Tibetan Royal Year of 2151 | Year of the Wood Dragon

ཁྲིམས་ཞིབ་པའི་འོས་ཆོས་དང་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་བགྲོ་གླེང་། 

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་ཐོབ་མེད་པའི་གནས་སྟངས་སྙན་སེང་དང་སྦྲགས་འདས་པའི་གྲོས་ཚོགས་ཀྱི་ཚོགས་དུས་ཁག་ཏུ་དེ་འབྲེལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲོས་ཚོགས་སུ་ཕེབས་ཡོད་ཀྱང་གཏན་འབེབས་གནང་མ་ཐུབ་པའི་གནས་སྟངས་ཁྲོད། དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་ ༧ པའི་ཐོག་སླར་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཞིག་ཕེབས་པར་མ་ཟད། ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་གོ་ཡུལ་སྟོང་པའི་ཁྲོད་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་དཀའ་ངལ་ཡོད་པ་ཁག་སེལ་ཐབས་སོགས་ལ་དམིགས་ཏེ་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་ཀྱང་སྤྱི་འཐུས་རྒྱུན་ལས་བརྒྱུད་གྲོས་ཚོགས་སུ་ཕེབས་པ་དང་སྦྲགས་ཏེ་སྤྱི་འཐུས་རྣམ་པས་ཁྲིམས་འཆར་གཏན་འབེབས་དང་འབྲེལ་བའི་བརྗོད་པ་དང་པོའི་ཐོག་བགྲོ་གླེང་གནང་སོང་། 

ཁྲིམས་བཟོའི་ལས་དོན་གྱི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་ཕེབས་ཡོད་པ་དང་། བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁོངས་སུ་དེ་སྔ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་གཉིས་པའི་ཁ་པའི་ནང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི་རང་ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཞེས་པ་དེ་རང་ལོ་ཞེ་ལྔ་ཧྲིལ་པོ་ལོན་པ་ཞེས་དང་། ནང་གསེས་གཉིས་པའི་ག་པ་དེ་རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་ཞིག་ཏུ་ལོ་ལྔའི་རིང་ཁྲིམས་དཔོན་གྱི་ལས་ཁུར་བྱས་མྱོང་བའམ། ཡང་ན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་འོག་མ་ཞིག་ཏུ་ཁྲིམས་ཞིབ་པའི་ལས་ཁུར་ལོ་བཅུ་རིང་བྱས་མྱོང་བའམ། རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་དུ་ཉུང་མཐར་ལོ་བཅོ་ལྔའི་རིང་ཁྲིམས་རྩོད་པའི་ལས་ཀ་བྱས་མྱོང་བའམ། ཁྲིམས་ལུགས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་ཡོད་ཁར་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལས་ཁུར་ལོ་ངོ་ཉི་ཤུའི་རིང་བླངས་མྱོང་བའམ། ལས་བྱེད་པ་དྲུང་འཕར་ཡན་དང་། མཛད་གཙོ་ལས་ཟུར་གྱི་ཁོངས་ནས་བོད་མིའི་སྒྲིག་འཛུགས་ནང་ལས་ཁུར་ལོ་ངོ་ཉེར་ལྔ་ལྷག་རིང་བླངས་མྱོང་ཡོད་པ་ཞིག་དགོས་པ་ཡིན་ཞེས་གསལ་འདུག 

སྐབས་དེར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་པ་དང་པོའི་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་གཅིག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་འོས་ཆོས་དེ་རང་ལོ་ལྔ་བཅུ་ནས་ཞེ་ལྔ་ལ་ཕེབས་པའི་རྒྱུ་མཚན་དང་། ནང་གསེས་ག་པའི་ཁོངས་སུ་གསལ་བའི་འོས་ཆོས་ཀྱི་ལོ་ཚིགས་སོགས་ཀྱི་ཐད་ལ་དགོངས་ཚུལ་དང་བཀའ་འདྲི་ཕེབས་ཡོད། 

ཁྲིམས་འཆར་འདོན་མཁན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འོས་ཆོས་ནང་གསལ་བའི་ལོ་ཚིགས་ཁག་གང་ཟག་བྱེ་གྲག་པར་དམིགས་པ་ཞིག་མིན་པར་དེ་སྔའི་གྲོས་ཚོགས་ནང་བྱུང་བའི་བཀའ་མོལ་སོགས་ལ་གཞིགས་ཏེ་གནང་བ་ཞིག་ཡིན་པ་དང་། ལྷག་པར་དུ་འོས་ཆོས་ནང་གསལ་བའི་དོན་ཚན་ཁག་ང་རང་ཚོའི་སྤྱི་ཚོགས་ནང་གང་ཡོང་སྲིད་པར་དགོངས་ཏེ་ད་ཡོད་སྤྱི་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་མི་རག་མི་འདུག་ཅེས་པའི་བཀའ་མོལ་དེ་ལས་སྐྱོབ་ཐབས་ལ་དམིགས་ཡོད་པ་སོགས་གསལ་བཤད་གནང་ཡོད།  

གཞན་ཡང་དེ་རིང་གི་ཚོགས་དུས་ཐོག་སྲིད་སྐྱོང་དང་བཀའ་བློན་རྣམ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་སྤྱི་འཐུས་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་བཅས་ཀྱི་དམ་འབུལ་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་ཐོག་ཕེབས་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་བསྣམས་པའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་ནང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མེད་པའི་ཚེ། གོང་ཞུས་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་མ་ཎི་བཀའ་འབུམ་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ་ཁས་ལེན་བྱེད་དགོས་ཞེས་གསལ་ཡོད།   

ཁྲིམས་འཆར་དེར་དགག་པ་གནང་མཁན་བྱུང་མེད་ཀྱང་བརྗོད་པ་དང་པོའི་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་གཅིག་ནས་མ་ཎི་བཀའ་འབུམ་ཞེས་འཁོད་དགོས་དོན་གང་ཡིན་དང་། ༸གོང་ས་མཆོག་གི་༸སྐུ་པར་སྤྱོད་འཐུས་ཀྱི་མཆོག་མཆན་ཡོད་མེད་སོགས་ཀྱི་དོགས་འདྲི་ཕེབས་པར་ཚོགས་གཙོ་མཆོག་གིས་གསལ་བཤད་གནང་ཡོད།

ལྷག་པར་དུ་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཁག་གཅིག་གིས་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་བསྣམས་ཕེབས་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་ལ་དགོངས་པ་བཞེས་ཡོད་མེད་དང་། ད་ཡོད་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་གནས་སྟངས་ཇི་ཆགས་སོགས་ཀྱི་དགོངས་ཚུལ་གནང་སོང་།

སྐབས་དེར་ཚོགས་གཙོ་མཆོག་གིས་ད་ལྟའི་ཁྲིམས་ཞིབ་པ་རྣམ་པའི་གནས་བབས་ཇི་ཆགས་སོགས་ཀྱི་ཐད་ལ་སྤྱི་འཐུས་རྒྱུན་ལས་ནང་དམིགས་བསལ་གྲོས་བསྡུར་དང་ཐག་གཅོད་གང་ཡང་བྱུང་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས། དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་འདི་ནི་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐུབ་རྒྱུ་དང་། མ་འོངས་པར་འཕྲད་སྲིད་པའི་དཀའ་ངལ་ལ་ཁ་སྐོང་ཐུབ་རྒྱུ་སོགས་ལ་དགོངས་པ་བཞེས་པ་ཞིག་ཡིན་པ་དང་། ལྷག་པར་འདས་པའི་གནད་དོན་རྣམས་འདས་ཟིན་སྟབས་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་མ་འོངས་པའི་ཁ་ཕྱོགས་དེ་གསལ་པོ་བཟོ་བར་དགོངས་པ་ཆེ་བཞེས་གནང་གལ་ཡིན་པ་སོགས་གསུངས་ཡོད།

དེ་རིང་གྲོས་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་། མཛད་གཙོ་རྣམ་པའི་དམ་འབུལ་སོགས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཁག་གཏན་འབེབས་དང་འབྲེལ་བའི་བརྗོད་པ་དང་པོའི་ལས་དོན་ཟིན་པ་ལས། མཐའ་མའི་གཏན་འབེབས་དང་འབྲེལ་བའི་བགྲོ་གླེང་སོགས་བརྗོད་པ་གཉིས་པའི་ལས་རིང་རྣམས་ཚོགས་དུས་རྗེས་མར་གནང་རྒྱུ་ཡིན་པ་རེད། 

དེ་རིང་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ལྔ་དང་། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་དོན་ཚན་གཅིག་བཅས་ཀྱི་ཐོག་བསྐྱར་བཅོས་གནང་རྒྱུའི་ཁྲིམས་འཆར་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ་དང་སྦྲགས་ཏེ། བརྗོད་པ་དང་པོའི་ལས་རིམ་ཁག་གནང་བར་མ་ཟད། ཕྱི་དྲིལ་ལས་ཁུངས་དང་འབྲེལ་བའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་གནང་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།