Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་ནང་ཆུ་མཛོད་ཆེ་གྲས་ ༤༠༠ ལྷག་བརྒྱབ་ཟིན་ཡོད་པ་མངོན་གསལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དག་རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་ལྔ་ཚན་གྱི་འཆར་འཆར་གཞི་ཐེངས་ ༡༢ དང་ ༡༣ ནང་ཚུད་ཀྱི་ཡོད་པ་དང་། འཛམ་གླིང་ནང་གི་ཆུ་མཛོད་ཉམས་ཞིབ་སྡེ་དག་གིས་རྒྱ་ནག་ནང་ཆུ་མཛོད་ ༨༧༠༠༠ ལྷག་ཡོད་པ་མངོན་གསལ་གནང་ཡོད་ཅིང་། དེའི་ཁྲོད་ཆུ་མཛོད་ཆེ་གྲས་ ༢༧༠༠༠ ལྷག་ཡོད་པ་དང་། བོད་ནང་ཆུ་མཛོད་ཆེ་གྲས་ ༤༠༠ ལྷག་བརྒྱབ་ཟིན་ཡོད་པ་མངོན་གསལ་གནང་སོང་།

རྩ་བའི་རྒྱ་གཞུང་གིས་འབྲི་ཆུའི་བཞུར་རྒྱུན་དུ་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱ་རྒྱུ་ལ་ཁ་གཡར་ཏེ། སྡེ་དགེ་རྫོང་ཁུལ་གྱི་དབོན་སྟོད་དགོན་དང་། ཡེ་ན་དགོན། མཁའ་མདོ་དགོན་པ། རབ་བསྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་བཅས་དགོན་སྡེ་དྲུག་བཙན་གཏོར་དང་། གྲོང་ཚོ་གཉིས་བཙན་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། འདི་ཚེས་ ༡༤ ཉིན་རྫོང་དེའི་ཁོངས་གཏོགས་བོད་མི་ ༣༠༠ ཙམ་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། དེ་བཞིན་འདི་ཚེས་ ༢༠ དང་། ༢༡ ༢༢  བཅས་སོ་སོར་ཁུལ་དེའི་བོད་མི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་ལ་མུ་མཐུད་རེ་སྐུལ་དང་ངུ་འབོད་སོགས་གནང་ཡོད་པ་དེ་ལྟར་ཡང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པ་ཕོན་ཆེན་བསླེབས་ཏེ། དགེ་འདུན་པ་དང་མང་ཚོགས་བརྒྱ་ཕྲག་སྡེབས་འཛིན་གྱིས་འདྲི་རྩད་དང་། ཉེས་རྡུང་བཏང་རྐྱེན་སྨན་ཁང་ནང་བསྐྱལ་དགོས་བྱུང་ཡོད་པ། ལྷག་པར་འདི་ཚེས་ ༢༣ ཉིན་དེ་འབྲེལ་གནད་དོན་རྐྱེན་པས་བོད་མི་ ༡༠༠༠ ལྷག་འཛིན་བཟུང་གིས་ས་གནས་མི་མང་གི་འགྲོ་འདུག་ལ་དམ་བསྒྲགས་དང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་བྱུང་བཞིན་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱ་གཞུང་གི་བོད་ནང་ཆུ་མཛོད་སྤྱི་དང་ལྷག་པར་འབྲི་ཆུ་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས། ད་ལྟའི་འཆར་འབྲི་ཆུ་བཞུར་རྒྱུན་དུ་ཆུ་མཛོད་ཀྱི་ལས་གཞི་དེ་དག་ནི་དེ་སྔོན་རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༢ དང་ ༡༣ ཁྲོད་ཆུ་མཛོད་ ༢༧ གསར་རྒྱག་གི་ལས་གཞི་དེའི་ནང་ཚུད་ཀྱི་ཡོད་པ་དང་། འབྲི་ཆུའི་བཞུར་རྒྱུན་དུ་སྐམ་ཐོག་ཆུ་མཛོད་དེ་ནི་ཆུ་མཛོད་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། (1.1 Million Kilowatts) ས་ཡ་ ༡ ལྷག་གི་གློག་འདོན་ནུས་ཤུགས་ལྡན་པ་ཞིག་ཆགས་ཀྱི་ཡོད། ལྷག་པར་དུས་རྒྱུན་ཆུ་རགས་རྒྱག་པའི་སྐབས་ཐོག་མ་སྟོད་དང་དེ་ནས་སྨད་ལ་རིམ་པའི་ཆུའི་ཤུགས་སྟངས་འཛིན་སླ་རུ་ཡོང་ཆེད་རྒྱག་སྲོལ་ཡོད་ཀྱང་། འབྲི་ཆུ་ནང་གི་ཆུ་རགས་དེ་ནི་ཐོག་མ་བར་དང་སྨད། དེ་ནས་བོད་ཀྱི་ས་ཁུལ་སྟོད་ཕྱོགས་སུ་རྒྱག་བཞིན་ཡོད་ཅིང་། ཆུ་རགས་ ༢༧ ལས་བར་ལ་ ༡༠ སྨད་ལ་ ༤ བཅས་གསར་རྒྱག་བྱས་དང་བྱེད་བཞིན་ཡོད་པ་དང་། འབྲི་ཆུའི་སྟོད་ཕྱོགས་བོད་ཀྱི་ས་ཁུལ་ནང་ཆུ་རགས་ ༡༣ གི་ལས་གཞི་འགོ་འཛུགས་བྱེད་བཞིན་ཡོད་པ་མངོན་གསལ་གནང་སོང་།

ཁོང་གིས་ད་ལྟའི་ཆར་བོད་ཁམས་སྡེ་ཁུལ་གྱི་དགོན་སྡེ་དྲུག་བཙན་གཏོར་དང་། གྲོང་ཚོ་གཉིས་བཙན་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པ་བཞིན། རྒྱ་ནག་གི་གཅད་བགོས་བྱས་པའི་བོད་རང་སྐྱོང་གོ་འཇོ་རྫོང་དང་ཟི་ཁྲོན་དཔལ་ཡུལ་རྫོང་ནང་རྒྱག་བཞིན་པའི་ཡེ་པ་ཐན་ཆུ་མཛོད་དང་། དེ་བཞིན་ཟི་ཁྲོན་ཞིང་ཆེན་གྱི་འབའ་ཐང་རྫོང་དང་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་ནང་རྒྱག་བཞིན་པའི་སོ་བ་ནང་ཆུ་མཛོད་བཅས་ཀྱི་ལས་གཞི་འགྲོ་བཞིན་ཡོད་པར་དེ་གྲུབ་རྗེས་གཤམ་འོག་གི་ས་གནས་མི་མང་རྣམས་གནས་སྤོ་དཀའ་ངལ་གཅིག་མཚུངས་འཕྲད་ཉེན་ཡོད་པ་གསུངས་སོང་།

ད་དུང་སྐམ་ཐོག་ཆུ་རགས་ཀྱི་ལས་གཞི་དེ་ཕྱི་ལོ་ ༢༠༡༡ ལོར་ཐོག་མ་འགོ་བཙུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཆུ་རགས་བརྒྱག་སའི་ས་ཆའི་གནས་བབ་དང་ཁོར་ཡུག་སོགས་ལ་རྟགས་དཔྱད་ཞིབ་འཇུག་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༤ པའི་ད་དུང་ཆུ་མཛོད་ཆེད་ཆུའི་གནས་བབ་དང་ཁྱབ་ཚད་སོགས་ལའང་རྟགས་དཔྱད་ཀྱིས་དེའི་ཁྱབ་ཁོངས་སུ་ད་ལྟ་སྡེ་དགེ་ཀྱི་དགོན་སྡེ་དྲུག་དང་གྲོང་ཚོ་གཉིས་ཁེལ་གྱི་ཡོད་སྟབས། དེ་དག་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པ་གསུངས་སོང་།

མ་ཟད་འཛམ་གླིང་ནང་གི་ཆུ་མཛོད་ཉམས་ཞིབ་སྡེ་དག་གིས་རྒྱ་ནག་ནང་ཆུ་མཛོད་ ༨༧༠༠༠ ལྷག་ཡོད་པ་མངོན་གསལ་གནང་ཡོད་ཅིང་། དེའི་ཁྲོད་ཆུ་མཛོད་ཆེ་གྲས་ ༢༧༠༠༠ ལྷག་ཡོད་པ་དང་། བོད་ནང་ཆུ་མཛོད་ཆེ་གྲས་ ༤༠༠ ལྷག་བརྒྱབ་ཟིན་པ་ཡོད་པ་མ་ཟད། དེའི་བརྒྱུད་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་འགྲོ་གཞི་ཡིན་ཞིང་། ལྷག་པར་ས་ཁུལ་དེ་དག་ས་ཡོམ་གྱི་ས་ཚིགས་ཁེལ་གྱི་ཡོད་སྟབས་དེ་བས་ཉེན་ཚབས་ཆེ་བ་ཡོད་པ་སོགས་གསུངས་སོང་།

ཞིབ་ཕྲའི་བཅར་འདྲི་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།