Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོར་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་འབུར་བཏོན།

ཁ་སང་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་མོ་དེ་ནི་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་དུས་དྲན་ཉིན་མོ་ཡིན་པ་དང་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐེར་འདོན་གྱིས་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུགCECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཁ་སང་འཕྲུལ་སྒྲ་ཐོག་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོ་རྣམས་དྲན་གསོ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཡབ་ཡུམ་དང་ལྷན་གར་སོང་ཆ་མེད་དུ་བཏང་སྟེ་རིན་པོ་ཆེ་མཆོག་འཛམ་གླིང་ནང་བཙོན་པ་དུས་ཡུན་རིང་ཤོས་ལ་བཙོན་འཇུག་ཞུས་པ་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་འཁོར་རྣམས་སྐུ་འཚོ་བཞུགས་ཡིན་པའི་ཁུངས་འཕེལ་དང་། བོད་མི་རྣམས་དང་བཀའ་མོལ་གནང་བཅུག་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Gao Zhisheng ལགས་ཀྱིས་གནད་དོན་དེ་ཐེར་འདོན་གྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ Gao Zhisheng ལ་མནར་གཅོད་དང་གར་སོང་ཆ་མེད་དུ་བཏང་མཁན་རྣམས་འགན་ཁུར་ལྡན་པ་ཞིག་བཟོ་རྒྱུའི་དུས་ལ་སླེབས་ཡོད་སྐོར་བཀོད་འདུགགཞན་ཡང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མེག་ལོཌ་ཁྲོམ་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༧ འགྲོ་བཞིན་པའི་སྐོར་མང་ཚོགས་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་བར་མ་ཟད། རིན་པོ་ཆེའི་གནད་དོན་ལ་རྒྱལ་སྤྱིའི་ཡོངས་ནས་རྒྱབ་སྐྱོར་དང་ཐུགས་སྣང་གནང་དགོས་པ་དང་ཆབས་ཅིག་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནས་ཀྱང་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུགགཞི་རྩའི་འདས་པའི་དུས་ཡུན་ནས་རྒྱ་ནག་གིས་དམ་དྲག་དང་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མི་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་རྡུང་རྡེག་མནར་གཅོད་བཏང་དང་གཏོང་མུས་ཡིན་པར་མ་ཟད། ལྷག་དོན་བོད་མི་མང་དག་ཅིག་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ཡོད་པ་རེད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ཤིང་ཅང་གི་སྙན་ཐོ་འདོན་སྤེལ་ཐོག་གནོན་ཤུགས།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་ནས་ཤིན་ཅང་ནང་གི་སྙན་ཐོ་འདོན་སྤེལ་ཐད་ཕྱོགས་གང་ས་ནས་ཧ་ཅང་གནོན་ཤུགས་ཆེན་པོ་འདུག་ཅེས་གསུངས་འདུགདེ་ཡང་འཁྱུར་ལ་ཉེ་བའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་ནས་དེ་སྔ་རང་ཉིད་ཀྱི་ལས་ཡུན་མ་རྫོགས་པའི་སྔ་རོལ་དུ་ཤིན་ཅང་གི་སྙན་ཐོ་དེ་ཉིད་འདོན་སྤེལ་གནང་རྒྱུའི་ཁས་ལེན་བྱེད་ཡོད་ཀྱང་ཁ་སང་ཕྱི་ཚེས་ ༢༥ ཉིན་ Geneva ནང་དུ་ཁོང་ནས་ཆེས་མཐའ་མའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག་ཁོང་གིས་སྙན་ཐོ་དེའི་ཐད་རང་ཉིད་ནས་དེ་སྔ་ཇི་ལྟར་དམ་བཅས་བཞིན་དེ་ལྟར་འབད་བརྩོན་བྱེད་བཞིན་ཡོད་སྐོར་གསུངས་ཡོད་པ་དང་འབྲེལ། རྒྱ་ནག་གཙོས་པའི་རྒྱལ་ཁབ་ ༤༠ ལྷག་གིས་ཁོང་ལ་ཕྱག་བྲིས་བརྒྱུད་ཤིན་ཅང་གི་སྙན་ཐོ་དེ་འདོན་སྤེལ་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པ་གསུངས་འདུགམ་ཟད་ཁོང་གིས་རྒྱ་ནག་གཞུང་ནས་སྙན་ཐོ་དེ་དང་འབྲེལ་བའི་གནས་ཚུལ་འགའ་ཞིག་གསར་དུ་འབྱོར་བྱུང་བས་རྒྱལ་ཁབ་གང་འདྲ་ཞིག་གི་སྙན་ཐོ་ཡིན་ཡང་ང་ཚོས་རྟག་ཏུ་དེ་དག་ལ་ཞིབ་འཇུག་ནན་པོ་བྱས་ཀྱི་ཡོད་པ་བཞིན་ཐེངས་འདིར་ཡང་དེ་ལྟར་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་འབྲེལ་ནས་དེ་ལྟ་བུའི་གནོད་ཤུགས་འོག་སྙན་ཐོ་འདི་ཉིད་འདོན་སྤེལ་གནང་མ་གནང་སོགས་ཀྱི་ཐག་གཅོད་བྱ་རྒྱུ་མིན་པ་མ་ཟད། རང་ཉིད་ཀྱི་ལས་ཡུན་མ་རྫོགས་པའི་སྔ་རོལ་ན་སྙན་ཐོ་འདོན་སྤེལ་གནང་རྒྱུའི་ཐབས་ཤེས་ཞུ་རྒྱུ་ཡིན་ཞེས་གསུངས་འདུགརྩ་བའི་དེ་སྔ་གཙོ་འཛིན་མཆོག་ནས་ཤིན་ཅང་གི་སྙན་ཐོ་འདི་ཉིད་འདོན་སྤེལ་གནང་རྒྱུའི་ཁས་ལེན་བྱས་ཀྱང་། ཐེངས་འདིེར་ཁོང་གི་སྙན་ཐོ་འདི་ཉིད་དུས་ཐོག་འདོན་སྤེལ་ཆེད་འབད་བརྩོན་བྱ་རྒྱུ་ལས་ཁས་ལེན་གསལ་པོ་གནང་མེད་པར་བརྟེན། ཨ་རིའི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས་དེ་འབྲེལ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱ་ནག་གིས་དེ་འབྲེལ་ཞིབ་འཇུག་འཐུས་ཚང་ཞིག་ཡོང་རྒྱུར་རོགས་སྐྱོར་བྱེད་པའི་ཡིད་ཆེས་མེད་ཅེས་གསུངས་འདུག་པ་དང་། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་འགན་འཛིན་ལྕམ་ Sophie Richardson ལགས་ཀྱིས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་དེ་དང་འབྲེལ་ནས་གཙོ་འཛིན་མཆོག་གིས་ལན་འདེབས་ཆ་ལག་ཚང་བ་ཞིག་གནང་གི་མེད་པར་སྐྱོིན་བརྗོད་བྱས་པ་དང་འབྲེལ། རང་ཉིད་ཀྱི་ Twitter དྲྭ་ལམ་ཐོག འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ནས་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་མ་གནང་བ་དེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་ལ་གུ་ཡངས་བཞག་ཀྱི་ཡོད་སྐོར་བཀོད་འདུགཕྱོགས་མཚུངས་རྒྱལ་ཚོགས་ནང་གི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྐུ་ཚབ་ Michele Taylor མཆོག་གིས་རྒྱལ་ཚོགས་ཀྱི་དེ་འབྲེལ་གཙོ་འཛིན་མཆོག་ནས་དེ་སྔ་དམ་བཅའ་བྱས་པ་བཞིན་སྙན་ཐོ་འདི་ཉིད་ལས་ཡུན་མ་རྫོགས་གོང་དུ་འདོན་སྤེལ་གནང་དགོས་སྐོར་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རང་དབང་དང་དྲང་བདེན་སྒོ་ནས་གསལ་བཤད་དགོས་པ་བཀོད་འདུགགཞི་རྩའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ཐེངས་བརྒྱད་པ་ལྕམ་སྐུ་ Michelle Bachelet མཆོག་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ཉིན་གྲངས་དྲུག་རིང་ཤིན་ཅང་གཙོས་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་དེ་ཉིད་རྒྱ་ནག་ལ་འཇམ་དྲག་པ་མ་ཟད། རྒྱ་ནག་གི་བཀོད་སྒྲིག་ལྟར་ཕྱིན་པ་དེར་རྒྱལ་ཁབ་ ༤༦ ལྷག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོས་སྐྱོན་བརྗོད་བྱས་ཡོད་པ་དེ་ལྟར་ཡང་། གཙོ་འཛིན་མཆོག་གིས་འཚམས་གཟིགས་གྲུབ་པའི་རྗེས་རིང་མིན་རང་ཉིད་ཀྱི་ལས་ཡུན་མ་རྫོགས་པའི་སྔ་རོལ་ན་ཤིང་ཅང་གི་སྙན་ཐོ་འདོན་སྤེལ་གནང་རྒྱུ་ཡིན་པ་དང་ཆབས་ཅིག སྐྱོན་བརྗོད་དེ་དག་དང་འབྲེལ་ནས་རང་ཉིད་ཀྱི་ལས་ཡུན་ཐེངས་གཉིས་པར་བཞུགས་རྒྱུ་མིན་པ་སོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།  གཞན་ཡང་བརྒྱུད་ལམ་ཁག་གི་ནང་། ལྕམ་སྐུ་མཆོག་གི་ལས་གནས་ཐོག་འཛུལ་ཞུགས་གནང་མཁན་མང་པོ་ཞིག་གི་འཚང་སྙན་འབུལ་ཡོད་ཀྱང་། ད་ལྟའི་འཆར་དེ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་གིས་མིང་འབོད་གནང་མེད་པ་རེད་འདུག

རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་བྱ་དགོས་པ་གསུངས་སོང་།

ཁ་སང་ཕྱི་ཚེས་ ༢༢ ཉིན་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་རྒྱལ་སྤྱིའི་ཉིན་མོ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་འདི་ཉིད་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་ཞུ་མཁན་ཡིན་ཟེར་བའི་རྒྱལ་ཁབ་ཅིག་ཡིན་པ་དང་འབྲེལ། རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱེད་པའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་དུ་ཆོས་དད་རང་དབང་ལ་ངེས་པར་དུ་བརྩི་བྱ་བཀུར་དགོས་པའི་འབོད་སྐུལ་དང་སྦྲགས་བརྡ་ལན་ནན་པོ་གནང་སོང་།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་རྒྱ་ནག་གིས་བོད་ནང་དུ་ཆོས་དད་རང་དབང་རྡོག་རོལ་དང་འབྲེལ། ལྷག་པར་དུ་སྲིད་འཛིན་ཞི་ཅིང་ཕིང་གི་སྲིད་དབང་བཟུང་བ་ནས་ཁམས་དང་ཨ་མདོའི་ཁུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དམ་བསྒྲགས་ཀྱི་ལས་འགུལ་ཧ་ཅང་སྤེལ་བཞིན་ཡོད་པའི་ཁྲོད་སྔ་ལོ་ ༢༠༢༡ ལོའི་ནང་ཁམས་ཕྱོགས་ཀྱི་ས་ཁུལ་རྫ་དབོན་པོ་ལྟ་བུ་མཚོན་ན་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་ཀྱི་གནད་དོན་དང་འབྲེལ་ནས་བོད་མིའི་གྲངས་ ༡༢༠ ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་སྐོར་དང་། གདན་ས་གསུམ་གྱི་གཙོས་པའི་གཞིས་དགོན་ཁག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་འདི་ཉིད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་གཞི་སོགས་འགྲེལ་བརྗོད་གནང་བྱུང་།དེ་བཞིན་ལྟེ་གནས་ཁང་གི་ཡིག་ཚགས་གཞིར་བཟུང་བྱས་ན། འདས་པའི་ལོ་ངོ་ ༣༠ རིང་གི་ནང་ཤེས་རྟོགས་བྱུང་བར་རྒྱ་གཞུང་གིས་བོད་མི་རྣམས་ཆོས་དད་རང་དབང་དང་། སྐད་ཡིག དེ་བཞིན་ཁོར་ཡུག་དང་ཆབ་སྲིད་སོགས་ཀྱི་ཉེས་མིང་འོག་ད་བར་བོད་མིའི་གྲངས་ ༥༠༠༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། དེ་དག་ལས་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་བ་དང་། བཙོན་ཁང་ནང་འདས་གྲོངས་སུ་གྱུར་བ། དེ་བཞིན་བཙོན་ཁང་དུ་གནས་བཞིན་པ་སོགས་ཀྱི་སྐོར་གསུངས་སོང་།རྩ་བའི་ཁ་སང་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་རྒྱལ་སྤྱིའི་ཉིན་མོ་དེའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ Twitter དྭ་ལམ་ཐོག སུ་གང་ཞིག་གི་དད་པ་ལ་གནོད་འཚེ་དང་རྡོག་རོལ་བྱུང་བ་དེར་ང་ཚོ་མཉམ་དུ་ཡོད་ཅེས་དང་། དེ་འབྲེལ་དཀའ་སྡུག་མྱོང་བཞིན་ཡོད་པ་རྣམས་ལ་ང་ཚོས་དྲན་པ་བརྗེད་མེད་པ་མ་ཟད། ང་ཚོས་ཁྱེད་ཚོའི་ཆེད་དུ་མུ་མཐུད་རོགས་སྐྱོར་བྱ་རྒྱུ་ཡིན་པ་གསུངས་འདུགགཞི་རྩའི་ཉིན་མོ་འདི་ཉིད་ཐོག་མ་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༨ ཉིན་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༧༣ སྐབས་ Poland གིས་གྲོས་འཆར་བཏོན་ཏེ་མོས་མཐུན་གྱི་ཁྲིམས་འཆར་དེ་ཉིད་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། ཉིན་མོ་དེའི་སྲུང་བརྩི་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ནང་ཆོས་དད་རང་མོས་སོགས་ཀྱི་ཐོག་ལ་རྡོག་རོལ་དང་གནོད་འཚེ་བྱེད་མཁན་རྣམས་ལ་ཁྲིམས་མཐུན་གྱི་ཐོག་ནས་ཉེས་ཆད་བཀལ་རྒྱུ་དང་། དེ་བཞིན་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་མི་རྣམས་ལ་ཚུལ་མཐུན་གྱི་རོགས་སྐྱོར་སྦྱོར་སྤྲོད་གནང་རྒྱུ་དེ་ཡིན་པ་རེད་འདུག

བཀག་ཉར་འོག་ཡོད་པའི་ཧོང་ཀོང་གི་ལས་འགུལ་བ་རྣམ་པས་ནག་ཉེས་ངོས་ལེན་གནང་རྒྱུ།  

ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་གཞི་འོག་འཛིན་བཟུང་བཀག་ཉར་བྱས་པའི་ Joshua Wong ལགས་གཙོས་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ ༢༨ ཀྱིས་ནག་ཉེས་ངོས་ལེན་གནང་རྒྱུ་རེད་འདུགཕྱི་ལོ་ ༢༠༢༠ ལོའི་ཧོང་ཀོང་ནང་གི་གཞུང་འབྲེལ་མ་ཡིན་པའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ཞིག་དང་འབྲེལ་སྲིད་གཞུང་གིས་མང་གཙོ་དོན་གཉེར་བ་ལོ་ན་ ༢༣ ནས་ ༦༤ དབར་གྱི་མང་གཙོ་དོན་གཉེར་བ་ ༤༧ ལ་རྒྱལ་ཁབ་མགོ་རྟོང་སློག་རྒྱུའི་བྱུས་ངན་སྤེལ་བའི་ཉེས་མིང་བཙུགས་ཏེ་འདས་ལོར་བཀག་ཉར་བྱས་ཡོད་པ་རེད། ཁ་སང་ཉན་ཞིབ་སྐབས་ལས་འགུལ་བ་ ༢༩ ཡོད་པའི་ཁོངས་ནས་ Joshua Wong ལགས་དང་ཁྲིམས་ཀྱི་སློབ་དཔོན་ Benny Tai ལགས་རྣམ་གཉིས་ལ་ཆ་མཚོན་ན་ཧོང་ཀོང་ནང་ཞི་རྒོལ་དང་འབྲེལ་ཏེ་བཙོན་འཇུག་གི་ཉེས་ཆད་ཕོག་མྱོང་ཡོད་པ་རེད། སྤྱིར་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༧ པ་ནང་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ཁག་གཅིག་གིས་ཡུལ་དེའི་འོས་སྡུ་ཆེན་མོར་མང་གཙོའི་འོས་མི་གང་མང་ཞིག་བསླེབ་རེའི་འོག་ནས་གཞུང་འབྲེལ་མིན་པའི་སྔོན་འགྲོའི་འོས་བསྡུ་ཞིག་གོ་སྒྲིག་གནང་དོན་ལྟར་མང་ཚོགས་འབུམ་དྲུག་ལྷག་ནས་མཉམ་ཞུགས་ཐུབ་པ་བྱུང་ཡོད་སྟབས། ཧོང་ཀོང་ས་གནས་སྲིད་གཞུང་གིས་དེ་འབྲེལ་མང་གཙོའི་ལས་འགུལ་བ་ཁྱོན་ ༥༣ ཙམ་འཛིན་བཟུང་བྱས་པའི་ཁོངས་ནས་ལས་འགུལ་བ་ ༤༧ ལ་སྲིད་དབང་མགོ་རྟོང་སློག་ཐབས་ཀྱི་ཉེས་འཛུགས་བྱས་ཡོད།ཁ་སང་ཉན་ཞིབ་སྐབས་ Joshua Wong ལགས་ཀྱིས་ཧོང་ཀོང་གི་སྔོན་འགྲོ་འོས་བསྡུ་དེས་ཧོང་ཀོང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་དགོངས་ཚུལ་ཕྱིར་མངོན་གསལ་གནང་ཐུབ་ཡོད་པ་དང་། ང་ཚོའི་འོས་ནི་ང་ཚོའི་འབོད་སྒྲ་ཡིན་ཞེས་གསུངས་འདུག བརྒྱུད་ལམ་ཁག་ཏུ་ཁ་མཆུ་དེའི་སྐོར་དེ་སྔ་གསར་འགྱུར་འགོད་རྒྱུར་དམ་དྲག་བྱས་པ་དེ་ད་ཆ་ཕྱིར་འཐེན་དང་ཁ་མཆུ་དེ་ཟླ་བ་རྗེས་མར་ཧོང་ཀོང་གི་ཁྲིམས་ཁང་གོང་མར་འཚོགས་རྒྱུ་ཡིན་པ་བཀོད་འདུགགཞི་རྩའི་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༦ ནང་གཏན་འབེབས་བྱས་པ་ཞིག་དང་ཁྲིམས་གཞི་དེའི་འོག་རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པ། དྲག་སྤྱོད་རིང་ལུགས། ཕྱི་ཕྱོགས་དང་འབྲེལ་བ་སོགས་ཀྱི་ཉེས་འཛུགས་འོག་ད་བར་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་མང་གཙོ་དོན་གཉེར་བ་རྣམས་ལ་དྲག་གནོན་དང་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་ལ། ལྷག་པར་མང་གཙོ་ལས་འགུལ་བ་ཁག་གཅིག་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་པའི་གནད་དོན་ཡང་བྱུང་ཡོད་པ་ལྟར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གཅིག་གིས་ཁྲིམས་གཞི་དེར་སྐྱོན་སྐྱོན་གནང་བར་མ་ཟད། ཉེ་ལམ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་ཕྱིར་འཐེན་དགོས་པའི་ཞུ་སྐུལ་གནང་ཡོད།

དབྱིན་ཡུལ་ནང་རྒྱ་ནག་གི་སོ་ལྟའི་བརྙན་མིག་ Hikvision ལ་སླར་ཡང་ངོ་རྒོལ།

ཁ་སྔོན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་ Big Brother Watch ཞེས་པའི་སྤྱི་མང་རང་དབང་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་རྒྱ་ནག་གིས་བཟོས་པའི་སོ་ལྟའི་བརྙན་མིག་ Hikvision བཟོ་ལས་ཁང་གི་སྤྱི་ཁྱབ་ལས་ཁུངས་མདུན་དུ་ལས་འགུལ་བ་རྣམས་འདུ་འཛོམས་ཐོག་སླར་ཡང་ངོ་རྒོལ་དང་སྐྱོན་བརྗོད་ནན་པོ་གནང་འདུགདེ་ཡང་ Free Tibet ནས་ Instagam གི་དྲྭ་ཐོག་ཏུ་སྤེལ་བའི་གནས་ཚུལ་ནང་། ང་ཚོས་ངོས་ནས་རྒྱ་ནག་གི་སོ་ལྟའི་བརྙན་མིག་བཟོ་ལས་ཁང་ Hikvision ལ་ཐེངས་མང་པོའི་རིང་ཕན་ཚུན་ཐུག་དགོས་པའི་དགོས་འདུན་བཏོན་ཀྱང་ཁོ་ཚོས་རྟག་ཏུ་ཡ་ལན་བྱེད་ཀྱི་མེད་པ་དང་འབྲེལ་ནས། ཐེངས་འདིར་བཟོ་ལས་ཁང་དེའི་སྤྱི་ཁྱབ་ལས་ཁུངས་ཀྱི་མདུན་དུ་ང་ཚོ་སྐད་འབོད་ཆེད་འཛོམས་པ་ཞིག་ཡིན་སྐོར་དང་། དེ་བཞིན་ངོ་རྒོལ་བྱེད་སྐབས་འཕྲལ་དུ་ཁུལ་དེ་ནས་ཉེན་སྲུང་བའི་ཕྱིར་འབུད་བཏང་བྱུང་བས་རྗེས་སུ་སླར་ཡང་གང་མགྱོགས་ངོ་རྒོལ་ཆེད་ཡོང་རྒྱུ་ཡིན་པ་བཀོད་འདུག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་འགུལ་བ་ཞིག་གི་བརྙན་ཐུང་ནང་། ང་ཚོ་སླར་ཡང་ Hikvision གིས་མདུན་དུ་བསླེབ་ཡོད་པ་དང་། Hikvision བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་གི་འཕྲུལ་ལས་རིགས་དེ་དག་གི་བརྒྱུད་རྒྱ་ནག་གིས་ཡུ་གུར་མི་རིགས་དྲག་གནོན་བྱེད་པར་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ལས་ཡིན་པར་སྐྱོན་བརྗོད་དང་། དེ་བཞིན་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐོག་བཟོ་ལས་ཁང་དེའི་འགན་འཛིན་ Justine Hollis ནས་དེ་འབྲེལ་ལན་འདེབས་བྱ་དགོས་པ་གསུངས་འདུག་པ་མ་ཟད་། རིང་མིན་དེ་འབྲེལ་ལན་འདེབས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པའང་གསུངས་འདུག ལས་འགུལ་བ་རྣམས་རྒྱ་ནག་གི་སོ་ལྟའི་བརྙན་མིག་གི་བཟོ་ལས་ཁང་གི་སྤྱི་ཁྱབ་ལས་ཁུངས་སུ་ཕེབས་འབྱོར་སྐབས་ལས་ཁུངས་དེ་སྒོ་བརྒྱག་ཡོད་པ་དང་ཁུལ་དེའི་ཉེན་སྲུང་བས་ཁོང་ཚོ་ཕྱིར་འབུད་བཏང་འདུག ཁོང་རྣམས་སླང་ཡང་གང་འགྱོགས་ཡོང་རྒྱུ་ཡིན་པ་གསུངས་འདུགརྩ་བའི་འདི་ལོའི་ Wimbledon གི་ Tennis རྩེད་འགྲན་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་བ་རྣམས་ཀྱིས་དེ་སྔོན་རྒྱ་ནག་གི་འཛིན་བཟུང་བྱས་པའི་རྒྱ་ནག་གི་ Tennis རྩེད་འགྲན་གྲགས་ཅན་ལྕམ་ Peng Shuai ལགས་གང་དུ་ཡོད་ཅེས་པའི་སྟོད་གོས་གྱོན་ཏེ་ངོ་རྒོལ་བྱས་ཡོད་པ་རེད། དེ་འབྲེལ་ངོ་རྒོལ་གྱི་བརྙན་ཐུང་ཞིག་སྤྱི་ཚོགས་དྲྭ་ལམ་ Tiktok ནང་དུ་བཞག་ཡོད་པ་དང་། གནད་དོན་དེ་རྒྱལ་སྤྱིའི་གནས་ཚུལ་ཞིག་ཏུ་འགྱུར་ནས་དོ་སྣང་བྱ་ཡུལ་ཞིག་ཏུ་ཆགས་ཡོད་པ་རེད། དེར་བརྟེན་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གི་བཟོ་པའི་སྤྱི་ཚོགས་དྲྭ་ལམ་ Tiktok ནས་བརྙན་ཐུང་དེས་ TikTok གི་ཁྲིམས་སྒྲིག་དང་འགལ་གྱི་ཡོད་པའི་ཉེས་མིང་འོག་ནག་སུབ་བཏང་ཡོད་པ་རེད་འདུག མ་ཟད་ད་དུང་དེ་རིགས་མི་མཐུད་བྱས་ཚེས་འབྲེལ་ཡོད་ཁ་བྱང་འདི་ཉིད་གཏན་སྡོམ་བྱ་རྒྱུ་ཡིན་པ་ཉེན་བརྡ་བཏང་འདུག

ཉི་ཧོང་དང་ཁེ་ན་ཌས་གཙོས་རྒྱལ་ཁབ་ཁག་གཅིག་གི་སྐུ་ཚབ་འཐུས་མི་ཐེ་ཝན་ལ་བསྐྱོད་རྒྱུའི་གྲ་སྒྲིག

རིང་མིན་ཉི་ཧོང་དང་ཁེ་ན་ཌ། འཇར་མ་ནི། དབྱིན་ཡུལ་བཅས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ཐེ་ཝན་ལ་བསྐྱོད་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་རེད།ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕེབས་ཏེ་ཁུལ་དེའི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་བར་བརྟེན་གནད་དོན་དེར་རྒྱ་ནག་གིས་འཁོན་ལན་དང་བཅས་ཁུལ་དེའི་མཚོ་ཁར་དྲག་པོའི་དམག་ཤུགས་ཆེད་གཏོང་གིས་འཇིགས་སྐུལ་ཆེན་པོ་བྱེད་བཞིན་ཡོད་པའི་ཁྲོད་འདིར་ཐེ་ཝན་ལ་རྒྱབ་སྐྱོར་མཚོན་ཕྱིར་རིང་མིན་ཉི་ཧོང་དང་ཁེ་ན་ཌ། འཇར་མ་ནི། དབྱིན་ཡུལ་བཅས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ཐེ་ཝན་ཁུལ་དུ་བསྐྱོད་རྒྱུའི་གྲ་སྒྲིག་གནང་བཞིན་འདུགཐེ་ཝན་གྱི་བརྒྱུད་ལམ་ Taipei Times ནང་གནས་ཚུལ་སྤེལ་བར་གཟའ་འཁོར་རྗེས་མའི་རེས་གཟའ་ཟླ་བ་ནས་བཟུང་ཉིན་གསུམ་རིང་ཉི་ཧོང་གི་གཞུང་འཛིན་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Keiji Furuya མཆོག་གིས་སྣེ་ཁྲིད་འོག་སྐུ་ཚབ་གཞན་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Minoru Kihara མཆོག་རྣམ་གཉིས་ཐེ་ཝན་དུ་ཆེད་ཕེབས་ཀྱིས་ཁུལ་དེའི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་དང་བདེ་སྲུང་བློན་ཆེན་མཆོག་རྣམ་གཉིས་ཀྱི་དབར་མཇལ་འཕྲད་གནང་རྒྱུ་དང་སྐབས་དེར་ཨ་རི་དང་མཉམ་ལས་ཀྱིས་ཁུལ་དེའི་བདེ་འཇགས་སྲ་བརྟན་ཆེད་གྲོས་མོལ་གནང་རྒྱུ་རེད་འདུག དེ་བཞིན་རྒྱ་ནག་གི་ཁུལ་དེར་དྲག་པོའི་དམག་ཤུགས་སྤྱོད་པའི་གནད་དོན་སོགས་ཀྱི་ཐད་ལའང་གོ་བསྡུར་གནང་རྒྱུ་ཡིན་འདུག་པ་མ་ཟད། འབྱུང་འགྱུར་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ཐེ་ཝན་རྒྱལ་ཁབ་ཀྱི་ཉིན་མོར་ཉི་ཧོང་ནས་སྐུ་ཚབ་ཆེད་གཏོང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་བཅས་ཕྱོགས་གསུམ་ལྷན་འཛོམས་ཐོག་ནས་སྲིད་བྱུས་ཐད་གོ་བསྡུར་གནང་རྒྱུ་ཡིན་པ་རེད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་ནས་ཉི་ཧོང་གི་སྐུ་ཚབ་རྣམས་ཁུལ་དེར་ཕེབས་རྒྱུར་དགའ་བསུ་ཡོད་ཅེས་ཡོངས་ཁྱབ་གནང་འདུག ཕྱོགས་མཚུངས་ཐེ་ཝན་དུ་འབྱུང་འགྱུར་ཕྱི་ཟླ་ ༡༠ པ་ནང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་། ཁེ་ན་ཌ་དང་ཐེ་ཝན་གྲོས་ཚོགས་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་ལྕམ་སྐུ་ Judy Sgro མཆོག་གིས་སྣེ་ཁྲིད་འོག་ཚོགས་མི་བརྒྱད་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཁུལ་དེར་བསྐྱོད་འཆར་ཡོད་པར་མངོན་གསལ་གནང་འདུག ལྕམ་སྐུ་ Judy Sgro མཆོག་གི་ངོས་ནས་ཐེ་ཝན་ཁུལ་དུ་ཕེབས་རྒྱུར་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་མ་ཟད་ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་དེ་ཧ་ཅང་དགོས་མཁོ་ཅན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱལ་ཁབ་ཕན་ཚུན་གཉིས་ཀྱི་དབར་ལ་ཚོང་འབྲེལ་གྱི་འབྲེལ་ལམ་དམ་ཟབ་ཆེད་གོ་སྐབས་གང་འདྲ་ཡོད་མེད་ལ་གཟིགས་རྟོགས་གནང་རྒྱུ་ཡིན་པ་དང་ཆབས་ཅིག ཁོང་གིས་རྒྱལ་ཁབ་གཞན་སུ་འདྲ་ཞིག་ཡིན་ཀྱང་རང་ཉིད་ཀྱི་རང་དབང་དང་མང་གཙོ་ཆེད་གདོང་ལེན་གནང་གི་ཡོད་ན་ངེས་པར་དུ་རྒྱབ་སྐྱོར་གནང་དགོས་སྐོར་གསུངས་འདུག དེ་བཞིན་ཁོང་གིས་ཁེ་ན་ཌས་རྒྱ་ནག་ལ་གདོང་ལེན་གནང་གི་ཡོད་པར་སྤོབས་པ་ཡོད་སྐོར་དང་འབྲེལ་ཏེ་སྐབས་དེར་གདོང་ལེན་གནང་གལ་ཡིན་པར་གསུངས་ཡོད། འབྱུང་འགྱུར་ཕྱི་ཟླ་ ༡༠ པའི་ཟླ་འགོ་དང་ཟླ་མཇུག་ཏུ་འཇར་མ་ནིའི་གྲོས་ཚོགས་འཐུས་མི་ཚོ་ཁག་གཉིས་རིམ་པས་ཐེ་ཝན་དུ་བསྐྱོད་འཆར་ཡོད་པ་འཁོད་འདུག ཟླ་བ་དེའི་འགོ་སྟོད་ནང་འཇར་མ་ནི་དང་ཐེ་ཝན་གྲོས་ཚོགས་འཐུས་མིའི་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་དྲུག་ཕེབས་འཆར་དང་། ཟླ་མཇུག་ཏུ་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཁུལ་དེའི་ཆབ་སྲིད་ཚོགས་པ་དྲུག་ནས་སྐུ་ཚབ་མི་འགྲོ་བརྒྱད་ཐེ་ཝན་ཁུལ་དུ་ཨེ་ཤ་ཡའི་ཕྱོགས་སྐྱོད་ཆེན་པོ་ཞེས་པའི་མཚན་ཐོག་ནས་ཕེབས་གཏན་ཁེལ་ཡོད་པ་འཁོད་འདུག དེ་འབྲེལ་ཕྱོགས་སྐྱོད་དེ་སྤྱིར་ཕྱི་ལོ་ ༢༠༢༠ ལོར་སྐྱོད་འཆར་ཡོད་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ཕེབས་ཐུབ་མེད་པ་ཞིག་ཡིན་འདུག དབྱིན་ཡུལ་གྱིས་ཀྱང་འབྱུང་འགྱུར་ཕྱི་ཟླ་ ༡༡ དང་ ༡༢ གང་རུང་དུ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཐེ་ཝན་ཁུལ་དུ་ཕེབས་འཆར་ཡོད་པ་བཅས་འཁོད་འདུག

ཤིན་ཅང་ནང་བཙན་སྐུལ་ངལ་རྩོལ་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་རྒྱལ་ཚོགས་ཀྱི་སྙན་ཐོ་ནང་གསལ་བ།

རྒྱ་ནག་གིས་ཤིན་ཅང་ནང་བཙན་སྐུལ་ངལ་རྩོལ་གྱི་ལས་གཞི་སྤེལ་གྱི་ཡོད་པ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་གསལ་འདུགརྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ Tomoya Obokata ལགས་ཀྱིས་རིང་མིན་ཟླ་ ༩ པའི་ནང་འཚོགས་རྒྱུའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༡ ལ་ཟླ་ ༧ ཚེས་ ༡༩ ཉིན་ད་ལྟའི་དུས་ཀྱི་བྲན་གཡོག་དང་དེའི་གྲངས་ཉུང་མི་རིགས་ཚོར་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་ཤོག་ལྷེ་ ༢༠ ཅན་གྱི་སྙན་ཐོ་ཞིག་ཕུལ་བའི་ནང་རྒྱ་ནག་གིས་བཀོལ་སྤྱོད་བྱས་པའི་ངལ་རྩོལ་གྱི་ལས་གཞིའི་འོག་ཡུ་གུར་དང་ Kazakhs གཞན་ཊར་ཀིའི་མི་རིགས་རྣམས་ལ་གདུག་རྩུབ་དང་དྲག་གནོན་གྱི་སྲིད་བྱུས་འོག་ངལ་བ་ཆེས་ཆེར་མྱོང་བཞིན་པ་དང་སྒོས་རྒྱ་ནག་གིས་ཤིན་ཅང་ནང་བཙན་སྐུལ་ངལ་རྩོལ་གྱི་ལས་གཞི་སྤེལ་གྱི་ཡོད་པ་མཐའ་སྡོམ་གནང་ཚེ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པར་མངོན་གསལ་གནང་འདུག སྙན་ཐོ་ནང་ཡུ་གུར་གྱི་ལས་མི་ཚོར་ཆེས་གདུག་རྩུབ་དང་མནར་གཅོད་འོག་ངལ་རྩོལ་བྱེད་བཅུག་ཡོད་པ་དང་དེའི་ཁོངས་རྒྱ་ནག་གིས་ཁག་ཅིག་མི་ཚོང་རྒྱག་པ། ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་། དེ་བཞིན་བཙན་གྱིས་ངལ་རྩོལ་བརྒྱུད་བྲན་གཡོག་བཀོལ་བའི་སྲིད་བྱུས་ཡོད་པ་གསུངས་འདུག ཕྱོགས་མཚུངས་སུ་རྒྱ་གཞུང་གིས་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དབུལ་ཕོངས་ལས་གྲོལ་ཐབས་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་མིང་བྱང་འོག་ཞིང་པ་དང་འབྲོག་པ། གྲོང་གསེབ་ནང་ཕྱག་ལས་གནང་མཁན་ཚོ་རང་གནས་ནས་གཞིས་སྤོས་བྱེད་དུ་བཅུག་སྟེ་ས་གནས་འདྲ་མིན་ནང་གླ་ཆ་ཞན་པོ་སྤྲོད་དེ་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་རིགས་སྣ་ཚོགས་གཉེར་བཅུག་ཡོད་པ་མངོན་གསལ་གནང་ཡོད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་པས་ཡུ་གུར་ཁ་ཆེ་མི་རིགས་བཙོན་འཇུག་དང་ངལ་རྩོལ་བྱེད་བཅུག་པར་ཐུགས་འཚབ་ཀྱིས་ཤིན་ཅང་ནང་དམ་དྲག་མེད་པའི་ཐོག་ཞིབ་འཇུག་སྐུ་ཚབ་ཚོགས་ཆུང་ཆེད་གཏོང་དགོས་པ་དང་དེ་བཞིན་རྒྱལ་ནང་དང་ཕྱི་ཕྱོགས་ནས་རྒྱ་ནག་དང་ཚོང་འབྲེལ་སྐབས་དངོས་ཟོག་གི་འབྱུང་ཁུངས་སོགས་ལ་རྟོག་ཞིབ་དགོས་པའི་དགོས་འདུན་བཏོན་འདུག བོད་དང་ཤིན་ཅང་ཐོག་ཉམས་ཞིབ་གནང་མཁན་ Adrian Zenz ལགས་ཀྱིས་ཁོང་གི་ Twitter ཐོག་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་སྙན་ཐོ་གསར་པ་འདོན་སྤེལ་གནང་བ་དེ་ནས་ཤིན་ཅང་ནང་ངལ་རྩོལ་གྱི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་པ་མཐའ་སྡོམ་གནང་ཐུབ་ཡོད་པ་གསུངས་འདུག རྒྱལ་སྤྱིའི་ཡུ་གུར་ཚོགས་པ་ World Uyghur Congress ཞེས་པའི་ཚོགས་གཙོ་ Dolkun Isa ལགས་ཀྱིས་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་སྙན་ཐོའི་གྲུབ་འབྲས་དེ་ང་ཚོས་ལོ་མང་རིང་ནས་ཡུ་གུར་ཞུ་གཏུག་གི་ལས་འགུལ་སྤེལ་བའི་བརྗོད་དོན་དང་གཅིག་མཚུངས་མཇུག་སྡོམ་གནང་ཐུབ་ཡོད་པ་གསུངས་འདུག རྒྱལ་སྤྱིའི་ཡུ་གུར་ཚོགས་པས་དེ་འབྲེལ་བསྒྲགས་གཏམ་སྤེལ་བར་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གྱིས་ངལ་རྩོལ་གྱི་ལས་གཞི་དེ་མི་རིགས་སྡེབ་གསོད་གཏོང་ཆེད་ཀྱི་ལག་ཆར་སྤྱོད་བཞིན་ཡོད་ཀྱང་འཛམ་གླིང་གི་བཟོ་ཚོང་ཁང་ནས་རྒྱ་ནག་གིས་བཙན་གནོན་སོགས་ལས་བྱུང་བའི་དངོས་ཟོག་རྣམས་མུ་མཐུད་ཚོང་གི་ཁེ་ཕན་ཉོ་ཚོང་བྱེད་བཞིན་པ་དང་སྒོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ནས་ཀྱང་ངལ་རྩོལ་དང་འབྲེལ་བའི་དངོས་ཟོག་ཉོ་རྒྱུ་མཚམས་འཇོག་དགོས་པའི་ཐད་ཁྲིམས་ལུགས་བཟོ་རྒྱུར་ངོས་ལེན་བྱེད་ཀྱི་མེད་སྟབས། ད་རེས་རྒྱལ་ཚོགས་ཀྱིས་སྙན་ཐོ་དེ་ནས་ད་བར་ཡུ་གུར་ངལ་རྩོལ་ལས་བྱུང་བའི་དངོས་ཟོག་མཚམས་འཇོག་ཐད་གང་ཡང་མ་གནང་མཁན་ཚོ་གཉིད་སད་པའི་རེ་བ་ཡོད་ཅེས་དང་རྒྱལ་སྤྱིའི་གཞུང་དང་བཟོ་ཚོང་ཁང་རྣམས་ནས་རྒྱལ་ཚོགས་ཀྱི་སྙན་ཐོ་ནང་གི་གནད་དོན་རྙེད་སོན་བྱུང་ཁག་ལ་ངོས་འཛིན་དང་སྦྲགས་ཏེ། ཡུ་གུར་ངལ་རྩོལ་དང་འབྲེལ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་རོགས་རམ་གནང་མཚམས་འཇོག་དགོས་པར་འོས་འཚམས་ཀྱི་ཐག་གཅོད་གནང་རོགས་ཞེས་ཞུ་སྐུལ་གནང་འདུག

རྒྱ་གར་གྱི་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ འཁོར་བའི་ཉིན་མོ་དང་བསྟུན་དཔྱད་རྩོམ་སྤེལ་བའི་ནང་རྒྱ་གར་གྱི་རྒྱལ་ཁབ་འདི་ཉིད་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་གཙོའི་ལམ་བུར་བསྐྱོད་པར་བརྟེན་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་འདུགདེ་ཡང་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀེ་ར་ལའི་གསར་ཁང་ ONMANORAMA ཐོག་དཔྱད་རྩོམ་ཞིག་སྤེལ་བའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ལོ་ཤས་སྔོན་༸གང་ཉིད་མཆོག་ཝ་ཤིང་ཊོན་གྱི་མཛད་རིམ་ཞིག་གི་ནང་འབྱུང་འགྱུར་འཛམ་གླིང་ནང་རྒྱ་ནག་དམར་ཤོག་ཚོགས་པ་དང་མང་གཙོའི་རྒྱལ་ཁབ་རྒྱ་གར་གཉིས་ནས་དོ་སྣང་བྱ་ཡུལ་གཙོ་བོ་དང་གལ་འགངས་ཆེ་བ་དེ་སུ་ཆགས་མིན་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་སྐབས་དེར་ཐེ་ཚོམ་མེད་པར་དེ་རྒྱ་གར་རྒྱལ་ཁབ་ཡིན་པ་བཀའ་ལན་སྩལ་བ་དང་། ལྷག་པར་༸གང་ཉིད་མཆོག་གིས་བཀའ་ལན་དེ་ཡང་རྒྱ་གར་གྱི་ཡིད་མགུ་རུ་འཇུག་ཆེད་མིན་པར་ཡང་སྒོས་རྒྱ་གར་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ག་རེ་མཚོན་ཐུབ་མིན་དེ་མངོན་གསལ་གནང་རྒྱུ་ཆེད་ཡིན་པ་བཀའ་སྩལ་འདུག ༸གང་ཉིད་མཆོག་གིས་ངོས་རང་ལོ་མང་རིང་ནས་རྒྱ་གར་སྤྱི་ཚོགས་ཀྱི་ཆ་ཤས་ཞིག་ལ་ངོས་འཛིན་མཁན་ཞིག་ཡིན་པའི་ཆ་ནས་དེ་རིང་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ འཁོར་བའི་དུས་ཆེན་ཐོག་དགོངས་ཚུལ་ཞིག་འདིར་བཀོད་ཐུབ་པར་དགའ་ཚོར་དཔག་མེད་བྱུང་བ་དང་།  སྤྱིར་རྒྱ་གར་རྒྱལ་ཁབ་འདི་བཞིན་ཕྱི་ལོ་ ༡༩༤༧ ནས་ངལ་བ་གང་འཕྲད་པར་གདོང་ལེན་གྱིས་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་པ་ནི་སེམས་འགུལ་ཐེབས་གཞི་ཞིག་དང་། ཆབས་ཅིག་རྒྱ་གར་གྱི་མང་གཙོའི་སྒྲོམ་གཞི་ལ་བསྔགས་བརྗོད་མཛད་དེ།   རྒྱ་གར་གྱི་རྒྱལ་ཁབ་འདི་ཉིད་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་གཙོའི་ལམ་བུར་བསྐྱོད་པར་བརྟེན་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་འདུག དེ་བཞིན་༸གང་ཉིད་མཆོག་གིས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ཆོས་ལུགས་འདྲ་མིན་ཡོད་པ་རྣམས་ཞི་བདེ་ངང་མཉམ་གནས་གནང་གི་ཡོད་པ་དང་འབྲེལ།  ད་རེས་ཀྱི་དཔྱད་རྩོམ་དེ་ཡང་ད་ཆ་ལ་དྭགས་སུ་ཡོད་པའི་སྐབས་བཀོད་པ་ཞིག་ཡིན་པ་དང་ཕྱོགས་མཚུངས་ས་ཁུལ་འདི་ལྟ་བུར་མཚོན་ན་ནང་པ་དང་ཁ་ཆེ། ཡེ་ཤུ། དེ་བཞིན་ཧིན་རྡུ་བ་རྣམས་ཞི་བདེ་ངང་མཉམ་གནས་གནང་བ་དངོས་སུ་གཟིགས་པ་བྱུང་བས་རྒྱ་གར་དེ་བཞིན་ཡར་རྒྱས་ཀྱི་ཁ་ཕྱོགས་ལ་མུ་མཐུད་བསྐྱོད་བཞིན་པ་མ་ཟད།   ལྷག་པར་རྒྱ་གར་འདི་བཞིན་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཞིག་ཡིན་པའི་ཆ་ནས་འཛམ་གླིང་མང་གཙོའི་ལམ་དུ་སྣེ་ཁྲིད་ཐུབ་པའི་གནས་བབས་ཡོངས་སུ་ལྡན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་དང་འབྲེལ།  ༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གཅིག་རྒྱ་གར་གྱི་གནའ་བོའི་རིག་གནས་གོང་མཐོར་གཏོང་རྒྱུ་ཡིན་པ་འགྲེལ་བརྗོད་དང་།  ཆབས་ཅིག་རྒྱ་གར་གྱི་ལྟ་གྲུབ་ནང་གི་སེམས་ཁམས་རིག་པ་དང་། བློ་སྦྱོང་གི་ཐབས་ལམ་སོགས་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་ཐུབ་སྐོར་བཀའ་སྩལ་བ་མ་ཟད།  ལྷག་པར་རྒྱ་གར་གྱི་གནའ་བོའི་ལེགས་བྱང་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་སློབ་ཁྲིད་གནང་བར་འབད་བརྩོན་གནང་གལ་ཡིན་པ་དང་ཆབས་ཅིག རྒྱ་གར་གྱི་མངའ་སྡེ་ཁག་གཅིག་ནས་དེའི་ཐད་ཐུགས་འཁུར་བཞེས་མུས་ལྟར་སླད་མར་རྒྱ་གར་རྒྱལ་ཡོངས་ཀྱི་ལས་འགུལ་ཞིག་ཏུ་ཆགས་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་མཛད་འདུག གཞི་རྩའི་མགོན་པོ་༸གང་ཉིད་མཆོག་ཕྱི་ཟླ་ ༧ པའི་ཚེས་ ༡༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ལ་དྭགས་སུ་ཆིབས་ཐོན་མཛད་ཡོད་པ་དང་ད་ལྟར་ལ་དྭགས་སུ་༸སྐུ་ལྷོད་བཞུགས་མཛད་མུས་ཡིན་པ་རེད།

རྒྱ་ནག་གིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིས་ཐའེ་ཝན་ནང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྐོར་བསྐྱོད་མཇུག་བསྒྲིལ་གནང་ནས་ཉིན་ ༡༢ ཙམ་ལས་ཕྱིན་མེད་པའི་ཁྲོད་དེར། ཁ་སང་སླར་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་ལྔ་ལས་འགྲུབ་པའི་ཨ་རིའི་སྐུ་ཚབ་ཚོ་ཁག་གཞན་ཞིག་ཐའེ་ཝན་དུ་བསྐྱོད་རྗེས། རྒྱ་ནག་གཞུང་གིས་ཨ་རིར་གནས་བཞུགས་ཐའེ་ཝན་གྱི་གཞུང་ཚབ་ཆེན་མོས་གཙོས་གནས་ཡོད་དཔོན་རིགས་བདུན་ལ་སྲིད་དོན་ཉེས་ཆད་བཀལ་འདུགདེའང་རྒྱ་ནག་དམར་ཤོག་ཚོགས་པའི་ཐའེ་ཝན་ལས་དོན་ལས་ཁང་གི་མགྲིན་ཚབ་པས་བརྗོད་དོན་ལྟར་ན། ཐའེ་ཝན་གྱི་དཔོན་རིགས་བདུན་པོ་དེ་དག་གི་ཁོངས་སུ་ཨ་རིར་གནས་བཞུགས་ཐའེ་ཝན་གྱི་གཞུང་ཚབ་དང་། ཐའེ་ཝན་རྒྱལ་ཡོངས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་གཙོས་གཞུང་འཛིན་མང་གཙོ་ཚོགས་པའི་གནས་ཡོད་དཔོན་རིགས་ཁག་བདུན་ཡོད་པ་དང་། སྲིད་དོན་ཉེས་ཆད་དེའི་འོག་དཔོན་རིགས་དེ་དག་རྒྱ་ནག་དང་ཧོང་ཀོང། དེ་བཞིན་མ་ཀའོ་བཅས་སུ་འགྲོ་བསྐྱོད་བཀག་སྡོམ་དང་དེ་དག་དང་འབྲེལ་བའི་ཚོང་ལས་ཁང་དང་ཚོང་པ་རྣམས་ཀྱང་རྒྱ་ནག་ནས་ཁེ་འབབ་བླང་ཆོག་གི་མེད་པའི་ཉེས་ཆད་བཀལ་འདུག་པ་མ་ཟད། ཉེས་ཆད་དེའང་མི་ཚེ་གང་པོའི་རིང་དགལ་རྒྱུ་ཡིན་པ་བརྗོད་འདུགམགྲིན་ཚབ་པས་ད་དུང་ཉེ་ལམ་ནས་ཐའེ་ཝན་གྱི་རང་བཙན་འདོད་མཁན་གང་ཟག་ཐ་ཞན་པ་ཁག་ཅིག་གིས་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་ཕྱིའི་སྟོབས་ཤུགས་དང་ངན་པ་ལག་འབྲེལ་གྱིས་ཐའེ་ཝན་རང་བཙན་རྩོད་བཞིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁུལ་དེར་བསྐྱོད་སྐབས་གང་ཟག་དེ་དག་གིས་ལས་དོན་དེ་རིགས་དེ་བས་ཤུགས་ཆེར་སྤེལ་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་དེ་ལྟར་ཡང་། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ངོས་ནས་མཚོ་གླིང་དེ་ནི་རྒྱ་ནག་གི་ཐེ་གཏོགས་བྱེད་ཐུབ་ས་མེད་པའི་དམངས་གཙོ་ཅན་ཞིག་ཡིན་སྐོར་བརྗོད་འདུག་པ་མ་ཟད། དཔོན་རིགས་བདུན་པོ་དེ་དག་ཁོངས་སུ་ཡོད་པའི་ཐའི་ཝན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་གཞོན་པ་སྐུ་ཞབས་ lin fei-fan ནས་དེང་གི་དུས་སུ་དབང་ཆ་གཅིག་སྡུད་རིང་ལུགས་པའི་གཞུང་ཞིག་གིས་ཉེས་ཆད་བཀལ་བ་ནི་ཧ་ཅང་གཟི་བརྗིད་དང་སྤོབས་པ་ལྡན་པའི་གནད་དོན་ཞིག་ཡིན་སྐོར་བརྗོད་འདུགསྤྱིར་རྒྱ་ནག་གཞུང་གིས་དེ་སྔོན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་ཀྱི་ཚོགས་གཙོར་སྲིད་དོན་ཉེས་ཆད་བཀལ་ཟིན་པ་དང། དེ་འབྲེལ་བརྒྱུད་ལམ་ཁག་ཏུ་ཐའེ་ཝན་གྱི་དཔོན་རིགས་རྣམ་པ་རྒྱུན་དུ་རྒྱ་ནག་ལ་བསྐྱོད་སྲོལ་མེད་སྟབས། ད་ཆ་དཔོན་རིགས་བདུན་པོ་དག་ལ་བཀལ་བའི་ཉེས་ཆད་དེས་ཁོང་རྣམ་པར་ཁྱད་པར་དེ་ཙམ་མེད་པའི་འགྲེལ་བརྗོད་གནང་བཞིན་འདུགགང་ལྟར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གི་རྗེས་ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ed Markey ལགས་ཀྱིས་སྣེ་འཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཁག་ཅིག་ཐའེ་ཝན་དུ་ཕེབས་འབྱོར་གྱིས་ཁ་ས་ཚེས་ ༡༥ ཉིན་ཁུལ་དེའི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་གིས་གཙོས་པའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Joseph Wu མཆོག་དང་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་གནང་ཏེ་ཕྱི་སྲིད་ལས་དོན་དང་། རྒྱལ་ཁབ་བདེ་འཇགས། དེ་བཞིན་ཚོང་འབྲེལ་སོགས་ཀྱི་ཐོག་གྲོས་མོལ་བྱས་ཡོད་པ་རེད།མཇལ་འཕྲད་སྐབས་ཐའེ་ཝན་སྲིད་འཛིན་མཆོག་གིས་ཐའེ་ཝན་དེ་ཉིད་རྒྱ་ཁོངས་མིན་པའི་གཞིར་བཞག་པའི་ཐོག་ནས་མཐུན་ཕྱོགས་རྒྱལ་ཁབ་དང་ལྷན་དུ་མཉམ་ལས་ཀྱིས་ཁུལ་དེའི་གནས་བབ་དང་བདེ་འཇགས་སྲ་བརྟན་བཟོ་རྒྱུ་དང་ཆབས་ཅིག ར་ཤི་ཡའི་ཡུག་རེན་ལ་བཙན་འཛུལ་གྱིས་གནད་དོན་དང་འབྲེལ་ནས་དེང་སྐབས་འཛམ་གླིང་ནང་མི་གཅིག་དབང་འཛིན་གྱི་ལམ་ལུགས་དེས་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་སྐོར་གསུངས་འདུགདེ་བཞིན་ཐའེ་ཝན་གྲོས་ཚོགས་ཀྱི་ཕྱི་སྲིད་དང་རྒྱལ་སྲུང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Lo Chih-cheng ལགས་ནས་རྒྱ་ནག་གིས་འཇིག་སྐུལ་ཁྲོད་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཁུལ་དེར་ཕེབས་པ་དེ་མཚོན་དོན་གལ་ཆེན་པོ་ཞིག་ཡིན་པ་མ་ཟད། ཐའེ་ཝན་ནང་རྒྱལ་ཁབ་གཞན་གྱི་ཆབ་སྲིད་མི་སྣ་རྣམས་ཕེབས་དོན་ལ་རྒྱ་ནག་གིས་བཀག་འགོག་བྱེད་ཐུབ་ཀྱི་མེད་སྐོར་དང་། གནད་དོན་དེ་དང་འབྲེལ་ནས་ཨ་རིའི་མི་མང་རྣམས་ཐའེ་ཝན་གྱི་མི་མང་དང་ལྷན་དུ་ཡོད་པ་གོ་བརྡ་སྤྲོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུགགཞི་རྩའི་ཟླ་བ་སྔོན་མའི་ནང་ལྕམ་སྐུ་ Nancy Pelosi མཆོག་ཐའེ་ཝན་ཁུལ་དུ་ཕྱོགས་ཕེབས་པ་དང་འབྲེལ། རྒྱ་ནག་ངོས་ནས་ཐའེ་ཝན་གྱི་མཐའ་སྐོར་ལ་དམག་གི་སྦྱོང་ལྟར་དང་། མཚོ་གླིང་དེའི་མཚོ་ཁར་མེ་ཤུགས་འཕུར་མདའ་བེད་སྤྱོ ད་ཀྱིས་དྲག་པོའི་འཇིགས་སྐུལ་བྱས་ཡོད་པ་མ་ཟད། ད་ཆ་སླར་ཡང་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོ་ཁག་ཁུལ་དེར་བསྐྱོད་སྐབས་རྒྱ་ནག་གིས་མཚོ་གླིང་གི་མཐའ་སྐོར་དུ་དམག་སྦྱོང་འཕར་མ་གོ་སྒྲིག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། དེའི་བར་ན་བརྒྱུད་ལམ་ཁག་གཅིག་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁ་སྔོན་ཕྱི་ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ལས་རོགས་གཞོན་པ་སྐུ་ཞབས་ Kurt Campbell ལགས་ཀྱིས་རྒྱ་ནག་གིས་ཐའེ་ཝན་ཁུལ་དུ་དྲག་གནོན་གྱི་ལས་འགུལ་སྤེལ་བར་དེ་ནི་ཁོང་ཁྲོ་སློང་གཞི་ཤིག་ཡིན་པ་མ་ཟད། ཨ་རིས་ཐའེ་ཝན་དང་མཉམ་དུ་གྲོས་མོལ་གྱིས་ཚོང་ལམ་གསར་བཟོ་བྱ་རྒྱུ་དང་། རིང་པོར་མི་ཐོགས་པར་བདུན་ཕྲག་ཁ་ཤས་ནང་ཚུད་ལ་མཚོ་དམག་གི་གྲུ་དང་། དམག་གི་གནམ་གྲུ་གཏོང་རྒྱུ་སོགས་ཀྱི་ཐད་གསལ་བསྒྲགས་བྱེད་འཆར་ཡོད་པ་ཉེན་བརྡ་བཏང་འདུག    

Latest news