རྒྱ་གར་གྱི་ཨ་རུ་ན་མངའ་སྡེ་ས་མཚམས་དང་ཐག་ཉེ་ས་བོད་ཉིང་ཁྲི་རྫ་ཡུལ་ནང་རྒྱ་ནག་གིས་ཐད་འཕུར་གནམ་གྲུ་འབབ་ཐང་གསར་རྒྱག་བྱས་པར་རྒྱ་གར་གྱིས་སྐྱོན་བརྗོད་ནན་པོ་གནང་འདུག

དེ་ཡང་རྒྱ་ནག་གི་ཉེ་བའི་ལོ་ཤས་ནང་དེ་གའི་ས་མཚམས་ཁུལ་ཁག་ཏུ་མཐའ་མཚམས་གྲོང་ཚོ་ཕོན་ཆེ་འཛུགས་བསྐྲུན་གྱིས་གྲོང་ཚོ་དེ་དག་ནང་གི་ས་གནས་མང་ཚོགས་རྣམས་ནས་རྒྱལ་ཁབ་ཀྱི་རྒྱལ་སྲུང་ཐད་གཞུང་གི་མིག་དང་སྣ་ནང་བཞིན་བྱེད་བཞིན་པའི་དུས་མཚམས་འདིར། ཉེ་ལམ་རྒྱ་གར་གྱི་ India Today གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གིས་ཨ་རུ་ན་ཅལ་ས་མཚམས་དང་ཐག་ཉེ་ས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནང་ Heliport འམ་ཐད་འཕུར་གནམ་ཐང་གསར་རྒྱག་བྱས་ཡོད་པ་དང་། དེས་རྒྱ་ནག་གི་ས་མཚམས་ཁུལ་དུ་དམག་དཔུང་འགྲེམས་འཇོག་སོགས་ཀྱི་ནུས་པ་ཚད་མཐོ་རུ་གཏང་ངེས་ལ་སོང་རྒྱ་གར་ངོས་ནས་དེར་སེམས་འཚབ་ཤུགས་ཆེ་བྱེད་བཞིན་པ་བརྗོད་འདུག
གནས་ཚུལ་ནང་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༡༢ པའི་བར་དུ་ས་ཁུལ་དེར་འཛུགས་སྐྲུན་གང་ཡང་བྱས་མེད་ཀྱང་། India Today གསར་འགྱུར་བརྒྱུད་ལམ་གྱིས་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ Sentinel Hub ཚན་རིག་ལྟེ་གནས་ཁང་ནས་འདོན་སྤེལ་གནང་བའི་ཟུང་སྐར་པར་རིས་ཁག་ལ་གཟིགས་ཞིབ་བྱས་ཏེ་འཛུགས་སྐྲུན་གྱི་རིམ་པ་མཐོན་པོར་སླེབས་ཡོད་པ་མངོན་གསལ་གནང་འདུག་པ་དང་། ཐད་འཕུར་གནམ་ཐང་གསར་རྒྱག་གི་ལས་གཞི་དེ་ནི་འདས་ལོའི་ཕྱི་ཟླ་ ༡༢ ཚེས ༡ ཉིན་ས་ཞིང་གཙང་མ་བཟོས་པ་ནས་འགོ་བཙུགས་ཏེ་ཟླ་བ་འདིའི་ཚེས་ ༡༦ བར་ལས་གཞི་མཇུག་བསྒྲིལ་གྱི་མཚམས་ལ་སླེབས་པ་ར་སྤྲོད་བྱུང་ཡོད་པ་རེད་འདུག

སྤྱིར་རྫ་ཡུལ་དུ་ཐད་འཕུར་གནམ་ཐང་གསར་རྒྱག་དེ་ནི་བོད་ཉིང་ཁྲི་གོང་རི་ཁུ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་ཅིང་། རྒྱ་གར་གྱི་ས་མཚམས་ལས་རྒྱང་ཐག་སྤྱི་ལེ་ ༢༠ ཙམ་གྱི་སར་ཆགས་ཀྱི་ཡོད་པ་དང་། དེའང་དབྱིབས་ཀྱི་ཆ་ནས་ Fish Tail Zone འམ་ཉའི་རྔ་མའི་ས་མཚམས་ཁུལ་དུ་འཁེལ་གྱི་ཡོད་པ་དེ་ནི་ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་ཀྱི་མཐའ་ཟུར་དུ་ཆགས་ཤིང་། ཕྱོགས་གཉིས་ཀ་ནས་སྐོར་སྲུང་བྱེད་མཁན་ཉུང་ཤས་ལས་མེད་པའི་ཆབ་རོམ་གྱི་ས་གཞིའི་ས་ཁུལ་གཙོ་བོ་ཞིག་དང་། རྒྱ་དམག་སིམ་འཛུལ་གྱིས་གནས་ཚུལ་རྒྱུན་དུ་བྱུང་སའི་ས་གནས་ཞིག་ཆགས་ཀྱི་ཡོད་པ་རེད་འདུག
American Earth ཞེས་ཨ་རིའི་སའི་གོ་ལའི་པར་ཆས་བཟོ་གྲྭའི་ཉེ་ཆར་གྱི་ཟུང་སྐར་པར་རིས་ནང་གསལ་ལྟར་ན། ཐད་འཕུར་གནམ་ཐང་དེའི་རིང་ཚད་མི་ཊར་ ༦༠༠ ཙམ་ཡོད་པ་དང་། དེར་གནམ་གྲུ་འཇོག་ས་མང་པོ་ཡོད་པ་རེད་འདུག

ཞིབ་འཇུག་པ་ Damien Symon ལགས་ཀྱིས་རྒྱ་ནག་གི་ཐད་འཕུར་གནམ་གྲུ་འབབ་ཐང་དེས་རྒྱ་ནག་ལ་དམག་དཔུང་མདུན་སྐྱོད་གཏོང་རྒྱུ་དང་། ས་མཚམས་སྐོར་སྲུང་ལ་རོགས་རམ་བྱེད་པའི་ནུས་པ་མཐོར་འདེགས་བྱེད་སྲིད་པ་རེད་ཅེས་བརྗོད་པ་མ་ཟད། རྒྱ་གར་ཤར་ཕྱོགས་དམག་གི་དམག་སྤྱི་ཟུར་པ་ Pravin Bakshi ལགས་ཀྱིས་གནམ་ཐང་དེ་རྒྱ་གར་ལ་ཉེན་ཁ་ཞིག་ལ་ངོས་འཛིན་དང་འབྲེལ། རྒྱ་གར་ངོས་ནས་དེ་གའི་མཁའ་དམག་དང་མཉམ་འབྲེལ་སྒོ་ནས་རྒྱ་ནག་ལ་འགོག་རྒོལ་དགོིས་པ་གསུངས་འདུག
དེའི་བར་ན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ S Jaishankar ལགས་ཀྱིས་ཟླ་འདིའི་ཕྱི་ཚེས ༡༢ ཉིན་རྒྱ་ནག་དང་མཐའ་ཚམས་དཀའ་ངལ་བརྒྱ་ཆ་ ༧༥ ཙམ་སེལ་ཟིན་ཡང་། དེ་ལས་ཆེ་བའི་དཀའ་ངལ་ནི་མཐའ་མཚམས་སུ་དམག་ཤུགས་ཆེ་རུ་འགྲོ་བཞིན་པ་དེ་ཡིན་པར་བརྗོད་འདུག་པ་དང་། ཕྱོགས་གཉིས་ཀས་ཛ་དྲག་གི་སྒོ་ནས་ལས་དོན་བསྒྲུབ་རྒྱུ་དང་། ལྷག་ལུས་ཀྱི་ས་ཁུལ་ཁག་ཏུ་དམག་དཔུང་ཡོངས་སུ་ཕྱིར་འཐེན་བྱེད་རྒྱུའི་ཐད་ལ་ནུས་ཤུགས་ལྡབ་འགྱུར་གྱིས་མཉམ་རུབ་བྱ་རྒྱུར་མོས་མཐུན་བྱེད་དགོས་གལ་ཡིན་པ་བརྗོད་ཡོད།

མ་ཟད་དམག་དོན་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་དམག་སྤྱི་ Ashok Kumar ལགས་ཀྱིས། རྒྱ་ནག་གིས་ Han མི་འབོར་རྒྱང་རིང་གི་མཐའ་མཚམས་ཁུལ་དུ་ཁྲིད་ཡོང་ནས་ས་ཁུལ་དེའི་མི་འབོར་གྱི་རྣམ་པ་ལ་བསྒྱུར་བ་གཏོང་ཐབས་བྱེད་བཞིན་པའི་ཐོག ད་ཆ་ཁུལ་དེར་ཐད་འཕུར་གནམ་ཐང་སོགས་གསར་རྒྱག་གི་ལས་དོན་ལ་རོལ་བཞིན་པ་ལ་རྒྱ་གར་ངོས་ནས་དོ་སྣང་བྱེད་དགོས་པ་གཅིག་པོ་ཙམ་མ་ཡིན་པར། རྒྱལ་ཁབ་ཀྱི་མངོན་འདོད་སྲུང་སྐྱོབ་སླད་ལས་དོན་གྱི་རྣམ་པའི་ཐོག་ནས་རྨང་གཞིའི་འཛུགས་སྐྲུན་བྱེད་དགོས་པ་བརྗོད་འདུག




