Tibetan Royal Year of 2151 | Year of the Wood Dragon

བོད།

སྒ་སྐྱེ་རྒུ་མདོ་ཁུལ་འབྲོག་པའི་རྩ་ས་བཙན་འཕྲོག་གིས་གཏེར་ཁ་བསྔོག་འདོན་བྱས་འདུག

དེ་ཡང་ཟླ་འདིའི་ཚེས་ ༣ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲིན་དུ་རྫོང་དཀར་ཆེན་ད་དོས་ནང་གི་འབྲོག་མི་བློ་གྲོས་རྒྱལ་མཚན་ཚང་གི་དབྱར་སའི་ཐོག་ཏུ་གཏེར་ལས་ཀྱི་ལས་གཞི་འགོ་འཛུགས་བྱས་པ་དང་། དེར་རྒྱ་ནག་ནང་ནས་ཡོང་བའི་ལག་རྩལ་མི་སྣ་ཆེད་གཏོང་གིས་གཏེར་བཏོན་བྱས་འདུག འདི་ག་རླུང་འཕྲིན་ཁང་ལ་གནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་དོན། ས་གནས་དེར་ཡོད་པའི་འབྲོག་པ་ཚོས་ཐབས་ཤིས་ཡོད་དགུ་རྩལ་སྤྲུག་གིས་གོང་རིམ་ཁྲིན་དུ་རྫོང་རྩ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་གཏུག་ལན་མང་གནང་ཡོད་ཀྱང་། དེར་ཕན་འབྲས་གང་ཡང་མ་སོན་པ་མ་ཟད། ཕྱི་ཚེས་ ༣ ཉིན་རྒྱ་གཞུང་གིས་དངོས་སུ་ས་གནས་དེར་གཏེར་ཁ་བསྔོག་འདོན་འགོ་འཛུགས་བྱས་ཡོད་པ་རེད་འདུག གཏེར་ཁ་བསྔོག་འདོན་འགོ་འཛུགས་བྱ་ཡུལ་ས་གནས་དེ་འབྲོག་མི་བློ་གྲོས་རྒྱལ་མཚན་ཚང་གི་དབྱར་ས་ཡིན་པ་རེད་འདུག་ལ། ས་གནས་དེར་ས་དོང་བརྐོ་མཁན་འཕྲུལ་འཁོར་གཉིས་དང་ས་རྡོ་དབོར་འདྲེན་བྱེད་མཁན་རླངས་འཁོར་གསུམ། དེ་བཞིན་ལས་རིགས་མི་སྣ་སོགས་མང་དག་ཞིག་ས་གནས་དེར་འབྱོར་ཡོད་འདུག འབྲོག་པ་བློ་གྲོས་རྒྱལ་མཚན་གྱི་རྩ་ས་དེར་དེ་སྔོན་ལོ་གཉིས་གོང་ཙམ་ནས་རྒྱ་གཞུང་གཏེར་འདོན་ཚན་པ་ཡོང་ནས་གཏེར་ཁ་ཡོད་མེད་བརྟག་དཔྱད་དང་གཏེར་འདོན་ལས་གྲྭ་གཉེར་རྒྱུའི་ཐབས་ཤེས་རིམ་པར་བྱས་ཡོད་ཀྱང་། ས་གནས་བོད་མི་ཚོས་མོས་མཐུན་མེད་པས་གོང་རིམ་ཞུ་གཏུག་རིམ་པར་བྱས་འདུག འོན་ཀྱང་གཏེར་འདོན་ཚན་པ་དང་གོང་རིམ་ལས་བྱེད་དབར་ལ་འབྲེལ་བ་ཡོད་པའི་རྐྱེན་གྱིས་བཀག་འགོག་བྱེད་ཐུབ་མེད་པ་རེད་འདུག གཞི་རྩའི་དེང་སྐབས་དེང་སྐབས་བོད་ནང་གི་ས་གནས་གང་སར་རྫོང་དང་ཡུལ་ཚོའི་འགོ་འཁྲིད་དང་གཏེར་འདོན་ཚན་པ་མཉམ་འབྲེལ་བྱས་ཏེ་གང་བྱུང་གཏེར་ཁ་བསྔོག་འདོན་དང་ས་རྒོད ནགས་ཚལ རི་བོ རྩ་ཐང་མཚོ་ཁའི་གྲམ་ཐང་སོགས་ས་གནས་ཡོད་ཚད་བསྔོག་བཤེར་བྱས་ཏེ་གསེར་དང་རྡོ་རིགས་ལ་སོགས་གཏེར་ཁ་སྣ་ཚོགས་རྒྱ་ཡུལ་དུ་དབོར་འདྲེན་བྱེད་ཀྱི་ཡོད་པ་མ་ཟད། ལས་གྲྭ་དེས་ས་གནས་མང་ཚོགས་ལ་ཁེ་ཕན་གང་ཡང་ཐོབ་ཀྱི་མེད་པའི་ཐོག་འཁོར་ཡུག་ལ་གཏོར་སྐྱོན་དང་མི་དང་སྲོག་ཆགས་ཚང་མའི་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་འདུག

ཕྲུ་གུ་ལྔ་ཅན་གྱི་ཨ་མ་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག

བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཁོངས་ཨ་སྐྱིད་མདོ་ཚ་སྡེ་བ་ནས་ཡིན་པའི་ཕྲུ་གུ་ལྔ་ཅན་གྱི་མ་བསོད་ནམས་འཚོ་ཞུ་མཁན་རྒྱལ་གཅེས་པ་གཅིག་གིས་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིགས་འོག་རང་ལུས་མེར་སྲེག་བཏང་ཡོད་པ་རེད་འདུག    དེ་ཡང་བསོད་ནམས་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཚེས་དེ་འདི་ལོའི་ཕྱི་ཟླ་༣ ཚེས་ ༢༣ ཉིན་རེད་འདུག འོན་ཀྱང་ད་བར་རྒྱ་གཞུང་གིས་ཆེས་དམ་དྲག་སོགས་ཀྱི་རྐྱེན་པས་གནས་ཚུལ་དེ་ཕྱི་ཕྱོགས་ལ་ཐོན་ཐུབ་མེད་པ་རེད་འདུག རྩ་བའི་རྒྱལ་གཅེས་པ་བསོད་ནམས་འཚོ་ལགས་དང་ཁོང་གི་བཟའ་ཟླ་རྣམ་གཉིས་ཉིན་དེར་མཛོད་དགེ་རྫོང་ཨ་སྐྱིད་སེ་ར་དགོན་དུ་སྐོར་རར་ཕེབས་སྐབས་སུ་བསོད་ནམས་མཚོ་ལགས་ནས་རང་ལུས་མེར་སྲེག་གནང་འདུག དེ་མ་ཐག་ཁོང་གི་བཟའ་ཟླ་དང་ས་ར་དགོན་པའི་དགེ་འདུན་པ་ཞིག་གིས་མེ་བསད་ནས་དགོན་ཁང་དུ་འཁྱེར་ཐུབ་པ་བྱུང་འདུག་ཀྱང་། མྱུར་སྐྱོབ་སླད་སྨན་ཁང་དུ་འཁྱེར་སྐབས་དགོངས་པ་རྫོགས་འདུག དེ་བཞིན་རྒྱལ་གཅེས་པ་བསོད་ནམས་འཚོ་ལགས་འདས་གྲོངས་སུ་གྱུར་རྗེས་ཕྱི་ཉིན་ཏེ་ཚེས་ ༢༤ ཉིན་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་ཐུབ་པ་བྱུང་འདུག འོན་ཀྱང་དེའི་རྗེས་སུ་སེ་ར་དགོན་པའི་གྲྭ་ཚུལ་ཁྲིམས་ལགས་ལ་རྒྱ་གཞུང་གི་ཉེན་རྟོག་པས་ཉིན་གྲངས་ ༨ རིང་བཀག་སྐྱིལ་འོག་བཞག་འདུག་པ་མ་ཟད། དེ་རྗེས་བསོད་ནམས་འཚོ་ལགས་དང་འབྲེལ་བའི་འདྲ་པར་སོགས་ཚང་མ་སུབས་བཅུག་འདུག་པ་དང། ད་དུང་རྒྱལ་གཅེས་པ་བསོད་ནམས་འཚོ་ལགས་ཀྱི་བཟའ་ཟླ་ལའང་ཐེངས་གསུམ་རིང་དྲིས་བརྩད་བྱས་ཡོད་འདུག གཞི་རྩའི་རྒྱལ་གཅེས་པ་བསོད་ནམས་མཚོ་ལགས་རང་ལོ་ ༥༠ ཡིན་པ་དང་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ལ་བུ་གཉིས་དང་བུ་མོ་གསུམ་བཅས་ཁྱོན་ཕྲུ་གུ་ལྔ་འདུག བསོད་ནམས་མཚོ་ལགས་ནི་ལོ་འདིའི་ནང་བོད་ནང་གི་རང་ལུས་མེར་སྲེག་གནང་མཁན་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང། དེ་སྔ་ཕྱི་ལོ་ ༢༠༠༩ ནས་ད་བར་རང་ལུས་མེར་སྲེག་གནང་མཁན་ ༡༤༤ དེ་ཆགས་ཡོད་པ་རེད།  

ཁམས་མི་ཉག་ནང་གཏེར་ཁ་བསྔོག་འདོན་བྱེད་མཁན་ལ་མང་ཚོགས་ཀྱིས་ཞི་རྒོལ་བྱས་འདུག

དེ་རིང་ཟླ་ ༥ ཕྱི་ཚེས་ ༦ ཉིན་བོད་མདོ་ཁམས་མི་ཉག་ས་གནས་བོད་མི་མང་ཚོགས་བརྒྱ་ཕྲག་མང་པོ་ཞིག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་གཏེར་ཁ་བསྔོག་འདོན་བྱེད་མཁན་ལ་མང་ཚོགས་ཀྱིས་ཞི་རྒོལ་བྱས་འདུག སྐབས་དེར་བོད་མི་དེ་དག་གིས་རྒྱ་གཞུང་ནས་གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས་ཉ་མང་དག་ཞིག་ཤི་བའི་རོ་རྣམས་གཞུང་ལམ་ཐོག་ཏུ་སྤུངས་པ་དང་ཕྲེད་དར་འཕྱར་བ་མ་ཟད། གཞུང་ལམ་ཐོག་ཏུ་ཉལ་ནས་གཏེར་ཁ་བསྔོག་འདོན་བྱེད་མཁན་རྣམས་བཀག་འགོག་བྱེད་ཡོད་སྟབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་བདུན་ཅུ་ཙམ་འབྱོར་ཏེ་ཁོ་ཚོར་བཀག་འགོག་བྱེད་བཞིན་ཡོད་པ་རེད་འདུག གཞི་རྩའི་ཁ་སང་ཟླ་ ༥ ཕྱི་ཚེས་ ༤ ཉིན་རྒྱ་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གར་རྒྱས་ཁ་ནས་རྒྱ་གཞུང་གི་གཏེར་སྔོག་སྤྱི་གཉེར་ཁང་ཞེས་པའི་གཏེར་བཏོན་ཚན་པས་གཏེར་ཁ་བསྔོག་འདོན་ཤུགས་ཆེ་བྱས་ཡོད་སྟབས། ཡུལ་དེའི་མི་ཉག་ལི་ཆུ་ཞེས་པའི་ཆུ་མོ་འབགས་བཙོག་དུ་གྱུར་ཏེ་ཉ་ཁྲི་ཁྲག་མང་པོ་ཤི་སྐྱོན་བྱུང་བཞིན་ཡོད་འདུག

རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསྟན་པ་ལགས་གློད་བཀྲོལ་ཐོབ་འདུག

དེ་རིང་ཟླ་ ༥ ཚེས་ ༥ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསྟན་པ་ལགས་ཀྱིས་དེ་སྔ་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྐྱེན་ལོ་གཉིས་རིང་བཙོན་བཅུག་གི་དུས་བཀག་གཙང་རྗེས་གློད་བཀྲོལ་ཐོབ་འདུག གཞི་རྩའི་གྲྭ་བློ་བཟང་བསྟན་པ་ལགས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༦ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མ་ནས་ ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ནས་ “ བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ” ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་བཙོན་བཅུག་རིང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་ཡོད་པ་རེད། དེ་རྗེས་ཟླ་ ༡༡ ཚེས་ ༧ ཉིན་བོད་ནང་གི་སྔ་དྲོ་ཚོུད་ ༡༡ ཙམ་ལ་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁོང་གི་ནང་མིར་བརྡ་ལན་སྤྲད་ནས་ཁྲིམས་རྭར་ཡོང་བཅུག་ཡོད་ཀྱང་། ཁྲིམས་རྩོད་པ་སོགས་གང་ཡང་གླ་མི་ཆོག་པའི་བཙན་བཀའ་བཏང་པ་མ་ཟད། ཁོང་ལ་ཡང་རྒྱལ་ཁབ་ལ་ངོ་ལོག་པའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག  

རྔ་བ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་གནང་མཁན་དེ་ཀིརྟི་དགོན་པ་ནས་ཡིན་འདུག

དེ་ཡང་ཁ་སང་ཟླ་ ༥ ཚེས་ ༢ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༣།༠༠ ཙམ་ལ་དགེ་འདུན་པ་ཞིག་གིས་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་གནང་མཁན་དེའི་མཚན་ནི་གྲྭ་བློ་བཟང་ཐུབ་བསྟན་དང་། རྔ་བ་ཀིརྟིའི་དགོན་པའི་གྲྭ་བ་ཡིན་པ་རེད་འདུག དེ་རིང་ཤེས་རྟོགས་བྱུང་བར་གཞིགས་ན། དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ནི་རྔ་བ་ཀིརྟིའི་དགོན་པའི་གྲྭ་བ་ཡིན་པ་དང་། ཁོང་ནི་རྔ་བ་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ནས་ཡིན་འདུག གཞི་རྩའི་གྲྭ་བློ་བཟང་ཐུབ་བསྟན་ལགས་ནི། ཁ་སང་བོད་ནང་གི་ཉིན་རྒྱབ་ཚོུད་ ༣ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ནས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པར་བརྟེན། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་ཡོད་པ་ཤེས་པ་ཙམ་ལས།  ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་པ་དང། ཁོང་དགོན་པ་གང་ནས་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། རྩ་བའི་བོད་མདོ་སྨད་རྔ་བ་དེ་ནི་ད་བར་བོད་ཀྱི་ས་ཁུལ་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་ཤུགས་ཆེ་ཤོས་བྱུང་སའི་ས་ཚིགས་ཤིག་དང་། ཕྱི་སུ་བོད་མི་ཁྱེར་རྐྱང་གིས་ངོ་རྒོལ་སྐད་འབོད་ཀྱི་གནད་དོན་མང་ཤོས་ཐོན་སའི་ས་ཚིགས་གནད་ཆེ་ཞིག་ཆགས་སྟབས།  རྒྱ་གཞུང་གིས་ཁུལ་དེར་ཆེས་དམ་དྲག་བྱེད་བཞིན་པའི་ཁྲོད། དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ཀྱི་ལོ་ཚད་དང་སྐབས་དེར་ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད།  

རྔ་བ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་འཛིན་བཟུང་བྱས་འདུག

བོད་མི་ཞིག་གིས་རྔ་བ་རྫོང་གི་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་༸སྐུ་པར་བསྣམས་ནས་ཞི་བའི་རྔམ་སྟོན་གནང་འདུག  དེ་རིང་ཟླ་ ༥ ཚེས་ ༢ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༣།༠༠ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ཀྱིས་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་འདུག འདི་ག་རླུང་འཕྲིན་ཁང་དུ་སུད་སི་གནས་སྡོད་བ་ལྷ་སའི་བསོད་ནམས་ལགས་ཀྱིས་ས་གནས་ནས་འབྱོར་བའི་གནས་ཚུལ་ཁོ་སྤྲོད་གནང་དོན། དེ་རིང་བོད་ནང་གི་ཉིན་རྒྱབ་ཚོུད་ ༣ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ནས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པར་བརྟེན། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་འདུག་ཅེས་གསུངས་སོང། ད་ལྟའི་ཆར་ཁོང་གིས་ཞི་བའི་རྔམ་སྟོན་གནང་བའི་འདྲ་པར་དང་རྙན་པར་ཁག་ཅིག་ཕྱི་གྱར་བྱུང་འདུག་ཀྱང་། ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་པ་དང། ཁོང་དགོན་པ་གང་ནས་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། རྩ་བའི་རྒྱ་གཞུང་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གནང་མཁན་དང་ཁོང་རྣམ་པའི་ནང་མི་ཉེ་འབྲེལ་དག་ལ་དངོས་ལྐོག་བརྒྱུད་གསུམ་གྱི་ཐོག་ནས་གྲོང་པ་དང་དགོན་སྡེ་སྤྱི་ཡོངས་ལ་ཉེས་ཆད་ཚབས་ཆེ་གཏང་རྒྱུ་མགོ་བཙུགས་པ་ནས་བཟུང། བོད་ནང་རང་ལུས་མེར་སྲེག་གི་གནད་དོན་ཉུང་རུ་ཕྱིན་ཡོད་ཀྱང། བོད་མི་ཁྱེར་ཀྱང་གིས་ངོ་རྒོལ་སྐད་འབོད་ཀྱི་གནད་དོན་དེ་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད་སྔ་ལོ་རྔ་བ་ནང་དུ་བོད་མི་ཁྱེར་ཀྱང་གིས་ལས་འགུལ་མང་དག་ཞིག་སྤེལ་ཡོད་པ་རེད།  

སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་འདུག

བོད་མདོ་ཁམས་དཀར་མཛེས་ཁུལ་གྱི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེའམ་སྤྲུལ་སྐུ་ཕུར་བུ་ཚེ་རིང་མཆོག་ཟླ་འདིའི་ཚེས་ ༡༧ ཉིན་བཙོན་འཇུག་དུས་བཀག་གཙང་རྗེས་གློད་བཀྲོལ་བཏང་འདུག     དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དཀར་མཛེས་དགོན་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ལས་གློད་བཀྲོལ་བཏང་ཡོད་ཀྱང། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཇི་ཡོད་དང་བཙོན་ཁང་ནས་བཙོན་གྲོལ་ཇི་ལྟར་བཏང་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། གཞི་རྩའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་རྫོང་ཐོག་ཏུ་སྤང་རི་བཙུན་དགོན་གྱི་བཙུན་མ་ ༨༠ སྐོར་ཞིག་གིས་དགོན་པའི་ནང་རྒྱ་གཞུང་ནས་སྤེལ་བཞིན་པའི་རྒྱལ་གཅེས་ཆོས་བྱེད་ཀྱི་ལས་གཞི་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྟབས། བཙུན་མའི་ལས་འགུལ་དེ་བརྒྱུད་སྐུལ་བྱེད་པའི་དྭོགས་གཞི་འོག་ཟླ་ ༥ ཚེས་ ༡༨ ཉིན་གྱི་ཐོ་རངས་ཙམ་ལ་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་དམག་མིས་རིན་པོ་ཆེའི་གཟིམ་ཆུང་མཐའ་སྐོར་ཏེ་འཛིན་བཟུང་བྱས་ཡོད་པ་མ་ཟད། རིན་པོ་ཆེའི་གཟིམ་ཤག་ཀྱང་སྔོག་བཤེར་བྱས་ཡོད་འདུག དམག་མི་དང་ཉེན་རྟོག་པ་མང་པོས་དུས་ཡུན་རིང་པོར་རིན་པོ་ཆེ་མཆོག་གཙོ་བཞུགས་གནང་སའི་ཡར་སྟེང་བཙུན་དགོན་དང་སྤང་རི་སྣ་བཙུན་དགོན་གཉིས་ལ་རྒྱ་གཞུང་ཉེན་རྟོག་པས་མཐའ་སྐོར་སྟེ་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད། རིན་པོ་ཁོང་འཛིན་བཟུང་བྱས་རྗེས་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་བ་དང་། དེ་རྗེས་ ༢༠༠༩ ཕྱི་ཟླ་ ༢༣ ཉིན་དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིན་པོ་ཆེ་མཆོག་ལ་ལོ་ ༨ དང་ཟླ་བ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་མན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། རིན་པོ་ཆེ་མཆོག་ལ་ཁྲིམས་ཐག་གཅོད་སྐབས་ཁྲིམས་བཤེར་སོགས་ཀྱི་གོ་རིམ་གང་ཡང་བརྒྱུད་མེད་པ་མ་ཟད། དེ་སྔོན་ཁྲིམས་རྩོད་པ་གཉིས་གླས་ཡོད་པའང་ཁྲིམས་རྭར་བཅར་བཅུག་མེད་པ་དང་། ནང་མི་གཉེན་འབྲེལ་ཚོས་རིན་པོ་ཆེ་མཆོག་ལ་ནག་ཉེས་གང་ཞིག་གི་འོག་བཙོན་འཇུག་བྱས་པ་སོགས་ཀྱི་ཤེས་རྟོགས་གང་ཡང་མེད་ཀྱང་། ནང་མི་གཙོས་ཉེ་འབྲེལ་ཚོས་གཞི་ནས་རིན་པོ་ཆེ་མཆོག་རྒྱ་ནག་ཁྲིན་ཏུའུ་མན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་ཡོད་པ་རེད། དེ་རྗེས་ཕྱི་ལོ་ ༢༠༡༤ ཟླ་ ༨ ནང་གནས་ཚུལ་ཐོན་པར། རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་དུ་མི་སྤྱོད་ལས་འདས་པའི་ཆེས་སྡུག་སྦྱོང་མནར་གཅོད་འོག་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ་ཤེས་རྟོགས་བྱུང་འདུག་པ་དང་། སྐབས་དེར་ཁོང་གི་ས་གནས་བོད་མི་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་སོགས་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་ཁོང་སྨན་བཅོས་ཆེད་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པར་རྒྱ་གཞུང་གིས་དང་ལེན་གང་ཡང་བྱས་མེད། རྩ་བའི་སྤང་རི་སྣ་རིན་པོ་ཆེའམ་ཕུར་བུ་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༥༧ ཟླ་ ༡ ཚེས་ ༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་། བེ་རི་སྡེ། གསེར་མཁར་ཡུལ་ཚོ། མཆིག་རིང་གྲོང་ཡབ་ཚེ་དབང་དར་རྒྱས་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རིན་པོ་ཆེ་མཆོག་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་ཡིན་པ་དང་སྤང་རི་སྣ་སྒེར་གྱི་རྒན་གསོ་ཁང་གི་འགན་འཛིན་ཡང་ཡིན་པ་རེད།

རྨ་ཆུ་ནང་གི་ཞི་རྒོལ་དེ་འབྲོག་པ་གནས་སྤོས་ཀྱི་སྲིད་བྱུས་དང་འབྲེལ་བ་ཡོད་སྐོར་གསུངས་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་ཉེ་ཆར་ཟླ་འདིའི་ཚེས་ ༨ ཉིན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་བོད་རིགས་སློབ་མཐར་སོན་པ་ཁག་ཅིག་གིས་རྫོང་སྲིད་གཞུང་ལ་དྲང་བདེན་མིན་པའི་ལས་བསྐོས་བྱས་ཡོད་སྐོར་གྱི་ལས་འགུལ་སྤེལ་བ་དེ་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དངོས་ཡོད་གནས་སྟངས་དང་མི་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད་ཕྱུག་བསྒྱུར་རྩ་སྐྱོང་ཞེས་པའི་རྩ་ས་སྲུང་སྐྱོབ་ཆེད་བོད་མི་འབྲོག་པ་གནས་སྤོས་གཏོང་རྒྱུའི་སྲིད་བྱུས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང། དེ་ཡང་ཁ་སང་ཕྱི་ཚེས་ ༡༢ ཉིན་བསྟི་གནས་ཁང་དེའི་དྲ་གནས་ཐོག་ལ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནང་དུ་སློབ་མཐར་སོན་པའི་བོད་རིགས་སློབ་མ་ལས་ཀ་བྱེད་བཞིན་པ་དེ་དག་གིས་རྫོང་སྲིད་གཞུང་ལ་དྲང་བདེན་མིན་པའི་ལས་བསྐོས་བྱས་ཡོད་སྐོར་གྱི་དོན་ཚན་གསུམ་གསལ་བཏོན་གྱིས་ཆབ་སྲིད་ལ་རྒྱབ་འགལ་བྱས་མེད་སོགས་འཁོད་པའི་འཕྲད་དར་བསྣམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ཆེས་ཐོག་མ་མིན་པ་དང། དེ་སྔ་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་ལ་རྨ་ཆུ་རྫོང་སློབ་མཐར་སོན་པའི་སློབ་མ་སྐོར་ཞིག་གིས་ཀྱང་རྫོང་སྲིད་གཞུང་གི་ལས་ཁུངས་མདུན་དུ་ཕྱི་ཡོང་སློབ་མར་སྔོན་འགོག ས་གནས་སློབ་མར་ལས་བགོས་ཅེས་འབོད་ཚིག་འཁོད་པའི་འཕྲད་དར་བསྣམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། ལྷག་དོན་ལས་ཞུགས་ཡིག་རྒྱུགས་ཀྱི་བརྒྱུད་རིམ་ཁྲོད་དུའང་དྲང་བདེན་མེད་པར་འབྲེལ་ཡོད་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་དང་དབང་ཤུགས་ལོག་སྤྱོད་བྱེད་བཞིན་པར་ངོ་རྒོལ་བྱས་འདུག་ལ། ལོ་ཤས་རིང་ས་གནས་ནས་མཐར་སོན་པའི་སློབ་མ་ཚོས་གོང་རིམ་ལ་ཞུ་ཡིག་རིམ་པ་ཕུལ་ཡོད་ཀྱང་། ས་གནས་འབྲེལ་ཡོད་དཔོན་རིགས་ཚོས་སྣང་མེད་དུ་བསྐྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག བསྟི་གནས་ཁང་གིས་རྒྱ་ནག་གཞུང་གིས་བོད་རྨ་ཁུལ་རྫོང་དང་མགོ་ལོག་བཅས་སུ་ཕྱི་ལོ་ ༢༠༠༤ ཡས་མས་ནས་ཕྱུག་བསྐྱུར་རྩ་སྐྱོང་ཞེས་པའི་རྩ་ས་སྲུང་སྐྱོབ་ཀྱི་སྲིད་བྱུས་འོག བོད་མི་འབྲོག་པ་མང་དག་ཞིག་གྲོང་ཁྱེར་ནང་དུ་གནས་སྤོས་བྱས་བཅུག་ནས་འབྲོག་པའི་འཚོ་ཐབས་མེད་པ་བཟོས་པ་མ་ཟད། བོད་ཁུལ་མཁར་གྲོང་ཅན་དུ་བསྒྱུར་བ་ཞེས་པའི་སྲིད་བྱུས་འོག ཕྱི་ནས་རྒྱ་རིགས་མང་པོ་གནས་སྤོས་ཀྱིས་བོད་མིར་དབང་བའི་ལས་ཀ་དང་ཐོབ་ཐང་དེ་དག་སྤྲད་སྟབས། བོད་ཀྱི་འབྲོག་པའི་གཞོན་སྐྱེས་དེ་དག་སློབ་མཐར་སོན་ཟིན་ཀྱང་འབྲོག་སར་འབྲོག་ལས་མེད་པ་དང་སྲིད་གཞུང་གིས་གྲོང་ཁྱེར་དུ་ལས་ཀ་མི་སྤྲད་པས་ཁོང་རྣམས་ཀྱི་འཚོ་གནས་ལའང་ངལ་བ་ཆེན་པོ་འཕྲད་སྟབས། གཞོན་སྐྱེས་དེ་དག་གིས་ཞི་རྒོལ་དེ་ལྟར་གནང་པ་ཞིག་ཡིན་སྐོར་གསུངས་སོང་། དེ་བཞིན་བསྟི་གནས་ཁང་དེའི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས་རྒྱ་གཞུང་གིས་བོད་མི་དང་བོད་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་དོན་དམ་གྱི་སྲིད་བྱུས་ཤིག་ལག་བསྟར་མ་ཐུབ་པ་དེ་སྲིད་དུ་ངོ་རྒོལ་གྱི་གནད་དོན་དེའི་རིགས་མུ་མཐུད་འཕྲད་ངེས་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནང་བོད་རིགས་ཞུ་རྒོལ་བ་རྣམས་རྫོང་དཔོན་དང་ཐུག་འཕྲད་བྱ་རྒྱུའི་ཐག་གཅོད་བྱས་འདུག

ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་བོད་མི་ལས་བྱེད་པས་ཞུ་འབོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་བཀག་སྐྱིལ་ཁང་ནས་གློད་བཀྲོལ་འོག་རང་ཁྱིམ་དུ་འབྱོར་ཞིང་། ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ཁོང་རྣམས་དང་ས་གནས་རྫོང་དཔོན་དབར་ཐུག་འཕྲད་བྱ་རྒྱུའི་ཐག་གཅོད་བྱས་འདུག འདི་ག་རླུང་འཕྲིན་ཁང་དུ་ཕ་ཡུལ་རྨ་ཆུ་ནས་ཡིན་པའི་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་བོད་རིགས་སློབ་མཐར་སོན་ནས་ལས་ཀ་བྱེད་བཞིན་པའི་གཞོན་སྐྱེས་དེ་དག་གིས་རྫོང་སྲིད་གཞུང་ལ་དྲང་བདེན་མིན་པའི་ལས་བསྐོས་བྱས་ཡོད་སྐོར་གྱི་དོན་ཚན་གསུམ་གསལ་བཏོན་གྱིས་ཆབ་སྲིད་ལ་རྒྱབ་འགལ་བྱས་མེད་ཅེས་པ་སོགས་འཁོད་པའི་འཕྲད་དར་བསྣམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་མ་ཐག་རྒྱ་གཞུང་ཉེན་རྟེག་པས་ཁོང་རྣམས་འཛིན་བཟུང་གིས་ཉིན་གཅིག་རིང་བཙོན་འཇུག་བྱས་ཡོད་པ་གསུངས་སོང། ད་དུང་ཁོང་གིས་བཙོན་འཇུག་དེའི་རིང་ལ་མི་སྤྱོད་ལས་འདས་པའི་གཅར་རྡུང་དྲག་པོ་བཏང་པའི་ཁོངས་སུ་བོད་པའི་བེུད་གཞོན་སྐྱེས་གཉིས་ཡོད་སྐོར་གསུངས་པ་མ་ཟད། བོད་རིགས་དེ་དག་གློད་བཀྲོལ་བཏང་ནས་ཕྱི་ཉིན་དེར་གཞོན་སྐྱེས་དེ་དག་དང་ས་གནས་ཀྱི་བོད་མི་གདུང་སེམས་མཉམ་བསྐྱེད་གནང་མཁན་མི་གྲངས་ ༤༠ སྐོར་ཞིག་ནས་སླར་རྫོང་སྲིད་གཞུང་གི་ལས་ཁུངས་མདུན་དུ་ཞི་རྒོལ་རྔམ་སྟོན་གནང་ཡོད་པ་གསུངས་སོང། གནད་དོན་དེ་དག་ལ་བརྟེན་ནས་རྫོང་སྲིད་གཞུང་གིས་བོད་མི་ལས་བྱེད་རྣམས་ལ་ཟླ་འདིའི་རེས་གཟའ་སྤེན་པ་ཕྱི་ཚེས་ ༡༦ ཉིན་ས་གནས་རྫོང་དཔོན་དང་ཐུག་འཕྲད་ཀྱིས་གནད་དོན་དེར་གསལ་བཤད་གནང་རྒྱུ་ཡིན་སྐོར་བརྗོད་འདུག དེའི་བར་ན། སྔ་ལོ་བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་ནང་དུ་རྒྱ་གཞུང་གིས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པའི་གནད་དོན་དང་འབྲེལ་ཞུ་གཏུགས་བྱེད་སྐབས་འཛིན་བཟུང་བྱས་པའི་བོད་མི་བཞི་ལ་ལོ་གཉིས་ནས་གསུམ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁ་སང་ཚེས་ ༡༡ ཉིན་རྔ་བ་མཛོད་དགེ་རྫོང་མི་མང་ཁྲིམས་ཁང་གིས་བོད་མི་བཞི་པོ་དེ་དག་གི་ཁོངས་ནས་ཕུར་ཁོ་དང་རིན་རྡོ། དེ་བཞིན་ཡེ་ཤེས་གསུམ་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐགས་བཅད་འདུག  དེ་དག་ལས་འཇིགས་བྱེད་སྐྱབས་ལ་ལོ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག      བོད་མི་བཞི་པོ་དེ་དག་བཙོན་ཁང་ནང་སྡོད་མི་དགོས་ཀྱང་། བཙོན་འཇུག་གི་དུས་ཡུན་ཇི་ཡིན་ཐོག་ལ་ཟླ་བ་དྲུག་གི་དུས་ཡུན་ཁ་གནོན་གྱིས་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང།  ལྟ་རྟོག་དང་དོ་དམ་འོག་བསྡད་ནས་ཁྲིམས་ཆད་ཁ་སྐོང་ཆོག་པ་བཟོས་འདུག རྩ་བའི་གནད་དོན་དེ་ནི་ ༢༠༡༠ ལོར་རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞི་ཞེས་པའི་མིང་ཐོག་ནས་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་དང་། སྐ་བར་མ་སྡེ་བའི་ནང་འབྲོག་ཁྱིམ་མི་ཉི་ཤུ་ལྷག་གི་ཁང་པ་བཙན་དབང་གིས་གཏོར་བཤིག་དང་སྡོད་གནས་སྤོ་བཅུག་ཡོད་ཀྱང་།  ས་ཆ་དེ་དག་ཐོག་ད་ལྟའང་འཛུགས་སྐྲུན་གྱི་ལས་གཞི་གང་ཡང་སྤེལ་མེད་པ་མ་ཟད། རྩྭ་ས་ཁག་ཅིག་སྒེར་པ་ཁག་ལ་གཡར་ཡོད་པར་བརྟེན་སྔ་ལོའི་སྤྱི་ཟླ་ ༥ ནང་རྩ་ས་བཙན་འཕྲོག་བྱས་པའི་འབྲོག་མི་ཚོས་ས་གནས་མཛོད་དགེ་རྫོང་དང་། ཞིང་ཆེན་རིམ་པར་ཞུ་ཡིག་ཕུལ་ནས་གཞུང་གིས་རྩ་ས་ཕྱིར་སྤྲོད་དགོས་པ་དང།  གྱོང་གུན་ཁ་གསབ་དགོས་བའི་ཞུ་གཏུགས་གནང་པས་བོད་མི་བཞི་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་རེད།

Latest news