Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ལ་གཟིམ་ཆུང་མཇལ་ཁ་སྩལ་བ།

༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེས་བཀའ་སྩལ་བ།

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་ལྔས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཟླ་ ༩ ཚེས་ ༧ ༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་བརྒྱད་པའི་སྟེང་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཚོགས་སྡེ་ལྔའི་སྐུ་ཚབ་མི་སྣས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བར་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་ཡོད་པར་མ་ཟད། བརྟན་བཞུགས་དངོས་ཀྱི་སྒྲུབ་ཞག་དང་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མཎྜལ་ལྗགས་བཤད་མ་གནང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེ་བཀའ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཉེ་ལམ་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་འབྲས་སུ་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོད་པ་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བརྟན་རྒྱུ་ནི་སྤྱིར་འགྲོ་བ་སེམས་ཅན་ཡོངས་དང་སྒོས་བོད་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས་ཀྱི་ནང་ཡོད་པའི་མི་ཙམ་མིན་པར་ཡུལ་ལྷ་གཞིས་བདག་ཀུན་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད་སྟབས། མགོན་པོ་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་ཚེ་རབས་ནས་ཚེ་རབས་བར་གཞན་དོན་དང་བསྟན་པའི་ཞབས་འདེགས་སླད་ད་དུང་དགུང་གྲངས་བརྒྱ་དང་བཅུ་གྲངས་ཤིག་གི་བར་དུ་༸སྐུ་འཚོ་བཞུགས་མཛད་རྒྱུའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་བོད་རྒྱ་ཆེ་མང་ཚོགས་ཀྱིས་གཙོས་པའི་ཧི་མཱ་ལ་ཡའི་མི་རིགས་རྣམས་དད་དམ་གཡོ་བ་མེད་པ་ཤ་སྟག་ཡིན་པ་དང་ལྷག་དོན་ཉེ་ལམ་ལ་དྭགས་གླེ་དང་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་མཛད་སྐབས་མང་ཚོགས་རྣམས་ནས་དད་དམ་གཡོ་བ་མེད་པའི་སྒོ་ནས་དགའ་སྣང་གྱི་རྣམ་པ་ཤུགས་ཆེས་ཆེར་བསྟན་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག་ཏུ་མགོན་པོ་༸གང་ཉིད་མཆོག་སླད་མར་མོན་ཡུལ་དུ་ཆིབས་བསྒྱུར་མཛད་རྒྱུའི་དགོངས་པ་ཡོད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།  དེ་རིང་བརྟན་བཞུགས་ཀྱི་གོ་སྐབས་འདིའི་ཐོག་ནས་བོད་ནང་ཏོག་དབྱིབས་རིམས་ནད་གཙོས་རྐྱེན་ངན་མང་དག་ཅིག་གི་ངལ་བ་འཕྲད་བཞིན་པ་དེ་དག་འཕྲལ་མར་ཞི་བའི་ཕྱིར་དུ་མགོན་པོ་མཆོག་གིས་ཐུགས་སྨོན་མཛད་བཞིན་ཡོད་དང་། མང་ཚོགས་རྣམས་ཀྱིས་ཀྱང་གཉན་འཕྲང་གི་དུས་སྐབས་འདིར་སྒྲོལ་མའི་གཟུངས་སྔགས་གང་མང་བགྲང་གསོག་དགོས་པའི་ལམ་སྟོན་མཛད་སོང་། ཐེངས་འདིའི་བརྟན་བཞུགས་ཐོག་བཞུགས་སྒར་གཙོས་ བོད་མིའི་འདུས་སྡོད་ས་གནས་ཁག་ནས་བོད་མི་སྟོང་ཕྲག་འགའ་ཤས་དང་མོན་རྟ་དབང་ནས་དད་ལྡན་མང་ཚོགས་ ༧༠༠ ལྷག་ཆེད་བཅར་ཞུས་ཡོད་པ་ལྟར་དད་ལྡན་མང་ཚོགས་ཁག་ཅིག་ལ་དེ་འབྲེལ་བཅར་འདྲི་ཞུས་ཡོད།

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ལ་གཟིམ་ཆུང་མཇལ་ཁ་སྩལ་བ།

དེ་རིང་ཕྱི་ཟླ་ ༩ ཚེས་ ༦ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སང་ཉིན་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཁོངས་སུ་ཡོད་པ་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་སྩལ་འདུག༸རྒྱལ་བའི་གཟིམ་ཆུང་མཇལ་ཁའི་ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་གཙོ་འཛིན་འཇམ་དཔལ་དབང་འདུས་ལགས་ཀྱིས་དབུས་པའི་པདྨ་ཤྲིའི་གཟེངས་རྟགས་བཞེས་མཁན་གུ་རུ་སྤྲུལ་སྐུ་མཆོག རྟ་ཝང་གི་རྫོང་དཔོན། དེ་བཞིན་མོན་པ་མི་མང་ཚོགས་པའི་དྲུང་ཆེ། ཨ་རུ་ནཱ་ཅལ་ཁུལ་གྱི་དགོན་སྡེ་ཁག་གི་མཁན་པོ་བཅས་ཁྱོན་མི་གྲངས་ ༢༠ ལྷག་ཆེད་བཅར་ཞུས་འདུགདེ་རིང་གི་མཇལ་ཁ་གྲུབ་མཚམས་སུ་གསར་འགོད་པས་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་ལ་མཇལ་ཁ་དང་འབྲེལ་བའི་བཅར་འདྲི་ཞུས་པར་སང་ཉིན་བརྟན་བཞུགས་ཐོག་དད་ལྡན་མང་ཚོགས་ལ་བཀའ་སློབ་ལམ་སྟོན་དང་མ་ཎིའི་བཀའ་ལུང་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་དང་ཆབས་ཏེ་སླད་མར་མོན་ཡུལ་དུ་ཆིབས་བསྒྱུར་བཀྲིན་བསྐྱང་བའི་གསོལ་འདེབས་ཞུས་ཡོད་པར་གསུངས་ཡོད།དེ་བཞིན་༸གོང་ས་མཆོག་གིས་སྐབས་དེར་དེ་སྔ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་སྐབས་དང་བོད་མིར་ངལ་བ་ཆེས་ཆེར་འཕྲད་པའི་དུས་སྐབས་སུའང་མོན་པ་ཚོས་ཕན་ཐོགས་ཆེན་པོ་གནང་བ་དེ་བརྗེ་མེད་ཅེས་བཀའ་སྩལ་བ་དང་སྦྲགས། མོན་ཁུལ་གྱི་དད་ལྡན་མང་ཚོགས་རྣམས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་དད་དམ་གཡོ་བ་མེད་པ་ཞིག་ཡིན་སྟབས་མོན་ཡུལ་དུ་ཆིབས་བསྒྱུར་བཀྲིན་བསྐྱང་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་སོང་ཞེས་གསུངས་སོང་།རྩ་བའི་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་ལྔས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སང་ཉིན་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།

Latest news

- Advertisement -spot_img