Tibetan Royal Year of 2151 | Year of the Wood Dragon

བོད།

མགོ་ལོག་ཁུལ་དུ་བོད་མི་ཏང་ཡོན་ལས་བྱེད་རྣམས་ཀྱི་ཁང་ཁྱིམ་བསྔོགས་བཤེར་གྱིས་ཆོས་ལུགས་ཀྱི་ལས་དོན་ལ་ཞུགས་མི་ཆོག་པ་བཟོས་འདུག

རྒྱ་ནག་གཞུང་གིས་ཉེ་ལམ་བོད་མདོ་སྨད་མགོ་ལོག་ཁུལ་དུ་བོད་མི་ཏང་ཡོན་ལས་བྱེད་དང་ལས་ཡོལ་ཞུས་ཟིན་པ་རྣམས་ཆོས་ལུགས་དང་འབྲེལ་བའི་ལས་དོན་ལ་ཞུགས་མི་ཆོག་པ་བཟོས་ཡོད་པ་མ་ཚད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་ཡོད་མེད་དང་འབྲེལ་ནས་ཁང་ཁྱིམ་བསྔོགས་བཤེར་བྱས་ཡོད་པ་རེད། ཁ་སྔོན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་ཁོངས་སུ་ཡོད་པའི་བོད་མི་ཏང་ཡོན་ལས་བྱེད་རྣམས་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ། དཔེར་ན་སྐོར་བར་ཕེབས་པ་དང་ལག་ཏུ་ཕྲེང་བ་འཛིན་པ། དེ་བཞིན་མཆོད་མཇལ་དུ་འགྲོ་བ་སོགས་བྱེད་མི་ཆོག་པ་བཟོས་པ་དང་། ལྷག་པར་དུ་འདས་པའི་གཟའ་མཇུག་ཏུ་ས་གནས་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་བྱེད་ཡོད་མེད་དང་འབྲེལ་ཏེ་ཁང་ཁྱིམ་སོགས་ལ་བསྔོགས་བཤེར་བྱས་ནས་ལྐོག་ཏུ་མི་བཏང་སྟེ་རྣམ་ཀུན་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་ཞུགས་མིན་ལ་སོ་ལྟ་བྱེད་བཞིན་ཡོད་པ་འཁོད་འདུག གཞི་རྩའི་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུའང་འདི་ལོའི་ཟླ་  ༤  པའི་ནང་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་བཀྲམས་ཏེ་བོད་མི་ཏང་ཡོན་ལས་བྱེད་རྣམས་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་དང་འབྲེལ་ཐག་བཅད་དེ་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་དང་ལྷ་མེད་སྨྲ་བ་མཐའ་འཁྱོངས་ལག་བསྟར་བྱེད་དགོས་པ་དང་རང་ཉིད་ཀྱི་བུ་ཕྲུག་དགོན་པར་མི་གཏང་བ། དེ་བཞིན་རང་ཁྱིམ་དུ་ཞབས་བརྟན་གནང་མི་ཆོག་པ།༸གོང་ས་མཆོག་ལ་མཐའ་གཅིག་ཏུ་ངོ་རྒོལ་དགོས་ཚུལ་སོགས་བཤད་ཡོད་པ་དང་ཆབས་ཅིག སོ་སོའི་ནང་མི་ཚོར་གུང་ཁྲན་ཏང་གི་དམིགས་ཡུལ་དང་བསམ་འདུན་སྐོར་སློབ་སྦྱོང་སྤྲོད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཇེ་ཅུན་གྱིས་ཟླ་ ༩ ཚེས ༡༣ ཉིན་པེ་ཅིན་དུ་ཚོགས་པའི་ཀྲུང་དབྱང་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་གྱི་སྐབས་དྲུག་པའི་ཚོགས་འདུའི་དགོངས་དོན་རྣམས་མཚོ་སྔོན་དུ་ལག་ལེན་དོན་འཁྱོལ་བྱ་རྒྱུ་ཡིན་ཚུལ་སོགས་བཤད་པ་འདུག་སྟབས། ལྟེ་གནས་ཁང་གིས་ད་ལན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་བྱས་པ་དེ་རྒྱ་ནག་གིས་སློབ་གསོ་དག་ཐེར་གྱི་ལས་འགུལ་གཉིས་པ་དང་འབྲེལ་བ་ཡོད་པ་ཞིག་དང་།  རྒྱ་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དེ་མགོ་ལོག་དང་ཡུ་ཤུལ་གྱི་ས་ཁུལ། བོད་ཀྱི་ས་ཁུལ་གཞན་དུའང་ལག་བསྟར་བྱེད་ཉེན་ཆེ་བས་རྒྱ་གཞུང་གིས་བོད་མི་ཚོའི་ཁང་ཁྱིམ་དུ་བསྔོགས་བཤེར་དང་སོ་ལྟ་བྱས་ཏེ་བོད་མི་མང་ཚོགས་ཀྱི་བསམ་བློ་དང་ཆོས་དད་རང་དབང་། སྨྲ་བརྗོད་དང་འདུ་འཛོམས་རང་དབང་།  ཤེས་ཡོན་དང་གསང་རྒྱའི་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པས་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་ལས་འགུལ་འདི་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་རྒྱ་གཞུང་གིས་གཙོ་བོ་ཆོས་ལུགས་ཐོག་འདི་ལྟར་དམ་དྲག་བྱེད་བཞིན་པ་ནི་བོད་མིའི་ཐུན་མིན་གྱི་ཆོས་དང་རིག་གཞུང་རྣམས་རྒྱ་ནག་ཅན་དུ་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་ལྷག་དོན་བོད་བརྒྱུད་ནང་བསྟན་ནི་བོད་མིའི་ངོ་བོ་མཚོན་བྱེད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་དེ་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན་སྐོར་གསུངས་སོང་།

རྫ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གློད་བཀྲོལ།

རྫ་སྨད་དབོན་པོ་ཁུལ་དུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་ཕྱི་ཟླ་ ༨ ཚེས་ ༢༢ ནས་ད་བར་ཟླ་བ་གཅིག་ཙམ་གྱི་ནང་བོད་མི་ ༡༢༡ ཙམ་བཀག་ཉར་བྱས་ཡོད་པ་དང་དེའི་ཁོངས་ནས་དེ་སྔ་བོད་མི་ ༤ མ་གཏོགས་གཞན་བོད་མི་ ༡༡༧ ཙམ་བཀག་ཉར་བྱེད་བཞིན་པ་ལྟར་ཉེ་ཆར་བོད་ནས་གནས་ཚུལ་འབྱོར་གསལ་ལ་བཙོན་འཇུག་འོག་ཡོད་པའི་བོད་མི་དེ་དག་གི་ཁོངས་ནས་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གློད་བཀྲོལ་བཏང་ཡོད་པ་རེད་འདུགདེ་རིང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཉེ་ཆར་ཟླ་ ༩ ཚེས་ ༢༣ དང་ ༢༦ དེ་བཞིན་ ༢༧ བཅས་ལ་རྫ་སྨད་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་བོད་མི་སེར་སྐྱ་མང་དག་ཅིག་གློད་བཀྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་གསུམ་ད་དུང་བཀག་ཉར་བྱེད་བཞིན་ཡོད་པ་དང་། དགེ་འདུན་པ་དེ་དག་ནི་ཟླ་ ༩ ཚེས་ ༣ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་ ༦ ཡོད་ཁོངས་ནས་ཡིན་པར་གསུངས་ཡོད། ས་གནས་མང་ཚོགས་རྣམས་ཀྱིས་གསུངས་པར་གཞིགས་ཚེ་ད་ལྟ་མུ་མཐུད་ནས་བཀག་ཉར་འོག་ཡོད་པའི་དགེ་འདུན་པ་གསུམ་པོ་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་མེད་སྟབས། ཁོང་རྣམས་གང་མགྱོགས་གློད་བཀྲོལ་ཡོང་བའི་རེ་བ་གནང་བཞིན་ཡོད་པ་རེད། དེའི་བར་ན་ཟླ་ ༩ ཚེས་ ༢༦ ཉིན་གྱི་ཕྱི་དྲོར་ཉེན་རྟོག་པས་དགེ་འདུན་པ་དེ་དག་གི་ཁོངས་ནས་གཅིག་གི་གྲྭ་ཤག་ལ་བསྐྱར་དུ་བསྔོགས་བཤེར་བྱས་འདུག ཟླ་བ་གཅིག་ཙམ་གྱི་བཀག་ཉར་འོག་བོད་མི་རྣམས་ལ་ཟས་ཧ་ཅང་ཞན་པོ་དང་རྡུང་རྡེག་བཏང་བའི་མནར་གཅོད་མྱངས་ཡོད་པ་མ་ཟད་བཀག་ཉར་འོག་སློབ་གསོའི་ལས་རིམ་ཤུགས་ཆེར་སྤེལ་ཏེ་བོད་མི་དེ་དག་ལ་རྒྱལ་ཁབ་ལ་དགའ་ཞེན་དགོས་པ་དང་ཏཱ་ལའི་ཁ་བྲལ་རུ་ཚོགས་དང་འབྲེལ་བ་བྱ་རྒྱུ་མེད་པ། ༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་མི་ཆོག་པ་སོགས་རྒྱལ་ཁབ་ལ་གནོད་པའི་བྱ་སྤྱོད་སྤེལ་རྒྱུ་མེད་པ་སོགས་ཀྱི་སློབ་གསོ་ངན་པ་རིགས་སྤྲད་པ་མ་ཟད་བོད་མི་དེ་དག་གི་ཁ་པར་བསྔོགས་བཤེར་དང་། སྤུན་ཉེ་འབྲེལ་སོགས་ལ་འདྲི་རྩད་ཀྱིས་སུན་གཙེར་བཟོས་པ། དེ་བཞིན་བཀག་ཉར་འོག་དམག་གི་སྦྱོར་བརྡར་སྤྲད་པ་སོགས་ཀྱི་གནད་དོན་འོག་མི་སྤྱོད་ལས་འདས་པའི་རྡུང་རྡེག་བཏང་ཡོད།དེ་བཞིན་རྫ་སྨད་དབོན་པོ་མང་ཚོགས་ཀུན་གྱི་ཐོག་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་སློབ་གསོའི་ལས་རིམ་ཤུགས་ཆེར་སྤེལ་བ་དང་། བོད་མི་རྣམས་ལ་ཚོགས་པ་འདྲ་མིན་གསར་འཛུགས་མི་ཆོག་པ། དེ་སྔ་ཡོད་པའི་ཕ་སྐད་སྲུང་སྐྱོབ་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་སོགས་ཡོངས་རྫོགས་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བ། གལ་ཏེ་ཚོགས་པ་ཞིག་གསར་འཛུགས་གནང་དགོས་ཚེ་ཚོགས་པ་དེ་དག་ནང་ས་གནས་གཞུང་གི་ལས་བྱེད་གང་རུང་ཞིག་ཆེད་བསྐོ་དགོས་པ། དེ་སྔ་རྒྱ་གཞུང་གིས་ལོ་ན་ ༡༨ མན་གྱི་བོད་མི་གཞོན་སྐྱེས་རྣམས་གྲྭ་བཙུན་གྱི་དགོན་པར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་དོན་ལྟར་ད་ལྟའི་ཆར་བཙན་བཀའ་དེར་སྔར་ལྷག་གིས་ལག་བསྟར་བྱེད་བཞིན་པའི་ཁར་བོད་ཕྲུག་ཚོའི་ཕ་མ་རྣམས་ལ་དེ་ལྟར་གནང་རྒྱུ་མེད་པའི་ས་རྟགས་བཀོད་འཇུག་བཞིན་ཡོད་འདུགརྒྱ་གཞུང་གིས་རྫ་སྨད་དབོན་པོའི་ས་ཁུལ་དེ་གྲོང་སྡེར་སྒྱུར་གྱི་ཡོད་ལུགས་འོག་ཕྱི་ལོ་ ༢༠༡༦ལོ་ནས་ས་གནས་སུ་རྒྱ་ལམ་དང་ཟམ་པ་སོགས་ཀྱི་འཛུགས་སྐྲུན་རྒྱ་ཆེར་སྤེལ་མུས་ཁྲོད་ས་གནས་སུ་ཕ་བོང་ཆེན་པོར་དཔའ་ངར་ཅན་གྱི་དབོན་པོ་ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ཐོག་ཆེད་བཀོད་བྱས་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ས་གནས་ལས་བྱེད་པ་ཁག་ཅིག་གིས་དཔའ་ངར་ཅན་གྱི་དབོན་པོ་ཞེས་པའི་ཚིག་བརྗོད་དེས་ས་གནས་སུ་བོད་མིའི་ཞི་རྒོལ་སོགས་ཀྱི་གནད་དོན་མང་པོ་བྱུང་ཡོད་པ་དེ་དག་ལ་གོ་སྐོར་བཤད་པར་བརྟེན་ཕ་བོང་ཆེན་པོ་དེ་གཏོར་དགོས་པར་བརྗོད་ཀྱང་། འཛུགས་སྐྲུན་གནང་མཁན་ཚོའི་ངོས་ནས་རྫ་དབོན་པོའི་ས་ཁུལ་དེ་༸གོང་ས་ལྔ་པ་ཆེན་པོའི་༸སྐུ་དུས་ནས་བཟུང་སྟེ་༸རྒྱལ་བ་༸སྐུ་ཕྲེང་ན་རིམ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། ས་གནས་མང་ཚོགས་ལ་ཆབ་སྲིད་ཀྱི་ཐོག་ནས་མ་ཡིན་པར་མི་རིགས་ཀྱི་ངོ་བོ་དང་འབྲེལ་བ་དམིགས་བསལ་ཡོད་པས་ཕ་བོང་ཐོག་ཚིག་བརྗོད་དེ་ལྟར་བཀོད་ཡོད་སྐོར་བཤད་འདུག ལས་བྱེད་ཁག་ཅིག་གིས་དེ་སྔ་ཕྱི་ལོ་ ༡༩༥༨ ལོར་ས་གནས་སུ་རྒྱ་མིའི་དམག་མི་འབྱོར་སྐབས་བོད་པ་ཚོས་དེར་གདོང་ལེན་ཤུགས་ཆེ་གནང་བ་དང་འབྲེལ་ཏེ་རྒྱ་མིའི་དམག་མི་ཕོན་ཆེ་འདས་གྲོངས་སུ་གྱུར་ཡོད་པ་ལ་སོགས་པའི་གནད་དོན་དང་འབྲེལ་བ་ཡོད་པས་ཚིག་བརྗོད་དེ་གནད་དོན་དེར་གོ་ལུགས་སོགས་ཀྱི་རྐྱེན་གྱིས་གཏོར་མེད་པ་དེ་ལྟར་ཡང་། ད་ལྟ་ས་གནས་སུ་ཛ་དྲག་གི་གནས་སྟངས་གྱུར་བ་དང་འབྲེལ་ལས་བྱེད་ཁག་ཅིག་གིས་གོ་སྐབས་བཟུང་སྟེ་ཕ་བོང་ཐོག་གི་ཚོག་བརྗོད་དེ་བསུབས་ནས་གཏོར་བཤིག་བཏང་ཡོད་པ་རེད།

ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ཇེ་མཐོར་གཏོང་བའི་ཞུ་གཏུག་གི་ལས་འགུལ་སྤེལ་མུས།

བོད་མི་ཨ་རི་བ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འདི་ལོའི་བོད་དོན་ཞུ་གཏུག་དབུ་འཛུགས་ཀྱིས། བདུན་ཕྲག་འདིའི་ནང་དྲ་ལམ་བརྒྱུད་ས་ཁུལ་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་མཇལ་འཕྲད་ཀྱིས་རྒྱ་ནག་གིས་བོད་ནང་དུ་དྲང་བདེན་མིན་པའི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཐད་ནས་ཞུ་སྐུལ་གནང་མུས་རེད་འདུགཁ་སང་ཨ་རིའི་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཁ་སང་དང་དེ་རིང་ཉིན་གཉིས་ཀྱི་ཞུ་སྐུལ་གྱི་སྐབས་འདིར།  ཨ་རིའི་ནང་གི་མངའ་སྡེ་ཉི་ཤུ་ལྷག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དྲ་ལམ་ནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཨ་རིའི་གཞུང་འཛིན་ཚོགས་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ཇེ་མཐོར་བཏང་བའི་ཐོག་ནས་བོད་རྒྱ་གྲོས་མོལ་ལ་ཤུགས་སྣོན་གྱི་ཞུ་སྐུལ་གནང་རྒྱུ་ཡིན་པར་བསྒྲགས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་བོད་དོན་ཞུ་གཏུག་གི་ཉིན་མོ་འདིར། གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཨ་རིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ནི་ཨ་རིའི་མངོན་འདོད་དང་རིན་ཐང་གི་ལྟ་བར་མཐུན་པ་ཞིག་ཡིན་པ་མ་ཟད། གྲོས་ཚོགས་འཐུས་མིའི་ཁྱབ་ཁོངས་ཀྱི་མི་མང་་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་པར་བསྒྲགས་ཏེ། ཐེངས་འདིའི་བོད་དོན་ཞུ་གཏུག་བརྒྱུད་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་ཚད་མཐོ་རུ་གཏོང་རྒྱུ་དང་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་དང་དེ་བཞིན་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནད་དོན་དང་འབྲེལ་ནས་བོད་དོན་དེ་དམིགས་ཚད་མཐོ་རུ་འཛིན་རྒྱུར་རེ་བ་ཆེན་པོ་གནང་གི་ཡོད་པར་གསུངས་འདུག ཐེངས་འདིའི་ཞུ་སྐུལ་གྱི་ནང་དུ་དོན་ཚན་མང་དག་ཅིག་འཁོད་ཡོད་པའི་ཁོངས་སུ། གཙོ་བོ་ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ཚད་གཞི་མཐོ་རུ་བཏང་བའི་ཐོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་བཞག་གནང་དགོས་རྒྱུ་དང་སྔར་ལོ་ཨ་རིའི་གྲོས་ཚོགས་སུ་བཞག་པའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དང་ཕར་འགྲོ་ཚུར་འོང་གི་སྲིད་བྱུས་སོགས་ལག་བསྟར་དོ་ནན་གནང་རྒྱུ། བོད་ཀྱི་རང་བྱུང་ཁོར་ཡུག་ཉམས་ཉེས་དང་གནམ་གཤིས་ཚ་འགྱུར་སོགས་ལ་ཐུགས་ཞིབ་གནང་རྒྱུ།  གཞན་ཡང་ཨ་རིའི་ངོས་ནས་སང་ལོར་རྒྱ་ནག་ཏུ་འཚོགས་འཆར་གྱི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིའི་གནད་ཡོད་ཀྱི་གཞུང་འབྲེལ་མི་སྣ་ཕེབས་རྒྱུར་བཀག་སྡོམ་གནང་དགོས་བ་སོགས་ཀྱི་གནད་དོན་ཁག་ཅིག་མངོན་གསལ་གནང་འདུག བོད་དོན་ཞུ་གཏུག་གི་ཉིན་མོ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉིན་མོ་འདི་ནི་ཨ་རིའི་མི་རིགས་ཡོངས་དང་བོད་མི། དེ་བཞིན་བོད་པའི་ཚོགས་སྡེ་ཁག་གིས་ས་ཁུལ་སོ་སོའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་དང་འབྲེལ་བའི་བརྡ་ལན་གསལ་བོར་འབུལ་རྒྱུའི་ཉིན་མོ་ཞིག་ཡིན་པར་མངོན་གསལ་གྱིས། འདི་ལོའི་ཞུ་གཏུག་བརྒྱུད་ནས་ཨ་རིའི་སྲིད་འཛིན་བྷ་ཊན་མཆོག་གི་གཞུང་འཛིན་ཚོགས་པས་བོད་དོན་རྒྱབ་སྐྱོར་གྱི་དམ་ཚིག་དོན་ལ་གནས་རྒྱུར་ཤུགས་སྣོན་སྐྱོན་རྒྱུ་ཡིན་པར་བསྒྲགས་འདུགགཞི་རྩའི་སྔར་ལོར་ཨ་རིའི་གྲོས་ཚོགས་ཀྱི་དབུས་སུ་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ Tibetan Policy and Support Act of 2020 ཞེས་གྲོས་ཚོགས་འཐུས་མིས་ཚད་མཐོ་བོའི་རྒྱབ་སྐྱོར་འོག་ཁྲིམས་སུ་བཅོས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཡང་བོད་དོན་རྒྱབ་སྐྱོར་གྱི་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་བྱས་ཡོད་པ་དང་བསྟུན་ནས།  ཨ་རིའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་བོད་དོན་རྒྱབ་སྐྱོར་ལ་མིག་དཔེར་འོས་པའི་ཁྲིམས་འཆར་རིམ་པ་གཏན་འབེབས་གནང་བར་བོད་མི་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་བསྔགས་བརྗོད་གནང་བཞིན་པ་དང་བསྟུན་ནས། ད་ཆ་ཁྲིམས་འཆར་དེ་དག་དངོས་སུ་ལག་བསྟར་ཡོང་ཐབས་ལ་ཤུགས་སྣོན་རྒྱག་བཞིན་པ་རེད།

ཐེ་ཝན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་དབུ་འཛུགས།

ཐེ་ཝན་གྱི་རྒྱལ་ས་ཐེ་པཱེ་ནང་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གཉིས་ཀྱི་གོ་སྒྲིག་གི་འོག   དེ་རིང་ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཉིས་ཀྱི་རིང་ལ་ཁུལ་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་གྱི་ལས་གཞི་ཞིག་དབུ་འཛུགས་གནང་འདུགཐེངས་འདིའི་འགྲེམས་སྟོན་གྱི་ལས་གཞིའི་ཁྲོད་དུ་བོད་ནང་དུ་བོད་དོན་གྱི་ཆེད་དུ་དཀའ་སྡུག་ཚད་མེད་མྱངས་བའི་ཆབ་སྲིད་བཙོན་ཟུར་འདས་གསོན་གཉིས་ཀྱི་གཙོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་དོན་ལས་འགུལ་བ་རྣམས་ཀྱི་པར་རིས་རི་མོར་བྲིས་ཏེ། ཁོང་ཅག་གི་བོད་དོན་འཐབ་རྩོད་ཁྲོད་ཕྱག་ལས་གནང་བའི་ལོ་རྒྱུས་སྙིང་བསྡུས་སོགས་འཁོད་ཡོད་པའི་ཁོངས་སུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དང་ཨ་མ་ཨ་བདེ་ལགས། དེ་བཞིན་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་སོགས་དང་། དེ་བཞིན་བྱེས་ཀྱི་བོད་དོན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་དང་བསྟན་འཛིན་བརྩོན་འགྲུས་སོགས་ཀྱི་མི་བཅུ་དྲུག་ལྷག་གི་པར་རིས་བདམས་བྲིས་གནང་འདུགའདི་གའི་གསར་འགོད་པའི་ཞལ་པར་བརྒྱུད་ནས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་སུ་ཐེངས་འདིའི་ལས་གཞིའི་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་གཞི་རྩའི་ལས་གཞི་དེ་དེ་རིང་ནས་དབུ་འཛུགས་གནང་གི་ཡོད་ཀྱང་ཁ་སང་གཟའ་ཉི་མ་ཡིན་སྟབས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་སོགས་དབུ་བཞུགས་ཀྱི་ཐོག་ནས་གསར་འགོད་བསྒྲགས་ཤིག་བསྐྱངས་ཏེ་བོད་མི་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཐབ་རྩོད་རྒྱུན་སྐྱོང་གནང་བའི་ཐད་ནས་ངོ་སྤྲོད་ཀྱི་ལས་རིམ་ཞིག་སྔོན་སོང་གིས། དེ་རིང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་གྱི་ལས་གཞི་དེ་དངོས་སུ་འགོ་འཛུགས་གནང་ཡོད་པ་དང་། ཐེ་ཝན་ཁུལ་གྱི་གསར་ཁང་དང་རླུང་འཕྲིན་ཁང་སོགས་ཀྱིས་ཀྱང་ལས་གཞི་འདིར་དོ་སྣང་ཆེན་པོའི་ཐོག་ནས་ལས་རིམ་བཟོས་ཡོད་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས་ངོ་ལོ་ཉི་ཤུ་ལྷག་ལ་ཐེ་ཝན་གྱི་ཁུལ་དུ་བོད་དོན་གྱི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་ཀྱང་། དེ་རིང་གི་པར་རིས་འགྲེམས་སྟོན་གྱི་ལས་འགུལ་དེ་ནི་གསར་གཏོད་ཀྱི་རྣམ་གྲངས་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད། མང་ཚོགས་ཀྱི་ཁྲོད་དུ་བོད་དོན་གྱི་སྐོར་ལ་ཤེས་རྟོགས་གང་འཚམས་ཡོད་ཀྱང་ལས་གཞི་དེ་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་འཐབ་རྩོད་ཀྱི་གནས་བབ་དེར་ཞིབ་ཚགས་ཀྱིས་རྒྱུས་མངའ་ཟབ་མོ་བྱུང་ཡོད་རབས་བརྗོད་མཁན་མང་པོ་བྱུང་ཡོད་པར་འགྲེལ་བརྗོད་ཀྱིས། ལས་འགུལ་དེ་ཧ་ཅང་གི་ཐུགས་ཕན་སོས་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་། གཞི་རྩའི་དེ་རིང་གི་པར་རིས་འགྲེམས་སྟོན་གྱི་ལས་གཞི་དེ་ནི་ཐེ་ཝན་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་ཤིག་གིས་དངོས་སུ་ཆུ་ཚོད་དང་མ་དངུལ་ཆེད་གཏོང་གིས་བོད་དོན་འཐབ་རྩོད་པ་རེ་རེའི་པར་རིས་ལག་བྲིས་གནང་སྟེ། ཁོང་གི་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་གྱི་ལོ་རྒྱུས་ཕྱོགས་བསྡུས་གནང་བ་ཞིག་ཆགས་ཡོད་པ་དང་། རི་མོ་བ་ཁོང་གིས་བོད་འཐབ་རྩོད་པ་ཙམ་མ་ཡིན་པར། བཙན་བྱོལ་ནང་གི་ན་ཆུང་བུ་མོ་ཞིག་གིས་ལག་ཏུ་སྒྲོན་མེ་ཐོགས་པའི་པར་རིས་ཤིག་ཀྱང་བྲིས་གནང་སྟེ། པར་རིས་དེ་ནི་བོད་མི་རྣམས་ཀྱི་རང་དབང་འཐབ་རྩོད་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་རྣམ་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག

སེང་འབྲུག་སྟག་རྩེ་སློབ་གྲྭའི་དྭ་ཕྲུག་སློབ་མར་སློབ་ཞུགས་ཀྱི་ངལ་འཕྲད།

རྒྱ་ནག་གཞུང་གིས་འདི་ལོའི་ཟླ་བ་བདུན་པའི་ཚེས་ ༨ ཉིན། གཞུང་འབྲེལ་གྱི་ཐོག་ནས་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་སློབ་གྲྭར་བཙན་བཀའ་བཏང་ནས་དངོས་སུ་སྒོ་རྒྱག་ཏུ་བཅུག་སྟེ། སློབ་ཁོངས་དེར་སློབ་ཞུགས་བྱས་ཡོད་པའི་སློབ་ཕྲུག་རྣམས་རྒྱ་ནག་གཞུང་ལ་དེབ་སྐྱེལ་བྱས་ཡོད་པའི་སློབ་ཁོངས་སོ་སོར་སློབ་འཇུག་བྱེད་དགོས་བའི་སྐུལ་མ་བཏང་ཡོད་ཀྱང་། ད་ཆ་དྭ་ཕྲུག་མང་པོ་ཞིག་ལ་ཐོབ་ཐང་ལག་འཁྱེར་མེད་སྟབས་གཞུང་འབྲེལ་གྱི་སློབ་ཁོངས་སུ་ངོས་ལེན་མ་བྱས་པར་སློབ་འཇུག་གནང་ཐུབ་ཀྱི་མེད་པར་དཀའ་ངལ་འཕྲད་བཞིན་པ་རེད་འདུགཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་གནས་ལྟ་ཞིབ་ཁང་གིས་བཏང་བའི་གནས་ཚུལ་འདོན་སྤེལ་བྱས་པའི་ནང་དུ། རྒྱ་ནག་གིས་བོད་ཁུལ་གྱི་སྒེར་གཉེར་གྱི་སློབ་གྲྭ་ཁག་ལ་བཙན་བཀའ་བཏང་ནས་སློབ་གྲྭ་ཁག་དངོས་སུ་སྒོ་རྒྱག་ཏུ་བཅུག་པའི་སེང་འབྲུག་སྟག་རྩེ་སློབ་གྲྭའི་ཁོངས་སུ། སློབ་མ་མང་ཆེ་བ་དྭ་ཕྲུག་ཡིན་པ་དང་དེ་བཞིན་ཁག་ཅིག་མགོ་ལོག་ས་གནས་རང་ནས་མིན་པར་རྫ་ཆུ་ཁ་བ་དང་སྡེ་དགེ་སོགས་ཀྱི་ས་ཁོངས་ནས་ཡིན་སྟབས། སློབ་མ་དེ་དག་མགོ་ལོག་དར་ལག་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་སློབ་འཇུག་བྱེད་མ་ཐུབ་པར་ལྷག་ཡོད་པ་རེད་འདུག སྤྱིར་རྒྱ་ནག་གིས་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་བཙན་དབང་གིས་སྒོ་བརྒྱབས་རྗེས་སློབ་ཟུར་ཞིག་གིས་སྙན་ཞུ་ཞིག་བྲིས་བའི་ནང་། སེང་འབྲུག་སྟག་རྩེ་སློབ་གྲྭ་དེ་ནི་བོད་ཀྱི་ཆོས་རིག་གི་ལྟེ་གནས་ཤིག་ཡིན་པ་མ་ཟད། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་རྣམས་ཀྱི་མ་འོངས་བའི་ཕུགས་འདུན་བཅོལ་ས་ཡིན་པར་གསུངས་ཏེ་སློབ་གྲྭ་དེ་སྒོ་མི་རྒྱག་རྒྱུའི་རེ་ཞུ་གནང་ཡོད་ཀྱང་། རྒྱ་ནག་གིས་མང་ཚོགས་ཀྱི་མངོན་འདོད་ལ་ལྟོས་མེད་ཀྱིས་ཁྲིམས་སྒྲིག་གི་གསལ་བཤད་གང་ཡང་མེད་པར་སློབ་གྲྭ་དེ་དངོས་སུ་སྒོ་བརྒྱབས་པ་མ་ཟད།  ད་ཆ་སློབ་གྲྭ་དེའི་རྒྱུ་དངོས་སོགས་ཀྱི་བདག་དབང་ལ་ཡང་གསལ་ཁ་གང་ཡང་མེད་པར་ལྷག་ཡོད་པར་ཡོངས་གྲགས་གནང་ཡོད་པ་རེད།སློབ་ཕྲུག་རྣམས་ལ་ཐོབ་ཐང་ལག་འཁྱེར་མེད་པ་དང་ས་ཁོངས་སོགས་ཀྱི་དེབ་སྐྱེལ་གྱི་ཡིག་ཆ་མེད་པ་སོགས་ཀྱི་དཀའ་ངའ་འོག་སློབ་འཇུག་བྱེད་ཀྱི་མེད་པ་དང་། རྒྱ་ནག་གིས་སེང་འབྲུག་སྟག་རྩེ་སློབ་གྲྭའི་ལག་འཁྱེར་ཡང་ཁས་ལེན་མ་བྱས་པར་རྩིས་མེད་བཏང་བ་མ་ཟད།  སློབ་གྲྭ་དེའི་དགེ་ལས་ཡོངས་རྫོགས་རྒྱ་ནག་གི་གསང་ཞིབ་འོག་བཅུག་སྟེ་རྟོག་ཞིབ་ནན་མོ་བྱས་ནས་སློབ་ཕྲུག་རྣམས་ལ་རོགས་རམ་བྱེད་དུ་འཇུག་གི་མེད་པའི་ཁར། དུས་རྒྱུན་ནས་དགེ་ལས་རྣམས་ཀྱི་ཁ་པར་ལ་ཞིབ་བཤེར་གྱིས་སུན་གཙེར་བྱེད་བཞིན་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག Free Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྒེར་གཉེར་གྱི་སློབ་གྲྭ་ཁག་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་པ་དེ་ཡིས་རྒྱ་ནག་གི་གསལ་ཁ་མེད་པའི་སྐད་གཉིས་སློབ་གསོའི་ཁྲིམས་སྒྲིག་དང་སྲིད་བྱུས་ཀྱི་འོག་ཏུ་བོད་རིགས་མང་ཚོགས་ཀྱིས་རང་གི་སྐད་ཡིག་ལ་སློབ་སྦྱོང་བྱེད་རྒྱུའི་གཞི་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་པར་མང་ཚོགས་ཀྱིས་སེམས་འཚབ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་བོད་ཀྱི་སྐད་ཡིག་ཟབ་ཁྲིད་གནང་བཞིན་པ་ཁག་ཀྱང་ཁྲིམས་འགལ་ཡིན་ལུགས་འགྲེལ་བརྗོད་བྱས་པ་དང་ལྷན་དུ། དགོན་པ་གྲྭ་ཚང་ཁག་ཏུ་སྐད་ཡིག་སློབ་ཁྲིད་ཀྱི་ཚབ་ཏུ་དམར་ཤོག་སྲིད་གཞུང་གི་ལོ་རྒྱུས་སྦྱོང་བརྩོན་བྱེད་དུ་འཇུག་བཞིན་པ་སོགས་ཀྱི་མཚོན་པའི་བོད་བརྒྱུད་ནང་བསྟན་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཡོད་པ་མངོན་གསལ་གནང་འདུག རྩ་བའི་དེ་སྔོན་ཉེ་སྔོན་རྒྱ་ནག་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་རྒྱག་ཏུ་བཅུག་སྐབས། དགེ་ལས་རྣམས་ཀྱི་ཚེ་སྲོག་རང་ལག་དུ་ཡོད་དུས་སློབ་གྲྭ་དེ་རྒྱག་ཏུ་བཅུག་པའི་གནད་དོན་ཕྱིར་བསྒྲགས་བྱས་པ་ཡིན་ན། རང་རང་གི་མདུན་ལམ་ལ་ཉེན་ཁ་ཡོད་པའི་ཐད་ནས་ཉེན་བརྡ་བཏང་ཡོད་པ་མ་ཟད།  སློབ་གྲྭ་དེའི་སྐད་ཡིག་གི་དགེ་རྒན་རིན་ཆེན་སྐྱིད་ལགས་ཀྱང་གནད་དོན་དེ་དང་འབྲེལ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།སྤྱིར་མདོ་སྨད་མགོ་ལོག་དར་ལག་རྫོང་གི་ས་གནས་གཞུང་ནས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གོང་རིམ་གྱི་བཀའ་མངགས་འོག རྫོང་དེའི་ནང་རྟེན་གཞི་བྱས་པའི་སེང་འབྲུག་སྟག་རྩེ་སློབ་གླིང་གི་གཙོ་བྱས་པའི་སྒེར་གཉེར་གྱི་སློབ་གྲྭ་ཁག་ཅིག་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་ཡོད་པ་རེད། སེང་འབྲུག་སྟག་རྩེ་སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༩༨ ལོར་མཁན་སྤྲུལ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་གསར་འཛུགས་གནང་ཞིང་། ཐོག་མར་སློབ་གྲྭ་དེར་དར་ལག་རྫོང་ཁོངས་ཀྱི་ཡུལ་ཚོ་དགུའི་ནང་གི་ད་ཕྲུག་སློབ་མ་གསར་བསྡུ་གནང་ནས་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། ཕྱིས་སུ་ཐེ་ཝན་དུ་ཡོད་པའི་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ལགས་ཀྱིས་སྦྱིན་བདག་གི་འོག་ནས་སློབ་གྲྭ་རྒྱ་བསྐྱེད་གནང་སྟེ། དར་ལག་རྫོང་ཁོངས་སུ་བོད་སྐད་བོད་ཡིག་གཙོ་བོར་བཟུང་བའི་ཤེས་ཡོན་ལྟེ་གནས་ཆེ་ཤོས་ཤིག་ཏུ་གྱུར་ཏེ། མི་ལོ་ཉི་ཤུ་རྩ་གྲངས་ཀྱི་རིང་ལ་སློབ་མ་མང་པོ་སྐྱེད་སྲིང་གིས་མགོ་ལོག་ཁུལ་དུ་སྐད་གྲགས་ཆེས་ཆེར་ཡོད་པའི་སློབ་གླིང་ཞིག་ཆགས་ཡོད་པ་རེད་འདུག

རྫ་དབོན་པོའི་གནས་སྟངས་གིས་ལོ་ངོ་དྲུག་ཅུ་རྗེས་སུའང་རྒྱ་གཞུང་གིས་བོད་ཐོག་ཁྲིམས་འགལ་གྱིས་དབང་བསྒྱུར་བྱས་པ་མངོན་གསལ།

ཨ་རི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉེ་ཆར་རྒྱ་ནག་གཞུང་གིས་རྫ་དབོན་པོ་ནང་དུ་བོད་མི་ཕོན་ཆེ་ཞིག་འཛིན་བཟུང་དང་ས་གནས་སུ་དམ་དྲག་གནས་སྟངས་ཐོན་པར་ཐུགས་འཚབ་དང་འབྲེལ་ཏེ་ད་ལྟ་རྒྱ་ནག་གཞུང་གིས་རྫ་དབོན་པོ་ཁུལ་དུ་བོད་མི་མང་དག་ཅིག་འཛིན་བཟུང་བྱེད་བཞིན་པའི་གནད་དོན་དེས་ལོ་ངོ་དྲུག་ཅུ་རྗེས་སུའང་རྒྱ་གཞུང་གིས་བོད་ཐོག་ཁྲིམས་འགལ་གྱིས་དབང་བསྒྱུར་བྱས་པ་མངོན་གསལ་ཆགས་ཀྱི་ཡོད་པ་གསུངས་འདུགཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ད་ལྟ་བར་དུ་རྒྱ་ནག་གཞུང་གིས་རྫ་སྨད་དབོན་པོ་ཁུལ་དུ་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བ། དེ་བཞིན་ཕྱི་ཕྱོགས་སུ་འབྲེལ་བ་གནང་བ་སོགས་ཀྱི་ཉེས་འཛུགས་སྣ་ཚོགས་འོག་ ༢༠༡༩ ཟླ་ ༡༡ ནས་ད་བར་བོད་མི་ ༡༥༨ ཙམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་དང་དུས་ད་ལྟའང་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་དྲག་གནོན་དང་འཇིགས་སྐུལ་གྱི་ཁོར་ཡུག་སྐྲུན་བཞིན་ཡོད་པར་ཐེར་འཐོན་གནང་སྟེ། རྫ་སྨད་དབོན་པོ་ཁུལ་གྱི་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་ཡོད་སྐོར་དང་སྦྲགས་ནས་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་གནང་བ་ནི་ཁྲིམས་འགལ་གྱི་ལས་དོན་ཞིག་རྩ་བ་ནས་མིན་པ་མ་ཟད་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་དེ་དག་གོང་འཕེལ་དང་སྲུང་སྐྱོབ་ཞུ་དགོས་པ་ལས་ཆད་པ་འགེལ་རྒྱུའི་བྱ་སྤྱོད་ཅིག་བས་ཀྱང་མིན་པར་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་རྫ་དབོན་པོ་ཁུལ་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ངོས་ལེན་རྩ་བ་ནས་མེད་པ་དང་། དེ་དག་འཕྲལ་དུ་མཚམས་འཇོག་བྱེས་དགོས་པ་གསུངས་འདུག   ལོ་རྗེས་མའི་རྒྱ་ནག་གི་དགུན་དུས་ཨོ་རྩད་འགྲན་ཚོགས་དང་འབྲེལ་ཏེ་རྒྱ་གཞུང་གིས་ཨོ་རྩད་འགྲན་ཚོགས་བརྒྱུད་ནས་རྒྱལ་སྤྱིའི་ཁྲོད་རང་ཉིད་ཀྱི་ཆེ་མཐོང་གོང་འཕེལ་གཏང་ཐབས་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་རྒྱ་གཞུང་ལ་རྩེད་འགྲན་ཚོགས་སྐབས་དང་རྩེད་འགྲན་གྱི་སྔོན་བཅས་གང་རུང་ལ་དམ་དྲག་འཕར་མ་བྱ་རྒྱུ་མེད་པར་གནོན་ཤུགས་ནན་པོ་སྤྲོད་གོས་གལ་ཡིན་པར་གསུངས་འདུག་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་གནད་དོན་སེལ་ཆེད་དམ་དྲག་འཕར་མ་བྱ་རྒྱུ་ལས་ལྡོག་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་དོན་དམ་གྱི་གྲོས་མོལ་གནང་དགོས་པ་གསུངས་ཡོད།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༡༩ ནས་བཟུང་སྟེ་ད་བར་རྫ་སྨད་དབོན་པོ་ཁུལ་གྱི་གནས་ཚུལ་ཕྱོགས་བསྡོམས་གནང་བར་དེ་སྔ་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡༡ ནང་དུ་དགེ་འདུན་པ་དང་མི་སྐྱ་ཁག་ཅིག་གིས་ས་གནས་སྲིད་གཞུང་གི་སྒོ་ཁར་བོད་དོན་ཡིག་ཆ་འགྲེམས་སྤེལ་དང་སྐད་འབོད་གནང་བའི་རྐྱེན་གྱིས་སྐབས་དེར་དགེ་འདུན་པ་ ༥ དང་མི་སྐྱ་ ༢ འཛིན་བཟུང་བྱས་ཡོད་པ་དང་དེ་རྗེས་བོད་མིའི་ངོ་རྒོལ་གྱི་གནས་ཚུལ་སྤེལ་བའི་དོགས་གཞིའི་འོག་ལོ་འདིའི་ཕྱི་ཟླ་ ༡༢ བར་ས་གནས་བོད་མི་ ༣༠ ཙམ་འཛིན་བཟུང་བྱས་ཡོད་པ། དེ་བཞིན་ཕྱི་ཟླ་ ༡༡ ནང་དུ་འཛིན་བཟུང་བྱས་པའི་དགེ་འདུན་པའི་ཁྲོད་ནས་གྲྭ་བསྟན་འཛིན་ཉི་མ་ལགས་ཕྱི་ཟླ་ ༡ པོའི་ཟླ་དཀྱིལ་དུ་མནར་གཅོད་ཚད་མེད་བཏང་སྟེ་བཙོན་ཁང་ནང་དུ་དམར་བསད་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།སླར་ཡང་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་གི་དྲག་ཆས་དམག་མི་བསླེབས་ནས་དམ་དྲག་བྱས་པ་དང་དེ་རྗེས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ས་གནས་སུ་དྲག་ཆས་དམག་མི་ཕོན་ཆེར་འབྱོར་ཏེ་དེ་སྔ་༸གོང་ས་མཆོག་གི་༸སྐུ་པར་ཉར་མཁན་རྣམ་པ་ཐོ་འགོད་བྱས་པ་གཙོས་བོད་མི་སྐྱ་སེར་ཕོ་མོ་ ༡༡༣ ཙམ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། དེ་བཞིན་ཕྱི་ཟླ་ ༨ མཇུག་ཏུ་རྫ་སྨད་དབོན་པོ་ཁུལ་ནས་དང་པོ་མི་ ༦༠ དང་དེ་རྗེས་ ༥༣ དེ་རྗེས་ཟླ་བ་འདིའི་ཚེས་ ༣ ཉིན་མི་ ༨ བཅས་ད་བར་ཤེས་རྟོགས་བྱུང་བ་ཁྱོན་བོད་མི་ ༡༢༡ ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁོངས་ནས་ད་བར་བོད་མི་ ༤ གློད་བཀྲོལ་བཏང་ཡོད་པ་མ་གཏོགས་གཞན་རྣམས་མུ་མཐུད་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱེད་མུས་ཡིན་པ་རེད།

བོད་རིག་དམར་ཤོག་ཚོགས་པའི་ལས་བྱེད་མཐོ་གྲས་གསུམ་ལས་གནས་ནས་ཕྱིར་འབུད།

རྒྱ་ནག་གཞུང་གིས་བོད་ནག་ཆུ་དང་གཞིས་ཀ་རྩེ། མཚོ་སྔོན་ཁུལ་གྱི་ཐུན་ཏེ་རྫོང་བཅས་ཀྱི་བོད་རིགས་དམར་ཤོག་ཚོགས་པའི་ལས་བྱེད་མཐོ་གྲས་གསུམ་ལ་ཏང་གི་ཕུགས་བསམ་གཏོར་ནས་དམ་ཚིག་ཉམས་པ། ཆོས་ལུགས་ལ་དད་པ་ཞུ་བར་ཏང་གི་འགན་འཁུར་མ་བསྒྲུབ་པ་སོགས་ཀྱི་ཉེས་འཛུགས་སྣ་ཚོགས་འོག་ལས་གནས་ནས་ཕྱིར་འབུད་བཏང་བ་མ་ཟད་ལས་བྱེད་པ་དེ་དག་གི་རྒྱུ་དངོས་རྣམས་ཀྱང་གཞུང་བཞེས་བཏང་འདུག ཉེ་ཆར་རྒྱ་ནག་གཞུང་གི་ Weixin བརྒྱུད་ལམ་ཐོག་བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བ་དང་ལྷག་པ་སོ་སོར་གནས་ཚུལ་ཐོན་པར་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཐུན་ཏེ་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པ་ལྕགས་མཐར་འབུམ་དང་བོད་རང་སྐྱོང་ལྗོང་ཟེར་བའི་ནག་ཆུ་ས་ཁུལ་གྱི་ནག་ཆུ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་འགན་འཛིན་ཟླ་བ་དོན་གྲུབ། དེ་བཞིན་གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ཀྱི་དིང་རི་རྫོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་བུ་ཆུང་ཚེ་རིང་བཅས་སྒེར་སོ་སོའི་ད་ལྟའི་ལས་གནས་དང་དམར་ཤོག་ཚོགས་པའི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། ལྐོག་ཟ་སོགས་ཀྱི་གྱོད་དོན་འོག་ཞིབ་བཤེར་བཀག་ཉར་བྱས་པ་དང་དེ་དག་གི་རྒྱུ་དངོས་རྣམས་གཞུང་བཞེས་བཏང་ཡོད་པ་རེད། ཉེ་ཆར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ད་རེས་ཀྱི་གནད་དོན་དེ་ནས་རྒྱ་ནག་གི་ཁྲིམས་དེ་དག་ཆབ་སྲིད་ཀྱི་ལག་ཆ་ཡིན་པ་མ་གཏོགས་དོན་དམ་ཐོག་ཁྲིམས་མེད་ལུགས་མེད་ཡིན་པར་མངོན་གསལ་ཆགས་ཡོད་པ་མ་ཟད། དེང་སྐབས་རྒྱ་གཞུང་གིས་བོད་ནང་གི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་ཀྱི་གནད་དོན་ཐོག་སེམས་འཁུར་བཞེས་མཁན་གྱི་ནུས་འཇོན་ལྡན་པའི་གང་ཟག་རྣམས་རིམ་བཞིན་མེད་པ་བཟོ་བཞིན་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ཡོད། ད་རེས་བོད་མི་གསུམ་ལ་ཏང་གི་ཕུགས་བསམ་མ་བསྒྲུབ་པ་ཞེས་པ་དེ་རྒྱུ་མཚན་གཙོ་བོར་བཟུང་ནས་ཉེས་འཛུགས་གཡོགས་པ་ཞིག་ཡིན་སྟབས། རྒྱ་གཞུང་གི་ལས་བྱེད་གང་ཟག་གཅིག་ཡིན་ཀྱང་མི་མང་གི་ཕུགས་བསམ་བསྒྲུབ་རྒྱུ་དེ་གནད་ཆེ་ཡིན་པས་ཏང་གི་ཕུགས་བསམ་མ་བསྒྲུབ་པ་ཞེས་པ་དེས་རྒྱ་ནག་གི་དབང་ཆ་གཅིག་སྤྱོད་སྒེར་འཛིན་གྱི་སྲིད་བྱུས་མངོན་གསལ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་། སྤྱིར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་རིམ་པ་ཐོན་པའི་ནང་འདི་ལོའི་ཕྱི་ཟླ་ ༡ ནས་ ༩ བར་རྒྱ་གཞུང་གིས་ལྐོག་ཟ་དང་གཡོ་ལེན་སོགས་ཀྱི་ནག་ཉེས་དོགས་ཡོད་མི་སྣ་ཁྲི་གསུམ་ལྷག་འཛིན་བཟུང་བྱས་ཡོད་སྐོར་འཁོད་ཡོད་ཀྱང་། འཛིན་བཟུང་བྱས་ཟིན་པའི་མི་སྣའི་ཁོངས་སུ་བོད་མི་མི་ཉུང་བ་ཞིག་ཡོད་པ་དང་མི་རིགས་གཞན་ཇི་ཙམ་ཡོད་མེད་སོགས་གསལ་བཀོད་མེད་པ་རེད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་འགྲུབ་ལགས་སྐུ་གྲོངས་འདུག

ཨ་མདོ་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་བོད་ཀྱི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་འགྲུབ་ལགས་རྒྱ་ནག་གི་བཙོན་གྲོལ་ཐོབ་རྗེས་ནད་གཅོང་དུ་གྱུར་ཏེ་ཁ་སང་ཁྲིན་ཏོའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་དུ་སྐུ་གྲོངས་བའི་གནས་ཚུལ་ཐོན་འདུགགཞི་རྩའི་རྩོམ་པ་པོ་ཁོང་གི་དངོས་མིང་ལ་རྭ་ཚེ་རིང་དོན་གྲུབ་དང་སྨྱུག་མིང་ལ་ཤིང་ལོ་དམར་པོ་འབོད་ཀྱི་ཡོད་པ་ཁོང་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་རོང་ཐ་དགོན་པའི་དགེ་འདུན་པ་ཡིན་འདུག་པ་དང་ཁོང་ནི་སྔ་རྗེས་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་ཡིན་པ་མ་ཟད་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ལོའི་བྱུང་བ་དངོས་བྲིས་ཀྱི་དཔེ་དེབ་གསོན་མིག་ཅེས་པ་ཞིག་ལས་རོགས་ཁག་ཅིག་དང་ལྷན་དུ་པར་སྐྲུན་བྱས་རྐྱེན་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གིས་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་འཇུག་བྱས་ཡོད་པ་རེད། དེ་རིང་འདི་གའི་རླུང་འཕྲིན་ཁང་ལ་ཨོ་གླིང་དུ་བཞུགས་པའི་ཆབ་སྲིད་བཙོན་ཟུར་རམ། འདས་བོ་ཚེ་རིང་དོན་འགྲུབ་ལགས་ཀྱི་རྩོམ་སྒྲིག་ལས་རོགས་གནང་མྱོང་མཁན་ཤེལ་དགེ་འདུན་ཚེ་རིང་ལགས་ཀྱིས་ཆབ་སྲིད་བཙོན་ཟུར་ཁོང་ཁ་སང་སྐུ་གྲོངས་བའི་ཐད་ནས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཁོང་ནི་དུས་རྒྱུན་ནས་རྩོམ་ཡིག་དང་རི་མོ་འབྲི་མཁན་ཞིག་ཡིན་པ་མ་ཟད། དུས་རྒྱུན་ནས་བོད་སྤྱི་བའི་ལས་དོན་ལ་སེམས་ཁུར་གནང་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པ་དང་། རྗེས་སུ་བཙོན་གྲོལ་ཐོབ་རྗེས་ཁོང་ལ་མཆིན་ནད་ཕོག་ནས་སྨན་བཅོས་རིམ་པ་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་ཁ་སང་སྐུ་ཚེ་མ་ཟིན་པར་གྲོངས་ཡོད་པར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་ལ་མཆིན་ནད་ཕོགས་དོན་དེ་བཙོན་འཇུག་སྐབས་སུ་སྨན་བཅོས་ལྟ་སྐྱོང་དང་བཟའ་བཏུང་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བཀའ་འདྲི་ཞུས་པར་ཁོང་གིས། དུས་རྒྱུན་ཁོང་ལྟ་རྟོག་གི་འོག་ཡོད་སྟབས་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་ཐབས་མ་བྱུང་ཡང་། བོད་ཁུལ་གྱི་ཆབ་སྲིད་བཙོན་པ་སྤྱི་ཡོངས་ཀྱི་འཕྲོད་བསྟེན་གྱི་གནས་བབ་ཆ་ནས་མཁལ་མ་དང་མཆིན་པ་ནད་གཅོང་དུ་འགྱུར་བཞིན་པ་དེ་གཅིག་མཚུངས་ཡིན་སྟབས་ཁོང་གི་གནས་སྟངས་ཀྱང་དེ་ལྟ་བུ་ཞིག་གི་འོག་ནས་འདས་གྲོངས་སུ་གྱུར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་དངོས་ཡོད་གནས་ཚུལ་ལ་ཁ་ཚོན་བཤད་ནས་བརྗོད་དཀའ་བར་གསུངས་སོང་། གཞན་ཡང་དགེ་འདུན་ཚེ་རིང་ལགས་ཀྱིས་འདས་བོ་ཁོང་དང་མཉམ་དུ་རྩོམ་སྒྲིག་གི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་པས་ཆ་ནས་ཁོང་སྐུ་ཚེ་མ་ཟིན་པའི་གནས་སྟངས་དེ་ཐོས་འཕྲལ་ཡིད་སེམས་སྐྱོ་བའི་གནས་སུ་ལྷུང་སྐོར་དང་འབྲེལ་ནས། བོད་ཁུལ་གྱི་ཆབ་སྲིད་ཀྱི་བཙོན་པ་སྤྱི་ཡོངས་གློད་གྲོལ་ཐོབ་ཀྱང་གཟུགས་པོར་མཐོང་ཆོས་སུ་ཡོད་པའི་རྨ་ཁ་དེ་འདྲ་མེད་ནའང་ག་ལེར་འདས་གྲོངས་སུ་འགྲོ་རྒྱུ་ཉག་གཅིག་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དེ་ཕྱོགས་གཞན་ཞིག་ནས་ཆབ་སྲིད་བཙོན་པ་ཡོངས་ཀྱི་རྒྱུན་ལྡན་གྱི་གནས་བབ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཚུལ་ངོ་སྤྲོད་གནང་སོང་། གཞི་རྩའི་ཁ་སང་འདས་གྲོངས་སུ་ཕྱིན་མ་ཐག་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་ཁོང་གི་དངོས་མིང་ལ་རྭ་ཚེ་རིང་དོན་གྲུབ་ ལགས་ནི་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་རོང་ཐ་དགོན་པའི་དགེ་འདུན་པ་དང་སྙུག་མིང་ལ་ཤིང་ལོ་དམར་པོ་འབོད་ཀྱི་ཡོད་ པ་དང་བཙོན་གྲོལ་ཐོབ་རྗེས་ཀྱང་རྔུལ་ཁྲག་ཅེས་པའི་དཔེ་དེབ་ཅིག་བརྩམས་ཡོད་འདུག

ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་སེམས་འཚབ་ཀྱི་སྙན་ཐོ་འདོན་སྤེལ།

ཁ་སང་ཡུ་རོབ་གྲོས་ཚོགས་ཀྱིས་ཡུ་རོབ་དང་རྒྱ་ནག་གི་འཐབ་བྱུས་ཁྲོད་རྒྱ་ནག་གིས་བོད་ནང་དུ་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པར་སེམས་འཚབ་དང་འབྲེལ་ནས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་ཕྱི་ལོག་གི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་རྣམས་རང་དབང་གི་སྒོ་ནས་བོད་ཁུལ་དུ་གཏོང་དགོས་བའི་སྐུལ་མ་གནང་འདུགགཞི་རྩའི་ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་དང་འབྲེལ་བའི་སྙན་ཐོ་དེ་ནི་ཡུ་རོབ་ཁུལ་གྱི་བྷེལ་ཇམ་གྱི་གྲོས་ཚོགས་འཐུས་མི་ Hilde Vautmans ལགས་ཀྱིས་རྩ་འཛིན་དྲུག་གི་སྒང་ནས་ཆེད་འདོན་གནང་བ་ཞིག་ཡིན་ཞིང་། རྩ་འཛིན་དེ་དག་གི་ནང་དུ། རྒྱ་ནག་གིས་བོད་ཁུལ་དུ་ངལ་རྩོལ་སྒྱུར་བཀོལ་ཚད་མེད་བྱེད་བཞིན་པ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་ལ་སྟངས་འཛིན་བྱེད་བཞིན་པ་སོགས་དང་འབྲེལ་ནས། རྒྱ་ནག་གིས་འཛམ་གླིང་ཀུན་ཁྱབ་ཀྱི་རིན་ཐང་དང་རྒྱལ་སྤྱིའི་ལམ་ལུགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་མཐོང་སྤྲོད་དགོས་བའི་གནད་དོན་ཁག་ཅིག་འཁོད་ཡོད་འདུགསྙན་ཐོ་དེའི་ནང་དུ། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གིས་བོད་ནང་ཙམ་དུ་མ་ཟད། ཤིན་ཅང་མི་མང་དང་ནང་སོག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡང་ཚབས་ཆེན་གྱི་རྡོག་རོལ་གཏོང་བཞིན་པ་མངོན་གསལ་གནང་བ་དང་འབྲེལ་ནས། རྒྱ་ནག་གིས་ངེས་བར་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་འགན་དབང་ལ་གུས་བརྩི་ཡོད་པའི་ཐོག་ནས་མི་མང་གི་ཐོབ་ཐང་ལ་ བརྩི་བཀུར་ཞུ་དགོས་བའི་འབོད་སྐུལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཀྱི་སྲིད་བྱུས་ཀྱི་འགན་འཛིན། སྐུ་ཞབས་ Vincent Metten ལགས་ཀྱིས་ཡུ་རོབ་ཀྱི་བོད་དོན་གྱི་སྙན་ཐོ་དེ་འདོན་སྤེལ་གནང་བར་དགའ་བསུ་ཞུས་པ་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ནང་གི་ངལ་རྩོལ་བསྒྱུར་བཀོལ་གྱི་གནད་དོན་དང་བླ་སྤྲུལ་ངོས་འཛིན་སོགས་ཀྱི་གནད་དོན་མངོན་གསལ་དོད་པའི་གླེང་སློང་བྱས་པ་དེ་ནི་གནད་འགག་ཆེན་པོ་ཞིག་ཡིན་ཚུལ་དང་འབྲེལ་ནས། རྒྱ་ནག་གིས་བླ་སྤྲུལ་ངོས་འཛིན་ལ་ཐེ་གཏོགས་བྱེད་བཞིན་པ་དེ་ནི་གཙོ་བོ་༸གོང་ས་མཆོག་གི་ཡང་སྲིད་ལ་དམིགས་ཡོད་པ་ཞིག་ཡིན་པར་མངོན་གསལ་གནང་འདུགདེ་བཞིན་ལས་འགུལ་ཁང་གིས་ཉེ་བའི་ལོ་འགའི་རིང་ནས་བཟུང་རྒྱ་ནག་གིས་བོད་ནང་དུ་ཁྲིམས་སྒྲིག་ཁག་འདྲ་མིན་བཟོས་ཏེ་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་དེ་ཁྲིམས་མཐུན་གྱི་ཐོག་ནས་བདག་དབང་རྩོད་ཐབས་ལ་འབད་བརྩོན་དང་མི་མང་གི་གིས་རང་གི་རྩ་བའི་མ་མར་དད་གུས་བྱེད་རྒྱུའི་ཆོས་ལུགས་རང་མོས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག གཞན་ཡང་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོའི་ནང་དུ། རྒྱ་ནག་གིས་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་མི་སྣ་རྣམས་རྒྱ་ནག་ཏུ་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་བྱས་པ་ཁག་ཕྱིར་འཐེན་མ་བྱས་བར་དུ་ཡུ་རོབ་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་གྱི་གན་ཡིག་ཁག་ལག་བསྟར་བྱེད་ཐབས་མེད་པའི་ཉེན་བརྡ་བཏང་བ་མ་ཟད། རྒྱ་ནག་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་རྒྱ་ནག་ཏུ་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་གྱི་གནད་དོན་དེ་ནི་ཁྲིམས་ལུགས་ཀྱི་གཞི་རྩ་གང་ཡང་མེད་པར། རྒྱ་ནག་གིས་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་ཡུ་རོབ་ཀྱིས་གླེང་སློང་མི་བྱེད་རྒྱུར་དམིགས་པ་ཞིག་ཡིན་པར་གསལ་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཉམ་མཐུན་གྱི་ཐོག་ནས་རྒྱ་ནག་གི་ལམ་ལུགས་སྤྱི་ཡོངས་ལ་གོ་རྟོགས་ཡོང་ཆེད་རང་དབང་ལྡན་པའི་ཚོགས་སྐྱིད་ཁག་དང་གྲོས་ཚོགས་འཐུས་མི། དེ་བཞིན་ཆེད་མཁས་བ་རྣམས་ཀྱིས་མཉམ་འཛོམས་ཀྱི་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ཡར་རྒྱས་གོང་འཕེལ་ཡོང་ཐབས་སུ་དམིགས་བསལ་གྱི་འཐབ་བྱུས་གསར་རྩོམ་གྱིས་རྒྱ་ནག་ལ་གནོད་ཤུགས་སྤྲོད་དགོས་བའི་ཞུ་སྐུལ་གནང་འདུག གཞི་རྩའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་གཞིགས་ནས། ཨ་རི་དང་དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ་རྒྱ་ནག་ཏུ་བསྡུ་རྒྱུའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་བྱེད་དགོས་བའི་གྲོས་འཆར་ཡང་བཏོན་ཡོད་པ་ལྟར། ཡུ་རོབ་གྲོས་ཚོགས་ཀྱིས་ཟླ་བ་བདུན་པའི་ནང་དུ།  རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་་དང་འབྲེལ་ནས་ཡུ་རོབ་ཁུལ་གྱི་དཔོན་རིགས་ཁག་དང་ཁུལ་དེའི་ལྟེ་གནས་འདྲ་མིན་གྱི་འཐུས་ཚབ་རྣམས་ཀྱིས་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་འབོད་རྩིས་མེད་ཀྱིས་མཉམ་ཞུགས་མི་གནང་བའི་གྲོས་འཆར་ཞིག་བཞག་ཡོད་པ་ལྟར། རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པ་རེད།

Latest news