Tibetan Royal Year of 2151 | Year of the Wood Dragon

སྤྱི་འཐུས་གྲོས་ཚོགས་ནས་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་དགོངས་པ་རྫོགས་པར་མྱ་ངན་གུས་འདུད།

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ཟུར་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ། དེ་རིང་གྲོས་ཚོགས་ནང་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་འཇོག་གནང་སོང་།

དེ་ཡང་དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་ ༦ པ་དབུ་འཛུགས་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་བཞག་སོང་བའི་ནང་དུ། སྐུ་གཤེགས་བཀའ་ཟུར་དམ་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་བ་དང་། དམ་པ་ཁོང་གི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་སྐུ་ཟླ་དང་བུ་ཕྲུག་གཉེན་ཉེ་འབྲེལ་རྣམས་ལ་ཐུགས་གསོ་ཞུས་གནང་བ་དང་། གྲོས་ཆོད་གཏན་འབེབས་རྗེས་གྲོས་ཚོགས་འཐུས་མི་ཡོངས་རྫོགས་ཀྱིས་དམ་པ་ཁོང་ཉིད་སླད་སྐུ་བཞེངས་ཐོག་ངག་བཅད་སྐར་མ་གཅིག་རིང་གནང་སོང་།

TC Tethong la

རྩ་བའི་བཀའ་ཟུར་དམ་པ་ཁོང་ཕྱི་ལོ་ ༡༩༣༣ ལོར་སྐུ་འཁྲུངས་ཤིང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་སྐྱབས་བཅོལ་ལ་ཕེབས་པའི་རྗེས། ཕྱི་ལོ་ ༡༩༦༤ ནས་འགོ་བཙུགས་ཏེ་ཕྱི་ལོ་ ༡༩༦༧ བར་དུ་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་དང་སྐུ་སྒེར་ཡིག་ཚང་གི་གསུང་བསྒྱུར། ཕྱི་དྲིལ་བཀའ་བློན་གྱི་ཕྱག་རོགས་བཅས་ཀྱི་ཐུགས་འགན་བཞེས་པ་དང་། མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་འགོ་ཐོག་མ་དེ་དང་། ཕྱི་ལོ་ ༡༩༦༨ ནས་ ༡༩༧༥ བར་ལྷོ་གཞིས་ཁག་གི་གཞིས་སྤྱི་དང་ཆབས་ཅིག་ཤེས་རིག་བཀའ་བློན་གྱི་ཕྱག་རོགས་དང་། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི། མ་སུ་རི་བོད་ཁྱིམ་གྱི་ཚོགས་མི་བཅས་ཀྱི་ཐུགས་འགན་བཞེས་པའི་རྗེས་སུ། ཕྱི་ལོ་ ༡༩༧༥ ནས་ ༡༩༩༦ བར་བོད་མིའི་སྒྲིག་འཛུགས་ནས་དགོངས་ཞུས་ཁྲོད་ཁེ་ན་ཌའི་ United  World མཐོ་སློབ་ཀྱི་དགེ་རྒན་དང་ British Columbia ས་གནས་སུ་མི་མང་བདེ་དོན་ཆེད་ཕྱག་ལས་གནང་རྗེས། ཕྱི་ལོ་ ༡༩༩༦ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་དང་། ཕྱི་ལོ་ ༡༩༩༧ ནས་ ༢༠༠༡ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་གྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།

བཀའ་ཟུར་དམ་པ་ཁོང་གི་གཞུང་འབྲེལ་ལས་གནས་མཐའ་མ་དེ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ཡིན་པ་དང་འབྲེལ། ཁ་སང་ཕྱི་དྲིལ་ལས་ཁུངས་ནས་ཀྱང་གཞུང་འབྲེལ་བརྒྱུད་ལམ་ཐོག་བཀའ་ཟུར་དམ་པ་ཁོང་གི་སྐུའི་ཚེའི་མཛད་རྗེས་ཁག་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་དུ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ཕྱི་དྲིལ་ལས་ཁུངས་འདི་བཞིན་སྔོན་དཔག་མ་ཐུབ་པའི་ལེགས་བཅོས་ཀྱི་ལམ་དུ་ཁྲིད་མཁན་གྱི་བཀའ་ཟུར་དམ་པ་ཁོང་དགོངས་པ་རྫོགས་པར་ཕྱི་དྲིལ་ལས་ཁུངས་ཀྱི་འགོ་ལས་ཡོངས་ནས་མྱ་ངན་གུས་འདུད་དང་ཤུལ་ལུས་ནང་མིར་ཐུགས་གསོ་ཞུས་ཀྱི་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།