Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཞི་ཅིང་ཕིང་གི་འགོ་ཁྲིད་གསར་པ་ཚོར་དྲུང་ཆེའི་ངོ་བོ་མ་གཏོགས་ཆབ་སྲིད་ཀྱི་དབང་ཆ་མེད་པ་རེད།

ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ ཚོགས་པ་དང་བསྟུན་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་འགོ་ཁྲིད་བདུན་གསར་འདེམས་བྱུང་ཡོད་པ་ལྟར་ཁ་སང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ Non-Violent Alternatives འཚེ་མེད་ཞི་བ་གདམ་ཀ་གཞན་ཞེས་པའི་ཚོགས་པའི་གོ་སྒྲིག་འོག་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཞིག་ཚོགས་ཡོད།  བགྲོ་གླེང་གི་ལྷན་ཚོགས་ཐོག་རྒྱ་གར་དང་ཐེ་ཝན། བོད་མི་བཅས་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་མི་གྲངས་བཞི་མཉམ་ཞུགས་གནང་ཡོད་པར་མ་ཟད་མཁས་པ་དེ་དག་གིས་སྲིད་འཛིན་ཤི་ཅིང་ཕིང་གི་དབང་འཛིན་འོག་སྐབས་ ༢༠ པའི་རྒྱ་ནག་གི་གནས་བབ་དང་འབྲེལ་བའི་གནད་དོན་ཐོག་དཔྱད་རྩོམ་སྤེལ་ཏེ་བཀའ་མོལ་གནང་ཡོད། བགྲོ་གླེང་ལྷན་ཚོགས་ཐོག་ Flame གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཆབ་སྲིད་དང་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་སྐུ་ཞབས་ Roger Liu མཆོག་གིས་སྲིད་འཛིན་གསར་པ་ཞི་ཅིན་ཕིང་ལ་ད་ལྟའི་ཆར་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀར་གདོང་ལེན་མང་དག་ཅིག་བྱེད་དགོས་པ་དང་། དཀའ་ངལ་དེ་དག་ལས་ཁོ་པས་གདོང་ལེན་བྱེད་དགོས་ས་དང་པོ་དེ་ཆབ་སྲིད་བདེ་འཇགས་དང་དེ་ནས་ཨ་རི་དང་འབྲེལ་ལམ་བྱེད་ཕྱོགས་སོགས་ཀྱི་སྐོར་ཡིན་པར་འགྲེལ་བརྗོད་གནང་སྟེ། ཞི་ཅིན་ཕིང་གིས་འདེམས་སྒྲུག་བྱས་པའི་འགོ་ཁྲིད་དེ་དག་རང་ཉིད་དང་བློ་མཐུན་ཡིད་ཆེས་ཡོད་པ་འབའ་ཞིག་ཡིན་ཀྱང་། འགོ་ཁྲིད་དེ་དག་དྲུང་ཆེའི་ངོ་བོའི་ཐོག་ནས་ལས་ཀ་བྱེད་རྒྱུ་མ་གཏོགས་ཆབ་སྲིད་ཀྱི་ཐག་གཅོད་བྱེད་དབང་གང་ཡང་མེད་པ་གསལ་པོ་རེད་ཅེས་སོགས་གསུངས་ཡོད།  ཁ་སང་རྒྱལ་ས་ལྡི་ལིའི་ IIC འམ་རྒྱ་གར་དང་རྒྱལ་སྤྱའི་ལྟེ་གནས་ཁང་དུ་གོ་སྒྲིག་ཞུས་པའི་བགྲོ་གླེང་ལྷན་ཚོགས་དེ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ KanwalSibal མཆོག་གིས་གཙོ་སྐྱོང་གནང་ཡོད་པ་དང་། གསུང་བཤད་གནང་མཁན་ཁོངས་སུ་རྒྱ་གར་དཔལ་འབྱོར་དུས་བབ་གསར་ཁང་གི་ཕྱི་འབྲེལ་རྩོམ་བྲིས་པ་སྐུ་ཞབས་ Dipanjee Roy Chaudhary ལགས་དང་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་ཚན་པའི་སློབ་དཔོན་ SrikanthKondapalli ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། Flame གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཆབ་སྲིད་དང་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་སྐུ་ཞབས་ Roger Liu ལགས་བཅས་ལྷན་ཞུགས་གནང་ཡོད་པ་རེད། བགྲོ་གླེང་ལྷན་ཚོགས་ཐོག་དཔལ་འབྱོར་དུས་བབ་གསར་ཁང་གི་སྐུ་ཞབས་ Dipanjee Roy Chaudhary ལགས་ཀྱིས་ཞི་ཅིན་ཕིང་གི་ངོས་ནས་ཕྱི་ལོ་ ༢༠༥༠ ལོའི་བར་རྒྱ་མིའི་དངུལ་ལོར་ Renminbi དེ་ཨ་རིའི་ཌོ་ལོ་ལས་ཀྱང་རིན་ཐང་ཆེ་བ་བཟོ་རྒྱུའི་དམིགས་ཡུལ་ཡོད་པར་མ་ཟད། རྒྱལ་ཁབ་ཉམ་ཐག་རྣམས་ལ་དཔལ་འབྱོར་གྱི་བསླུ་ཁྲིད་བྱས་ཏེ་རྒྱ་གར་ལྟ་བུའི་ཁྱིམ་མཚེས་རྒྱལ་ཁབ་ལ་བདེ་འཇགས་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད། དེ་བཞིན་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་ཚན་པའི་སློབ་དཔོན་ SrikanthKondapalli ལགས་ཀྱིས་ཞི་ཅིན་ཕིང་གི་སྲིད་དབང་སྒེར་འཛིན་གྱི་བསམ་བློའི་འོག་ནས་འགོ་ཁྲིད་གཞན་རྣམས་སོ་སོའི་ཕྱོགས་གཏོགས་ཀྱི་བློ་ཉེ་ས་ཤ་སྟག་ཡིན་པ་དེས་ཆབ་སྲིད་ལྟ་གྲུབ་དོ་མཉམ་མེད་པའི་ཐོག་ནས་མ་འོངས་པར་རྒྱལ་ནང་གི་ཤོག་ཁག་ཕན་ཚུན་དབར་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་སྐོར་སོགས་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གི་ད་ལྟའི་སྐབས་ ༢༠ པའི་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་འགོ་ཁྲིད་གསར་པ་དེ་དག་འོག་ནས་བོད་ཀྱི་བདེན་མཐའ་སེལ་བའི་རེ་བ་ཞིག་ཡོད་རེད་ཅེས་གསུངས་ཡོད།

རྒྱལ་ཁབ་ལྔ་བཅུས་རྒྱ་གཞུང་ལ་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད།

རྒྱལ་ཚོགས་ཀྱི་བགྲོ་གླེང་ཐོག་ཏུ་ཨ་རིས་གཙོས་པའི་རྒྱལ་ཁབ་ལྔ་བཅུའི་སྐུན་ཚབ་རྣམ་པ་ཟུང་འབྲེལ་གྱིས་རྒྱ་ནག་གཞུང་གིས་ད་ཆ་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ཚོར་ཤུགས་ཆེན་པོས་སྐྱོན་བརྗོད་དང་སྦྲགས་རྒྱ་གཞུང་ནས་རང་ཉིད་ཀྱིས་ཁ་དན་བཞག་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པའི་རེ་འདུན་བཏོན་འདུག ཁ་སང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་ནང་ཚོགས་པའི་རྒྱ་གཞུང་གིས་ཡུ་གུར་མི་རིགས་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚབས་ཆེན་གཏོང་བཞིན་པར་ཛ་དྲག་གི་བགྲོ་གླེང་ཞིག་གི་ཐོག་རྒྱལ་ཚོགས་ཀྱི་ཁེ་ན་ཌའི་སྐུ་ཚབ་ Bob Rae ལགས་ཀྱིས་སྐབས་དེར་ཨ་རི་དང་དབྱིན་ཡུལ། ནོར་ཝེ། ཁེ་ན་ཌ། དེ་བཞིན་ཨོ་སི་ཊི་ལི་ཡ་སོགས་མང་གཙོའི་རྒྱལ་ཁབ་ལྔ་བཅུས་སྐུ་ཚབ་ཞུས་ཏེ་ཐུན་མོང་གིས་འདོན་སྤེལ་གནང་བའི་བསྒྲགས་གཏམ་ཞིག་སྒྲོག་སྦྱང་གནང་བའི་ནང་ད་རེས་རྒྱལ་ཁབ་དེ་དག་ཐུན་མོང་གིས་གོང་ཞུས་བསྒྲགས་གཏམ་དེ་ནི་གཙོ་བོ་ཉེ་ལམ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལས་ཁང་གིས་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བར་རྒྱ་ནག་གཞུང་གི་ངོས་ནས་ཤིན་ཅང་ནང་ཡུ་གུར་གཙོ་བོར་གྱུར་པའི་ཁ་ཆེའི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་དང་ཡུ་གུར་མི་རིགས་རྣམས་ཁྲིམས་མེད་ལུང་མེད་སྒོ་ནས་འཛིན་བཟུང་བཀག་ཉར་དང་ཁོང་རྣམ་པར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནི་འགྲོ་བ་མིའི་རིགས་ལ་རྒོལ་རྡུང་གི་ནག་ཉེས་ཚབས་ཆེན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས་སེམས་འཚབ་ཀྱིས་སྤེལ་བ་ཞིག་ཡིན་སྐོར་གསུངས་འདུག བསྒྲགས་གཏམ་ནང་རྒྱལ་ཁབ་ཀྱི་ངོས་ནས་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་འདོན་སྤེལ་གནང་བའི་ཤིན་ཅང་གི་སྙན་ཐོར་ཁས་ལེན་བྱས་མེད་པར་ཐུགས་འཚབ་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་གཞུང་ནས་རང་ཉིད་ཀྱིས་ཁ་དན་ཟིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱས་ཏེ་རྒྱའི་བཀག་ཉར་འོག་ཡོད་པའི་ཡུ་གུར་མི་རིགས་རྣམས་ལ་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དང་། ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་སོགས་གསལ་བཤད་ཡོང་བའི་འབོད་སྐུལ་ཞུས་ཏེ་རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བཏོན་པའི་དགོངས་འཆར་ཁག་ལ་ངོས་ལེན་གྱིས་ལག་བསྟར་བྱེད་དགོས་སྐོར་གསུངས་ཡོད། རྒྱལ་ཚོགས་ཀྱི་ཁེ་ན་ཌའི་སྐུ་ཚབ་ Bob Rae ལགས་ཀྱིས་ཁོང་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐོག་གླེང་སློང་གནང་སྟེ་ཡ་ང་བའི་གནས་སྟངས་དེ་དག་འཕྲལ་མར་མཚམས་འཇོག་ཡོང་སླད་ཐུན་མོང་ཐོག་ནས་ཕྱག་ལས་གནང་རྒྱུ་ནི་མང་ཚོགས་ཀྱི་ངོས་ནས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཐུབ་རྒྱུའི་ཡོངས་སྒྲིལ་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་གཞི་རྩ་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཚང་མས་ཐབས་ལམ་དེ་ཕྱག་བསྟར་གནང་སྐྱོང་ཡོང་བའི་སྐུལ་མ་གནང་འདུག

Tottenham  རྐང་སྤོལ་རུ་ཁག་ནས་ AIA དང་འབྲེལ་བ་མཚམས་འཇོག་དགོས་པ།

དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཁུལ་དེར་རྟེན་གཞི་བྱས་པའི་ Totttenham ཞེས་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་རྐང་སྤོལ་རུ་ཁག་གིས་རུ་ཁག་དེའི་སྦྱིན་བདག་གཙོ་བོ་ AIA གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་རྒྱབ་སྐྱོར་བྱས་རྐྱེན་འབྲེལ་བ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུགདེ་སྔ་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ཡོངས་ཁྱབ་དང་། ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་སྦྲགས། ལོ་དེར་ཧོང་ཀོང་ནང་དུ་རྟེན་གཞི་བྱས་པའི་ AIA (American Insurance Association) ཞེས་ཨ་རིའི་ཉེན་སྲུང་མ་འཇོག་གིས་མཐུན་ཚོགས་ཀྱི་ངོས་ནས་ཁྲིམས་གཞི་དེར་རྒྱལ་སྤྱིའི་སྐྱོན་བརྗོད་ལ་ལྟོས་མེད་རྒྱབ་སྐྱོར་གྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པའི་གནད་དོན་དེ་དང་འབྲེལ་ནས། ཁ་སང་ཕྱི་ཚེས་ ༣༡ ཉིན་ Evening Standard ཞེས་པའི་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ Tottenham རྐང་སྤོལ་རུ་ཁག་གིས་ཧོང་ཀོང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་རྒྱལ་སྐྱོར་བྱེད་མཁན་དང་ལྷན་དུ་ལག་འབྲེལ་བྱས་ཡོད་པར་སྐྱོན་བརྗོད་ནན་པོ་གནང་ཡོད་པ་མ་ཟད། རྐང་སྤོལ་རུ་ཁག་གི་གཙོ་འཛིན་ Daniel Levy ལ་ཕྱག་བྲིས་ཤིག་ཕུལ་ཞིང་། AIA ཞེས་པའི་མཐུན་ཚོགས་དེ་དང་འབྲེལ་བ་མཚམས་འཇོགས་བྱེད་དགོས་པའི་ནན་སྐུལ་གནང་འདུག AIA ཞེས་པའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་ཧོང་ཀོང་ནང་དུ་ཁྲིམས་འགལ་ཐོག་གདུག་རྩུབ་དང་། གཅིག་སྡུད་ལམ་ལུགས་ཀྱི་ཁྲིམས་གཞི་གསར་འཛུགས་བྱས་པ་དེ་ཁྲིམས་མཐུན་གྱི་གནས་བབ་ཡིན་ཚུལ་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་གནང་བར་མ་ཟད། ཁྲིམས་གཞི་དེ་ཚད་ལས་བརྒལ་བ་དང་། ཧ་ཅང་དྲག་གནོན་ཅན་ཞིག་ཡིན་པ་དང་འབྲེལ། Tottenham རྐང་སྤོལ་རུ་ཁག་གིས་ AIA མཐུན་ཚོགས་དང་ལྷན་དུ་སྦྱིན་བདག་གི་འབྲེལ་ལམ་བཞག་པ་དེས་རུ་ཁག་དེའི་མཚན་སྙན་ལ་གནོད་ཀྱི་ཡོད་པ་གསུངས་འདུག རྩ་བའི་ཕྱི་ལོ་ ༢༠༡༣ ལོ་ནས་ AIA མཐུན་ཚོགས་ཀྱིས་ Tottenham རྐང་སྤོལ་རུ་ཁག་ལ་སྦྱིན་བདག་བྱེད་འགོ་བཙུགས་པ་ཞིག་ཡིན་པ་དང་། དུས་དེ་ནས་བཟུང་མཐུན་ཚོགས་ཀྱི་ལས་རྟགས་དེ་རྐང་སྤོལ་རུ་ཁག་དེའི་སྟོད་གོས་ཐོག་མངོན་གསལ་བྱུང་ཡོད། ཕྱི་ལོ་ ༢༠༡༩ ལོར་རུ་ཁག་དེས་མཐུན་ཚོགས་དེ་དང་ལྷན་དུ་ཡུ་རོབ་དངུལ་ས་ཡ་ ༣༢༠ མཐུན་གྲོས་ཀྱིས་ཕྱི་ལོ་ ༢༠༢༧ བར་སྦྱིན་བདག་མུ་མཐུད་བྱ་རྒྱུའི་ཡོངས་བསྒྲགས་བྱས་ཡོད་པ་དང་འབྲེལ། གྲོས་ཚོགས་འཐུས་མི་རྣམ་པས་དབྱིན་ཡུལ་གྱི་རྐང་སྤོལ་རུ་ཁག་ལ་དེ་སྔ་མཐུན་གྲོས་བཞག་པ་དེར་བསྐྱར་ཞིབ་གནང་དགོས་སྐོར་དང་། སྦྱིན་བདག་གཞན་འཚོལ་དགོས་པའི་སྐུལ་མ་དང་སྦྲགས་ཏེ། རྐང་སྤོལ་རུ་ཁག་ནས་མང་གཙོ་དང་འདྲ་མཉམ་གྱི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་ནན་སྐུལ་གནང་འདུགགཞི་རྩའི་ཕྱི་ལོ་ ༢༠༢༠ ཟླ་ ༦ པའི་ནང་རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་དང་། ཁྲིམས་གཞི་དེའི་འོག་ཧོང་ཀོང་གཞུང་གིས་ད་བར་མང་གཙོའི་ལས་འགུལ་བ་དང་། གསར་འགོད་པ་སོགས་འཛིན་བཟུང་གིས་བཙོན་འཇུག་ཉེས་ཆད་བཏང་ཡོད།

སྦེལ་འཇམ་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་དེ་ཡུལ་དེའི་དགྲ་བོ་ཡིན་སྲིད་པར་འགྲེལ་བརྗོད་གནང་བ་ཕྱིར་འཐེན་གནང་མེད།

སྦེལ་འཇམ་གྱི་ཕྱི་སྲིད་བློན་ཆེན་གྱིས་ཉེ་སྔོན་དྲ་ཐོག་བཅར་འདྲིའི་ལས་རིམ་ཞིག་གི་ཁྲོད་རྒྱ་ནག་དེ་སྦེལ་འཇམ་གྱི་ Potential Enemy འམ་དགྲ་བོ་ཡིན་སྲིད་པའི་རང་བཞིན་སོགས་འགྲེལ་བརྗོད་གནང་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་འབྲེལ་ཏེ་གནད་དོན་དེའི་རྐྱེན་གྱིས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལ་དོ་ཕོག་འགྲོ་རྒྱུའི་ཉེན་བརྡ་ཇི་ཙམ་བཏང་མིན་ལ་མ་ལྟོས་པར་ཁོང་གིས་རྒྱ་ནག་ཐོག་གི་འགྲེལ་བརྗོད་དེ་དག་ཕྱིར་འཐེན་གནང་རྒྱུ་མིན་པར་གསུངས་འདུག ཁ་ཉིན་ EuropeanConservative ཞེས་པའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་ཉེ་སྔོན་ཟླ་བ་འདིའི་ཟླ་མགོར་སྦེལ་འཇམ་གྱི་ཕྱི་སྲིད་བློན་ཆེན་ Hadja Lahbib མཆོག་གིས་ De Tijd གསར་ཤོག་གི་དྲ་ཐོག་བཅར་འདྲིའི་ལས་རིམ་ཐོག་ཡུལ་དེའི་དཔལ་འབྱོར་གནས་བབ་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད་སྦེལ་འཇམ་གཞུང་གིས་འབྲེལ་ལམ་མགོ་རྙོག་ཡོད་པའི་རྒྱ་ནག་ཐོག་ཞིབ་འཇུག་ནན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དེ་སྦེལ་འཇམ་གྱི་ཚོང་འབྲེལ་རྒྱལ་ཁབ་ཞིག་ཡིན་པ་དེ་ལྟར་ནའང་། དེ་མཚུངས་སུ་ཡུལ་དེའི་འགྲན་ཡུལ་དང་འགྲ་བོ་ཡང་ཡིན་སྲིད་པར་གསུངས་འདུག ཁོང་གིས་སྐབས་དེར་ད་དུང་ Jonathan Hotslag ཞེས་རྒྱལ་སྤྱིའི་ཆབ་སྲིད་སློབ་དཔོན་གྱི་སྙན་ཐོ་ཞིག་ལུང་འདྲེན་དང་སྦྲགས། རྒྱ་ནག་གི་ངོས་ནས་གྲུ་གཟིངས་རྣམས་དགོས་མཁོ་འབྱུང་ཚེ་དམག་གྲུར་བསྒྱུར་ཐུབ་པའི་བཟོ་བཀོད་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད། རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ཡིག་འབྲེལ་གནང་བ་དེ་དག་ཁག་གཅིག་རྗེས་སུ་བརྒྱུད་ལམ་ཁག་ཏུ་ཕྱིར་འགྱར་བྱུང་བར་བཞིགས་ན། ཟླ་བ་འདིའི་ཚེས་ ༡༤ ཉིན་སྦེལ་འཇམ་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་ཁག་གཅིག་དང་མཇལ་འཕྲད་བྱས་ཡོད་པའི་ཁྲོད་རྒྱ་ནག་དཔོན་རིགས་ཀྱིས་སྦེལ་འཇམ་ཕྱི་སྲིད་བློན་ཆེན་གྱིས་དཀྲོག་གཏམ་སྤེལ་བར་ཉན་འཇོག་བྱེད་རྒྱུ་མེད་པར་མ་ཟད་ད་ལྟའི་ཆར་སྦེལ་འཇམ་གྱི་གྲུ་གཟིངས་གནས་བབས་བརྒྱུད་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་ཚོང་འབྲེལ་ཐོག་ནས་སྦེལ་འཇམ་གཞུང་ལ་ཁེ་ཕན་ཆེན་པོ་ཡོང་བཞིན་ཡོད་པ་ལྟར། དེ་ལྟ་བུའི་ཚོང་འབྲེལ་མུ་མཐུད་གནང་འདོད་ཡོད་ན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གུས་བརྩི་ཞུ་དགོས་སྐོར་དང་འབྲེལ། ཉེ་སྔོན་དྲ་ཐོག་བཅར་འདྲིའི་ལས་རིམ་ཞིག་གི་ཁྲོད་རྙོག་གླེང་བྱུང་ཡོད་སྟབས་དྲ་ཐོག་ནས་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་ལྕམ་ Hadja Lahbib ལགས་ཀྱིས་དེར་དང་ལེན་གནང་མེད་པ་རེད།

རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བོད་མི་ལྔ་མཉམ་ཞུགས་གནང་རྒྱུ། 

རིང་མིན་ཕྱི་ཟླ་ ༡༡ ཕྱི་ཚེས་ ༦ ནས་ ༡༨ བར་ཉིན་གྲངས་ ༡༢ ཙམ་གྱི་རིང་ལ་ Egypt རྒྱལ་ཁབ་ཀྱི་གྲོང་ཁྱེར་ Sharm El Sheikh ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བདུན་པ་འཚོགས་གཏན་ཁེལ་ཡོད་པ་ལྟར་ལྷན་ཚོགས་ཐོག་བོད་པའི་ཁོར་ཡུག་ཉམས་ཞིབ་པ་དང་ལས་འགུལ་བ་ལྔ་མཉམ་ཞུགས་གནང་སྟེ་བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་གནས་སྟངས་ཀྱི་གལ་གནད་དང་། རྒྱ་ནག་གི་བཙན་འཛུལ་འོག་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་ཕོག་པའི་གནད་དོན་ཁག་གི་ཐོག་ཞུ་གཏུག་སོགས་གནང་རྒྱུ་རེད་འདུགདེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་བ་དང་སྐབས་དེར་བློ་བཟང་དབྱངས་མཚོ་ལགས་ཀྱིས་བོད་ཀྱི་ཁོར་གནས་སྟངས་འདི་བོད་མི་ཙམ་མ་ཡིན་པར་བོད་ཀྱི་ཁོར་ཡུག་ལ་བརྟེན་ནས་འཚོ་བཞིན་པའི་རྒྱལ་སྤྱིའི་མི་སེར་ས་ཡ་ ༡༌༨ ལྷག་གི་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེ་ཞིག་ཆགས་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་ཚོགས་འདུ་དེ་ལྟ་བུའི་ཐོག་བོད་མིའི་སྐུ་ཚབ་མཉམ་ཞུགས་གནང་རྒྱུ་དང་དགོངས་ཚུལ་ཞུ་རྒྱུ་སོགས་ཀྱི་ཐོག་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་བོད་མིའི་སྐུ་ཚབ་ཀྱི་ངོས་ནས་གཙོ་བོ་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་སྐོར་ལ་གཏམ་བཤད་དང་ཞུ་གཏུག་གང་མང་གནང་འཆར་ཡོད་པ་གསུངས་སོང་།  དེ་བཞིན་དོན་གྲུབ་དབང་མོ་ལགས་ཀྱིས་ཐེངས་འདིའི་ཞུ་གཏུག་ཁོངས་སུ་གཏན་འབེབས་བྱས་པའི་གནད་དོན་གཙོ་ཁག་ནི་བོད་མཐོ་སྒང་གི་གནམ་གཤིས་ཀྱི་གལ་གནད་དང་དེའི་ཤུགས་རྐྱེན། བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་ཚན་རིག་དང་མཐུན་པའི་ཞིབ་མཇུག་ཚད་ལྡན་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་ལ་འཛིན་བཞིན་པའི་ཁོར་ཡུག་གི་སྲིད་བྱུས་དེ་དག་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་པ་ཞིག་ཡིན་པ་སོགས་གསལ་བཤད་གནང་རྒྱུ་ཡིན་ཞེས་གསུངས་ཡོད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་གཉིས་ཐོག་མཉམ་ཞུགས་གནང་བའི་ཉམས་མྱོང་དང་འབྲེལ། བོད་ཀྱི་ཁོར་ཡུག་ཐོག་གཏམ་བཤད་གནང་རྒྱུ་དང་རྒྱལ་སྤྱིའི་འགོ་ཁྲིད་ཀྱི་ཚོགས་འདུ་ཐོག་མཉམ་ཞུགས་གནང་རྒྱུ་ཁག་པོ་ཡོད་ཀྱང་། ཚོགས་འདུ་དང་འབྲེལ་བའི་ལྷན་ཚོགས་གཞན་ཁག་གི་ཐོག་བོད་ཀྱི་ཁོར་ཡུལ་སྐོར་ལ་དྲི་བ་ཕུལ་རྒྱུ་བྱུང་བ་དང་དེ་ནི་གྲུབ་འབྲས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་སོགས་གསུངས་ཡོད།

བོད་ཕྲུག་ཚོ་རྒྱ་གཞུང་གི་ཤེས་ཡོན་སྲིད་བྱུས་ལས་སྲུང་སྐྱོབ་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་བ།

དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཐོུང་གིས་དབྱིན་ཡུལ་གཞུང་གི་ངོས་ནས་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གཞུང་གི་བཙན་གནོད་ལམ་ལུགས་འོག་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལས་སྲུང་སྐྱོབ་དགོས་ཞེས་མང་ཚོགས་ཆིག་ཁྲི་ལྷག་གི་རྒྱབ་སྐྱོར་ཡོད་པའི་མཚན་བརྟགས་བསྡུ་རུབ་ཞུས་པའི་ཞུ་སྙན་ཞིག་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ James Cleverly མཆོག་གི་མཚན་ཐོག་ལ་ཕུལ་འདུགམཚན་བརྟགས་བསྡུ་རུབ་ཀྱི་ཞུ་གཏུག་ལས་འགུལ་དེ་ཟླ་གཉིས་ལྷག་གི་སྔོན་ནས་དྲ་ཐོག་བརྒྱུད་སྤེལ་ཡོད་པ་དང་།  དབྱིན་ཡུལ་གྱི་ཕྱི་སྲིད་བློན་མཆོག་ལ་ཕུལ་བའི་ཞུ་སྙན་ནང་གཙོ་བོ་ཉེ་བའི་ལོ་ཤས་ནས་བཟུང་སྟེ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དབང་བསྒྱུར་ལམ་ལུགས་འོག་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭ་དེ་དག་ནང་དུ་བཙན་དབང་ཐོག་སློབ་འཇུག་བྱེད་བཅུག་པ་མ་ཚད་པར་བོད་ཕྲུག་ཚོར་རྒྱ་ཡིག་ཁོ་ནའི་སློབ་ཚན་ཆེད་ཁྲིད་བྱས་ཏེ་མ་འོངས་པར་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཛ་དྲག་ཅན་གྱི་གནད་དོན་ཆགས་ཡོད་པ་སོགས་འཁོད་ཡོད་པ་རེད། དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་བོད་རང་དབང་ཚོགས་པའི་ལས་འགུལ་འགན་འཛིན་གཅིག་ལྕོགས་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གོ་གསལ་ཞུ་སྙན་དེ་ཁ་སང་དབྱིན་ཡུལ་གྱི་ཕྱི་སྲིད་བློན་མཆོག་གི་མཚན་ཐོག་ལ་ཕུལ་ནས་རིང་མིན་ཕྱི་ཟླ་ ༡༡ ཚེས་ ༣ དང་ ༤ བཅས་ལ་ཡོ་རོབ་རྒྱལ་ཁབ་འཇར་མི་ནི་ནང་འཚོགས་རྒྱུའི་ G7 སྟོབས་ཆེན་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་འདུ་འཛོམས་ཀྱི་ལྷན་ཚོགས་ཐོག་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཆེད་ཡིན་པར་འགྲེལ་བརྗོད་གནང་སོང་།སྔ་ལོར་ཨ་རི་ནང་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་ཁུལ་དུ་ལོ་དྲུག་ནས་བཅོ་བརྒྱད་བར་གྱི་སློབ་ཕྲུག་འབུམ་ ༨ ནས་ ༩ བར་སློབ་ཕྲུག་གྲངས་འབོར་ཁྱོན་བརྒྱ་ཆ་ ༧༨ ཙམ་རྒྱ་ནག་གཞུང་གིས་བཙན་ཤེད་འོག་བཅའ་སྡོད་སློབ་གྲྭ་ཁག་ཏུ་གཏན་སྡོད་བྱེད་བཞིན་པའི་བོད་ཕྲུག་དེ་དག་སོ་སོའི་ཕ་མ་དང་སྤྱི་ཚོགས་ནས་རྒྱང་རིང་བཞག་པ་དང་། སློབ་གྲྭ་ནང་དུ་སློབ་ཁྲིད་ཆ་ཚང་རྒྱ་ཡིག་དང་རྒྱ་སྐད་ཐོག་ནས་བྱེད་བཞིན་པར་མ་ཟད་ཆབ་སྲིད་རང་བཞིན་གྱི་སློབ་གསོ་ཤུགས་ཆེར་སྤྲོད་བཞིན་པའི་འོག་བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་ཆོས་རིག་དང་ལེགས་བྱང་སོགས་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ཁར་བོད་མི་རིགས་ཀྱི་ངོ་བོ་གང་ཡིན་མི་ཤེས་པ་བཟོ་བཞིན་ཡོད་པ་སོགས་ཀྱི་སྲིད་བྱུས་སྤེལ་ཏེ་རྒྱ་ནག་གཞུང་དང་གུང་ཁྲན་ཏང་ལ་དགའ་མོས་བྱེད་མཁན་གྱི་མི་རབས་ཤིག་བསྐྲུན་ཐབས་བྱེད་བཞིན་ཡོད་པར་མངོན་གསལ་གནང་ཡོད།

ཨ་རིས་རྒྱ་ནག་ལ་གདོང་ལེན་ཆེད་རྒྱ་གར་དང་བདེ་འཇགས་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་འཆར།

ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐབས་བྱུས་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་ཨ་རིའི་བདེ་འཇགས་ཐབས་བྱུས་དང་འབྲེལ་བའི་འཆར་གཞི་ཁག་གཅིག་ཡོངས་གྲགས་གནང་བར་ཨ་རིའི་ངོས་ནས་རྒྱ་ནག་འདི་མུ་མཐུད་གདོང་ལེན་བྱ་ཡུལ་གྱི་རྒྱལ་ཁབ་གཙོ་བོར་ངོས་འཛིན་གྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས་ཏེ་རྒྱ་ནག་ལ་གདོང་ལེན་ཆེད་དུ་རྒྱ་གར་དང་ལྷན་དུ་བདེ་འཇགས་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་འཆར་ཡོད་པ་གསུངས་འདུགཁ་སང་ཕྱི་ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐབས་བྱུས་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Lloyd Austin ལགས་ཀྱིས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་དགོངས་དོན་ལྟར་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྣེ་ཁྲིད་པའི་སྲིད་གཞུང་གིས་ཕྱག་བསྟར་གནང་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་འཆར་གཞི་ཁག་གཅིག་ངོ་སྤྲོད་གནང་སྐབས་རྒྱ་ནག་གཞུང་གིས་རྒྱ་གར་རྒྱ་མཚོའི་མངའ་ཁུལ་དུ་དྲག་ཤུགས་ཆེན་པོའི་ཐོག་ནས་རང་ཉིད་ཀྱི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་ཡོད་པར་མ་ཟད། ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་རང་ཉིད་ཀྱི་བསམ་སྤྱོད་དང་མཐུད་པའི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་ཡོད་པ་སོགས་ཐེར་འདོན་གནང་བ་དང་ཆབས་ཅིག་ཨ་རིའི་ངོས་ནས་བདེ་འཇགས་ཀྱི་གནད་དོན་གྱི་ཐོག་ནས་གདོང་ལེན་བྱ་ཡུལ་གྱི་རྒྱལ་ཁབ་གཙོ་བོ་དེ་རྒྱ་ནག་ཆགས་ཡོད་པ་གསུངས་འདུགལྷག་པར་དུ་སྲིད་འཛིན་སྐུ་ཞབས་བྷ་ཌན་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་བདེ་འཇགས་ཐབས་བྱུས་ལས་ཁུངས་ནས་རྒྱ་ནག་ལ་གདོང་ལེན་གནང་བར་དམིགས་ཏེ་རྒྱ་གར་དང་ལྷན་དུ་བདེ་འཇགས་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་འཆར་ཡོད་སྐོར་གསུངས་འདུག ཨ་རིའི་ངོས་ནས་ཨ་རི་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཞུས་ཏེ་རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་དང་རང་དབང་སྲུང་སྐྱོབ། དེ་བཞིན་རྒྱ་ནག་དང་རྒྱ་གར་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་སོགས་ཀྱི་ཐད་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་རུབ་ཀྱིས་རྒྱ་ནག་ལ་གདོང་ལེན་གནང་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་སྐབས་དེར་ཨ་རིའི་ངོས་ནས་རྒྱ་ནག་དེ་ཉིད་ཨ་རིའི་ཁེ་ཕན་ལ་དོ་ཕོག་གཏང་མཁན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐབས་བྱུས་ལས་ཁུངས་དང་འབྲེལ་ཡོད་དམག་གི་སྡེ་ཚན་ཁག་གིས་ཨ་རིའི་དམག་གི་ལས་དོན་སྔར་ལྷག་ཡར་རྒྱས་གཏོང་རྒྱུ་དང་ཨ་རིའི་དམག་དོན་དང་འབྲེལ་བའི་གོ་མཚོན་གྱི་སྤུས་ཚད་ཁག་ཀྱང་རིམ་བཞིན་བསྐྱར་ཞིབ་གནང་ངེས་ཡིན་པ་གསུངས་འདུགཁ་ཉིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་ལས་ཡུན་གསུམ་པ་བླངས་ཏེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་སྐོར་ཚོགས་པའི་ཚོགས་འདུའི་སྐུ་ཚབ་རྣམས་ལ་གཏམ་བཤད་སྤེལ་བར་རྒྱ་ནག་གཞུང་གིས་ཨ་རི་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་འདོད་པ་ཡོད་པ་མ་ཟད་ཨ་རྒྱ་གཉིས་མཐུན་ཕྱོགས་ཀྱི་ལམ་བུར་མཉམ་སྐྱོད་ཐུབ་ཚེ་རྒྱལ་སྤྱིའི་བདེ་འཇགས་ལའང་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་སོགས་བཤད་ཡོད། རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་གཅིག་གིས་ཞི་ཅིན་ཕིང་གི་གཏམ་བཤད་ལ་དཔྱད་དོན་ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུར་བདེ་འཇགས་སོགས་ཀྱི་གནད་དོན་ལས་འཕྲོས་ཏེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱེད་མཁན་ཚོར་གདོང་ལེན་ནན་པོ་བྱེད་ཀྱི་ཡིན་ཞེས་པའི་གཏམ་བཤད་དང་འགལ་ཟླ་ཆགས་ཀྱི་འདུག་ཅེས་དང་ཡང་ལ་ལས་རྒྱ་ནག་གི་ཚོང་དང་དཔལ་འབྱོར་གནས་བབ་ལ་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་སྟབས་ཞི་ཅིན་ཕིང་གིས་ཨ་རི་དང་འབྲེལ་བ་མ་བྱེད་ཐབས་མེད་ཆགས་ཡོད་ཅེས་བཤད་མཁན་འདུགརིང་མིན་ཟླ་བ་རྗེས་མའི་ཟླ་དཀྱིལ་དུ་ Indonesia ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ལྷན་ཚོགས་སྐབས་སུ་ཞི་ཅིན་ཕིང་དང་སྐུ་ཞབས་བྷ་ཌན་གཉིས་སྲིད་འཛིན་གྱི་ངོ་བོའི་ཐོག་ནས་ཆེས་ཐོག་མ་ཐུག་འཕྲད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྐོར་གྲོས་བསྡུར་གནང་འཆར་ཡོད་པ་རེད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་དཔེ་དེབ་དབུ་འབྱེད།

དེ་རིང་ཕྱི་ཟླ་ ༡༠  ཚེས་ ༢༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་མི་ལོ་ ༧༧ འཁོར་བའི་དུས་ཚིགས་སྲུང་བརྩི་དང་སྦྲགས་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་ལམ་སྟོན་གྱི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཚོགས་ཁང་དུ་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་དང་ཁྲིམས་ཐོག་ལས་བྱེད་བསྟན་འཛིན་ནོར་སྒྲོལ་ལགས་རྣམ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་ལམ་སྟོན་དཔེ་དེབ་དབུ་འབྱེད་གནང་སོང་བ་དང་།ཉི་མ་འོད་ཟེར་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔེ་དེབ་འདི་ཉིད་སྒྱུར་སྒྲིག་གནང་བའི་རྒྱབ་ལྗོངས་ངོ་སྤྲོད་གནང་བར་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་དང་བསྟུན་རྒྱལ་ཚོགས་དབུ་བརྙེས་པ་ནས་བཟུང་ད་བར་ལོ་ངོ་བཅུ་ཕྲག་འགའི་རིང་གོ་ལའི་འགྱུར་འགྲོས་དང་བསྟུན་རྒྱལ་ཚོགས་ལའང་འགྱུར་བ་མང་དག་ཅིག་ཕྱིན་ཡོད་ཀྱང་། དེ་ཉིད་འཛམ་གླིང་རྒྱལ་ཁབ་རྣམས་གནས་གཅིག་ཏུ་འཛོམས་ནས་ཐུན་མོང་གི་དཀའ་རྙོག་ཐད་གྲོས་བསྡུར་གྱིས་ཐབས་ལམ་འཚོལ་སའི་སྡིངས་ཆ་ཉག་གཅིག་པོ་དེ་ཆགས་སྟབས། དཔེ་དེབ་འདི་གཙོ་བོ་རང་རེའི་བོད་ཀྱི་སྐད་ཡིག་སྤྱོད་མཁན་སྤྱི་དང་བྱེ་བྲག་ཏུ་བོད་དོན་ཞུ་གཏུག་གནང་མཁན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ལས་འགུལ་དང་ཕྱག་ལས་གནང་མཁན་ཚོར་ཆེད་དམིགས་གནང་བ་ཞིག་ཡིན་སྐོར་གསུངས་སོང་།UN Human Rights Mechanisms ཞེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་དེབ་དེ་ནི་ས་བཅད་ལྔ་ཙམ་དུ་ཕྱེས་ཡོད་པའི་ཁོངས་ལས་ས་བཅད་དང་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོ་སྤྲོད་དང་གཉིས་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་ངོ་སྤྲོད། ས་བཅད་གསུམ་པ་བཅའ་ཁྲིམས་གཞིར་བཞག་གི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་དང་བཞི་པ་སྤྱི་ཚོགས་གཞིར་བཞག་གི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ། དེ་བཞིན་ས་བཅད་ལྔ་པ་བརྡ་ཆད་ངོ་སྤྲོད་བཅས་འཁོད་ཡོད་པ་རེད།བརྗོད་བྱ་གཙོ་བོ་རེ་རེ་རྫོགས་མཚམས་སུ་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་ཞེས་པའི་དུམ་མཚམས་ཐུང་ངུ་རེ་བསྣན་ཡོད་པ་དང་དེར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཞིབ་བཤེར་བྱས་པ་དང་བོད་དང་འབྲེལ་བའི་གནད་དོན་གླེང་སློང་བྱས་པ་དག་ཟུར་བཏོན་གནང་ཡོད།

བཞུགས་སྒར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དབུ་འཛུགས།

དེ་རིང་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཨེ་ཤ་ཡ་དང་ཨོ་སི་ཊི་ལི་ཡ་ཁུལ་གྱི་རྒྱལ་ཁབ་འདྲ་མིན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལས་གྲུབ་པའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དབུ་འཛུགས་གནང་སོང་།ཚོགས་འདུ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འཆར་དང་ཁོར་ཡུག་འབྲེལ་མཐུད་པ་བློ་བཟང་གཡང་མཚོ་ལགས་ཀྱིས་ཐེངས་འདིའི་ཚོགས་འདི་རྒྱལ་སྤྱིའི་ཁྲོད་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་བོད་དོན་འཐབ་རྩོད་ཐད་མཉམ་རུབ་ཀྱི་ནུས་པ་འདོན་ཕྱོགས་དང་མ་འོངས་ལས་འཆར་བཀོད་སྒྲིག་གནང་རྒྱུ་སོགས་ལ་དམིགས་ཏེ་གོ་སྒྲིག་གནང་ཡོད་པ་གསུངས་ཡོད།དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་དབུ་འཛུགས་གནང་བའི་ཚོགས་འདུའི་སྟེང་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༢༢ ཙམ་གྱི་ཚོགས་མི་ ༣༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་དེ་རིང་ནས་དབུ་འཛུགས་ཀྱིས་གནངས་ཚེས་ ༢༣ བར་ཚོགས་ཀྱི་ཡོད་པ་རེད།གསར་འགོད་པས་ཚོགས་བཅར་པ་ཁག་ཅིག་ལ་ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་གནང་དོན་གང་ཡིན་སོགས་ཀྱི་བཅར་འདྲི་ཞུས་པར་ཚོགས་འདུའི་ཐོག་ནས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱི་ངོས་ནས་བོད་དོན་དང་འབྲེལ་བའི་ཕྱག་ལས་གང་དང་གང་གནང་གི་ཡོད་པ་དང་། དེ་དག་ལ་ཞིབ་འཇུག་གནང་སྟེ་སླད་མར་ངེས་པར་རྙེད་པའི་ལས་འགུལ་སྤེལ་ཐུབ་པའི་ཐུགས་རེ་ཡོད་པ་སོགས་གསུངས་སོང་།

Latest news