Tibetan Royal Year of 2151 | Year of the Wood Dragon

བོད་མི་རྣམས་ཀྱིས་བོད་རབ་གནས་ཤིང་འབྲུག་ལོ་གསར་སྔ་ནུར་གྱིས་སྲུང་བརྩི་ཞུ་འགོ་བཙུགས་འདུག

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་བཞད་ཚེ་ལ་ཉེ་བ་དང་བསྟུན་བོད་མི་གནས་སྡོད་ས་གནས་ཁག་གཅིག་ཏུ་ལོ་གསར་སྔ་ནུར་གྱིས་སྲུང་བརྩི་ཞུ་འགོ་བཙུགས་འདུག

དེའང་ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་སྦེལ་ཇམ་ནང་དུ་རྟེན་གཞི་བྱས་པའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་ཁུལ་དེའི་ Leuven གྲོང་ཁྱེར་ནང་ལོ་གསར་དགོང་ཚོགས་ཤིག་ཚོགས་འདུག་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྦེལ་ཇམ་དོན་གཅོད་རིག་འཛིན་དགེ་ཁང་ལགས་ཀྱིས་དབུས་པའི་༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ། དེ་བཞིན་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་མི་མང་བཅས་ལྷན་ཞུགས་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཛད་སྒོའི་ཐོག་སྦེལ་ཇམ་དོན་གཅོད་རིག་འཛིན་དགེ་ཁང་ལགས་ཀྱིས། བོད་ལོ་གསར་པའི་འཚམས་འདྲི་དང་སྦྲགས། གསུང་བཤད་ཁྲོད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་འཚེ་བ་མེད་པའི་སྒོ་ནས་བོད་ཀྱི་རང་དབང་འཐབ་རྩོད་འདི་ཉིད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བརྟན་པོ་བཏེགས་ཡོད་པར་དྲན་སྐུལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་སྒེར་གྱི་དོན་ཡལ་བར་དོར་བའི་མཛད་རྗེས་རྣམས་དྲན་དགོས་པ་མ་ཟད། དུས་རྒྱུན་བཀའ་ཕེབས་ལྟར་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐོག་འགྲོ་བ་མི་བཟང་པོ་ཞིག་བྱ་དགོས་པའི་བསླབ་བྱ་རྣམས་ཡིད་འཇགས་དགོས་ངེས་ཡིན་པ་སོགས་གསུངས་འདུག

སྦེལ་ཇམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་ཨ་མཆོག་འཇིགས་མེད་ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད་བཙན་བྱོལ་བོད་མིའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་དོན་ཇི་དགེ་གནང་བར་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག

རྩ་བའི་དགོང་ཚོགས་དེའི་ཐོག་གླུ་གཞས་དང་ཞབས་བྲོ། རྐྱང་གཞས། མཉམ་གཞས། སྙན་ངག་གྱེར་འདོན། རྩེད་རིགས་སོགས་གོ་སྒྲིག་ཞུས་འདུག་པ་དང་། དགོང་ཚོགས་དེའི་དགོས་དམིགས་གཙོ་བོ་ནི་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། བོད་མའི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས། དེ་བཞིན་དཔལ་འབྱོར་འདུ་འགོད་སོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད་འདུག

ཕྱོགས་མཚུངས་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་དེ་གའ་སྦེལ་ཇམ་གྱི་ Antwerp རྫོང་གི་ Diamond གྲོང་ཁྱེར་ནང་སྦེལ་ཇམ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་སོ་ནམ་པའི་ལོ་གསར་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་དགེ་ཁང་ལགས་ཀྱིས་དབུས་པའི་གནད་ཡོད་མི་ཁག་ལྷན་ཞུགས་གནང་འདུག

སྐབས་དེར་སྐུ་ཚབ་དོན་གཅོད་རིག་འཛིན་དགེ་ཁང་ལགས་ཀྱིས། ཉེ་ལམ་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ནས་རྒྱ་གཞུང་གིས་བོད་ནང་གཏན་འཇགས་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བྱས་པ་དེ་འཕྲལ་མར་མཚམས་འཇོག་དགོས་པའི་གྲོས་ཆོད་གཏན་འབེབས་བྱུང་ཡོད་པར་བརྟེན། བོད་མི་གཞོན་སྐྱེས་ཚོས་ངོས་ནས་བོད་ཀྱི་རང་དབང་འཐབ་རྩོད་དེ་མུ་མཐུད་རྒྱུན་སྐྱོང་ཆེད་འགན་འཁུར་དགོས་ངེས་ཡིན་པ་ནན་སྐུལ་གནང་འདུག

དེ་བཞིན་སྦེལ་ཇམ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་པདྨ་རྡོ་རྗེ་ལགས་ཀྱིས་ལོ་གསར་འཚམས་འདྲི་དང་འབྲེལ། བོད་མི་ནང་ཁུལ་འཆམ་མཐུན་རྡོ་རྩ་གཅིག་སྒྲིལ་མུ་མཐུད་གནད་དགོས་པ་སོགས་གསུངས་འདུག

མ་ཟད་ཨ་རིའི་ New Jersey ཁུལ་གྱི་ས་གནས་གསར་ཤོག་ཞིག་གི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ཁུལ་དེའི་ཁྱབ་ཁོངས་ Belleville གྲོང་སྡེ་ལྷན་ཚོགས་ནས་ཕྱི་ཟླ་ ༢ ཚེས་ ༩ སྟེ་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་གྲོང་སྡེ་ལྷན་ཁང་གི་ཕྱི་ཕྱོགས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བརྒྱུད་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་རྒྱུ་རེད་འདུག

རྩ་བའི་བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་བཞད་ཚེ་ལ་ཉེ་བ་དང་བསྟུན། བོད་མིའི་གནས་སྡོད་ས་གནས་གང་སར་ལོ་གསར་པའི་གྲ་སྒྲིག་ཚ་ཚ་འུར་འུར་ངང་གནང་བཞིན་ཡོད་པ་དང་འབྲེལ། བཞུགས་སྒར་དྷརྨ་ས་ལཱ་ལྟ་བུ་ཆ་མཚོན་ན་ཁ་སང་ཕྱི་ཚེས་ ༢༩ སྟེ། བོད་ཟླ་ ༡༢ ཚེས་ ༡༩ དགོང་དྲོའི་ཕྱག་ཚོད་ ༥།༣༠ ཡོལ་ཙམ་ལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ལོ་ལྟར་གནང་སྲོལ་བཞིན་རྒྱལ་བསྟན་སྤྱི་དང་། ལྷག་པར་འཇམ་མགོན་བླ་མ་ཙོང་ཁ་པའི་བསྟན་པ་རྒྱས་པ། དེ་བཞིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟན་སྲིད་སྤྱི་ལ་འགེགས་བར་ཆད་ཞི་བ་སོགས་ཀྱི་ཆེད་དུ་སྦྱིན་རླབས་ཀྱི་མཚན་ཁ་ཆེ་བའི་ཞབས་རིམ་རྒྱུད་རྟོགས་བདུན་གྱི་དགོངས་དོན་བཞིན་དྲག་པོའི་སྲེག་སྦྱོར་ལྕགས་མཁན་ཆེན་མོའི་གཏོར་རྒྱག་ལེགས་གྲུབ་བྱུང་ཡོད་པ་རེད།

པར་དབང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་དང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ངོ་དེབ།

འབྲེལ་ཡོད་གསར་གནས།

གསར་གནས།