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་སྟབས། མྱུར་སྐྱོབ་སླད་སྨན་ཁད་ངུ་སྐྱེལ་དགོས་བྱུང་འདུག་པ་མ་ཟད། དེ་མཚུངས་སུ་བོད་མི་སྐྱེས་པ་བཅུ་འཛིན་བཟུང་གིས་བཀག་སྐྱིལ་བྱས་ཡོད་པ་རེད་འདུག གཞི་རྩའི་ཐེ་བོ་རྫོང་ས་གནས་སྲིད་གཞུང་གིས་ལོ་ཤས་སྔོན་ནས་ས་གནས་དེའི་བོད་མིའི་དུད་ཁྱིམ་ ༡༠ གྲངས་ཤིག་ལ་བཙན་དབང་གིས་ལོ་རེར་གུན་གསབ་རྒྱ་སྒོར་ཁྲི་རེ་རེ་སྤྲོད་རྒྱུ་བྱས་ནས་བོད་མིའི་ས་ཞིང་བཙན་འཕྲོག་བྱས་འདུག་སྟབས། དངུལ་འབོར་དེས་ཁྱིམ་ཚང་དེ་དག་འཚོ་བ་སྐྱེལ་ཐབས་ལ་གདང་ངེས་ཤིག་མེད་ཀྱང། བོད་མི་དེ་དག་ནས་ཁ་ཁུ་སིམ་པོས་དངུལ་ལེན་ཏེ་བསྡད་ཀྱི་ཡོད་པ་རེད་འདུག

རྒྱ་གཞུང་གིས་བོད་ཀྱི་འབྲོག་པའི་རྩ་ས་བཙན་འཕྲོག་བྱས་པར་འབྲོག་པས་ངོ་རྒོལ་བྱས་པ།

ཟི་ཁྲོན་ཞེང་ཆེན་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཡུ་མོ་སྡེ་བར་ས་གནས་སྲིད་གཞུང་གིས་ལོ་ཤས་གོང་ནས་ས་གནས་འབྲོག་པའི་རྩ་ས་བཙན་འཕྲོག་བྱས་པ་མ་ཟད། རྩ་ཐང་ནས་བྱེ་མ་འབོར་ཆེན་བཏོན་ཏེ་ཕྱིར་ལ་བཙོངས་འདུག གནད་དོན་དེ་དག་ལ་བརྟེན་ནས་ས་གནས་བོད་མི་ཚོས་གོང་རིམ་ལ་ཞུ་གཏུགས་ལན་མང་བྱས་ཀྱང་། གོང་རིམ་ནས་ཞུ་དོན་ཁག་ལ་ལ་བདག་སྤྲོད་མ་བྱས་སྟབས། ཟླ་འདིའི་ཚེས་ ༣༠ ཉིན་རྩ་སའི་བདག་པོ་བོད་མི་འབྲོག་པ་ཁག་ཅིག་གིས་ས་གནས་སུ་འཛོམས་ཏེ་ངོ་རྒོལ་གནང་འདུག སྐབས་དེར་ས་གནས་རྫོང་དཔོན་གྱི་ཉེན་རྟོག་པ་ཁྲིད་ནས་བོད་མི་ཚོར་བཀག་སྡོམ་བྱས་འདུག་པ་དང། ས་གནས་བོད་མི་དང་ཉེན་རྟོག་པའི་དབར་གདོང་ཐུག་ཀྱི་གནས་ཚུལ་བྱུང་བའི་བརྙན་ཐུང་ཞིག་ཀྱང་ཕྱིར་ཐོན་ཡོད་པ་རེད། ལྷག་དོན་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན། གུང་ཁྲན་ཏང་ལ་ཁྲིམས་ཡོད་དམ། ང་ཚོ་ལ་ས་ཆ་བདག་དབང་བྱ་དབང་མི་འདུག ང་ཚོ་ནི་མི་སེར་ཕལ་པ་མིན་པ་ལྟར་དམག་དཔུང་བཏང་ནས་གཉའ་གནོན་བྱས་སོང། ང་ཚོའི་རྩ་ས་གཏོར་བཤིག་བཏང་ནས་བྱེ་མ་ཨོར་ཡོད་པ་རེད། གོང་རིམ་ལ་ཞུ་གཏུགས་ལན་མང་བྱས་ཀྱང་ཡ་ལན་མེད་པར་མུ་མཐུད་ནས་དེ་ལྟར་བྱེད་བཞིན་ཡོད་པ་སོགས་འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་འགྲེལ་བརྗོད་གནང་ཡོད། འདི་ག་རླུང་འཕྲིན་ཁང་དུ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཟླ་འདིའི་ཚེས་ ༣༠ ཉིན་ཟི་ཁྲོན་ཞེང་ཆེན་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཡུ་མོ་སྡེ་བར་གནས་ཚུལ་དེ་ལྟར་བྱུང་འདུག ས་གནས་དེ་ལྟ་བུ་ལ་ཆ་མཚོན་ན་ཁྱུང་ཆུ་རྫོང་དང་ཐག་ཉེ་བ་ཙམ་དུ་མ་ཟད། འབྲོག་པའི་རྩ་ས་ཤིག་ཀྱང་ཆགས་ཀྱི་ཡོད་པ་རེད་འདུག དེར་ཁྱུང་ཆུ་རྫོང་གི་འགོ་བ་འགའ་ཞིག་ཡོང་ནས་རྩ་ས་དེ་ནས་བྱེ་མ་འབོར་ཆེན་འཁྱེར་ཏེ་བཙོངས་སྟབས། རྩ་སའི་བདག་པོ་འབྲོག་མི་ལ་ལས་དེ་ལྟར་བྱ་མི་ཆོག་པའི་ངོ་རྒོལ་གནང་ཡོད་འདུག ས་གནས་ཀྱི་འགོ་བ་ཁ་ཤས་ཀྱིས་ཉེན་རྟོག་པ་དང་དམག་མིའི་ཁྱི་འཁྲིད་ཏེ་འབྲོག་མིར་བཙན་དབང་གིས་གཉའ་གནོན་བཏང་ཡོད་པ་རེད་ཅེས་གསུངས་སོང། རྩ་བའི་འབྲོག་མི་དེ་དག་གི་ངོ་རྒོལ་གནང་དོན་ནི། འབྲོག་པའི་རྩ་ས་དེར་མུ་མཐུད་གཏོང་བཤིག་གཏང་ཚེ་འབྲོག་པའི་སྒོ་ཕྱུགས་སོགས་ལ་རྩ་བཟའ་རྒྱུ་མེད་པ་དང་འབྲོག་པའི་འཚོ་གནས་ལ་ངལ་བ་ཆེན་པོ་འཕྲད་ཀྱི་ཡོད་འདུག ད་ལྟའི་ཆར་གོང་རིམ་ནས་ཁོང་རྣམ་པས་ཞུ་འབོད་གནང་པ་དེར་ཡ་ལན་གང་ཡང་མེད་པར་མུ་མཐུད་ནས་རྩ་ཐང་གི་བྱེ་མ་དབོར་འདྲེན་བྱེད་བཞིན་ཡོད་པ་རེད།

རྒྱ་གཞུང་གི་ཉེན་རྟོག་པ་དང་རྐུ་མ་གཉིས་མཉམ་འབྲེལ་གྱིས་བོད་མིར་མེ་མདའ་བརྒྱབ་འདུག

ཉེ་སྔོན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཧོར་ཤུལ་སྡེ་པའི་རུ་ཁག་གཉིས་པའི་བོད་མི་འགའ་ཞིག་གི་གཡག་སུམ་ཅུ་ཙམ་རྐུ་མས་འཁྱེར་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་དུ་སུད་སིར་བཞུགས་པའི་མགོ་ལོག་འཇིགས་མེད་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཟླ་འདིའི་ཚེས་ ༣༠ ཉིན་དཀར་མཛེས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཧོར་ཤུལ་སྡེ་པའི་རུ་ཁག་གཉིས་པའི་བོད་མི་འགའ་ཞིག་གི་གཡག་སུམ་ཅུ་ཙམ་ཁ་ཆེ་བ་རྐུ་མ་ཞིག་གིས་རླངས་འཁོར་ནང་བླུགས་ཏེ་འཁྱེར་ཡོད་པ་ཤེས་ནས་དེ་དག་བཙོང་མཁན་སུ་ཡིན་རྩད་རྩོད་བྱས་ཀྱང་ངོས་ལེན་བྱས་མེད་སྟབས། བོད་མི་དེ་དག་གིས་གཡག་བླུགས་པའི་རླངས་འཁོར་དེ་ཚུར་བླངས་ཡོད་ཀྱང། ཉིན་དེའི་ཕྱི་དྲོར་གསེར་རྟ་རྫོང་གི་ཉེན་རྟོག་པ་ཧོར་ཤུལ་ཡུལ་དུ་ཡོང་ནས་གཡག་ཡོད་པའི་རླངས་འཁོར་དེ་ཕྱིར་བཙན་འཕྲོག་བྱས་འདུག སྐབས་དེར་བོད་མི་དེ་དག་གི་གསལ་བཤད་ཇི་ལྟར་བྱས་ཀྱང་ཉན་འཇོག་མེད་པར་རྐུ་མ་དང་ཉེན་རྟོག་པ་གཉིས་མཉམ་འབྲེལ་གྱིས་བོད་མིར་གང་བྱུང་མེ་མདའ་བརྒྱབ་པས་དེ་དག་གི་རྐང་ལག་སོགས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་སྟབས། གསེར་རྟ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་སླད་འཁྱེར་ཡོད་འདུག་ཀྱང་འགའ་ཞིག་ལ་སྨན་ཁང་དེ་ནས་འགན་ལེན་མ་ཐུབ་སྟབས། ཁྲིན་ཏུའུ་སྨན་ཁང་དུ་འཁྱེལ་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད་འདུག་ཅེས་གསུངས་སོང་། བོད་མི་དེ་དག་ལས་ངག་དགེ་དང་བསོད་འཕེལ་ཟེར་བ་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག་པ་དང། ལྷག་དོན་མི་གཅིག་གི་དཔྱི་མགོར་མེ་མདའ་བདུན་བརྒྱད་ཙམ་ཕོག་པས་སྲོག་ཉེན་ལ་ཐུག་ཡོད་པ་རེད་འདུག དེ་མཚུངས་སུ་ཉེན་རྟོག་པས་མང་ཚོགས་ལ་མེ་མདའ་བརྒྱབ་པས་ཁོང་རྣམ་པའི་རྐང་པ་ཕལ་ཆེར་ཕན་མེད་ལྟ་བུ་བཟོས་འདུག་པ་མ་ཟད། རྨས་མའི་ལུས་ནས་ཕྱིར་བཏོན་པའི་མེ་མདའི་ལྡེའུ་ཀྱང་མཐོང་རྒྱུ་ཡོད་འདུག གཞན་ཡང་མང་ཚོགས་དང་ཉེན་རྟོག་པའི་དབར་གདོང་ཐུག་བྱུང་ཡོད་པའི་གནས་ཚུལ་བཅས་མངོན་གྱི་འདུག

Latest news