Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གནང་བ།

ཨ་རིའི་མི་སེར་རྣམས་ལ་བོད་དུ་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet Act ཞེས་པར་ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་ཐོག་རྒྱབ་སྐྱོར་གནང་འདུག ཨ་རི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་གནས་ཐོག་ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གིས་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་མགྲིན་དབྱངས་གཅིག་གྱུར་ཐོག་རྒྱབ་སྐྱོར་ཐོབ་པའི་གནས་ཚུལ་སྤེལ་བ་དང་འབྲེལ། ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Meccaci ལགས་ཀྱིས་ད་ལན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་བོད་ལ་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེས་ཡུལ་དེའི་གྲོས་ཚོགས་འཐུས་མིས་གཙོས་པའི་ཨ་རིའི་མང་ཚོགས་ཀྱི་ངོས་ནས་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་དོན་ཨ་རི་མི་སེར་རྣམས་བོད་དུ་བསྐྱོད་རྒྱུར་འདྲ་མཉམ་གྱི་ཐོབ་ཐང་མེད་པར་བློ་འཚབ་གནང་བཞིན་པའི་རྣམ་པ་མངོན་གསལ་གནང་ཡོད་སྐོར་གསུངས་པ་མ་ཟད། ལྷག་པར་དུ་ཁྲིམས་འཆར་དེ་ཆེད་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio མཆོག་དང་ཁྲིམས་གཞི་ཚོགས་ཆུང་གི་དབུ་ཁྲིད་སྐུ་ཞབས་ Corker མཆོག གཞན་ཡང་ Menendez མཆོག་སོགས་གྲོས་ཚོགས་འཐུས་མི་རྣམས་ནས་ད་བར་ཨ་རི་དང་རྒྱ་ནག་དབར་འདྲ་མཉམ་གྱི་གཞི་རྩའི་གནད་དོན་ཐད་ལྷག་བསམ་གཡོ་བ་མེད་པར་རྒྱབ་སྐྱོར་གནང་མུས་ཡིན་པར་བཀྲིན་ཆེ་ཞེས་ཞུས་འདུག རྩ་བའི་ Reciprocal Access to Tibet Act ཞེས་པའི་ཁྲིམས་འཆར་དེའི་ནང་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ཨ་རིའི་ས་ཕྱོགས་གང་སར་བསྐྱོད་རྒྱུའི་ཐོངས་མཆན་འབུལ་བཞིན་ཡོད་པ་ལྟར་རྒྱ་ནག་གཞུང་ངོས་ནས་ཀྱང་བོད་ནང་ཨ་རི་གཙོ་གྱུར་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་མི་སྣ་དང་གཞུང་འབྲེལ་མི་སྣ། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་རང་དབང་འདྲ་མཉམ་གནང་དགོས་པ་དང། གལ་ཏེ་དེ་ལྟར་མ་བྱུང་ཚེ་བོད་ནང་འགྲུལ་བསྐྱོད་དམ་དྲག་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་རྣམས་ལའང་ཨ་རིའི་ནང་བསྐྱོད་རྒྱུར་བཀག་སྡོམ་གནང་དགོས་པ། དམིགས་བསལ་བོད་མི་ཨ་རིའི་མི་སེར་ཡིན་པ་ཚོ་བོད་ནང་རང་སོ་སོའི་ཕ་མ་སྤུན་མཆེད་ཐུག་འཕྲད་དང་གནས་མཇལ་དུ་བསྐྱོད་རྒྱུར་རྒྱ་ནག་གཞུང་ཚབ་ཁང་གིས་མི་རིགས་དབྱེ་འབྱེད་ཀྱིས་དམིགས་བསལ་དམ་དྲག་འོག་བཀག་སྡོམ་བྱས་ཡོད་པ་ལྟར། བོད་མི་ཚོ་རང་ཉིད་ཀྱི་ཕ་ཡུལ་དུ་རང་དབང་ཐོག་འགྲུལ་བཞུད་ཆོག་པའི་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་དགོས་ཞེས་འཁོད་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཇི་ནི་ཝ་བོད་ཀྱི་དོན་ཁང་མཉམ་ཞུགས།

ཟླ་ ༡༡ ཚེས་ ༢༦ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༨ བར་སུད་སི་རྒྱལ་ས་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་དཀོན་མཆོག་སྒྲོལ་མ་ཡག་ལྷ་ལགས་ནས་མཉམ་ཞུགས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། ལྷན་ཚོགས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་ལས་བཟོ་རིགས་ Amnesty Tech དང་།  Microsoft དེ་བཞིན་ Intel ཚོགས་པ་སོགས་ཀྱི་འཐུས་མི་མཉམ་ཞུགས་གནང་བ་དང་། ཁོང་རྣམ་པས་མིས་བཟོས་པའི་འཕྲུལ་རིགས་ Artificial Intelligence བཟོ་སྐྲུན་བྱས་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་གྱི་ཀུན་སློང་འཁྱེར་ཐོག་འཕྲུལ་རིགས་བཟོ་ཐབས་གལ་གནད་ཐོག་གཏམ་བཤད་གནང་འདུག སུད་སི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་དཀོན་མཆོག་ཡག་ལྷ་ལགས་ཀྱིས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་མིས་བཟོས་པའི་འཕྲུལ་རིགས་དབར་གྱི་འབྲེལ་བའི་སྐོར་གྲོས་བསྡུར་གནང་བ་དེ་ཡག་པོ་རེདའོན་ཀྱང་ད་ཆ་རྒྱ་གཞུང་ནས་ཆེས་དམ་དྲག་ཆེ་བའི་ས་ཁུལ་ཁག་ཏུ་མིས་བཟོས་པའི་འཕྲུལ་ཆས་མང་པོ་ཞིག་ཚོང་འགྲེམས་བྱས་ནས་འགྲོ་བ་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་ཐོག་རྒྱ་གཞུང་གིས་ལྟ་སྲུང་བྱ་རྒྱུར་སྤྱོད་བཞིན་པ་རེད་ཅེས་གསུངས་འདུག རྒྱ་གཞུང་གིས་ད་ལྟའི་ཆར་ཡུ་གུར་ནང་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་སོགས་ཆེད་དུ་བཙུགས་ནས་མི་མང་གི་ལས་དོན་ཐོག་ལྟ་སྲུང་བྱེད་བཞིན་པར་རྒྱལ་སྤྱིའི་ཁྲོད་ཚོགས་པ་དང་མི་མང་ནས་དོ་སྣང་བྱུང་བ་དེ་ལྟར་ཡང་། མང་ཚོགས་ཀྱི་མ་ཤེས་པ་ཞིག་ནི་ད་ལྟ་ཤིན་ཅང་ནང་སྤྱོད་བཞིན་པའི་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་དེ་དག་དེ་སྔ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་སྤྱོད་ཡོད་པ་མ་ཟད། ད་ལྟའི་ཆར་འཕྲུལ་རིགས་དེ་དག་རྒྱལ་ཁབ་གཞན་ནང་ཚོང་འགྲེམ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག ལྷན་ཚོགས་དེར་བཅར་མཁན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་ལས་རིག་པའི་སྡེ་ཚན་གྱི་སློབ་སྟོན་པ་སྐུ་ཞབས་ Eimear Farrel ལགས་ཀྱིས་དམ་དྲག་ཅན་གྱི་རྒྱལ་ཁབ་ཁག་གཅིག་ཏུ་མིས་བཟོས་པའི་འཕྲུལ་རིགས་རྐྱེན་པས་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་པརེད། དཔེར་ན་བོད་ལྟ་བུར་ཆ་མཚོན་ན་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་རིགས་རྣམས་བརྟག་གནས་ལྟ་བུར་གྱུར་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག བོད་ནང་སྤེལ་བཞིན་པའི་ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་དགོས་ཀྱི་རེད་ཅེས་ནན་གསུངས་གནང་འདུག ལྷན་ཚོགས་ཀྱི་ཚོགས་འདུ་སྟངས་འཛིན་པ་ Dunstan Allison -Hope ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་འཕྲུལ་རིགས་བཟོ་ལས་པ་ཙམ་གྱི་གནད་དོན་དུ་མ་བཞག་པར་གཞི་རིམ་མང་ཚོགས་ནས་དེའི་ཐོག་གླེང་སློང་གནང་གལ་ཡིན་པ་གསུངས་འདུག རྩ་བའི་ཨ་རི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་ཉེ་ཆརཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་ཐོག་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་གཞུང་གི་དོགས་ཟོན་མྱུལ་ཞིབ་དང་ངོ་གདོང་ཆ་འཛིན། གནས་བསྡུ་དཔྱད་ཞིབ་སོགས་ཀྱི་འཕྲུལ་རིགས་ཁག་རྒྱལ་ཁབ་གཞན་ནང་ཚོང་འགྲེམས་དང་དེ་ལྟར་ཆེད་འཛུགས་གནང་རྒྱུའི་ཐད་སྦྱོང་བརྡར་སྤྲད་མགོ་བཙུགས་ཟིན་པ་མ་ཟད། རྒྱ་གཞུང་ནི་དྲ་རྒྱའི་རང་དབང་ཐད་ཆེས་བརྩི་མེད་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་ཡིན་པ་མངོན་གསལ་དང་འབྲེལ་ཏེ། འདས་པའི་ལོ་ཤས་ནང་འཛམ་གླིང་གི་ཕྱོགས་གཞན་ཁག་ཏུའང་རྒྱ་གཞུང་གི་ཤུགས་རྐྱེན་དབང་གིས་དྲ་རྒྱའི་རང་དབང་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་ཡོད་པ་བཀོད་ཡོད་པ་རེད།

གྷོ་གྷལ་གྱི་ལས་མི་ཚོས་རྒྱ་ནག་ནང་གྷོ་གྷལ་གྱི་ལས་གཞི་རྒྱ་སྐྱེད་བྱ་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

གྷོ་གྷལ་བཟོ་ལས་ཁང་གི་ལས་མི་མང་དག་ཅིག་དང་འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་གྱི་ཚོགས་པ་དུ་མ་མཉམ་འབྲེལ་ཐོག་ནས་གྷོ་གྷལ་བཟོ་ལས་ཁང་གིས་གསང་རྒྱ་འཚོལ་བཤེར་མ་ལག་གསར་པ་ Dragonfly ཞེས་པ་ཞིག་རྒྱ་ནག་ནང་ཤར་གཏོང་བྱ་རྒྱུ་ཕྱིར་འཐེན་གནང་དགོས་པར་ངོ་རྒོལ་བྱེད་བཞིན་འདུག དེ་རིང་དབྱིན་ཡུལ་གྱི་དྲྭ་རྒྱ་ times ཐོག་གནས་ཚུལ་ཐོན་པར་གྷོ་གྷལ་བཟོ་ལས་ཁང་གི་ལས་མི་མང་པོ་ཞིག་གིས་ཁ་སང་རེས་གཟའ་མིག་དམར་ཉིན་ཞུ་སྙན་ཞིག་བྲིས་ཏེ་ Dragonfly ཞེས་པའི་འཚོལ་བཤེར་མཉེན་ཆས་མ་ལག་དེ་རྒྱ་ནག་ནང་གཏང་ཚེ་སྲིད་གཞུང་གིས་མ་ལག་དེ་སྤྱོད་ནས་མི་མང་ལ་ཞིབ་བཤེར་ནན་པོ་བྱས་ཏེ་རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏང་ངེས་ཡིན་སྐོར་འཁོད་འདུག ཞུ་སྙན་དེའི་ནང་ང་ཚོས་གྷོ་གྷལ་བཟོ་ལས་ཁང་གི་རིན་ཐང་ཡིད་ལ་བཅངས་ཐོག་འདི་གར་ལས་ཞུགས་བྱས་པ་ཡིན་ཅེས་ལས་མི་ ༣༠༠ ཡིས་རྒྱབ་སྐྱོར་གནང་བའི་མཚན་རྟགས་བསྐྱོན་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་དག་ཅིག་གིས་ཀྱང་དེར་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཀྱང་རྒྱ་ནག་ནང་འཚོལ་བཤེར་མ་ལག་ཆེད་གཏོང་བྱ་ཚེ་འཕྲུལ་ལས་བཟོ་གྲྭས་སྲིད་གཞུང་ནས་མི་མང་གི་ཐོབ་ཐང་རྡོག་རོལ་གཏང་རྒྱུར་ཉེན་ཚབས་ཆེ་བའི་མཐུན་འགྱུར་སྐྲུན་པ་ཞིག་ཡིན་ཚུལ་གྱི་ཉེན་བརྡ་བཏང་འདུག་པ་དང་། ལྷག་དོན་རྒྱ་ནག་ལ་མ་ལག་དེ་མཁོ་སྤྲོད་གནང་བ་ནི་གྷོ་གྷལ་གྱི་དུས་འགྱུར་ཆེན་པོ་ཞིག་རེད་ཅེས་བརྗོད་ཡོད་པར་འཁོད་འདུག རྩ་བའི་ལོ་འདིའི་ལོ་སྟོད་དུ་གྷོ་གྷལ་གྱི་གསང་བ་ཞིག་ཕྱིར་འགྱར་བྱུང་བར་གཞིགས་ན། བཟོ་ལས་ཁང་ནས་རྒྱ་ནག་ཏུ་གསང་བ་འཚོལ་བཤེར་མ་ལག་ Dragonfly བྱུས་འགོད་བྱེད་བཞིན་ཡོད་པ་དང་། མ་ལག་དེས་ཚོར་བ་རྐྱེན་པའི་གནས་ཚུལ་མང་པོ་ཞིག་ཏེ། དཔེར་ན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། བོད་རང་བཙན། ཕྱི་ལོ་ ༡༩༨༩ ལོ་ཟླ་ ༦ ཚེས་ ༤ སྟེ་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་སྔོག་བཤེར་བྱེད་མཁན་དག་འཕྲལ་མར་ཤེས་རྟོགས་བྱ་ཐུབ་པར་འཁོད་འདུག འདི་ལོའི་ཕྱི་ཟླ་ ༧ ནང་གྷོ་གྷལ་བཟོ་ལས་ཁང་དང་རྒྱ་ནག་དབར་གྱི་གསང་བའི་གན་ཡིག་ཅིག་ཕྱིར་འགྱར་བྱུང་བར་གཞིགས་ན། ཚོང་ལས་ཁང་ནས་འཚོལ་བཤེར་མ་ལག་དེ་ཟླ་ ༦ ནས་ ༩ གྱི་བར་དུ་རྒྱ་ནག་ནང་ཤར་གཏོང་བྱ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ཡོད་སྟབས། བཟོ་ལས་ཁང་གི་ལས་མི་ ༡༤༠༠ ལྷག་གིས་ཟླ་ ༨ པའི་ནང་ནང་ཁུལ་དུ་ཞུ་གཏུགས་ཀྱི་ཕྱག་ཡིག་ཕུལ་ཏེ་གསང་བའི་ལས་འཆར་དེ་དག་གིས་བཟོ་ལས་ཁང་ལ་ཡུན་རིང་བསྐྱངས་ནས་ཡོང་བའི་ཆེ་མཐོང་ལ་གནོད་སྐྱོན་བཟོ་བཞིན་ཡོད་པས་ཕྱི་གསལ་ནང་གསལ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། བཟོ་ལས་ཁང་གི་ལས་མི་མང་པོ་ཞིག་གིས་གྷོ་གྷལ་གྱི་མ་ལག་གྱིས་རྒྱ་ནག་གི་གཞི་རྒྱ་ཆེ་བའི་ཞིབ་བཤེར་གྱི་བརྒྱུད་ལམ་དེར་མཐུན་འགྱུར་བསྐྲུན་ནས་ཉམ་ཆུང་བའི་ཡུ་གུར་གྱི་གྲངས་ཉུང་མི་རིགས་དང་བུད་མེད་ཐོབ་ཐང་རྩོད་ལེན་པ། དེ་བཞིན་སློབ་ཕྲུག་ཚོར་དམིགས་ཡོད་པར་སེམས་འཚབ་ཆེན་པོ་ཡོད་ཚུལ་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་དག་ཅིག་གིས་ཀྱང་གྷོ་གྷལ་བཟོ་ལས་ཁང་གིས་རྒྱ་ནག་ནང་གི་བཀག་རྒྱ་དང་ཞིབ་བཤེར་གྱི་གནས་བབས་དེར་ལྟོས་མེད་གསང་བ་འཚོལ་བཤེར་མ་ལག་མཁོ་སྤྲོད་བྱས་པར་སྐྱོན་བརྗོད་ནན་པོ་གནང་ནས་བཟོ་ལས་ཁང་དེའི་དམིགས་ཡུལ་ནི་མི་སྒེར་པ་ཡོངས་ལ་རང་དབང་ཐོག་གནས་ཚུལ་མཁོ་སྤྲོད་ཐུབ་པའི་ཆ་རྐྱེན་སྐྲུན་རྒྱུ་ཡིན་པ་ལས་རྒྱ་ནག་སྲིད་གཞུང་གི་མ་རུང་རྩུབ་སྤྱོད་ཀྱི་ལག་ཆ་བྱ་རྒྱུ་དེ་མ་རེད་ཅེས་བརྗོད་ཡོད་པར་འཁོད་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་རིགས་ཞིབ་འཇུག་པ་སྐུ་ཞབས་ Joe Westby ལགས་ཀྱིས་ང་ཚོས་ལས་འགུལ་གྱི་ཉིན་མོ་ཞིག་གཏན་འབེབས་བྱས་ནས་ཞུ་གཏུགས་ཀྱི་ཡི་གེ་ཞིག་བྲིས་ཏེ། གྷོ་གྷལ་བཟོ་ལས་ཁང་གི་གཙོ་འཛིན་ Sundar Pichai ལགས་སུ་རྒྱ་ནག་དང་ལག་འབྲེལ་གྱིས་མ་ལག་མཁོ་སྤྲོད་གནང་རྒྱུ་དེ་ཕྱིར་འཐེན་བྱེད་དགོས་པར་བརྗོད་ཡོད་པ་དང་།  ཁོང་གིས་དེ་རིང་ང་ཚོས་གྷོ་གྷལ་གྱི་ལས་མི་དག་ལ་རྒྱབ་སྐྱོར་གྱིས་གསང་བ་འཚོལ་བཤེར་མ་ལག་དེ་རྒྱ་ནག་ནས་ཕྱིར་འཐེན་བྱེད་རྒྱུ་དང་། བཟོ་ལས་ཁང་གིས་སླར་འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་གྱི་དམ་ཚིག་བརྩི་སྲུང་བྱེད་པར་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག།  

རྒྱ་ནག་ཏུ་འགྲུལ་སྐྱོད་རང་དབང་འདྲ་མཉམ་དགོས་པའི་ཁྲིམས་འཆར་གཏན་འབེབས་ཀྱི་གྲོས་འཆར།

ཨ་རིའི་ནང་བར་མའི་འོས་བསྡུ་གྲུབ་མ་ཐག་པ་དང་བསྟུན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་འདུ་ཚོགས་པའི་ཐོག་ཡུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Bernie Sanders ལགས་དང་ Republican ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Cory Gardner ལགས་རྣམས་གཉིས་ནས་རྒྱ་ནག་གི་མི་སེར་སུ་ཡིན་ཡང་ཨ་རིར་རང་དབང་ཐོག་བསྐྱོད་ཆོག་པ་བཞིན། ཨ་རིའི་མི་སེར་རྣམས་ལ་བོད་དུ་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་གྲོས་འཆར་ Reciprocal Access to Tibet Act ཞེས་པ་ཆེད་བཏོན་གནང་འདུག བོད་དུ་རང་དབང་ཐོག་འགྲུབ་སྐྱོད་ཆོག་པའི་གྲོས་འཆར་དེ་ཐོག་མར་འདི་ལོ་ཕྱི་ཟླ་ ༧ ནང་གྲོས་ཚོགས་འཐུས་མི་ Marco Rubio ལགས་དང། Tammy Baldwin ལགས་གཉིས་ཀྱིས་གྲོས་ཚོགས་འོག་མའི་ནང་ཆེད་བཏོན་གནང་བར་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་འབྲེལ། ད་ལན་གྲོས་ཚོགས་གོང་མའི་ནང་དུའང་གྲོས་འཆར་དེར་སྔར་བཞིན་རྒྱབ་སྐྱོར་ཐོབ་ཚེ་ལོ་མཇུག་བར་གྲོས་འཆར་དེ་ཨ་རིའི་ཁྲིམས་སྒྲིག་ནང་བཀོད་རྒྱུར་རེ་བ་ཆེན་པོ་ཡོད་པ་རེད། སྐུ་ཞབས་ Bernie Sanders ལགས་ནི་མ་འོངས་ ༢༠༢༠ ལོའི་འོས་བསྡུ་ཆེན་མོའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འོས་ཤོས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་དང། སྐུ་ཞབས་ Cory Gardners ལགས་ནི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཨེ་ཤ་ཡ་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡིན་པ་རེད། ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་གནས་ཐོག་ཚེས་ ༡༣ ཉིན་གྲོས་ཚོགས་གོང་མའི་ནང་གྲོས་འཆར་བཏོན་པའི་གནས་ཚུལ་སྤེལ་བ་དང་འབྲེལ། ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Meccaci ལགས་ཀྱིས་འདྲ་མཉམ་འགྲུལ་སྐྱོད་རང་དབང་གི་གྲོས་འཆར་དེར་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་བཞིན་པ་དང་། ཨ་རིའི་མང་ཚོགས་ཡོངས་ནས་གྲོས་འཆར་དེར་རྒྱབ་སྐྱོར་དང་གལ་ཆེར་ངོས་འཛིན་གནང་བཞིན་པ་མངོན་གསལ་གནང་བ་མ་ཟད་ད་ལྟའི་ཆར་གྲོས་འཆར་དེ་ཁྲིམས་ལ་གཏན་འབེབས་གནང་རྒྱུའི་འོས་འགན་ཡོངས་རྫོགས་གྲོས་ཚོགས་གོང་མར་ཡོད་པ་གསུངས་འདུག ཁོང་གིས་བོད་དུ་རྒྱ་གཞུང་གི་དྲག་གནོན་ཁྲོད་ད་བར་བོད་མི་ ༡༥༤ ནས་རང་ལུས་མེར་བསྲེགས་གནང་བའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། གྲོས་འཆར་དེ་བཞིན་བོད་ནང་རྒྱ་གཞུང་གིས་བཙན་གནོན་འོག་རྡུག་རྩུབ་མྱོང་བཞིན་པའི་བོད་མི་རྣམས་ལ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། ཨ་རིའི་མི་སེར་རྣམས་དང་ལྷག་པར་དུ་བོད་རིགས་ཨ་རིའི་མི་སེར་རྣམས་ལ་རང་གི་ཕ་ཡུལ་དུ་བསྐྱོད་རྒྱུ་དང་ནང་མི་ཐུག་འཕྲད་དང་ཆེས་གལ་ཆེའི་རང་བཞིན་ཆགས་ཡོད་པར་ནན་བརྗོད་གནང་འདུག

རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དང་ཤིན་ཅང་གི་གནད་དོན་ཐོག་འདྲི་རྩད།

དེ་རིང་ཕྱི་ཟླ་ ༡༡ གི་ཚེས་ ༦ ཏེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་གནང་སྐབས་བོད་དང་ཤིན་ཅང་གི་གནད་དོན་ཐོག་རྒྱ་ནག་ལ་འདྲི་རྩད་བྱེད་མཁན་མང་དག་ཅིག་བྱུང་སོང་བ་མ་ཟད། ལྷག་པར་རྒྱལ་ཁབ་༡༢ ཙམ་ནས་བོད་ཀྱི་གནད་དོན་འབུར་བཏོན་གནང་སོང་།དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་དུས་བཀག་བསྐྱར་ཞིབ་དངོས་སུ་དབུ་འཛུགས་གནང་བ་དང་སྦྲགས། Australia དང་ Austria, Denmark, Canada, Germany, France, ཉི་ཧོང་། New Zealand, Sweden, Switzerland, ཨིན་ཡུལ། ཨ་རི་བཅས་རྒྱལ་ཁབ་ ༡༢ ནས་བོད་དང་ཤིན་ཅང་ནང་གི་གནས་སྟངས་འབུར་བཏོན་དང་སྦྲགས། མི་རིགས་དེ་དག་གིས་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཁག་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་རེ་འདུན་ཁག་ཅིག་བསྟན་གནང་ཡོད་པ་རེད། དེའི་ཁྲོད་ New Zealand སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་པ་དང་། ཨ་རིའི་སྐུ་ཚབ་ཀྱི་ངོས་ནས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་བཙོན་གྲོལ་གཏང་དགོས་པ་དང་། རྒྱ་གཞུང་གིས་བོད་མིའི་ཆོས་དད་ཀྱི་ལས་དོན་ནང་དུ་ཐེ་བྱུས་མཚམས་འཇོག་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ནང་དུ་ཐེ་བྱུས་མཚམས་འཇོག་དགོས་པའི་དགོས་འདུན་བསྟན་གནང་སོང་། དེ་བཞིན་ Belgium དང་། Croatia, Czech སྤྱི་མཐུན་རྒྱལ་ཁབ། Hungary, Greece, Mexico དེ་བཞིན་ Turkey སོགས་རྒྱལ་ཁབ་མང་དག་ཅིག་ནས་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་སྤྱིའི་ཐོག་འདྲི་རྩད་བྱས་སོང་བ་དང་། རྒྱལ་ཁབ་ཁྱོན་ ༣༣ ཙམ་ནས་རྒྱ་ནག་གཞུང་གི་ ICCPR ཞེས་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་སྒྲིག་ལ་ཁས་ལེན་དོན་འཁྱོལ་གྱི་མཚན་རྟགས་བཀོད་དགོས་པའི་དགོས་འདུན་སྟོན་མཁན་བྱུང་སོང་།ཡིན་ནའང་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཁབ་དེ་དག་གི་འདྲི་རྩད་ལ་ལན་འདེབས་ཁྲོད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་གསུངས་པར་ངོས་ལེན་རྩ་བ་ནས་མེད་པ་དང་། རྒྱ་ནག་ངོས་ནས་དེ་གའི་རྩ་ཁྲིམས་གཞིར་བཟུང་ཡུལ་དེའི་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་བཞིན་པ་མ་ཟད། བོད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་གནད་དོན་དེ་ནི་ཁྲིམས་འགལ་གྱི་ཁང་པ་གཏོར་བཤིག་མ་གཏོགས་ཆོས་དད་དང་འབྲེལ་བ་རྩ་བ་ནས་མེད་པ་སོག་ས་ཀྱི་འགྲེལ་བརྗོད་བྱས་འདུག རྒྱ་ནག་གཞུང་གིས་ད་དུང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཟེར་བ་དེ་དག་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཡིན་པ་འགྲེལ་བརྗོད་བྱས་པ་མ་ཟད། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཆེད་ཕེབས་ན་འགྲིག་གི་ཡོད་སྐོར་གྱི་རྣམ་པའང་བསྟན་ཡོད་ཀྱང་། རྒྱ་ནག་ཐོག་དཔྱད་ཞིབ་གནང་མཁན་ཁག་ཅིག་ནས་རྒྱ་གཞུང་གིས་ད་བར་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འབོད་སྐུལ་དེའི་རིགས་ ༡༧ ཙམ་ཞུས་ཡོད་ཀྱང་། འདས་པའི་ལོ་ལྔའི་ནང་གསུམ་ལ་མ་གཏོགས་ངོས་ལེན་བྱས་མེད་པའི་ཟུར་ས་བྱས་འདུགདེ་བཞིན་དེ་རིང་རྒྱ་ནག་ཐོག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐེངས་གསུམ་པ་དེ་དངོས་སུ་འགོ་འཛུགས་མ་གནང་གོང་ཁ་ས་ Geneva རྒྱལ་ཚོགས་མདུན་དུ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་གོ་སྒྲིག་ཐོག་ཐེངས་འདིའི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་སྐབས་སུ་རྒྱལ་ཚོགས་ནས་རྒྱ་ནག་ལ་བོད་ནང་གི་གནད་དོན་ཐོག་འདྲི་རྩད་ནན་པོ་བྱེད་དགོས་པ་དང་། རྒྱ་ནག་གཞུང་ནས་བོད་ནང་དྲག་པོའི་སྲིད་བྱུས་མཚམས་འཇོག་བྱེད་དགོས། དེ་བཞིན་བཀྲ་ཤིས་དབང་ཕྱུག་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ་སོགས་ཀྱི་སྐད་འབོད་བྱས་འདུག    མ་ཟད་དེ་རིང་ Geneva རྒྱལ་ཚོགས་ནང་དུ་དངོས་སུ་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་འཚོགས་བཞིན་པའི་སྐབས་སུ་ཡུ་གུར་བ་རྣམས་ནས་གཞི་རྒྱ་ཆེ་བའི་རང་དབང་གོམ་བགྲོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལས་འགུལ་དེའི་ནང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་བོད་མི། དེ་བཞིན་ཡུ་གུར་བ་དང་ནང་སོག   གཞན་ཡང་ཐེ་ཝན་དང་ཧོང་ཀོང་མང་གཙོའི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་ནས་མཉམ་ཞུགས་གནང་འདུག

རྒྱ་ནག་གིས་ནང་ཆོས་ཀྱི་བདག་དབང་རག་ཐབས་ལ་འབད་བརྩོན་བྱེད་བཞིན་པ།

རྒྱ་ནག་གིས་ཕྱོགས་གཅིག་ནས་ནང་ཆོས་ནི་དུག་ཏུ་བརྩི་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱི་ཁེ་ཕན་སྒྲུབ་ཐབས་སུ་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་བརྒྱུད་ནས་མ་དངུལ་ཁྲག་ཁྲིག་ ༡ ཙམ་ཆེད་གཏོང་གིས་འཇམ་པའི་སྟོབས་ཤུགས་ཐོག་ནས་བོད་བརྒྱུད་ནང་བསྟན་དེ་ཕྱི་ནང་གི་འབྲེལ་ལམ་གསར་འཛུགས་ཀྱི་ལག་ཆ་གནད་ཆེ་ཞིག་ཏུ་ངོས་འཛིན་བྱས་འདུག དེའང་བོད་བརྒྱུད་ནང་བསྟན་གྱི་བདག་དབང་རྩོལ་སྒྲུབ་བྱས་པ་མ་ཟད་དེའི་བརྒྱུད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་བདག་དབང་དེ་རྒྱ་ནག་གཞུང་ལ་རག་ཐབས་སླད་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད། ཉེ་ལམ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས་དཔྱད་རྩོམ་ཞིག་སྤེལ་བའི་ནང་རྒྱ་ནག་ནང་ཁུལ་དུ་ནང་བསྟན་ཆོས་ལུགས་ཀྱི་ལྟེ་གནས་གསར་འཛུགས་བྱེད་བཞིན་པ། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་འཇམ་པོའི་རྩལ་གྱི་ཐོག་ནས་ནང་ཆོས་དང་འབྲེལ་བའི་དངུལ་དངོས་ཀྱི་མ་རྩ་ཆེད་འཛུགས་བྱེད་བཞིན་པ། དེ་བཞིན་ནང་ཆོས་ཀྱི་བདག་དབང་རྩོལ་སྒྲུབ་ཀྱི་ཐོག་ནས་༸གོང་ས་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ཐད་ལ་འབད་བརྩོན་བྱེད་བཞིན་པ་སོགས་ས་བཅད་གསུམ་གྱི་ཐོག་ནས་རྒྱ་ནག་གི་ངོས་ནས་ཇི་ལྟར་ནང་བསྟན་ཆོས་ལུགས་དེ་བེད་སྤྱོད་གཏོང་བཞིན་ཡོད་པ་ར་སྤྲོད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ཉམས་ཞིབ་པ་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས་སུ་དེ་འབྲེལ་བཅའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རྒྱ་ནག་དམར་པོའི་གཞུང་ལ་ལོ་རྒྱུས་དང་རིག་གཞུང་གང་གི་ཐོག་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བདག་དབང་ཡོད་སྲིད་ཀྱི་མ་རེད་ཅེས་གསུངས་ཡོད།

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པའི་ཞུ་སྐུལ་སྐད་འབོད།

ཁ་སང་ཚེས་ ༡༨ ཉིན་ཡོ་རོབ་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་ཁང་ལྟེ་བའི་ནང་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། སྤྱི་ཚོགས་བཅས་ལ་དམིགས་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་མགོ་འཛུགས་གནང་བ་དང་བསྟུན་ཁུལ་དེར་གནས་ཞུགས་ས་གནས་བོད་མི་དང་ཡུ་གུར་བ། ལྷོ་སོག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་གྱི་ས་གནས་ཡུལ་མི་བཅས་ཁྱོན་མང་ཚོགས་ ༡༥༠ ལྷག་ལྷན་འཛོམས་ཐོག་ཡོ་རོབ་མཐུན་ཚོགས་ནས་ཐེངས་འདིའི་ཚོགས་ཆེན་ཐོསྟེང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱ་ནག་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པར་ཞུ་སྐུལ་སྐད་འབོད་གནང་འདུག གཞི་རྩའི་ཞུ་སྐུལ་སྐད་འབོད་ཀྱི་ལས་འགུལ་དེ་བཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་ཡུ་གུར་མང་གཙོ་ཚོགས་པ་དང་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཆགས་ཡིན་པ་རེད། སྐབས་དེར་ཁོང་རྣམས་ནས་ལྷན་ཚོགས་ཐོག་བཅར་བའི་རྒྱ་ནག་གི་སྲིད་བློན་ Li Keqiang ཡིས་གཙོས་པའི་རྒྱ་ནག་གི་སྐུ་ཚབ་རྣམས་ལ་ངོ་རྒོལ་དང་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་མི་སྣ་རྣམས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་སྒོས་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་འབྲེལ་རྒྱ་ནག་གི་སྐུ་ཚབ་དང་རྒྱ་གཞུང་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པར་ཞུ་སྐུལ་གནང་འདུགལས་འགུལ་ཐོག་མཉམ་ཞུགས་བ་ཡོ་རོབ་གྲོས་ཚོགས་འཐུས་མི་དང་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann ལགས་ནས་ང་ཚོས་བོད་དང་ཡུ་གུར། སོག་པོ་བཅས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་ནས་རྒྱ་ཁབ་ཀྱི་བདེ་འཇགས་དང་ཆིག་སྒྲིལ་ཞེས་པའི་མིང་བྱང་འོག་བོད་མི་དང་ཡུ་གུར་བ། སོག་པོ་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད།  ལྷག་པར་དུ་བོད་མིའི་ཐུན་མོང་མ་ཡིན་པའོ་ངོ་བོ་རྩ་མེད་གཏང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད།  ང་ཚོས་དུས་རྒྱུན་དུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་དོན་དུ་རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་སྐུ་ཉིད་མཆོག་གི་སྐུ་ཚབ་ལྷན་དུ་ཞི་བ་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པར་འབོད་སྐུལ་ཞུ་བཞིན་ཡོད་པ་སོགས་འཁོད་ཡོད།ཁྲིམས་ལུགས་གང་འདྲ་ཞིག་གསར་བཟོ་བྱ་ཚེ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་དང་མི་མང་གི་འཚོ་རྟེན་དང་དཔལ་འབྱོར། དེ་བཞིན་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་བཅས་ལ་དོ་ཕོགས་མ་ཐེབས་པ་ཞིག་བཟོ་དགོས་གལ་ཡིན་སྐོར་ཡང་ཡང་བརྗོད་བཞིན་པ་སོགས་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་ཉམས་ཞིབ་འགན་འཛིན་ Vincent Metten ལགས་ནས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་རང་དབང་དང་ཐོབ་ཐང་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་རྣམས་ཐུན་མོང་ཐོག་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ལྷན་ཚོགས་སྐབས་སུ་ཚོང་དོན་སྐོར་གླེང་བ་ལས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་གི་མེད་སྟབས། ང་ཚོའི་ངོས་ནས་གོ་སྐབས་དམ་འཛིན་ཐོག་ལྷན་ཚོགས་དེ་དག་ཐོག་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པར་ཞུ་སྐུལ་གནང་དགོས་པ་མ་ཟད། ལྷག་དོན་དུ་ལྷན་ཚོགས་འདིའི་ཐོག་རྒྱ་ནག་གི་སྲིད་བློན་ Li Keqiang སླེབས་ཡོད་སྟབས་ཞུ་སྐུལ་དང་སྐད་འབོད་གནང་རྒྱུ་དེ་བས་ཀྱང་གནད་ཆེ་བ་རེད་ཅེས་གསུངས་འདུག  དེ་བཞིན་ UNPO ཚོགས་པའི་ཞུ་གཏུགས་འགན་འཛིན་ལྕམ་ Lucia Parrucci ལགས་ཀྱིས་ནོར་འཁྲུལ་གང་ཡང་མེད་པར་རྒྱ་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་མི་སེར་རྣམས་ཀྱི་བདེ་སྡུག་གླེང་རྒྱུའི་འོས་འགན་འདི་ཡོ་རོབ་མཐུན་ཚོགས་དང་དེའི་ཚོགས་མི་རྒྱལ་ཁབ་རྣམས་ལ་ཡོད་སྟབས། ཡོ་རོབ་མཐུན་ཚོགས་དང་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་ཐོག་རྒྱ་ནག་གཞུང་དང་རྒྱ་ནག་གི་སྐུ་ཚབ་རྣམ་པར་དེ་འབྲེལ་འདྲི་རྩད་དང་གླེང་སློང་གནང་གལ་ཡིན་པ་སོགས་གསུངས་ཡོད། གཞི་རྩའི་ཁ་སང་བྷེལ་འཇམ་གྱི་རྒྱལ་ས་ Brussels ནང་དུ་མགོ་འཛུགས་གནང་བའི་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། སྤྱི་ཚོགས་བཅས་ལ་དམིགས་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་དེ་རིང་མཇུག་སྒྲིག་གནང་གི་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་ནག་ཕྱོགས་ནས་ Li Keqiang གྱིས་གཙོས་པའི་སྐུ་ཚབ་མི་སྣ་ཁག་ཅིག ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Donald Tusk ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་གནད་ཡོད་འགོ་ཁྲིད་བཅས་ནས་མཉམ་ཞུགས་ཐོག་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་སྐོར་གྲོས་བསྡུར་གནང་གི་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མ་ནས་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་གཏན་འབེབས་ཡོང་བར་དམིགས་བསལ་ཞུ་གཏུགས་ལས་འགུལ།

ཨ་རིའི་གྲོས་ཚོགས་གོང་མ་ནས་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་གཏན་འབེབས་ཡོང་སླད་དམིགས་བསལ་ཞུ་གཏུགས་ལས་འགུལ་སྤེལ་འདུགཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་བཅིུག་འཁོར་བའི་ཉིན་མོ་དང་བསྟུན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ DC རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་ཨ་རིའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམ་པ་ཁག་ཅིག་བཅས་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བརྒྱ་ཡི་ལས་ཁུངས་སུ་ངོ་བཅར་གྱིས་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་ལས་བྱེད་ཁག་ཅིག་བཅས་མཇལ་མོལ་བརྒྱུད་ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མས་གཏན་འབེབས་གནང་བའི་བོད་ལ་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་དེར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་ཀྱང་དེ་མཚུངས་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་ཡོང་ཐབས་སུ་ཞུ་སྐུལ་གནང་འདུགསྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཚོགས་པའི་དྲྭ་རྒྱ་བརྒྱུད་མང་ཚོགས་ལྔ་སྟོང་ལྷག་ཙམ་ནས་མངའ་སྡེ་སོ་སོའི་གྲོས་ཚོགས་གོང་མའི་འཐུས་མིར་ཕུལ་བའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པའི་ཞུ་སྙན་དེའི་ངོ་ཤུས་རྣམས་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་ཕུལ་འདུག་པ་མ་ཟད། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ཀྱང་མངའ་སྡེ་སོ་སོའི་ནང་དུ་གནས་བཞུགས་བོད་མི་ཚོའི་ངོ་ཚབ་གནང་ཐོག་གྲོས་ཚོགས་གོང་མའི་འཐུས་མིར་ཁྲིམས་འཆར་དེར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཁག་གི་ངོ་ཤུས་རྣམས་གྲོས་ཚོགས་འཐུས་མིར་ཕུལ་འདུགདེ་བཞིན་བུ་ཆུང་ལགས་ཀྱིས་ད་ལན་ཁོང་རྣམས་ནས་ཨ་རིའི་གྲོས་ཚོགས་གོང་མའི་ནང་དམིགས་བསལ་གྱི་ཞུ་སྐུལ་ལས་འགུལ་དེ་སྤེལ་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་བཅིུག་འཁོར་བའི་དུས་ཆེན་ཉིན་མོ་དང་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༡༨ མ་རྫོགས་གོང་ལ་ཨ་རིའི་སྲིད་འཛིན་མཆོག་གི་མཚན་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་དགོས་ཀྱི་ཡོད་པ་དང་། ལྷག་དོན་ད་ཆ་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེར་འགོག་རྐྱེན་བཟོ་ཐབས་བྱེད་བཞིན་པའི་གནས་སྟངས་ཁག་བཅས་ལ་གཞིགས་པ་ཞིག་ཡིན་སྐོར་གསུངས་སོང་།གཞི་རྩའི་ཁ་སང་ཚེས་ ༡༧ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཙམ་དུ་མ་ཟད་ཨ་རིའི་མངའ་སྡེ་འདྲ་མིན་ནང་མངའ་ཁུལ་སོསོའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཉིན་བརྒྱ་དུས་གཅིག་ཏུ་གྲོས་ཚོགས་གོང་མའི་འཐུས་མི་ཁག་དང་མཇལ་མོལ་གནང་སྟེ་དམིགས་བསལ་གྱི་ཞུ་གཏུགས་ལས་འགུལ་སྤེལ་ཡོད་པ་རེད།

Li Keqiang གི་གཞུང་འབྲེལ་འཚམས་གཟིགས་ལ་བོད་མི་དང་ཡུ་གུར་བ་སོགས་ནས་ངོ་རྒོལ་བྱས་འདུག

རྒྱ་ནག་གི་སྲིད་བློན་ Li Keqiang ཡོ་རོབ་ Netherlands ནང་དུ་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་སྐབས་ས་གནས་བོད་མི་དང་། ཡུ་གུར་བ། དེ་བཞིན་ Falun Gong སོགས་ནས་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་གླུང་བླངས་པ་དང་། རྒྱ་ནག་གཞུང་ནས་དྲག་པོའི་སྲིད་བྱུས་རྣམས་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་འཕྲེད་དར་རིགས་བསྣམས་ཏེ་ངོ་རྒོལ་ཤུགས་ཆེ་བྱས་འདུག རྒྱ་ནག་གི་སྲིད་བློན་ Li Keqiang དང་བཟའ་ཟླ་གཙོས་པའི་རྒྱ་ནག་གི་ཆབ་སྲིད་དང་ཚོང་འབྲེལ་གྱི་མི་སྣ་ཁག་ཅིག་ཁ་ཉིན་ཕྱི་ཚེས་ ༡༤  ནས་འགོ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་གསུམ་གྱི་རིང་ Netherlands ནང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། ཁ་སང་ཡུལ་དེའི་གྲོང་ཁྱེར་ Hague ནང་དུ་ Li Keqiang དང་ Netherlands གྱི་སྲིད་བློན་ Mark Rutte ལགས་དབར་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་དོན་སོགས་དང་འབྲེལ་མཇལ་འཕྲད་གནང་སྐབས་ས་གནས་བོད་མི་དང་། ཡུ་གུར་བ། དེ་བཞིན་ Falun Gong ཆོས་བརྒྱུད་རྗེས་འབྲངས་པ།  གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཐུན་མོང་ནས་ Li Keqiang ལ་ངོ་རྒོལ་བྱས་འདུག སྐབས་དེར་ངོ་རྒོལ་བ་རྣམ་པའི་ལག་ཏུ་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་། བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་བཏང་དགོས། རྒྱ་གཞུང་གི་བཀག་ཉར་འོག་ཡོད་པའི་ཡུ་གུར་བ་ས་ཡ་གཅིག་ལྷག་ཡོད་པ་རྣམས་གློད་བཀྲོལ་དགོས། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས། བོད་དང་ཤིན་ཅང་སོགས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་མཚམས་འཇོག་དགོས་པའི་འཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་འདུག དེ་བཞིན་ཁ་སང་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་མཇལ་འཕྲད་གྲུབ་མཚམས་སུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ Li Keqiang ནས་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་བཟོ་སྐྲུན་ཚོང་ལས་པ་རྣམས་རྒྱ་ནག་ནང་ཚོང་དོན་གཉེར་རྒྱུར་དགག་བྱ་མེད་པར་སྔར་ལྷག་གོ་སྐབས་སྐྲུན་ཡོད་ཅེས་བརྗོད་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ནས་རྒྱ་ནག་གི་ཚོང་གི་གོ་སྐབས་སྐྲུན་པ་བཞིན་བོད་དང་ཤིན་ཅང་ནང་ཡོད་པའི་བཙོན་ཁང་དང་། ཡུལ་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཕྱི་གསལ་ནང་གསལ་གྱི་གོ་སྐབས་བསྐྲུན་ཐུབ་ཀྱི་རེད་དམ་ཞེས་དྲི་བ་ཞིག་ཀྱང་གནང་འདུགགཞི་རྩའི་ཐེངས་འདིའི་རྒྱ་ནག་གི་སྲིད་བློན་ Li Keqiang གི་འཚམས་གཟིགས་དེ་ནི་ Netherlands དང་རྒྱ་ནག་དབར་གྱི་ཆབ་སྲིད་ཀྱི་འབྲེལ་བ་དང་། ལྷག་པར་དུ་ཚོང་འབྲེལ་གྱི་ལས་དོན་རྣམས་སྔར་ལྷག་སྲ་བརྟན་བཟོ་རྒྱུར་དམིགས་པ་ཞིག་དང་། བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། ཐེངས་འདིའི་ Li Keqiang དང་སྲིད་བློན་ Mark Rutte ལགས་རྣམ་གཉིས་ཀྱི་མཇལ་མོལ་ཁྲོད་ཚོང་ལས་ཁོ་ན་ལ་དམིགས་ཏེ་ཕྱོགས་གཉིས་དབར་ཨ་སྒོར་ཐེར་འབུམ་བཅུའི་གན་རྒྱ་གསར་པ་ཞིག་ཀྱང་བཞག་ཡོད་པ་རེད།      

Latest news