Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་དམར་ཤོགས་ཚོགས་པའི་ཚོགས་མི་ཚོས་ཆོས་དད་ལ་དམ་དྲག་ཆེ་རུ་བཏང་འདུག

སྲིད་འཛིན་ཞི་ཅིང་ཕིང་གིས་བཏང་འཛིན་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཀྱི་སྤྱོད་ལམ་དང་འབྲེལ་བའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ཞེས་པ་དེར་བསྐྱར་བཅོས་བྱས་ནས་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཆོས་དད་ལ་དམ་དྲག་ཆེ་རུ་བཏང་འདུག རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དབུས་དམར་ཤོག་ཚོགས་པས་ཉེ་ཆར་ཟླ་བ་འདིའི་ཚེས་ ༢༦ ཉིན་དེ་སྔ་གཏན་འབེབས་ཟིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་བསྐྱར་བཅོས་དང་འབྲེལ་ཏེ་དེའི་ནང་འཁོད་པའི་དོན་ཚན་ ༡༠༠ ལྷག་གི་ནང་ནས་དོན་ཚན་ ༥ ལ་བཅོས་སྒྱུར་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་བརྒྱུད་དམར་ཤོག་ཚོགས་པའི་སྲིད་བྱུས་ལ་གཏོར་བཤིག་གཏང་ཚེ་དོ་བདག་དེ་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་དང་དེ་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་འཛུལ་ཞུགས་བྱེད་མཁན་ཚོགས་མི་གཞན་ཚོའི་ངོས་ནས་ཉེས་པ་ཇི་བསགས་ལ་གཞིགས་པའི་ཉེན་བརྡ་དང་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་བྱས་འདུག རྩ་བའི་དེ་སྔ་གཏན་འབེབས་བྱས་པའི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དེའི་དོན་ཚན་ལྔ་པའི་ནང་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་བརྒྱུད་ཚོགས་པའི་སྲིད་བྱུས་དང་ཐག་གཅོད་ལ་ངོ་རྒོལ་བྱས་པ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏང་ཚེ་དེའི་བྱུས་བཀོད་པ་དང་སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་དམར་ཤོག་ཚོགས་པའི་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་པ་ཙམ་གྱིས་གནས་ཚུལ་ཆེ་ཆུང་ལ་གཞིགས་པའི་ཉེན་བརྡ་གཏང་རྒྱུའམ་ཆད་པ་གཅོད་རྒྱུ་བཅས་འཁོད་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དེའི་ནང་ད་དུང་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ནས་ཆབ་སྲིད་ཀྱི་གཏམ་འཆལ་རིགས་སྤེལ་བའི་བརྒྱུད་དམར་ཤོག་ཚོགས་པའི་མཐུན་སྒྲིལ་ལ་གཏོར་བཤིག་གཏང་ཚེ། དོ་བདག་དེའི་ཉེས་པ་ཇི་བསགས་ལ་གཞིགས་པའི་ཉེན་བརྡ་དང་ཚོགས་པ་ནས་ཕྱིར་འབུད་བྱ་རྒྱུ་ཡིན་པའི་དོན་ཚན་གསར་པ་ཞིག་ཁ་སྣོན་བྱས་འདུག འདི་གའི་གསར་འགོད་པས་གནད་དོན་དེའི་ཐད་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་བསྐྱར་བཅོས་བྱས་པ་དེ་ནི་གཙོ་བོ་དམར་ཤོག་ཚོགས་མི་རྣམས་ཀྱི་སྒྲིག་ཁྲིམས་ཆེས་དམ་དུ་གཏང་རྒྱུར་དམིགས་པ་ཞིག་ཡིན་པ་དང་། ལྷག་དོན་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་སྟེ་བོད་མི་གཙོ་གྱུར་ཡུལ་དེའི་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་བྱེད་ཕྱོགས་ཀྱི་ཐོག་དམིགས་བསལ་བཏང་འཛིན་གྱིས་སྒྲིག་ཁྲིམས་གསར་གཏོད་བྱེད་བཞིན་པ་དེ་དག་བརྒྱུད་ཞི་ཅིང་ཕིང་མུ་མཐུད་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཤུགས་ཆེན་པོར་གནས་ཡོད་པ་མཚོན་གྱི་ཡོད་སྐོར་གསུངས་པ་མ་ཟད། དེ་སྔ་ནང་ཆོས་ཀྱིས་མ་འོངས་པར་རྒྱ་ནག་ཡར་རྒྱས་འགྲོ་རྒྱུར་ཁེ་ཕན་ཡོད་ཚུལ་བརྗོད་པ་དེ་དོན་ངོ་མ་ལག་བསྟར་ལ་ཐུག་སྐབས་ལྡོག་ཕྱོགས་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་མངོན་གྱི་ཡོད་པ་གསུངས་སོང་།

རྒྱ་གཞུང་ལ་དངངས་ཚབ་ཞིག་ཡོད་རྐྱེན་ཁ་བྲལ་བར་རྡུང་རྡེག་གཏོང་དགོས་ཞེས་བརྗོད་ཀྱི་ཡོད།

རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགོ་གཙོ་ Wang Yang ཡིས་ཟླ་བ་འདིའི་ཚེས་ ༢༤ ནས་ ༢༦ བར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་ལས་དོན་རྟོག་ཞིབ་ཆེད་བསྐྱོད་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་ཁོ་པ་རྒྱལ་ས་ལྷ་སར་འབྱོར་སྐབས་ས་གནས་ཡུལ་མི་དང་གྲྭ་བཙུན་རྣམས་ལ་གཏམ་བཤད་ཞིག་སྤེལ་བའི་བརྒྱུད་ས་གནས་བོད་མི་རྣམས་ནས་རྒྱ་ནག་གཞུང་གི་སྲིད་བྱུས་སྤྱི་ལ་རྒྱབ་སྐྱོར་དང་། ལྷག་དོན་རྒྱ་ནག་གི་ཆིག་སྒྲིལ་ནུས་པ། གྲངས་ཉུང་མི་རིགས་ཀྱི་མཐུན་སྒྲིལ། སྤྱི་ཚོགས་ཀྱི་གཏན་ལྷིང་བཅས་ལ་དམིགས་ཏེ་བོད་ནང་གི་ཁ་བྲལ་རིང་ལུགས་པ་རྣམས་ལ་འགོག་རྒོལ་ཤུགས་ཆེ་ཙམ་བྱེད་དགོས་པ་མ་ཟད་དུས་རྟག་ཏུ་བདེ་འཇགས་ཀྱི་སླད་དོགས་ཟོན་དང་གྲ་སྒྲིག་ཨང་གསར་དགོས་ཞེས་བརྗོད་ཡོད་པ་རེད། ས་གནས་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་མཐུན་པ་ཞིག་དགོས་པ་མ་ཟད་གྲྭ་བཙུན་རྣམས་ནས་ཀྱང་སྤྱི་ཚོགས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་སླད་ཁ་བྲལ་བར་གདོང་ལེན་བྱེད་དགོས་ཞེས་ནན་བརྗོད་བྱས་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་ Wang Yang ཡི་གཏམ་བཤད་དང་འབྲེལ་བའི་བཅར་འདྲི་ཞུས་པར་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱུན་དུ་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་གཏམ་བཤད་སྐབས་སུ་བོད་མི་རྣམས་ཁ་བྲལ་བ་ཡིན་པ་དང་། ཁ་བྲལ་བར་རྡུང་རྡེག་བྱེད་དགོས་ཞེས་བཤད་ཀྱང་། དོན་དངོས་ཐོག་བོད་ནང་གཏན་ལྷིང་མེད་པ་དང་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་སྲིད་བྱུས་ཐོག་མི་མང་ཚོ་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་སྟབས། རྒྱ་གཞུང་ལ་དངངས་ཚབ་ཞིག་བྱུང་རྐྱེན་ཁ་བྲལ་བར་རྡུང་རྡེག་གཏོང་དགོས་ཞེས་བརྗོད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་། རྩ་བའི་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད། རྒྱ་ནག་དང་ཁ་བྲལ་མ་ཡིན་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ཡང་ནས་ཡང་དུ་ཁ་བྲལ་བ་ཞེས་པའི་ཐ་སྙད་གཙོ་འཛིན་བརྒྱུད་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་བཅངས་པའི་དད་གུས་དང་། བོད་ནང་༸གོང་ས་མཆོག་གི་མཛད་འཕྲིན་གྱི་ནུས་པ་ཆུང་དུ་གཏོང་ཐབས་ཐོག་འབད་འབུངས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ཉེ་ཆར་བོད་ནང་གི་སློབ་གྲྭའི་དབྱར་ཁའི་གུང་སེང་སྐབས་སུའང་ལྷ་ས་གྲོང་ཁྱེར་གྱི་སློབ་མ་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་མཉམ་ཞུགས་མི་བྱེད་པའི་མིང་རྟགས་བཀོད་བཅུག་པ་སོགས་ཀྱི་བཀག་སྡོམ་དང་དམ་དྲག་རིགས་མུ་མཐུད་བྱེད་བཞིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལྟེ་གནས་ཁག་ལ་བོད་པ་རྫུན་མས་ཁེངས་ཡོད་པ།

དེང་སྐབས་བོད་ནང་རྒྱ་ནག་ནས་རྒྱ་མི་ཧ་ཅང་མང་པོ་ཉིན་རེ་བཞིན་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་དུས་མཚུངས་བོད་ནང་གི་བོད་མིའི་འཚོ་བའི་ཐད་ཉིན་རེ་ལས་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་འདུག འདས་པའི་ལོ་བཞི་ལྔའི་གོང་ནས་བོད་རང་སྐྱོང་ལྗོངས་མངའ་ཁུལ་གྱི་ཡུལ་སྐོར་ལྟེ་གནས་ཁག་ལ་བོད་མི་འགྲོ་བསྐྱོད་ཆོག་པ་དང་ཚོང་གཉེར་བྱེད་ཐུབ་ཀྱི་ཡོད་པ་མ་ཟད་འཚོ་བའི་ཡོང་བབ་ཀྱང་གང་ཙམ་ཡག་པ་ཡོད་ཀྱང་། དེང་སྐབས་དེ་ལས་ལྡོག་པའི་ཡུལ་སྐོར་གྱི་ལྟེ་གནས་དེ་དག་ལ་བོད་མི་ཚོང་གཉེར་བྱེད་ཆོག་གི་མེད་པ་དང་དེའི་ཚབ་ཏུ་ས་གནས་དེ་དག་ལ་རྒྱ་མི་ཚོང་པ་ཤ་སྟག་གིས་ཁེངས་ཡོད་པ་ལས་བོད་མི་མཐོང་རྒྱུ་མེད་པར་གྱུར་ཡོད་པ་རེད་འདུག དཔེར་ན་ཀོང་པོ་དང་ལྷོ་ཁ། བྱང་གནམ་མཚོ་སོགས་བོད་ཀྱི་ཡུལ་སྐོར་ལྟེ་གནས་གལ་ཆེ་ཚང་མ་རྒྱ་མིས་བདག་བཟུང་བྱས་ཡོད་པ་མ་ཟད་རྒྱ་མི་ཚོང་པ་དེ་དག་གི་མིང་ལ་བོད་མིང་བཏགས་པ་དང་བོད་ཆས་གྱོན་ཏེ་བོད་མིར་བརྫུས་ཏེ་ཡུལ་སྐོར་བ་ཚོར་གཡུ་དང་བྱུ་རུ་སོགས་རྒྱན་ཆ་དང་དངོས་ཆས་རྙིང་པའི་རིགས་རྫུན་མ་ཤ་སྟག་ཚོང་གཉེར་བྱས་ནས་མགོ་སྐོར་གཏོང་མུས་ཡིན་པ་རེད་འདུག ལྷག་དོན་བོད་མི་ཚོའི་ལས་ཀ་ཤོར་བ་ཙམ་མ་ཟད་བོད་མིའི་ཆེ་མཐོང་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་འདུག འདི་ལོ་ཟླ་བ་ཁ་ཤས་སྔོན་དྲ་ལམ་ཁག་ཏུ་ལྷ་ས་འམ་གཞིས་ཁ་རྩེ་གང་རུང་ཞིག་ཏུ་ལུས་ལ་ཀོང་པོའི་བོད་ཆས་གཙང་མ་སྤྲས་པའི་གཞོན་ནུ་མ་ཞིག་གིས་རྒྱ་སྐད་ཧ་ཅང་བདེ་པོའི་སྒོ་ནས་རྒྱ་མི་ཡུལ་སྐོར་བ་ཚོར་བོད་དང་བོད་མིའི་སྐོར་ལ་འགྲེལ་བཤད་རྒྱག་བཞིན་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ནང་ཁྱབ་པ་དེར་དྲ་ལམ་ཐོག་བེུད་དེ་ནི་བོད་མིར་བརྫུས་པའི་རྒྱ་མོ་འཁྲུལ་མེད་ཞིག་ཡིན་སྐོར་གླེང་སློང་མང་པོ་བྱུང་ཡོད་པ་རེད། དེང་སྐབས་བོད་ནང་སློབ་གྲྭ་ཆེན་མོ་ཐོན་པའི་བོད་ཕྲུག་ཚོར་ལས་ཀ་མ་རག་པའི་གྲངས་འབོར་ལོ་རེ་བཞིན་འཕར་བཞིན་ཡོད་པ་དང་དེའི་རྒྱུ་མཚན་ནི་བོད་ནང་གནས་སྡོད་རྒྱ་རིགས་སློབ་ཕྲུག་གྲངས་འབོར་དེ་བོད་རིགས་ལས་མང་བ་ཡོད་པ་དང་ལོ་རེ་བཞིན་ལས་ཞུགས་ཡིག་ཚད་ཁག་པོ་གཏོང་བ། ལས་ཀའི་ས་མིག་ཀྱང་རྒྱ་རིགས་ཚོར་མང་བ་སྤྲོད་ཀྱི་ཡོད་སྟབས་ཕ་མ་ཚོས་འགྲོ་གྲོན་འབོར་ཆེན་བཏང་ཏེ་སློབ་གྲྭ་ཆེན་མོ་ཐོན་པའི་བོད་རིགས་སློབ་ཕྲུག་མང་ཆེ་བར་ལས་ཀ་མ་རག་པའི་དཀའ་ངལ་ཡང་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་པར་བརྟེན་སློབ་ཆེན་ཐོན་རྗེས་ལས་ཀ་མ་རག་པའི་བོད་སློབ་ཁྲི་ལྔ་ཡས་མས་ཤིག་ཡོད་པའི་གནས་ཚུལ་ཡང་ཐོན་འདུག དངུལ་གྱི་ཁེ་ཕན་ཡོད་པའི་ས་ཚིགས་ཁག་ཚང་མ་རྒྱ་མི་རིགས་ཀྱིས་བཟུང་ཡོད་ཅིང་ནང་མ་ཁང་དང་ཨར་སོགས་ནང་བོད་མིས་ཁེངས་ཡོད་ཀྱང་རྒྱུན་གཏན་གྱི་སྐད་ཆ་ཡང་བོད་རྒྱ་སྐད་གཉིས་ཀྱི་སྐད་འདྲེས་མའི་ཐོག་ནས་གླེང་མོལ་གནང་གི་ཡོད་སྟབས་བོད་སྐད་གཙང་མ་སྤྱོད་མཁན་དཀོན་པོ་ཆགས་ཡོད་པ་རེད་འདུག

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་དེ་ནི་དྲང་བདེན་ལ་ཁྱད་གསོད་བྱས་པ་ཞིག་རེད།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཞུ་གཏུག་ལ་ངོས་ལེན་མ་བྱས་པ་དང་འབྲེལ། ལོ་ལྔའི་ཁྲིམས་ཐག་རང་སོར་བཞག་སྟབས་བོད་མིས་གཙོས་པའི་རྒྱལ་སྤྱིའི་བོད་དོན་ལས་ཁང་ཁག་གིས་རྒྱ་ནག་གི་ཁྲིམས་ལུགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཁ་ཉིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ Liang Xiajun ལགས་ཀྱིས་རང་གི་ Twitter དྲ་གནས་ཐོག་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་ཐག་སྐོར་གནས་ཚུལ་བརྒྱུད་སྤེལ་བྱས་པ་དང་འབྲེལ་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཞུ་གཏུག་ལ་ངོས་ལེན་མི་གནང་བ་དེ་རྒྱ་ནག་གཞུང་གི་ངོས་ནས་དྲང་བདེན་ལ་ཁྱད་གསོད་བྱས་པ་དང་ཁོང་འཕྲལ་མར་གློད་བཀྲོལ་དགོས་པའི་ཞུ་འབོད་ནན་པོ་གནང་འདུག རྒྱ་གཞུང་གི་ཁྲིམས་ཁང་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་བཅད་ཐོག་ཡིག་ཆ་སྟོན་པའི་ནང་གསལ་ལྟར་ན།   ཁོང་ནས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཐོག་གྲངས་ཉུང་མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་དོ་ཕོག་བཏང་བ་མ་ཟད་རྒྱ་ནག་མི་སེར་གྱི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བརྩི་མེད་བྱས་པར་བརྟེན་ཁོང་གི་ཁྲིམས་རྩོད་པའི་ཞུ་གཏུག་དེར་ངོས་ལེན་མེད་སྐོར་འཁོད་ཡོད་པ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་མཐོ་རིམ་དང་ཡུལ་ཤུལ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཞུ་གཏུག་་བྱས་པའི་རྒྱུད་རིམ་ལ་བལྟས་ན་ཁོང་ལ་ཁྲིམས་བཤེར་དྲང་བདེན་ཞིག་བྱུང་མེད་པ་གསལ་པོ་ཡིན་སྐོར་གསུངས་འདུག་པ་དང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་གི་ཞུ་གཏུག་ལ་ངོས་ལེན་མ་བྱས་པ་དེས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ལ་ཐུག་སྐབས་རང་རྒྱལ་ཁབ་ནས་གཏན་འབེབས་བྱས་པའི་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལ་བརྩི་མེད་རྡོག་རོལ་བྱས་སྐོར་གསུངས་འདུག གནད་དོན་དེ་ནས་རྒྱ་གཞུང་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་གནང་མཁན་གྱི་ཚོགས་སྒེར་ཡོངས་ལ་དྲག་གནོན་བརྒྱུད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་སྤྱོད་དེ་ནག་ཉེས་ཅན་ཞིག་ཏུ་ངོས་འཛིན་པའི་སྲིད་བྱུས་ཡིན་པ་མངོན་གསལ་གནང་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་ཀྱང་རྒྱ་ནག་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཞུ་གཏུག་ལ་ངོས་ལེན་མ་བྱས་པ་དེ་རྒྱལ་སྤྱིའི་ཚོོགས་པ་ཁག་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་དེར་སེམས་ཁུར་གནང་བར་མཐོང་ཆུང་དང་བདེན་པ་ལ་འཕྱ་སྨོད་བྱས་པ་ཞིག་ཡིན་པ་དང་སྦྲགས།  ང་ཚོའི་ངོས་ནས་ཁོང་གི་བློ་སྤོབས་དང་དཀའ་ངལ་ལ་གདོང་ལེན་གྱི་གཤིས་སྤྱོད་དེར་གུས་བརྩི་དང་མགྱོགས་མྱུར་གློད་བཀྲོལ་ཡོང་སླད་འབད་རྩོན་མུ་མཐུད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཀྱི་ལྟེ་གནས་ཁང་ནས་ Twitter དྲ་གནས་ཐོག་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་ཞུ་གཏུག་ལ་ངོས་ལེན་མ་བྱས་པར་ཧ་ལས་རྒྱུ་མེད་པ་དང།   རྒྱ་ནག་གི་ཉེས་དོན་ཁྲིམས་བཤེར་གྱི་བརྒྱུད་རིམ་ཁྲོད་དུ་ཁུལ་རིམ་པའི་ཁྲིམས་ཁང་ལ་དཔྱད་ཁྲ་མ་བཀྲམ་སྔོན་ནས་ཞིང་ཆེན་རིམ་པའི་ཁྲིམས་ཁང་གིས་ཐག་གཅོད་བྱས་ཟིན་པས་ཁྲིམས་བཤེར་ཐོབ་ཐང་ཟེར་བ་ནི་མིང་གི་ལྷག་མ་ཙམ་ལས་མེད་ཅེས་བཀོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཀྱི་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་ཐག་གི་ཡིག་ཆ་དེ་ཞིང་ཆེན་རིམ་པའི་ཁྲིམས་ཁང་གིས་ཡུལ་ཤུལ་གྲོང་ཁྱེར་བཀག་ཉར་ཁང་ལ་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བཏང་ཡོད་ཀྱང་བཀྲ་ཤིས་དབང་ཕྱུག་ལགས་དང་ཁོང་གི་ཁྲིམས་རྩོད་པ།  དེ་བཞིན་ནང་མི་རྣམས་ལ་དེའི་སྐོར་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་མ་གཏོགས་གསལ་བསྒྲགས་བཏང་མེད་སྟབས་དེའི་བར་ཐག་ནས་གསལ་བསྒྲགས་ཇི་ཆགས་ཀྱི་གནད་དོན་དང་འབྲེལ་བའི་རྒྱ་གཞུང་ནས་འགྲེལ་བརྗོད་གང་ཡང་བྱས་མེད་པ་དང་།   ཁྲིམས་ལུགས་ཀྱི་ཐོག་ནས་བྱ་སྤྱོད་དེ་མི་འགྲིག་ཚུལ་སོགས་གསུངས་སོང་།

ལྷ་ས་གྲོང་ཁྱེར་ནང་སློབ་ཕྲུག་ཚོར་དམག་གི་ཟབ་སྦྱོང་ཞིག་སྤྲོད་བཞིན་པ།

ཉེ་ལམ་ཕྱི་ལོ་ ༢༠༡༨ ཟླ་༨ ཚེས་ ༡༨ ཉིན་ནས་འགོ་འཛུགས་ཀྱིས་དུས་ཡུན་གཟའ་འཁོར་བཞི་ཙམ་རིང་བོད་རང་སྐྱོང་ལྗོངས་ཁྱབ་ཁོངས་དམའ་རིམ་སློབ་འབྲིང་ནས་འབྲིང་རིམ་སློབ་འབྲིང་དུ་འཕར་མཁན་སློབ་ཕྲུག་རྣམས་ལ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་དམག་གི་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་པ་རེད་འདུག སློབ་གྲྭ་གནས་རིམ་གོང་མར་འཕར་མཁན་སློབ་ཕྲུག་སུ་ཡིན་རུང་ཐོག་མར་དམག་གི་ཟབ་སྦྱོང་དེར་ངེས་པར་དུ་ཞུགས་དགོས་པ་དེ་ལྟར་ཡང་། ཟབ་སྦྱོང་ལ་མ་ཞུགས་ཚེ་སློབ་གྲྭ་གོང་མར་འཕར་མ་ཐུབ་པའི་ཆ་རྐྱེན་བཟོ་རྐྱེན་དེང་སྐབས་བོད་ནང་གི་སློབ་ཕྲུག་གི་ཤེས་ཡོན་ཁ་ཕྱོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་རེད་འདུག དེང་སྐབས་ནི་དམའ་འབྲིང་ནས་མཐོ་འབྲིང་དུ་འཕར་བའི་དུས་ཚིགས་ཡིན་པ་དང་སློབ་གྲྭ་གནས་རིམ་གང་དུ་འཕར་ཡང་ཐོག་མར་དམག་གི་ཟབ་སྦྱོང་དེར་ཞུགས་དགོས་པ་མ་ཟད་བོད་ས་ཡོངས་ནང་གཅིག་གྱུར་ཡིན་ཞིང་རྒྱ་ནག་ནང་ཡིག་ཚད་ལོན་མཁན་ཚོས་ཀྱང་དམག་སྦྱོང་དེ་གནང་དགོས་ཀྱི་འདུག དམག་སྦྱོང་གཙོ་བོ་ནི་གོམ་པ་སྤོ་སྟངས་དང་མེ་མདའ་འཕེན་སྟངས། ལག་ཏུ་དབྱུག་པ་དང་འགོག་སྲུང་ཡོ་ཆས་བཟུང་ནས་ཕ་རོལ་བར་ཇི་ལྟར་རྒོལ་བ་དང་རང་ཉིད་སྲུང་ཐབས་བྱེད་པའི་ཐད་སྦྱོང་བརྡར་སྤྲོད་རྒྱུ་ཡིན་འདུག ཕྱོགས་མཚུངས་རྒྱལ་ཁབ་སློབ་གསོ་ཅུས་ཟེར་བས་སློབ་མའི་དམག་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཚུལ་གྱི་བརྡ་ཐོ་ཞིག་ཀྱང་བཏང་བའི་ནང་དམག་སྦྱོང་སྐབས་དོན་རྐྱེན་མི་ཡོང་བ་བྱེད་དགོས་ཚུལ་ནན་བཤད་བྱས་ཡོད་པ་མ་ཟད་དགེ་སློབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་དམག་སྦྱོང་བྱེད་སྒོ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ལྷག་དོན་དམག་སྦྱོང་གོང་ལ་དགེ་རྒན་ལ་ཟབ་སྦྱོང་སྤྲོད་དགོས་ཀྱི་འདུག སློབ་གྲྭའི་འགན་ཁུར་བས་ཀྱང་དམག་སྦྱོང་བྱེད་རིང་དམག་སྦྱོང་གི་བདེ་འཇགས་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་དུས་ཐོག་ཐག་གཅོད་བྱེད་དགོས་ཚུལ་བརྗོད་ཡོད་པ་མ་ཟད་སློབ་མ་སྒྲིག་འཛུགས་བྱས་ཏེ་མེ་མདའ་དངོས་སུ་རྒྱག་པའི་དམག་སྦྱོང་མ་གནང་གོང་ངེས་པར་དུ་བདེ་འཇགས་སློབ་གསོ་སྤྲོད་པ་དང་བདེ་འཇགས་འཆར་གཞི་དང་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་བྱུས་ཞིབ་ཕྲ་བཟོས་ནས་མེ་མདའ་རྒྱག་པའི་དམག་སྦྱོང་ཁྲོད་མི་སྣ་དང་མེ་མདའ་སོགས་བདེ་འཇགས་ཡིན་པའི་འགན་ལེན་བྱེད་དགོས་པ་བཅས་ནན་བཤད་བྱས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་བཀྲིས་དབང་ཕྱུག་ལགས་ཀྱི་ཞུ་གཏུག་ལ་ངོས་ལེན་བྱས་མི་འདུག

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུགས་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཀྱི་ཞུ་གཏུག་ལ་ངོས་ལེན་མ་བྱས་པ་དང་ཆབས་ཅིག འདི་ལོའི་ཕྱི་ཟླ་ ༥ པའི་ནང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ཁ་བྲལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་པ་དེ་རང་སོར་བཞག་འདུག བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ Liang Xiajun ལགས་ཀྱིས་རང་གི་Twitter དྲ་གནས་ཐོག་དེ་རིང་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཟླབ་འདིའི་ཚེས་ ༡༣ ཉིན་བཀྲིས་དབང་ཕྱུག་ལགས་ཀྱི་གྱོད་དོན་ཁྲིམས་བཤེར་བྱས་ཡོད་་ཀྱང་། སྐུ་ཞབས་ཁོང་ལ་གྱོད་གཞི་དེ་དང་འབྲེལ་བའི་བཅད་ཁྲ་དེ་ཁ་སང་མ་གཏོགས་བཏང་འབྱོར་བྱུང་མེད་པ་མ་ཟད་ཁྲིམས་བཤེར་སྐབས་བཀྲིས་དབང་ཕྱུག་ལགས་ཀྱི་ནང་མི་གཅིག་ཀྱང་ཁྲིམས་ཁང་ནང་བཏང་མེད་པ་དང་ཁྲིམས་བཤེར་མཇུག་སྒྲིལ་རྗེས་ཐུག་འཕྲད་བྱེད་བཅུག་འདུག རྩ་བའི་ཡུལ་ཤུལ་ནང་རྒྱུན་དུ་ཚོང་ལས་གཉེར་མཁན་བོད་མི་བཀྲིས་དབང་ཕྱུག་ལགས་ནས་རང་ཉིད་ཀྱི་ཚ་མོས་གཙོས་པའི་བོད་ས་ཁྱོན་ཡོངས་ཀྱི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་གྱི་གོ་སྐབས་མེད་པ་གཟིགས་ཏེ། བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང་། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ནས་ཁྲིམས་ཁང་དང་དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུག་ལན་མང་གནང་བ་མ་ཟད་གནད་དོན་དེ་དང་འབྲེལ་ཨ་རིའི་ནིའུ་ཡོག་དུས་བབ་ཀྱི་དམིགས་བསལ་བཅར་དྲིའི་ལས་རིམ་ཞིག་གི་ཐོག་ལྷན་ཞུགས་གནང་རྗེས་རྒྱ་ནག་གཞུང་གིས་ ༢༠༡༦ ལོ་འགོར་ཁོང་འཛིན་བཟུང་གིས་ལོ་གཉིས་ཙམ་བཀག་ཉར་རྗེས་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཁོང་གི་གྱོད་གཞིའི་ཐོག་ཞིབ་དཔྱོད་དང་ཕྱི་ཟླ་ ༥ པའི་ནང་ཁོང་ལ་རྒྱལ་ཁབ་ཁ་བྲལ་བརྒྱུད་སྐུལ་གྱི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། བཀྲིས་དབང་ཕྱུག་ལགས་སུ་ཁྲིམས་ཐག་དེ་ལྟར་བཅད་པ་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཙམ་མ་ཟད། རྒྱལ་སྤྱིའི་འགྲོ་བིའི་ཐོབ་ཐང་ཚོགས་པ་འདྲ་མིན་ཁག་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་ཚན་པ་འདྲ་མིན་ཁག་གི་དམིགས་བསལ་སྐུ་ཚབ་རྣམས་ནས་ཐུགས་ཕམ་གྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་འབྲེལ། རྒྱ་གཞུང་ལ་ཁོང་འཕྲལ་མ་ཉིད་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད་སྐུ་ཞབས་ Liang Xiaojun ལགས་ནས་བཀྲིས་དབང་ཕྱུག་ལགས་ཀྱིས་རང་ཉིད་ལ་ནག་ཉེས་གཡོག་པ་དེར་ངོས་ལེན་གནང་མེད་པ་དང་འབྲེལ་སེམས་ཐག་ཆོད་པོའི་ངང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་གྱོད་གཞི་དེའི་ཐོག་ཞུ་གཏུག་བྱས་ཡོད་སྐོར་གསུངས་ཡོད་པ་རེད།

ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམས་བོད་དུ་འཚམས་གཟིགས་སུ་ཕེབས་རྒྱུ་དེ་རྒྱ་ནག་གི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་རྣམ་པ་རེད། 

ཡོ་རོབ་རྒྱལ་ཁབ་ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་ལྔ་ནས་བོད་ནང་འཚམས་གཟིགས་སུ་ཕེབས་རྒྱུ་དང་ཁུལ་དེའི་ས་གནས་གཞུང་གི་སྐུ་ཚབ་དང་ཐུག་འཕྲད་གནང་རྒྱུ་འཆར་གཞི་ཡོད་སྟབས། ལི་ཐོ་ནི་ཡའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་གྲོས་ཚོགས་འཐུས་མི་བོད་དུ་འཚམས་གཟིགས་སུ་ཕེབས་རྒྱུ་དེ་ནི་རྒྱ་ནག་གི་བོད་ནང་དྲག་པོའི་བཀོལ་སྤྱོད་ཀྱི་སྲིད་བྱུས་དེར་ངོས་ལེན་དང་རྒྱབ་སྐྱོར་གནང་བ་ཞིག་མཚོན་གྱི་ཡོད་སྐོར་གསུངས་འདུག དེ་རིང་ The Baltic Times གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལི་ཐོ་ནི་ཡའི་ཆབ་སྲིད་ཚོགས་པ་འདྲ་མིན་བཞི་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ལྔ་དེ་རིང་བོད་ལ་འཚམས་གཟིགས་ཆེད་ཕེབས་ཐོན་གནང་གི་ཡོད་པ་དང་།  ཁོང་རྣམ་པ་ཚང་མ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་མཐུད་གནང་མཁན་གྲོས་ཚོགས་ཚོགས་ཆུང་གི་འཐུས་མི་ཤ་སྟག་རེད་འདུག  སྐུ་ཚབ་ཚོགས་ཁག་དེའི་ངོས་ནས་བོད་ནང་གི་འཚམས་གཟིགས་ཁྲོད་ས་གནས་གཞུང་གི་སྐུ་ཚབ་དང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཐུག་འཕྲད་གནང་རྒྱུ་ཡིན་པ་ལྟར། གྲོས་ཚོགས་འཐུས་མི་སྐུ་ཞབས་ Algirdas Butkevicius ལགས་ཀྱིས་ད་རེས་བོད་ནང་གི་འཚམས་གཟིགས་བརྒྱུད་ས་གནས་གཞུང་གི་སྐུ་ཚབ་དང་ལྷན་ས་གནས་མི་མང་གི་གནས་སྟངས་སྐོར་གླེང་སློང་གནང་རྒྱུ་ཡིན་སྐོར་གསུངས་འདུག ཐེངས་འདིའི་འཚམས་གཟིགས་དེར་ལི་ཐོ་ནི་ཡའི་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་གྲོས་ཚོགས་འཐུས་མི་དེ་དག་ཁུལ་དེར་བསྐྱོད་པ་ཙམ་གྱིས་རྒྱ་ནག་གི་སྲིད་བྱུས་ལ་ངོས་ལེན་དང་རྒྱབ་སྐྱོར་གནང་བའི་རྣམ་པ་ཞིག་མངོན་སྐོར་གསུངས་འདུག འོན་ཀྱང་སྐུ་ཚབ་ཚོགས་ཁག་དེ་སྣེ་ཁྲིད་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Butkevicius ལགས་ཀྱིས་འདི་ལོའི་ཟླ་བ་ ༦ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལི་ཐོ་ནི་ཡའི་ནང་ཆིབས་བསྒྱུར་བསྐྱངས་པ་དང་འབྲེལ་ཏེ་ད་རེས་ཁོང་རྣམས་རྐང་བོད་ནང་ཆེད་ཕེབས་གནང་བ་དེའི་བརྒྱུད་བོད་ཀྱི་གནད་དོན་སྐོར་ཕྱོགས་ཡོངས་ཀྱི་གོ་རྟོགས་ཟབ་ཏུ་འགྲོ་རྒྱུ་དང་དངོས་ཡོད་གནས་ཚུལ་ལ་གཞིར་བཞག་ཐོག་ཐག་གཅོད་གང་དགོས་མིན་ཤེས་ཐུབ་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་དེ་སྔ་ལི་ཐོ་ནི་ཡའི་རྒྱལ་ཁབ་ནང་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་སྐབས་གནད་དོན་འགའ་རས་ཐོག་དགོངས་བཞེས་གནང་བ་དང་སྦྲགས། ད་རེས་ཀྱི་འཚམས་གཟིགས་དེའི་ཁྲོད་དགོང་ཚིགས་ཀྱི་དུས་ཚིགས་ཤིག་དང་བསྟུན་ང་ཚོས་རྒྱ་ནག་གི་སྐུ་ཚབ་དང་ལྷན་བོད་ཀྱི་གནད་དོན་གླེང་རྒྱུ་ཡིན་ཞེས་གསུངས་འདུག ལི་ཐོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ Vytis Vidunas ལགས་ཀྱིས་གྲོས་ཚོགས་འཐུས་མི་ལྔ་པོ་དེ་དག་བོད་དུ་འཚམས་གཟིགས་སུ་ཕེབས་རྒྱུ་དེ་ནི་བསུན་གཙེར་ཅན་ཞིག་དང་ཡིད་མུག་སྐྱེ་བའི་གནད་དོན་ཞིག་ཡིན་པ་གསུངས་འདུག  ཁོང་གིས་ཁོང་ཚོ་བོད་དུ་འཚམས་གཟིགས་སུ་བསྐྱོད་པ་དང་གཞུང་གི་མི་སྣ་ཐུག་འཕྲད་དུ་བཅར་བ་དེ་རྒྱ་ནག་གཞུང་གིས་ཁུལ་དེར་འཛིན་པའི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ངོས་ལེན་གྱི་རྣམ་པ་ཡིན་པ་མ་ཟད་སྒོས་སུ་ང་ཚོའི་སྲིད་དོན་པ་རྣམས་ཨུ་རུ་སུའི་དབང་སྒྱུར་འོག་ཡོད་པའི་ Crimea ལྟ་བུ་རྒྱལ་ཁབ་གཞན་གྱི་བཙན་འཛུལ་འོག་ཡོད་པའི་ལུང་པར་བསྐྱོད་ཀྱི་མེད་པ་གསུངས་འདུག ལི་ཐོ་ནི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ Monika Navickiene ལགས་ཀྱིས་གྲོས་ཚོགས་ཀྱི་འཐུས་མི་རྣམས་རྒྱ་ནག་དུ་འཚམས་གཟིགས་སྐབས་གོ་སྐབས་བཟུང་ཐོག་རྫ་དྲག་གི་གནད་དོན་རྣམས་གླེང་སློང་བྱེད་དགོས་པ་ཞུ་འབོད་དང་སྦྲགས། ཁོང་ཚོས་རྒྱ་ནག་ནང་ཕྱིན་ནས་ལེགས་པའི་ཆ་གཅིག་པུ་བཤད་ཚེ་ངའི་བསམ་པར་འཚམས་གཟིགས་དེ་ལས་ཁེ་ཕན་ཡོང་རྒྱུ་མིན་པ་གསུངས་འདུག རྩ་བའི་ད་རེས་ཀྱི་འཚམས་གཟིགས་དེར་ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་ཙམ་མིན་པར་ Latvia དང་ Estonia འི་གྲོས་ཚོགས་འཐུས་མི་ཁག་ཅིག་ཀྱང་ཕེབས་རྒྱུ་རེད་འདུག

འཇར་མ་ནི་ཕྱི་སྲིད་བློན་ཆེན་མཆོག་ལ་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་སློང་དགོས་པའི་ཞུ་འབོད་ལས་འགུལ།

འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུལ་དེའི་ཕྱི་སྲིད་བློན་མཆོག་ལ་དྲྭ་ཐོག་བརྒྱུད་འཇར་མན་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་མངོན་གསལ་དོད་པོས་གུས་བརྩི་ཞུ་ཐོག་གནད་དོན་དེ་གཙོ་གྲས་སུ་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་བཞིན་འདུག རིང་མིན་ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༡༦ བར་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ སྟེང་རྒྱ་ནག་གིས་གཙོས་པའི་རྒྱལ་ཁབ་ ༡༣ གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་བསྐྱར་ཞིབ་གནང་གཏན་ཁེལ་བ་དང་བསྟུན། Tibet Initiative Deutschland འམ་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་རང་གི་དྲྭ་གནས་ཐོག་ཡུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Heiko Maas མཆོག་གི་མཚན་ཐོག་ལ་ཞུ་ཡིག་ཞིག་ཕུལ་རྒྱུའི་ལས་འགུལ་འགོ་འཛུགས་གནང་སྟེ་འཇར་མ་ནི་གཞུང་ལ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐོག་འཛམ་གླིང་གི་རྒྱལ་ཁབ་ཚང་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་དོན་ཁག་ལ་གུས་བརྩི་ཞུ་ཐོག་རྒྱ་གཞུང་གིས་ཡུལ་དེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་བྱ་སྤྱོད་ཁག་མངོན་གསལ་དོད་པོས་ཐེར་བཏོན་གྱིས་སྐྱོན་བརྗོད་བྱ་རྒྱུའི་དམིགས་བསལ་འགན་ཡོད་པ་ལྟར་འཇར་མན་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བ་དང་ལྷག་དོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེའི་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་གཉིས་ལ་ཡོངས་བསྒྲགས་སྒོ་ནས་ངོ་བཞེས་གནང་ཐོག་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་འགྲིག་འཇགས་སོགས་རྩ་བ་ནས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པར་འབོད་སྐུལ་ཞུས་འདུག དེ་བཞིན་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་ཆ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཉིན་རེ་བཞིན་ཆེས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་མུས་ཁར་ཁུལ་དེར་ཉིན་མཚན་ལྟོས་མེད་ཐོག་དྲག་ཆས་དམག་མི་འགྲེམས་འཇོག་བྱས་ནས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཡོངས་ལ་དམ་དྲག་ཀྱིས་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པ་དང་བོད་མི་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག བོད་ཀྱི་དགོན་སྡེ་ཁག་གི་ཐོག་སྟངས་འཛིན། བོད་མི་འབྲོག་པ་ཚོར་བཙན་དབང་གིས་གཞིས་སྤོས་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་མུ་མཐུད་འཚེ་མེད་ཞི་བའི་ལམ་ནས་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུའི་ཐབས་ཤེས་འདྲ་མིན་གནང་མུས་ཡིན་པ་སོགས་ཆེས་མངོན་གསལ་གནང་འདུག ལར་ནས་ཚོགས་པ་དེས་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བཟང་པྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པའི་ཁར་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། ད་ཆ་རྒྱ་ནག་གཞུང་ནས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་ལ་བརྩི་བཀུར་དང་ལེན་ཞུ་ཐོག་ཡུལ་དེའི་མང་ཚཽགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུའི་ལས་དོན་ཁག་འཕྲལ་མར་མཚམས་འཇོག་དགོས་པ་དང་ རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ནས་རྒྱབ་སྐྱོར་དགོས་གལ་ཡིན་པ་བཀོད་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་དྲྭ་ཐོག་གི་ཞུ་སྙན་དེར་མང་ཚོགས་ ༡༤༠༠ ལྷག་གིས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་འདུག

རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་རྒྱ་གཞུང་གིས་ལན་འདེབས་བྱེད་སྟངས་ལ་ཆེས་བློ་ཕམ་ཡོད་ཅེས་གསུངས་འདུག

ཁ་སང་ཟླ་ ༨ ཚེས་ ༡༣ ཉིན་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྟོག་ཞིབ་ཚོགས་ཆུང་གིས་རྒྱ་གཞུང་ལ་ཡུལ་དེའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སེམས་འཚབ་ཡོད་པའི་དྲི་བ་འདྲ་མིན་བརྒྱ་ལྷག་གནང་འདུག་ཀྱང་། རྒྱ་གཞུང་གིས་དྲི་བ་ཁག་ལ་ལན་འདེབས་གསལ་པོ་གང་ཡང་སྤྲད་མེད་པར་བློ་ཕམ་ཡོད་ཅེས་གསུངས་འདུག གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་ཚོགས་མི་གྲངས་བཅོ་བརྒྱད་ལས་གྲུབ་པའི་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་ཚོགས་ཆུང་ནས་བོད་གཙོ་གྱུར་གྲངས་ཉུང་མི་རིགས་རྣམས་ཀྱི་གནས་སྟངས་འཁོད་པའི་སྙན་ཐོར་ཞིབ་འཇུག་གིས་རྒྱ་ནག་དམར་པོའི་གཞུང་ལ་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་དང་འབྲེལ་བའི་འདྲི་རྩད་བྱས་ཡོད་ཀྱང་། ཉིན་དེར་རྒྱ་གཞུང་གི་སྐུ་ཚབ་ཚོས་དེར་ལན་འདེབས་གང་ཡང་སྤྲད་མེད་སྟབས། ཁ་སང་ཚེས་ ༡༣ ཉིན་གཞི་ནས་རྒྱ་གཞུང་གི་སྐུ་ཚབ་མི་སྣ་བཞི་བཅུས་མི་རིགས་དབྱེ་འབྱེད་རྩ་འགོག་དང་འབྲེལ་ཚོགས་ཆུང་དེའི་མདུན་དུ་བཅར་ནས་དེ་སྔོན་ཕུལ་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་བྱས་འདུག སྐབས་དེར་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་མི་རེ་ངོ་རེ་ངོས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་ནག་གཞུང་ལ་བོད་དང་ཤིན་ཅང་། ནང་སོགས་གཙོ་གྱུར་རྒྱ་ནག་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་ཡུལ་དེའི་ཁྲིམས་སྒྲིག་ལག་བསྟར་བྱེད་ཕྱོགས། དེ་བཞིན་གྲངས་ཉུང་མི་རིགས་རྣམས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་གནས་སྟངས་དང་། ཆོས་དད་རང་དབང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཐོག་དྲི་བ་འདྲ་མིན་ཁྱོན་བརྒྱ་ཙམ་གནང་འདུག་ཀྱང། རྒྱ་གཞུང་གིས་རྒྱུན་ལྡན་བཞིན་གོང་གསལ་གྱི་དྲི་བ་དེ་དག་ལ་ལན་འདེབས་ཁ་གསལ་རྩ་བ་ནས་སྤྲད་མེད་སྟབས་ཚོགས་ཆུང་དེའི་ཚོགས་མི་གཅིག་གིས་མཐར་རྒྱ་གཞུང་ནས་ད་ལན་ཚོགས་ཆུང་དེས་ཕུལ་བའི་དྲི་བ་ཁག་ལ་ལན་འདེབས་གསལ་པོ་སྤྲད་མེད་པར་ཆེས་བློ་ཕམ་ཡོད་ཅེས་དང་ལྷག་དོན་རྟོག་ཞིབ་ཚོགས་ཆུང་ལ་མགོ་སྐོར་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་གཞུང་ལ་ཡུལ་དེའི་ནང་གི་མི་རིགས་དབྱེ་འབྱེད་སྐོར་ལ་འདྲི་རྩད་བྱས་པའི་ཉིན་དེའི་སྔ་དྲོར་རྒྱ་ནག་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་འོག་དཀའ་ངལ་འཕྲད་བཞིན་པའི་བོད་དང་ཤིན་ཅང་། ནང་སོག་གཙོ་གྱུར་གྲངས་ཉུང་མི་རིགས་རྣམས་ཀྱི་གནང་སྟངས་སྐོར་བདེ་སྡུག་ཞུ་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་དང་ཟུར་དུ་ཐུག་འཕྲད་གནང་འདུག སྐབས་དེར་བོད་མིའི་ཕྱོགས་ནས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གཙོས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་ཁག་ཅིག་ཆེད་ཕེབས་ཀྱིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་རང་དབང་མེད་པའི་ཆེས་ཛ་དྲག་གི་གནས་སྟངས་ཁག་སྙན་གསེང་དང་སྲུང་སྐྱོབ་དགོས་པའི་ཞུ་འབོད་གནང་འདུག དེའི་ཁྲོད་རྒྱལ་ཚོགས་ཀྱི་ཁྱད་ལས་མི་སྣ་ཁག་ཅིག་གིས་ཀྱང་རྒྱ་གཞུང་གིས་མི་སེར་ལག་འཁྱེར་སྤྲོད་ཕྱོགས་ཐད་སྲིད་བྱུས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་པ་དེས་བོད་མི་ཚོར་མི་སེར་ལག་འཁྱེར་ཐོབ་རྒྱུའི་ཐད་འགོག་རྐྱེན་བཟོ་པར་སྐྱོན་བརྗོད་དང་འབྲེལ་ཏེ་རྒྱ་ནག་གཞུང་ལ་ཤོག་ངོས་ལྔ་ཅན་གྱི་ཞུ་སྙན་ཞིག་ཕུལ་ཡོད་པ་རེད། ཞུ་སྙན་དེའི་ནང་གཙོ་བོ་ད་ལྟ་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་ཕྱོགས་ཀྱི་ལམ་ལུགས་དེ་བོད་ནང་གི་བོད་མི་རྣམས་ལ་ཕྱིར་བསྐྱོད་གནང་ཕྱོགས་ཐོག་དམ་དྲག་བྱས་པ་དང་། བོད་མིའི་ཆོས་དད་རང་དབང་ཐོག་འགོག་རྐྱེན་དང་བོད་མི་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུ་བར་འགོག་རྐྱེན་བཟོ་མུས་ཡིན་སྐོར་བཅས་བཀོད་འདུག གནད་དོན་དེའི་རྐྱེན་པས་དོ་དམ་འཛིན་བཟུང་དང་འདྲི་རྩད་བྱས་པའི་གནས་ཚུལ་མང་དག་བྱུང་ཡོད་པ་ནི་བློ་འཚབ་བྱ་གཞི་ཞིག་ཆགས་ཡོད་པ་མངོན་གསལ་གནང་འདུག

Latest news