གནམ་གཤིས་འགྱུར་ལྡོག་གིས་བལ་ཡུལ་བྱང་རྒྱུད་ཁུལ་གྱི་ Lubra གྲོང་ཚོའི་ནང་གི་བོན་ཆོས་དང་འབྲེལ་སྲོལ་རྒྱུན་རིག་གཞུང་ལ་ཉེན་ཁ་བཟོ་བཞིན་པ་གསལ་སྟོན་བྱས་འདུག

Lubra གྲོང་ཚོ་ཟེར་བ་ནི་བལ་ཡུལ་གློ་སྨོན་ཐང་ས་ཁུལ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ཞིང་། དེའི་ནང་གནས་སྡོད་བྱེད་མཁན་ཁྱིམ་ཚང་ ༡༦ ནི་བོན་པོའི་ཆོས་ལུགས་ཏེ་བོད་ཀྱི་གནའ་བོའི་ཆོས་ལུགས་འདི་ཉིད་ཉམས་སུ་ལེན་མཁན་བལ་ཡུལ་གྱི་གདོད་མའི་གཞིས་ཆགས་རྙིང་ཤོས་ཤིག་ཆགས་ཡོད་ཀྱང་། ཉེ་ལམ་སྲོལ་རྒྱུན་ལམ་སྲོལ་རྣམས་ཉར་ཚགས་བྱེད་མཁན་གྱི་ས་ཆ་དེ་ཉེན་ཁའི་གནས་སུ་ལྷུང་བཞིན་པ་མངོན་གསལ་དང་འབྲེལ། Lubra གྲོང་ཚོའི་ནང་དེ་སྔོན་ཡིན་ན་དགུན་ཁར་ཁ་བ་མང་པོ་བབས་ཀྱི་ཡོད་ཅིང་ཆར་པ་སྙོམ་པོར་བབས་ཀྱི་ཡོད་པ་དེ་ལྟར་ཡང་། ཉེ་ལམ་ཁ་བ་བབས་ཚད་ཧ་ཅང་ཉུང་དུ་ཕྱིན་པ་དང་། ཆར་པ་གློ་བུར་དུ་ཤུགས་ཆེན་པོ་བབས་པ། དེ་བཞིན་ཆུ་ལོག་དང་འདམ་རྡོའི་གནོད་འཚེ་ཇེ་ཆེར་སོང་བཞིན་ཡོད་པ་རེད་འདུག
དེ་ཡང་ Al Jazeera གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ལོ་ངོ་བཅུའི་ནང་ལ་ཆར་དུས་སུ་ཆུ་ལོག་ཡང་ཡང་བྱུང་བའི་ཁྲོད། Lubra ནང་གི་ཁྱིམ་ཚང་བཞིས་རང་གི་མེས་པོའི་ཁྱིམ་ལས་གནས་སྤོས་བྱེད་དགོས་བྱུང་ཡོད་ཅིང་། ཆུ་ལོག་གིས་གྲོང་ཚོ་འདིའི་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པའི་ཀུ་ཤུའི་སྡོང་པོ་རྣམས་གཙང་ཕྱགས་བྱས་པ་དང་། ཡུལ་མི་ཚོས་རྒྱུན་སྤྱོད་ཟ་མ་སྟེ་ཞོག་ཁོག་དང་འབྲས་སོགས་ཀྱང་ཆུས་ཁྱེར་ཡོད་པ་རེད་འདུག ལུབ་ར་གྲོང་ཚོའི་ཁུལ་དུ་ཕྱི་ལོ་ ༢༠༢༡ ལོར་ཆུ་ལོག་བྱུང་བའི་སྐབས་རང་ཁྱིམ་དུ་ཡོད་པའི་ས་གནས་ཡུལ་མི་དབྱངས་ཅན་གུ་རུང་ལགས་ཀྱིས། ཉིན་མོ་དེར་ཉིན་མང་པོར་ཆར་པ་རྒྱུན་ཆད་མེད་པར་བབས་ཡོད་པ་དང་། སྐབས་དེར་རི་མགོར་ཕྱུགས་ཟོག་འཚོ་མཁན་ཞིག་གིས་ཆུ་ལོག་རྒྱུག་བཞིན་པ་མཐོང་ནས་ Satellite phone འམ་ཟུང་སྐར་ཁ་པར་བརྒྱུད་ཉེན་བརྡ་བཏང་པར་ཁོ་མོ་དང་ནང་མི་ཚང་མས་དགོས་མཁོ་ཅན་གྱི་ཅ་དངོས་ཁ་ཤས་འཁྱེར་ནས་བདེ་འཇགས་ངང་བྲོས་ཐུབ་པ་བྱུང་ཡོད་སྐོར་དྲན་གསོ་གནང་བ་དང་། དེང་སྐབས་ལོ་ལྟར་རེ་བཞིན་ཆུ་ལོག་ཆེན་པོ་དེ་ལྟར་འབྱུང་གི་ཡོད་པ་མ་ཟད། ཆུ་ལོག་ཐོག་མ་བྱུང་སྐབས་ས་ཆ་ཕྲན་བུ་ཞིག་ཆུས་དེད་པ་དང་། དེ་ནས་ཆུ་ལོག་ཐེངས་གཉིས་པ་དང་རིམ་བཞིན་གསུམ་པ་བྱུང་ནས་མཐར་ས་ཆ་ཆ་ཚང་ཆུས་ནང་འདིམ་ནས་རྩ་མེད་དུ་སོང་ཡོད་པ་བརྗོད་དེ། གནད་དོན་དེ་ལྟར་བྱུང་རྐྱེན་ཁང་པ་གསར་པ་རྒྱག་མ་ཚར་བར་དུ་ས་གནས་ཡུལ་མི་རྣམས་རང་ཁྱིམ་ནས་ཕྱི་སུ་གནས་སྡོད་བྱེད་དགོས་ཁེལ་གྱི་ཡོད་པ་མངོན་གསལ་གནང་འདུག
སྤྱིར་ཆུ་ལོག་དེ་ལྟར་བྱུང་བ་དེས་ས་གནས་ཡུལ་མི་ཚོའི་འཚོ་རྟེན་ཁང་པ་ཁོ་ནར་གཏོར་སྐྱོན་བྱུང་བ་ཞིག་མ་ཡིན་པར་དེས་གྲོང་ཚོ་ཡོངས་དང་། གྲོང་ཚོའི་ནང་གི་དགོན་པ། སྒོམ་ཕུག མཆོད་རྟེན་སོགས་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང་། གནོད་ཚབས་དེ་ལྟར་རྐྱེན་པས་གྲོང་མི་ཡོངས་ས་གནས་གཞན་དུ་གནས་སྤོ་བྱ་དགོས་བྱུང་ཚེ་བོན་གྱི་སྲོལ་རྒྱུན་ཉམས་ཉེས་འགྲོ་ཉེན་ཡོད་པ་རེད།
གཞི་རྩའི་ཆུ་ལོག་ཤུགས་ཆེ་ཤོས་དེ་ ༢༠༢༡ ལོར་བརྒྱབ་ཡོད་པ་དང་། དེ་ནས་ ༢༠༢༣ ལོར་བསྐྱར་དུ་ཉེ་འཁོར་གྱི་ Kagbeni ཞེས་པའི་ནང་པའི་གྲོང་ཚོ་ཞིག་ཏུ་ཆུ་ལོག་བརྒྱབ་ནས་སྡོད་ཁང་བཅུ་ཕྲག་ལྷག་རྩ་མེད་དུ་བཏང་ཡོད་པ་དང་འབྲེལ། བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུར་རྟེན་གཞི་བྱས་པའི་ International Centre of Integrated Mountain Development ཞེས་རྒྱལ་སྤྱིའི་རི་བོ་མཐོ་སྒང་གི་གོང་འཕེལ་ལྟེ་གནས་ཁང་གི་འཚོ་ཐབས་དང་གནས་སྤོར་ཆེད་ལས་མཁས་པ་ Anima Maharjan ལགས་ཀྱིས། ཧི་མ་ལ་ཡའི་ས་ཁུལ་དུ་འདམ་རྡོ་འདྲེས་པའི་ཆུ་ལོག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསུངས་འདུག
Al Jazeera གསར་ཁང་གིས་བཅར་འདྲི་བྱས་པའི་ Lubra འི་ཁུལ་གྱི་འགོ་ཁྲིད་ཚོས་འདི་ལྟ་བུའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འོག་ཁུལ་དེའི་ནང་གི་ན་གཞོན་ཚོ་གྲོང་གསེབ་ནས་ཕྱིར་འགྲོ་དགོས་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་བརྗོད་འདུག་པ་མ་ཟད། གསར་ཁང་ངོས་ནས་གནས་སྟངས་དེ་ཉིད་ནི་ས་གནས་མང་ཚོགས་ཀྱི་འཚོ་གནས་ཙམ་མིན་པར། ཧི་མ་ལ་ཡའི་ས་ཁུལ་དུ་སྔར་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་གནའ་བོའི་བོན་པོའི་ཆོས་ལུགས་ཀྱི་ཤུལ་བཞག་དེ་ཇེ་མགྱོགས་སུ་ཉམས་རྒུད་འགྲོ་བར་སྐུལ་འདེད་བྱེད་ཀྱི་ཡོད་པ་གསུངས་འདུག




